བཙན་པོ་སྲོང་བཙན་འཁྲུངས་ས་ཕོ་བྲ ང་བྱམས་པ་མི་འགྱུར་གླིང་ཡིན་ནམ།
རྩོམ་པ་པོ། མཁས་དབང་ར་སེ་དཀོན་རྒྱམ།
དེ་ཡང་ཉེ་དུས་དུས་རབས་ཉི་ཤུའི་ སྨད་དུ་བརྩམས་པར་མཛད་པའི་ཡིག་ ཚངས་གྲགས་ཆེན་བོད་ཀྱི་ལོ་རྒྱུས་ རགས་རིམ་གཡུ་ཡི་ཕྲེང་བ་ཅེས་པའི་ སྟོད་ཆའི་ངོས་ ༨༡ ལས། བཙན་པོ་སྲོང་བཙན་སྒམ་པོ་ནི་སྤུ་ རྒྱལ་གྱི་གདུང་རབས་ཡབ་གནམ་རི་སྲོ ང་བཙན་དང་། ཡུམ་ཚེ་སྤོང་བཟའ་འབྲི་མ་ཐོད་ དཀར་བྱ་བ་གཉིས་ཀྱི་སྲས་སུ་སྤྱི་ ལོ་ ༦༡༧ བོད་མེ་གླང་ལོར་(དབུ་རུ་ སྟོད་སྣོན་)རྒྱ་མ་ནང་གི་ཕོ་བྲང་ བྱམས་པ་མི་འགྱུར་གླིང་དུ་སྐུ་ བལྟམས།
ཞེས་གསལ་བར་བཀོད་འདུག དེ་ནི་རང་རེའི་ལོ་རྒྱུས་ཡིག་ ཚངས་མང་པོའི་སྙིང་བཅུད་ཡིན་པས་ ཕལ་མོ་ཆེས་ཀྱང་དེ་ཀ་རང་ཡིན་པའི་ ངོས་འཛིན་བྱེད་རྒྱུའང་ཐེ་ཚོམ་མེ ད་དེ། ཡིག་ཚངས་སྔ་མ་མང་པོར་དེ་སྐད་དུ་ བཀོད་ཡོད་པའི་ཕྱིར་རོ། །
ཁོ་བོས་གནའ་བོའི་ཡིག་ཚངས་ལ་དཔེ་ ཀློག་ཅུང་ཟད་བྱས་པའི་ཚེ་ན། བཙན་པོ་སྲོང་བཙན་སྒམ་པོ་དེ་ཉིད་ སྐུ་འཁྲུངས་སའི་ས་གནས་མི་འདྲ་བ་ གཉིས་ཡོད་པའི་མཐོང་ཚུལ་བྱུང་སྟེ ། གཅིག་ནི་ཡར་ལུང་ཁུལ་དུ་གཏོགས་ པའི་ཕོ་བྲང་བྱམས་སྙོམས་མི་འགྱུ ར་ཞེས་པ་དང་། གཅིག་ནི་དབུར་སྟོད་ཁུལ་དུ་གཏོ གས་པའི་ཕོ་བྲང་སྦྲ་སྟོད་ཚལ་ཞེས་ སོ་སོར་འབྱུང་ལ། སྔ་མ་ཡར་ལུང་གི་དེ་ཉིད་ཀྱང་རིམ་ པས་ཕོ་བྲང་བྱམས་པ་མི་འགྱུར་གླི ང་ཞེས་པར་འགྱུར་ལྡོག་བྱུང་ཡོད། དཔའ་བོ་གཙུག་ལག་ཕྲེང་བས་ནི་གོང་ གསལ་ས་གནས་མི་འདྲ་བ་དེ་གཉིས་ཀྱ ང་གཅིག་ཏུ་བརྩི་གནང་བར་མཛད་ཡོད་ དེ། ཆོས་བྱུང་མཁས་པའི་དགའ་སྟོན་ལས། ཐུགས་ཀའི་འོད་ཟེར་ཡར་སྣྲོན་སྦྲ་ སྟོད་ཚལ།།ཕོ་བྲང་བྱམས་པ་མི་འགྱུ ར་གླིང་ཞེས་པར།།་་་བཙུན་མོ་འབྲི ་བཟའ་ཐོད་དཀར་ལྷུམས་སུ་ཞུགས།།ཞེེ ས་སོགས་ཞིབ་ཆ་དང་བཅས་ཏེ་གནས་དེ ར་འཁྲུངས་ཚུལ་བཀོད་ཡོད་པ་དང་། དེ་བཞིན་དུ་ཡིག་ཚངས་གྲགས་ཅན་རྒྱ ལ་རབས་གསལ་མེར་ཡང་དེ་མཚུངས་སུ་ ས་གནས་གཉིས་གཅིག་ཡིན་ཚུལ་འཁོད་ ཡོད་དེ། ཡང་བསྣོན་སྦྲ་སྟོད་ཚལ་ཡང་འོད་ཟེ ར་གྱིས་ཁྱབ་པར་མཛད། ཕོ་བྲང་བྱམས་པ་མི་འགྱུར་གླིང་ ཡང་འོད་ཟེར་གྱིས་ཁྱབ་པར་མཛད། ཅེས་སོགས་འཁོད་འདུག་པས་སོ། །
འོ་ན་གནས་དེ་གཉིས་ཐ་དད་ཡིན་པའི་ གསལ་བྱེད་དམ་ཁུངས་ཅི་འདྲ་ཡོད་ དམ། གནའ་དཔེ་གང་ལ་གསལ་ཡོད་དམ་ཅེ་ན། བཀའ་ཆེམས་ཀ་ཁོལ་མ་ཀན་སུའུ་པར་ མའི་དེབ་ངོས་ ༩༧ ལས། རྒྱལ་པོ་གནམ་རི་སྲོང་བཙན་དེའི་ སྐུ་དྲིན་ལ། ཡར་ལུང་ཤར་སྟོད་ཀྱི་ཕོ་བྲང་བུག་ པ་ཅན་དུ་བཞུགས་ནས་ཕོ་བྲང་བྱམས་ སྙོམས་མི་འགྱུར་ཞེས་བྱ་བ་བརྩི གས། ཞེས་དང་། ཡར་ལུང་ཚེ་སྤོང་གི་ཡུལ་ནས་ཚེ་སྤོ ང་བཟའ་དང་མཇལ་ཏེ་ཁབ་ཏུ་བཞེས་པར་ བཤད་དེ། རྒྱལ་པོ་གནམ་རི་སྲོང་བཙན་དེ་ཕོ་ བྲང་བྱམས་སྙོམས་མི་འགྱུར་ན་བཞུ གས་ཙ་ན། བཙུན་མོ་ཚེ་སྲོང་བཟའ་འབྲི་མོ་ཐོ ད་དཀར་དེ་འབྱལ་དང་ཁབ་ཏུ་བཞེས་སོ ། །ཞེས་སོགས་གནས་དེར་འཁྲུངས་པར་ གསལ་པོར་བསྟན་ཡོད་ལ། དེབ་ངོས་ ༡༠༠ ལས། རྒྱལ་བུ་ལོ་བཞི་ལོན་པའི་དུས་སུ་ ཡབ་རྒྱལ་པོས་བྱང་དུ་ཕོ་བྲང་མཛད་ ནས། རྟ་ཅང་ཤེས་རྨ་བྱ་ཀྱུངས་བྱ་བ་དེ་ ཆིབས་ནས་ཁྱུང་པོ་སྤ་ཏ་སྤུ་ཏེ་ དང་། སྤུ་ཁྱུང་རིང་པོ་དང་འགྲོགས་ཏེ་ བྱང་འདམ་པ་རྒྱབ་ཏུ་བྱོན་ནས། ཞེས་སོགས་ཀྱིས་ཡར་ལུང་གི་བྱང་ངོ ས་སུ་དབུར་སྟོད་སྦྲ་སྟོད་ཚལ་གྱི ་ཕོ་བྲང་ནི་སྲོང་བཙན་དགུང་ལོ་ བཞིའི་སྐབས་བཞེངས་པ་དང་། དེ་ནས་བྱང་ཕྱོགས་འདམ་གཞུང་སོགས་ སུ་རྔོན་དུ་ཕེབས་པར་བཤད་པ་དང་། དེབ་ངོས་ ༡༢༢ ལས། བོད་ཁ་བ་ཅན་གྱི་ཡར་སྣོན་སྦྲང་བྲ ག་སྟོད་ཚལ་ན་ཡབ་རྒྱལ་པོ་སྲོང་ བཙན་སྒམ་པོ་བཞུགས་སའི་དྲུང་དུ་ འོངས་ཏེ། ཞེས་གསལ་བས། ནར་སོན་ནས་ཕོ་བྲང་སྦྲ་སྟོད་ཚལ་ དུ་བཞུགས་པར་བསྟན་ཏེ། དེབ་ངོས་ ༡༢༤ ལས། དབུ་རུ་བྲག་སྟོད་ཚལ་ན་ཡབ་རྒྱལ་ པོ་གནམ་རི་སྲོང་བཙན་གྱི་བཞུགས་ པའི་སར་ནུབ་མོ་གྲོ་བཏེག་ནས། ཞེས་གསལ་བས་ན། ས་གནས་ཐ་དད་ཡིན་པར་ཧ་ཅང་གསལ་པོ ར་འཁོད་་འདུག་གོ །
ཕོ་བྲང་བྱམས་པ་མི་འགྱུར་གླིང་ཞེ ས་པ་ནི་རྒྱལ་པོ་བཀའ་ཆེམས་སམ། མཚན་གཞན་མ་ཎི་བཀའ་འབུམ་ཏུ་གྲགས་ པའི་ནང་ཐོག་མར་གསལ་བ་ཡིན་ལ། དེ་ནི་བཀའ་ཆེམས་ཀ་ཁོལ་མའི་ནང་ གསལ་བྱམས་སྙོམས་མི་འགྱུར་ཞེས་པ་ ལ་འགྱུར་བ་ཅུང་ཟད་དང་བཅས་གླིང་ ཞེས་པས་ཟུར་བརྒྱན་གནང་བའི་ངང་ཚུ ལ་གསལ་འདུག དེ་ནས་སྣོན་མདའ་སྦྲ་སྟོད་ཚལ་ནས་ བཏེག་སྟེ། ཞེས་སོགས་དེ་ནས་སྐྱི་ཤོད་ར་སའམ་ ལྷ་སར་ཕེབས་ཚུལ་སོགས་ནི་ཀ་ཁོལ་ མ་དང་དོན་གཅིག་ཏུ་བབས་པར་སྣང་ལ། ཕྱིས་སུ་ལོ་རྒྱུས་སྨྲ་བ་དག་གིས་ བཙན་པོ་འཁྲུངས་གནས་མ་ཎི་བཀའ་འབུ མ་ལྟར་བཀོད་པ་གང་ཞིག་ལ། བྱམས་པ་མི་འགྱུར་གླིང་ཞེས་པའི་ ཕོ་བྲང་དེ་ཉིད་ནི་ཡར་ལུང་གི་ཤར་ སྟོད་ན་ཡོད་པར་བཤད་པའི་ཚུལ་ལ་ མཉམ་པར་མ་བཞག་པར། ད་ཆའི་དབུར་སྟོད་མལ་དྲོ་གུང་ མཁར་རྫོང་ཁོངས་ཀྱི་རྒྱ་མ་ཞེས་ པའི་ལུང་པའི་ནང་དུ་ཡིན་ཤག་མཛད་ སྣང་ངོ་། །
དབུར་སྟོད་ཀྱི་སྣོན་གྱི་མདའ་དང་ ཉེ་བའི་ལུང་པའི་ནང་གི་སྦྲ་སྟོད་ ཚལ་དུ་བཙན་པོ་དེ་ཉིད་འཁྲུངས་པར་ བཞེད་པ་ནི། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ དང་དུས་མཚུངས་པའི་ལོ་ཙཱ་བ་ཆེན་ པོ་འགོས་ཁུག་པ་ལྷས་བཙས་ཀྱི་སློ བ་བརྒྱུད་དུ་བྱུང་བའི་རྡོག་གིས་ བརྩམས་པའི་བསྟན་བཅོས་གྲགས་ཅན་རྡོ ག་གི་ཟེ་མ་ར་མགོ་ཞེས་པར་གཟིགས་ ན། བོད་ཀྱི་རྒྱལ་རབས་སྐབས་སུ། གནམ་རི་སྲོང་བཙན་དང་། ཁབ་འབྲེ་ཚ་ཐོད་དཀར་ཤོས་པ་ལས། གནོན་མདའ་སྒྲ་སྟོད་ཚལ་དུ་སྐུ་ བལྟམས་པ་ནི་བྱང་ཆུབ་སེམས་དཔའ་སྲོ ང་བཙན་སྒམ་པོ་སྟེ། ཞེས་གསལ་བར་བཀོད་འདུག་ལ། ལོ་རྒྱུས་མཁས་པ་ས་ཆེན་གྲགས་པ་རྒྱ ལ་མཚན་དང་ནེའུ་པ་སྨོན་ལམ་བློ་གྲོ ས་གཉིས་ཀ་ཞལ་མཐུན་པར་ནེའུ་ཆོས་ འབྱུང་ལས། སྲོང་བཙན་སྒམ་པོ་མེ་མོ་གླང་ལ་༼ སྦྲ་སྟོད་ཚལ་དུ་༽འཁྲུངས།།ཞེས་ མཆན་བུ་གསལ་བར་བཀོད་འདུག་པས། གཉིས་ཀས་དབུར་སྟོད་སྦྲ་སྟོད་ཚལ་ དུ་འཁྲུངས་པར་བཞེད་པར་གསལ་ཡོད་ ལ། དཔའ་བོ་གཙུག་ཕྲེང་ཡང་དོན་ལ་སྦྲ་ སྟོད་ཚལ་དུ་འཁྲུངས་པར་བཞེད་པ་ཡི ན་ནོ། །
དེས་ན་ཡིག་ཆའི་ལོ་དུས་ཀྱི་ཆ་དང་ ནང་དོན་གྱི་ཆ་སོགས་ལ་གཞིགས་ན། ད་ཆ་བཀའ་ཆེམས་དང་མ་ཎི་བཀའ་འབུམ་ གཉིས་ལོ་རྒྱུས་རིན་ཐང་ཅུང་ཟད་ མར་ཆག་ཡོད་མོད་ཀྱང་། བཙན་པོ་མཆོག་ཡར་ལུང་གི་ཕོ་བྲང་ བྱམས་སྙོམས་གླིང་དུ་ལྷུམས་སུ་ཞུ གས་པ་དང་། དབུས་སྟོད་སྦྲ་སྟོད་ཚལ་དུ་སྐུ་ བལྟམས་པར་སྙམ་མོ།།ལྷ་སའི་ཇོ་ཁང་ མདུན་གྱི་བཙན་པོའི་རྡོ་རིང་ལས། ལྷ་སའི་ཤར་ཕྱོགས་སྦྲ་སྟོད་ཚལ་ཞེ ས་པ་དེ་ཉིད་ར་ས་འཕྲུལ་སྣང་གི་ ཤར་ཕྱོགས་སྦྲ་ནག་ཞོལ་གྱི་གནའ་མི ང་དུ་འདོད་སྲིད་ནའང་། ཡིག་རྙིང་ན་གནོན་མདའ་ཞེས་གསལ་བ་ དང་། ད་ལྟའང་དབུར་སྟོད་ན་སྣོན་མདའ་ཞེ ས་ས་མིང་མ་འགྱུར་བར་གནས་ཡོད་ཅི ང་། ཏུན་ཧོང་ཡིག་ཆར་མྱང་དབས་མནོན་ དང་གསུམ་དབུ་རུ་སྟོད་ན་ཡོད་པར་ གསལ་བས་ཀྱང་ཤེས་ནུས་སོ། །
འདི་ཙམ་སྨྲས་པར་ཞུགས་པ་ལ་ཅི་ཅི ག་ཡོངས་གྲགས་ཡིན། ཉི་ཉིག་ཡོངས་གྲགས་ཡིན། ཐེ་ཚོམ་དང་དོགས་སློང་གི་དགོས་པ་ གང་ཡང་མེད་དོ་ཟེར་ནས་ལོག་རྟོག་ ཏུ་བརྩི་ཞིང་། དེའི་རྩོམ་ཡིག་བལྟ་མི་ཉན། རྩོམ་དེབ་ཉར་མི་རུང་ཟེར་བ་མང་མོ ད་ཀྱང་། ལོ་རྒྱུས་ཀྱི་བཞེད་སྲོལ་ཁག་ལ་ མཐའ་དཔྱོད་ནི་མེད་དུ་མི་རུང་ཞི ང་། མཐའ་དཔྱོད་ལ་ཡང་མཐའ་དཔྱད་གལ་ཆེ ར་གྱུར་བ་མ་ཟད། ཡོད་ཚད་བར་སྣང་གི་འཇའ་དང་ལྷན་དུ ་མ་ལྡིང་བར་ས་ངོས་སུ་བབས་དགོས་ པའི་དུས་རབས་ཡིན་ལ། བཙན་པོ་སྲོང་བཙན་དབུ་གཉིས་ཅན་ དང་བཙན་པོ་དར་མ་གླང་རྭ་ཅན་ནི་ཕྱི ས་བྱུང་གི་གཏམ་ལས་བྱུང་བ་ལས། གནའ་བོའི་ལོ་རྒྱུས་དངོས་མིན་པའི ་གནས་ལུགས་ནི་མཐའ་དཔྱོད་ཀྱི་འབྲ ས་བུ་ཡིན་ལ། དེ་ནི་མི་རབས་རྗེས་མར་འགན་འཁུར་ བའང་ཡིན་འདུག་པས། འདིར་ཡང་དོགས་པ་བཀོད་པ་ནི་མཁས་ པ་གཟུ་གནས་དག་གིས་མཐའ་དཔྱོད་ གནང་བའི་གཞིར་དམིགས་པ་ཁོ་ན་ཉིད་ དོ། །

དབུ་རུ་སྟོད་སྣོན་གྱི་སྦྲ་སྟོད་ཚལ་གྱི་འཁྲུངས་ཁང་ནང་བཞུགས་སུ་གསོལ་བའི་བཙན་པོའི་སྐུ་བརྙན།

༢༠༢༢/༡/༡༤