གཞུང་ལུང་པ་དང་གཞོང་ལུང་པ་ཞེས་པ་གཅིག་པ་ཡིན་ནམ།

གཞུང་ལུང་པ་དང་གཞོང་ལུང་པ་ཞེས་པ་གཅིག་པ་ཡིན་ནམ།
གཞུང་ལུང་པ་དང་གཞོང་ལུང་པ་ཞེས་པ་གཅིག་པ་ཡིན་ནམ།
ར་སེ་དཀོན་རྒྱམ།
གོང་གསལ་ས་མིང་དེ་གཉིས་ལ་གཟིགས་ན། དབྱངས་གཉིས་པ་དང་བཞི་པ་ཞུགས་པའི་ཁྱད་པར་གསལ་པོར་ཡོད་ཀྱང་། བོད་ཀྱི་ཡུལ་གྲུ་ལ་ལར་དབྱངས་དེ་གཉིས་ཀྱི་སྒྲ་གདངས་ཁྱད་མེད་པ་ལྟ་བུ་ཐོན་གྱི་ཡོད་པ་འདྲ། དཔེར་ན་ཐུ་མི་སམ་བྷོ་ཊ་དང་ཐོན་མི་སམ་བྷོ་ཊ་ཟེར་བ་ལྟ་བུའམ་འབྲི་གུང་གཞུ་སྟོད་དང་གཞོ་སྟོད་ཟེར་བ་ལྟ་བུར་གྱུར་པའི་སྣང་ཚུལ་ཐོན་གྱི་ཡོད་ལ། དེ་ལྟ་བུས་སྐབས་རེ་ནོར་འཛོལ་ཡང་བསུ་ངེས་པའང་ཆོས་ཉིད་ཡིན་ནོ། །

དེ་ལ་གཞུང་ཞེས་པ་ནི་སྤྱིར་ན་ས་ཆ་སོགས་སྣོད་ཀྱི་རྣམ་གཞག་སྐབས་སུ་དཀྱིལ་ལམ་དབུས་སམ་དཀྱུས་ལྟ་བུར་འཇུག་པ་མང་བས། ཐང་གི་གཞུང་། ལུང་པའི་གཞུང་། ཆུ་བོའི་གཞུང་། ལམ་གྱི་གཞུང་ལ་སོགས་པ་མང་ལ། གཞོང་ཞེས་པ་ནི་དབྱིབས་ཀྱོང་པའི་དོན་ལ་གཙོ་བོར་འཇུག་པས། གཞོང་པ་སྟེ། ཐུད་གཞོང་དང་ཟངས་གཞོང་དང་རྡོ་གཞོང་ལ་སོགས་པར་འཇུག་པའང་ཡིན་པར་བརྡ་སྤྲོད་གཞུང་དུ་གསལ་བའི་ཕྱིར་རོ། །
བྱེ་བྲག་གི་དབང་དུ་བྱས་ན། རྗེ་བཙུན་ལྷོ་བྲག་མར་པའམ་མར་པ་ལྷོ་བྲག་པ་ཆོས་ཀྱི་བློ་གྲོས་ཞེས་པའི་བདག་ཉིད་ཆེན་པོ་དེའི་སློབ་མ་རྣམས་ལས། ཕྱིས་སུ་འགྲོ་དོན་སོགས་ཀྱི་ཁྱད་པར་དུ་འཕགས་པས་ན། སློབ་མ་ཀ་ཆེན་བཞི་ཞེས་ཡོངས་སུ་གྲགས་པ་ལས། བླ་མ་རྔོག་སྟོན་ཆོས་སྐུ་རྡོ་རྗེ་ཞེས་གྲགས་པ་བཤད་རྒྱུད་འཛིན་པ་གཙོ་བོ་དེ་ཉིད་བཞུགས་གནས་ལ་གཞུང་ལུང་པ་ཟེར་བ་ཡིན་ནམ། གཞོང་ལུང་པ་ཟེར་བ་དེ་ཡིན་མིན་དཔྱད་དགོས་པར་སེམས་ཏེ། དེང་དུས་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་གཞུང་ལུང་པ་དང་གཞོང་ལུང་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་འགྲེལ་བཤད་གནང་བཞིན་པའི་ཕྱིར་རོ། །
དེ་ཡང་བོད་ཀྱི་ཡིག་ཚངས་གྲགས་ཅན་ཚལ་པ་དེབ་ཐེར་དམར་པོ་ལས། བཀའ་བརྒྱུད་སྤྱིའི་བྱུང་ཚུལ་སྐབས། ལྷོའི་ཀ་ཆེན་གཞུང་གི་རྔོག་སྟོན་ཆོས་རྡོར་ཤེས་རབ་ཀྱི་ཐུགས་ཟིན། གཞུང་གི་རྔོག་སྟོན་ཆོས་རྡོར་ནི་རུས་ཆེན་བཞི་ལས་ལྡོང་གི་སྡེ་ཚན་རྔོག བོད་ཀྱི་རྒྱལ་པོའི་བློན་པོ་མང་དུ་བྱུང་བའི་བརྒྱུད། རྔོག་བན་ཆེན་ཞེས་པ་སྔགས་རྙིང་མ་བའི་དགེ་བཤེས་ཆེ་བ་གཅིག་གི་སྲས་སུ་གཞུང་རི་བོར་འཁྲུངས། ཞེས་གསལ་ཡོད་ལ། དེ་བཞིན་ཕག་གྲུའི་མིག་འབྱེད་འོད་སྟོང་དང་འགོས་ལོའི་དེབ་ཐེར་སྔོན་པོ་དང་། དཔའ་བོའི་ཆོས་བྱུང་མཁས་དགའ། ལྷག་པར་དུ་བླ་མ་ཆེན་པོ་མར་པ་ལྷོ་བྲག་པའི་རྣམ་ཐར་ཁག་དང་། བཤད་རྒྱུན་གྱི་བཀའ་སྲོལ་འཛིན་པའི་བདག་ཉིད་ཆེན་པོ་བླ་མ་རྔོག་པ་དང་འབྲེལ་ཡོད་དེ། རྔོག་སྟོན་བོ་དྷི་ཤྲཱིས་ཡིག་རྙིང་གཞིར་བཟུང་བསྒྲིགས་པའི་བླ་མ་རྔོག་པ་ཡབ་སྲས་རིམ་པར་བྱོན་པའི་རྣམ་ཐར་རིན་པོ་ཆེའི་རྒྱན་གྱི་ཕྲེང་བ་ཞེས་བྱ་བ་དང་། རྗེ་བཙུན་མར་རྔོག་བཀའ་བརྒྱུད་ཀྱི་མཛད་རྣམ་མདོར་བསྡུས་ཞེས་བྱ་བ་གཉིས་གཙོ་གྱུར་ལྷོ་རོང་ཆོས་འབྱུང་དང་དེབ་སྔོན་སོགས་འབྲེལ་ཡོད་ཀུན་ལ་གཟིགས་ན། གཞུང་གི་རྔོག་སྟོན་ཆོས་རྡོར་རམ། གཞུང་གི་རྔོག་ཆོས་སྐུ་རྡོ་རྗེ་ཞེས་ཡང་ཡང་གསལ་བ་ལས། གཞོང་གི་རི་བོ་དང་། གཞོང་གི་ཁྱུང་ལྡིང་དང་། གཞོང་གི་རྔོག་སྟོན་ཆོས་རྡོར་ཞེས་པ་ནི་ཧ་ཅང་མཐོང་དཀོན་པའི་སྣང་ཚུལ་ཅིག་མངོན་བཞིན་ཡོད་པས། དེ་ཡིས་གཞུང་དང་གཞོང་ཞེས་པ་དེ་གཉིས་ཡོངས་སུ་ཐ་དད་ཡིན་པར་གསལ་བཤད་བྱས་པར་མངོན་ཡོད་དོ། །
འོ་ན་རྔོག་གཞུང་པ་ཞེས་པའི་གཞུང་ཞེས་པ་དེ་ཉིད་ད་ལྟ་ས་ཕྱོགས་གང་ན་ཡོད་དམ་ཞེ་ན། བོད་ཀྱི་ལོ་རྒྱུས་ལ་གཞིགས་ན། དབུས་གཡོར་གཉིས་ལས་གཡོར་པོ། དེ་ཡི་ནང་ཚན་ལ་གྲ་དོལ་གཞུང་གསུམ་ཞེས་གྲགས་པའི་ནང་ཚན་གཞུང་ལུང་པ་ཞེས་པ་དེ་ཉིད་ཡིན་ནོ། །དེ་ནི་ད་ལྟ་ལྷོ་ཁ་གོང་དཀར་རྫོང་གྲོང་གི་ནུབ་འདབས་སུ་ཡོད་པའི་གཞུང་ལུང་པ་འདི་ཡིན་ལ། གནམ་ཐང་གི་ཤར་ངོས་འོ་རག་ནས་ལྷོ་ངོས་ནས་ལུང་པའི་གཞུང་ལ་ཕྱིན་ན། གཞུང་གི་ཉ་མོ་ཀྱུར་ཞེས་པ་རྔོག་མདོ་སྡེའི་བཞུགས་གནས་དང་། དྭགས་པོ་གྲྭ་ཚང་གི་ཤར་ངོས་ཀྱི་ལུང་པའི་ཕུར་གཞུང་གི་རི་བོ་དང་རི་བོ་ཁྱུང་ལྡིང་ཞེས་པ་བླ་མ་རྔོག་པ་ཆོས་རྡོར་འཁྲུངས་གནས་དང་། དེའི་མར་གཤམ་ན་གཞུང་གི་སྤྲེ་ཞིང་སྟེ། ད་ལྟ་སྤེ་ཞིང་ཞེས་བོས་པའི་རྔོག་ཚང་འོག་མའི་གདན་ས་དང་། དེའི་གཤམ་དེར་རྔོག་མདོ་སྡེས་བཞེངས་པའི་གཞུང་གི་ཟླུམ་ཁྱུང་ཞེས་པ་དེའི་མཁར་རོ་དང་། ལྷོ་ངོས་གི་ཕ་རིའི་སྒང་དུ་བླ་མ་རྔོག་གི་བཞུགས་གནས་དབེན་ས་ཐེལ་ལམ། སྦེན་ཚ་ཐེལ་ཞུ་བའི་མཁར་ཤུལ་ལམ་མེར་གནས་ཡོད། འོག་གི་གྲོག་རོང་གི་བྱང་ངོས་སུ་གཞུང་གི་མི་ལའི་ཕུག་ཅེས་གྲགས་པའི་རྗེ་མི་ལ་རས་པའི་སྒྲུབ་ཕུག་གི་ཤུལ་ཡང་མཇལ་ཡུལ་དུ་བཞུགས་ཡོད་དོ། །
མངའ་རིས་པན་ཆེན་དང་འབྲུག་པ་པད་དཀར་ཞབས་སོགས་ཀྱི་རྣམ་ཐར་ན་གཞུང་གི་རྔོག་པའི་གདན་སར་བྱོན་པའི་སྐབས་སོགས་སུ་ཤིན་ཏུ་གསལ་ལ། ཀ་ཐོག་སི་ཏུའི་དབུས་གཙང་གནས་ཡིག་དེབ་ངོས་༡༡༩ན། གོངས་དཀར་ནས་ཕྱི་ལོག་ཏུ་ཕྱིན་པས། དེང་སང་རྣམ་རབ་ལུང་པ་ཟེར་བ། གཞུང་སྤྲེལ་ཞིང་མདའ་དེར། རྗེ་མི་ལའི་སྒྲུབ་ཕུག རྔོག་གི་སྐུ་དང་། ཇོ་བོ་བྱིན་ཅན་ཡོད་པའི་སྒྲུབ་ཕུག་ལྷ་ཁང་བཅས་རི་ངོས་སུ་ཡོད། ཅེས་སོགས་རྔོག་གོང་འོག་དང་དབེན་ས་ཐེལ་སོགས་སྐོར་ཞིབ་མོར་བཀོད་ཡོད་པས་ཀྱང་ནམ་ཡང་འཁྲུལ་བའི་སྐབས་མི་སྲིད་དོ། །
ད་ལྟ་ལ་ལས་གཞུང་དང་གཞོང་བྱ་བ་གཉིས་དོན་གཅིག་ཏུ་གོ་ནས་ལྷོ་བྲག་རྫོང་ཁོངས་ཀྱི་ལྷོ་ཕུ་ཆུ་ཁྱེར་ཏེ། སྲས་ཁུལ་དུ་ཡོད་པའི་གཞོང་ཞེས་པའི་ལུང་པ་འདི་བླ་མ་རྔོག་པའི་གདན་ས་ཡོད་པའི་ས་ཆར་ངོས་བཟུང་བ་དང་། མར་པའི་བཀའ་བཞིན་བླ་མ་རྔོག་པས་གཞུང་ནས་ར་རྒན་རྒྱབ་ནས་འཁུར་ཏེ་གྲོ་བོ་ལུང་དུ་ཕེབས་ས་ཡང་འདི་ཉིད་ཡིན་ཏེ། གྲོ་བོ་ལུང་དང་ཐག་ཉེ་འབྲེལ་མཚུངས་ཡིན་པས་ཀྱང་གྲུབ་པར་འདོད་དེ། གཞོང་གི་དགོན་པར་ཡོད་པའི་གནའ་བོའི་གདུང་འབུམ་དེ་ཉིད་ཀྱང་བླ་མ་རྔོག་ཆོས་རྡོར་གྱིས་བཞེངས་པའི་རྗེ་མར་པའི་གདུང་འབུམ་ཡིན་ཞེས་འགྲེལ་བཤད་གནང་དང་གནང་བཞིན་པའི་སྐབས་སུ་ཡོད་དོ། །
དོན་དམ་དུ་གཞུང་དང་གཞོང་ནི་ཡིག་གཟུགས་མི་འདྲ་བས་ཐ་དད་ཡིན་ལ། སྐབས་ཀྱི་བསྟན་བྱའི་ས་ཆ་ཡང་ཡོངས་སུ་ཐ་དད་ཡིན་པའི་ཕྱིར། འོ་ན་ལྷོ་ཕུ་ཆུ་ཁྱེར་གྱི་གཞོང་ལུང་པའི་དགོན་པ་དང་གདུང་འབུམ་འདི་ཉིད་བླ་མ་གང་གི་ཡིན་ནམ་ཞེ་ན། འདི་ནི་འབྲི་གུང་འཇིག་རྟེན་མགོན་པོའི་སློབ་མ་མཁས་གྲུབ་ཆེན་པོ། མཚན་ལ་རྣལ་འབྱོར་བ་ཞེ་སྡང་རྡོ་རྗེ་ཞེས་བྱ་བ་དེ་ཉིད་ཀྱི་སྒྲུབ་གནས་ཡིན་པར་སྣང་སྟེ། རྟ་ཚག་ཚེ་དབང་རྒྱལ་གྱིས་མཛད་པའི་ལྷོ་རོང་ཆོས་འབྱུང་དེབ་ངོས་༤༢༡ལས། དབོན་ཤེར་འབྱུང་གི་སྣག་དབོན་བླ་མ་བལ་ལུ་གོང་པ་ཞེས་པ་མཚན་ཉིད་ལ་མཁས་པས་ཐོ་འཚམ་དུ་བྱོན་པ་ལ། སླར་དད་པ་སྐྱེས་ནས་གདམས་ངག་རྫོགས་པར་གསན། བཀའ་བརྒྱུད་ཀྱི་དགོངས་པ་གསལ་བྱེད་བསྟན་པའི་སྙིང་པོ་ཞེས་བྱའི་བསྟན་བཅོས་ཀྱང་མཛད་ལ། མཚན་ངོར་རྗེ་རས་པར་ཡང་གྲགས། ལྷོ་ཕུ་ཆུ་ཁྱེར་དུ་སྒྲུབ་པ་མཛད་པས་མགོན་པོའི་ཞལ་གཟིགས། སྒོམ་མེད་ཀྱི་རྟོགས་པ་འཁྲུངས་པ་དང་། འགྲོ་དོན་ཡང་དཔག་ཏུ་མེད་པ་བྱུང་ཞིང་། མཚན་སྙན་གྲགས། ཞེས་གསལ་བར་བཀོད་འདུག་པ་འདི་ཡིས་ཤེས་ཐུབ་ལ། འདིར་ཞེ་སྡང་རྡོ་རྗེ་ཞེས་མི་གསལ་བས་ཡིད་མི་ཆེས་ཟེར་ན། ཁོང་གིས་མཛད་པའི་ཡིག་ཆ་གྲགས་ཅན་འབྲི་གུང་པའི་བུ་ཆོས་ཐེག་ཆེན་བསྟན་པའི་སྙིང་པོ་དང་། དེའི་འགྲེལ་བ་ལེགས་བཤད་ལུང་གི་རྒྱ་མཚོ་དང་། ལོ་རྒྱུས་དང་། སྡོམ་ཚིག་བཅས་ཀྱི་མཇུག་བྱང་ཚང་མར་ལས། རྣལ་འབྱོར་པ་ཞེ་སྡང་རྡོ་རྗེས་སྦྱར་བ་རྫོགས་སོ། །ཞེས་བཀོད་པས། ཁོང་གི་གསང་མཚན་ཞེ་སྡང་རྡོ་རྗེ་ཡིན་པ་གསལ་པོར་ཤེས་ཐུབ་པའི་ཕྱིར་རོ། །
དེ་བཞིན་གནས་འདི་ན་ཡོད་པའི་གདུང་འབུམ་ནི་རྣལ་འབྱོར་བ་ཞེ་སྡང་རྡོ་རྗེའི་གདུང་འབུམ་ཡིན་པར་ཐེ་ཚོམ་མེད་ལ། དེ་ནི་གཞོང་གི་སྤང་མཁར་རི་ཁྲོད་ཀྱི་གནས་བཤད་ཉིད་དུ་བཤད་སྲོལ་མ་ཉམ་པར་གནས་ཡོད་ལ། འདིར་ཞེ་སྡང་རྡོ་རྗེའི་དབུ་སྐྲ་འཐོར་བ་ལས་བྱུང་བར་གྲགས་པའི་ཐང་ཤིང་ཤུག་ལོ་ཅན་གྱི་སྡོང་པོ་ཡང་མཇལ་ཡུལ་དུ་གནས་ཡོད། དེའི་ཚུལ་ཇི་བཞིན་པ་ནི་སྔོན་སྐྱེར་ཆུ་ལྷ་ཁང་གི་དཀོན་གཉེར་ཡིན་པ། སྤོ་བོ་འཕྲིན་ལས་བློ་ལྡན། འདིར་སྔ་ཕྱིར་བྱོན་མྱོང་བས་ཁོང་ལ་གསལ་པོར་གསུང་རྒྱུ་འདུག་ཅིང་། ཁོང་ནི་ད་ལྟ་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་རྫ་རི་ཤའང་སྨོན་མདའ་གྲོང་ལྷན། དཔེ་གསར་གྲོང་ཚོ་བཞི་པར་བཞུགས་ཡོད་པ་ཡིན་ནོ། །
འདིར་རྗེ་མར་པའི་སློབ་མ་ཀ་ཆེན་བཞི་ཡ་གྱལ། བླ་རྔོག་པའམ་གཞུང་གི་རྔོག་སྟོན་ཆོས་རྡོར་གྱི་འཁྲུངས་ཡུལ་གཞུང་རི་བོ་དང་། གཞུང་གི་ཁྱུང་ལྡིང་དང་། གཞུང་གི་གདན་ས་དབེན་ཚ་ཐེལ་དང་། གཞུང་གི་ཟླུམ་ཁྱུང་དང་། རྔོག་ཚང་གོང་འོག་གི་ལྷ་ཁང་དང་། དེ་བཞིན་རྔོག་རིན་ཆེན་དཔལ་བཟང་གི་བཞུགས་གནས་ཆོས་འཁོར་གླིང་། གཞུང་གི་ཉ་མོ་ཀྱུར་རྣམས་ཡར་ཆབ་གཙང་པོའི་ལྷོ་འགྲམ།  ལྷོ་ཁ་གོང་དཀར་རྫོང་གི་ཉེ་འགྲམ་དུ་ཡོད་པའི་གཞུང་་ལུང་པའི་ནང་དུ་གནས་ཡོད་པ་འདི་གསལ་པོར་མཁྱེན་ན། གཞོང་ལུང་པ་རྔོག་གི་གདན་ས་ཡིན་མིན་གྱི་ཐེ་ཚོམ་གང་ཡང་མི་དགོས་པ་ལགས་སོ། །༢༠༢༢/༥/༡༤

བརྒྱུད་སྐུལ།

མཆན་སྤེལ།