ཡུལ་སྟོད་རོ་ལུང་གསུམ་གྱི་སྟོད་ལྷ་ཟེ་རྗེའམ་ཟེ་ཟེའི་སྐོར་ཟིན་བྲིས།

ཡུལ་སྟོད་རོ་ལུང་གསུམ་གྱི་སྟོད་ལྷ་ཟེ་རྗེའམ་ཟེ་ཟེའི་སྐོར་ཟིན་བྲིས།
ཡུལ་སྟོད་རོ་ལུང་གསུམ་གྱི་སྟོད་ལྷ་ཟེ་རྗེའམ་ཟེ་ཟེའི་སྐོར་ཟིན་བྲིས།
ར་སེ་དཀོན་རྒྱམ།
དེ་ཡང་བོད་ཀྱི་ཆེས་གནའ་བོའི་སྤྱི་ཚོགས་ཀྱི་གནས་སྟངས་གླེང་སྐབས། ཡིག་རྙིང་ནང་ཏུན་ཧོང་ནས་ཐོན་པ་རྣམས་ནི་ད་ཡོད་ཡིག་ཆ་སྔ་གྲས་སམ། ཆེས་སྔ་ཤོས་དེ་ཉིད་ཡིན་ཞིང་དེར་ཡ་ཐོག་གི་རྒྱལ་ཕྲན་སིལ་མའི་སྐོར་འཁོད་པ་ལ་མཇལ་ན། p.t1287ལས། ཡུལ་སྟོད་རོ་ལུང་གསུམ་ན། སྟོད་ལྷའི་ཟེ་རྗེ། སྟོད་རྗེ་འབྲོང་ལོམ། རྟ་སྣར་འབྲང་དང་བརྒྱ་སྟོང་རེ་ཐམ་འབའ། ཞེས་འཁོད་ཡོད་པ་དང་།

དེ་བཞིན་དུ་ཡང་བོན་གྱི་དཔེ་ཆ་ལྷ་རྒོད་དྲག་བདར་ཞེས་པར། ཡུལ་ནི་སྟོད་ལུང་རལ་གསུམ་ན། སྟོད་ལྷ་ཟེ་ཟེ་གཉེན་པོ། སྐུ་ལ་དར་བེར་ཆེན་གསོལ། ཅིབས་སུ་འབྲོང་བུ་དར་མ་བཅིབས། ཕྱག་ལྕགས་མདའ་འོད་ཆེན་བསྣམས། ཞེས་གསལ་པོར་འཁོད་ཡོད་ཅིང་། སྔ་མའི་སྟོད་ལྷ་ཟེ་རྗེ་ཞེས་པ་དེ་ཉིད་ཕྱི་མར་སྟོད་ལྷ་ཟེ་ཟེ་ཞེས་པར་སྣང་བས། སྔ་མ་བརྗོད་བདེ་བྱས་པ་ཡིན་ནམ། ཟེ་རྗེ་ཞེས་པ་བཤུ་ནོར་གྱིས་ཟེ་ཟེ་ཞེས་པར་གྱུར་པ་ཡིན་ནམ། དཔྱད་པ་བྱ་བའི་གནད་ཡིན་སྙམ་མོ། །
དེ་ལ་ཡུལ་སྟོད་རོ་ལུང་སུམ་ནི་ད་ཆ་གང་ལ་ངོས་བཟུང་དགོས་སྙམ་ན། དེ་ནི་ད་ཆ་ཡུལ་དབུས་ཀྱི་ལྟེ་བ་ལྷ་སའི་ནུབ་འདབས་དང་འབྲེལ་བའི་སྟོད་ལུང་ཞེས་པའི་ལུང་པ་འདི་ཉིད་ཡིན་པར་མཁས་པ་ཚང་མས་མཐུན་པར་བཞེད་དེ། སྟོད་ལུང་ནི་སྟོད་རོ་ལུང་སུམ་གྱི་བསྡུས་མིང་དུ་གྲུབ་པའི་ཕྱིར། འོ་ན་སྟོད་ལྷ་ཟེ་རྗེ་ཞེས་པ་དེ་གང་ལ་ངོས་འཛིན་དགོས་སམ་ཞེ་ན། དེ་ནི་ཧ་ཅང་གི་གལ་པོ་ཆེའི་རང་བཞིན་དུ་ཤེས་དགོས། དེ་ནི་སྐབས་དེའི་ཡུལ་ལྷ་གཙོ་བོར་བཀུར་བ་ཅིག་ཡིན་པ་ཙམ་མ་ཟད། དེའི་སྔ་གོང་ལ་ཡུལ་དེའི་མི་བུ་གྲགས་ཆེན་བྱས་པ་ལག་རྗེས་ཅན་ཞིག་ཡིན་པ་ཤེས་དགོས་ཏེ། བོད་ཀྱི་གནའ་བོའི་སྲིད་པའི་ལྷ་རྒན་ཀུན་རང་རེའི་མེས་པོ་ཤ་སྟག་ཡིན་པ་དང་། མི་རབས་ཕྱི་མ་ཕྱི་མས་དེ་ཉིད་ལྷ་རུ་བཀུར་བའི་སྲོལ་ཡོད་པའི་ཕྱིར་རོ། །
ཡར་ལུང་གི་ཡར་ལྷ་ཤམ་པོ་ལྟ་བུར་སྟོད་ལུང་གི་སྟོད་ལྷ་ཟེ་རྗེ་ཞེས་པ་ཕྱིས་སུ་འབུར་ཐོན་དུ་མི་མངོན་པར་གྱུར་པ་ནི། ལྷ་དེ་གཙུག་ཏུ་བཀུར་བའིི་སྟོད་རོ་ལུང་གསུམ་གྱི་རྒྱལ་ཕྲན་དེ་ཉིད་ཉམ་རྒུད་དུ་སོང་སྟེ་ལོ་རྒྱུས་ཀྱི་གར་སྟེགས་ཐོག་ཡལ་བས་ན། ལྷ་དེ་ཉིད་ཀྱང་མཉམ་དུ་མི་མངོན་པར་གྱུར་པ་ཡིན་པས། ད་ཆ་ལམ་སེང་ཤེས་དཀའ་བར་གྱུར་ཟིན་འདུག ཁོ་བོས་སྟོད་ལུང་ཕྱོགས་སུ་འདྲི་བརྩད་ཞུས་རུང་ཁུངས་སྣེ་གང་ཡང་མ་རྙེད། དེ་ནི་ལུང་ཚན་དང་ལུང་སུལ་རེ་རེ་བཞིན་མ་ཉུལ་བས་ཡིན་ཡང་སྲིད་པས། གནའ་བོའི་ལོ་རྒྱུས་ཞིབ་ཆ་ཤེས་པར་འདོད་པ་དག་གིས་ད་དུང་དཔྱད་འཚོལ་གནང་འོས།
ཁོ་བོས་ཡིག་རྙིང་འགའ་མཇལ་བའི་སྐབས་སུ་ཟེ་ཟེ་མོ་ཞེས་པ་མཇལ་བྱུང་བས། དེ་ཉིད་སྟོད་ལྷ་ཟེ་ཟེ་དང་གཅིག་པ་ཡིན་ནམ་སྙམ་པ་ཤར། ཚལ་པ་བཀའ་བརྒྱུད་ཀྱི་སྲོལ་འབྱེད་གུང་ཐང་བླ་མ་ཞང་གིས་མཛད་པའི་རྗེ་ཡེར་པ་བའི་རྣམ་ཐར་ལས། ཟེ་ཟེ་མོ་ལ་སོགས་པ་རྒྱལ་དང་། རག་མའི་སྤྱི་བོ་མན་ཆོད། གྱེ་རེའི་སྤྱི་བོ་ཡན་ཆད་ཀྱི་རི་དང་དགོན་པ་ཀུན་ཏུ་དབྱར་ཆུ་སྒོག་པ་གསོལ་ཞིང་སྒྲུབ་པ་མཛད། ཅེས་འཁོད་འདུག་པས། དེ་ཉིད་གང་ཡིན་དཔྱད་པའི་ཚེ། ལྷ་སའི་བྱང་ངོས་དོར་ཏེའམ་དོག་སྡེ་ལུང་པའི་ཤར་ངོས་ཀྱི་རི་བོ། རྔ་ཆེན་སྡེ་ཤོག་གམ། ཤའང་སྲིད་གཞུང་གི་བྱང་ངོས་ཀྱི་རྒྱབ་རིར་གྱུར་པ། རག་མའམ་རག་ལུང་པའི་ནུབ་ངོས་སུ་གནས་པའི་རི་སྟེ། ཇོ་མོ་ཟེ་ཟེ་ཞེས་པའི་རི་བོ་འདི་ཉིད་རེད་འདུག་ལ། དེའི་ཤར་ངོས་སུ་རག་ཅེས་པའི་ལུང་པ་གནས་ཡོད་པས་ཀྱང་གསལ་བར་ཤེས་ཐུབ་པར་སྣང་ངོ་། །
འདིར་གསལ་བའི་ཟེ་ཟེ་མོ་དང་ཇོ་མོ་ཟེ་ཟེ་ཞེས་པ་ལས་མོ་ལྷ་ཞིག་ཡིན་པར་མངོན་པ་དང་། གོང་གསལ་ལྷ་རྒོད་དྲག་བདར་ལས་ཕོ་ལྷའི་ཉམས་མངོན་པས། ཐ་དད་ཡིན་པའི་ཚོར་བ་བྱིན་བཞིན་འདུག ལ་ལས་ཇོ་མོ་ཟེ་ཟེ་གནས་ཡུལ་ལྷ་དའི་བྱང་ཤར་ཡིན་པ་ལས། སྟོད་ལུང་མ་ཡིན་པས་མི་བདེན་ནོ་སྙམ་སྲིད་མོད། སྐབས་དེར་ལྷ་སའི་ཡུལ་འདི་སྟོད་རོ་ལུང་སུམ་རྒྱལ་ཕྲན་གྱི་མངའ་ཁོངས་ཡིན་སྲིད་ལ། ཟིང་པོ་རྗེ་གནས་ཡུལ་འཕན་པོ་ཡིན་ལ། སྐུ་ལྷ་ཐང་ལྷ་གནས་ཡུལ་ནི་འདམ་ཤོད་ཀྱི་བྱང་རིའི་རྒྱུད་ཡིན་པས་མི་འགལ་བ་ལྟ་བུའང་ཡིན་སྲིད་དོ། །
འདིར་ཁོ་བོས་གཏམ་གྱི་སྣེ་གླེང་པ་ཙམ་ཡིན་ལ། རྒྱལ་ཕྲན་སོ་སོའི་སྐུ་ལྷ་དེ་དག་ནི་གནའ་བོའི་ལོ་རྒྱུས་དང་རིག་གནས་ཀྱི་འདུས་གཟུགས་ཤིག་ཡིན་པས། ལྷ་སྒྲུང་རེད་ཟེར་ནས་གནའ་བོའི་ལོ་རྒྱུས་ལས་ལོགས་སུ་བསྐྱུར་བ་དང་སྣང་མེད་དུ་གཏོང་ཐབས་གཏན་ནས་མེད་པས། སྐབས་དེ་དང་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡིན་པའི་ཕྱིར། དེས་ན་མུས་འཐུད་སྟོད་ལུང་ཕྱོགས་སུ་བརྟག་ཞིབ་གནང་རྒྱུ་ནི་དེ་བས་ཀྱང་གལ་ཆེ་བར་ཤེས་དགོས།
ལོ་རྒྱུས་ནི་མིའི་རིགས་ཀྱི་བྱུང་འཕེལ་གྱི་གོ་རིམ་ཇི་བཞིན་པའི་རིག་གནས་ཤིག་ཡིན་པས། དེ་ནི་ལོ་རྒྱུས་སྨྲ་བ་དག་གིས་གནས་ལུགས་གང་ཡིན་པ་དེ་ཉིད་གསལ་པོར་རྟོགས་པར་བྱེད་དགོས་པ་དང་། སྟབས་ལེགས་པ་ཅིག་ལ་ནུབ་ཕྱོགས་པའི་ལོ་རྒྱུས་རིག་པ་དང་། གནའ་དཔྱད་རིག་པ། ས་ཁམས་རིག་པ། མིའི་རིགས་རིག་པ་སོགས་ཀྱི་དྲིན་ལས་བྱུང་ནས་ཡལ་བའི་ཤར་ཕྱོགས་པའི་གནའ་བོའི་དཔལ་ཡོན་མང་པོ་སླར་ཡང་མིག་ལམ་དུ་མངོན་པར་བྱས་ཡོད་དེ། དཔེར་ན་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ས་འོག་ལ་གཟིམས་པའི་གནའ་ཤུལ་རྣམས་ཕྱིར་མངོན་པར་བྱས་ཏེ། གནའ་བོའི་ཤེས་དཔལ་མཐོང་བའི་སྒོ་མོ་ཕྱེ་བ་ལྟ་བུའོ། །
རང་རེ་བོད་དུ་མཁས་དབང་དགེ་ཆོས་ནས་དབུ་ཚུགས་ཏེ་རིམ་པས་རིག་ཚན་དེ་དག་བོད་དུ་དར་ཞིང་། སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་དཔལ་ཡོན་དར་བས། ཏུན་ཧོང་ཡིག་ཚངས་སོགས་ལ་བརྟེན་ནས་གནའ་བོའི་ལོ་རྒྱུས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་བ་ཐེབས་པ་མ་ཟད། ལོ་རྒྱུས་ངོ་མའི་བཞིན་བཟང་མཇལ་བའི་སྒོ་འཕར་ཡོངས་སུ་ཕྱེས་ཡོད། འདི་ནི་དད་པ་དང་དག་སྣང་དག་མོས་པ་དང་དགའ་ཕྱོགས་དང་རུས་ཞེན་གྱིས་མ་བསླད་པ་ཅིག་ཡིན་པས། འདིར་ཡང་གནའ་བོའི་ལོ་རྒྱུས་ནང་གི་རི་ཆུ་དང་ཐ་སྙད་རེ་རེ་བཞིན་ར་འཕྲོད་དགོས་པ་ལ་ཕན་པའི་་བློས་དཔེ་ཀློག་དང་འབྲེལ་བའི་ཟིན་བྲིས་བཀོད་པའོ། །
༢༠༢༢/༦/༡༡

བརྒྱུད་སྐུལ།

མཆན་སྤེལ།