ཇོ་གདན་བྲག་ལྷ་རྣམ་གསུམ་ལས། ཁང་དམར་སབ་སྒང་བྲག་ལྷ་ཆེན་མོ་དང་། སྙེ་ཐང་ལྷ་ཆེན་མོ་བཞེངས་མཁན་འདི་སུ་ཡིན་ནམ།

ཇོ་གདན་བྲག་ལྷ་རྣམ་གསུམ་ལས། ཁང་དམར་སབ་སྒང་བྲག་ལྷ་ཆེན་མོ་དང་། སྙེ་ཐང་ལྷ་ཆེན་མོ་བཞེངས་མཁན་འདི་སུ་ཡིན་ནམ།
ཇོ་གདན་བྲག་ལྷ་རྣམ་གསུམ་ལས། ཁང་དམར་སབ་སྒང་བྲག་ལྷ་ཆེན་མོ་དང་། སྙེ་ཐང་ལྷ་ཆེན་མོ་བཞེངས་མཁན་འདི་སུ་ཡིན་ནམ།
སྤོས་ཁང་སྒྲོལ་བཟང་།

 

བཞེངས་པ་པོ་ནི་སུ་ཡིན་གསུང་ན་འདི་ནི་རུས་ཁྱུང་ཡིན་པའི་སྤོས་ཁང་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཞུ་བ་ཁོང་ཡིན། ཁོང་ནི་གཙང་རུ་ལྷག་གི་སའི་ཆ་ཉང་རོ་སྟོད་ཀྱི་ཕུ་གམ་རོའི་མདའ་མང་བཙན་གྱི་ཡུལ་རྒྱ་རའི་གནས་གཞི་དགེ་འདུན་གྱི་སྡེ་ཆེན་པོ་བྱུང་བའི་གྲོང་དུ་འཁྲུངས། དེང་ཁང་དམར་རྫོང་སབ་སྒང་ཡུལ་ཤོག་མང་བཙན་གྲོང་ཚོ་ཡིན།

དེའི་སྐབས་པིར་མིང་བཏགས་ཚུལ་ཡོད་ན་ཕལ་ཆེར་ཁོང་གི་ཁང་དམར་རིན་ཆེན་རྒྱལ་མཚན་བཏགས་ཡོད་སྲིད། ཨ་ལ་རྩེད་མོ་ཡིན། ཡབ་རུས་ཁྱུང་བསོད་ནམས་རྒྱལ་མཚན་དང་རུས་ཡུམ་མར་མི་བསོད་ནམས་ལྡན་ཁོང་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པ་ས་བྱི་ལོ་སྟེ་སྤྱི་ལོ 1348 ལོའི་ཧོར་ཟླ་བརྒྱད་པའི་ནང་འཁྲུངས། མཚན་ལ་རིན་ཆེན་རྡོ་རྗེ་གསོལ། དགུང་ལོ་དགུའི་བར་ཡབ་ཀྱི་དྲུང་དུ་ཀློག་འབུངས་སོགས་ལ་སྦྱངས། དགུང་ལོ་དགུ་ལ་ཀླང་པའི་དགོན་པ་གསེར་གླིང་དགོན་དུ་མཁན་ཆེན་སེངྒེ་དཔལ་བཟང་པོའི་དྲུང་དུ་རབ་བྱུང་གི་སྡོམ་པ་མནོས། མཁན་པོའི་མཚན་གྱི་མཐའ་ཅན་གྱིས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོར་བཏགས། དགུང་ལོ་བཅུ་གཅིག་ལོར་དགེ་ཚུལ་གྱི་སྡོམ་པ་ཞུས། དགུང་ལོ་བཅོ་བརྒྱད་ཤིང་མོ་སྦྲུལ་ལོར་ཇོ་གདན་ཚོགས་པའི་ཁྲོད་དུ་བཞུགས། ཉི་ཤུ་པ་མེ་མོ་ལུག་སྤྱི་ལོ 1367 ལོའི་དབྱར་དུས་སུ་གཙང་ཆོས་ལུང་ཚོགས་པའི་མཁན་ཆེན་གྲགས་པ་རྒྱལ་མཚན་དཔལ་བཟང་པོས་མཁན་པོ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ཞབས་ཀྱིས་ལས་སློབ། སློབ་དཔོན་དགེ་འདུན་རིན་ཆེན་གྱིས་གསང་སྟོན། མཁས་པ་ཆེན་པོ་བསོད་ནམས་དཔལ་གྱིས་དུས་གོ །

འདུལ་འཛིན་པ་བློ་གྲོས་རྒྱལ་མཚན་གྱིས་གྲོགས་དན། ཇོ་གདན་པའི་དགེ་སློང་བཅུ་བཞིས་ལས་གྲལ་གྱི་ཁ་བཀང་ནས་དགེ་སློང་བཅོ་བརྒྱད་ཚོགས་པའི་དབུས་སུ་བསམ་ཡས་བླ་བྲང་བཀྲ་ཤིས་སྒང་གི་གསེར་ཁང་ཀ་བཞི་མར་གྲོགས་ཆོས་རྒྱལ་དང་མཉམ་དུ་དགེ་སློང་སྒྲུབ། གཙོ་བོའི་སློབ་དཔོན་དུ་ཆོས་ལུང་མཁན་ཆེན་གྲགས་པ་རྒྱལ་མཚན་ཞབས་དང་། བླ་མ་དམ་པ། བུ་སྟོན་ཆེན་པོ། ཇོ་ནང་ཕྱོགས་རྒྱལ། མཁན་ཆེན་གྲགས་པ་བཤེས་གཉེན། བླ་མ་ཆོས་གྲགས་པ། སོགས་རིས་མེད་མཁས་གྲུབ་མང་དུ་བསྟེན་ཏེ་མདོ་སྔགས་རིག་གནས་མཐའ་དག་གསན། སྐབས་དེར་དབུས་གཙང་གྲྭ་ས་མང་ཆེ་བར་གྲྭ་བསྐོར་གནང་བས། མཁས་པའི་ཐོ་ཆོད། ཕྱོགས་ཀྱི་དགོན་སྡེ་གང་ཁག་ནས་མཁན་པོར་གདན་འདྲེན་ཞུས་གནང་བ་ནི། གནས་རྙིང་སློབ་དཔོན་རིན་ཆེན་རྒྱལ་མཚན་ཞབས་ཀྱིས་གནས་རྙིང་གི་དགའ་བཞིའི་ཆེན་པོ་གྱིས། གྲྭ་པ་ལྔ་བརྒྱ་ཙམ་ཡོད། དུས་ཆོས་རེ་བཤད་པ་མ་གཏོགས་གཞན་དཀའ་ལས་ཅི་ཡང་མེད། དཔེ་ཆ་ལྷ་རྟེན་ཐབ་སྟན་ལ་སོགས་ཅི་ཡོད་ཕོག་ནས་ང་རང་སྦྲུལ་ཤུབས་འཐོན་བྱེད་གསུངས་པ་དང་། ཡང་ཆོས་རྗེ་ལ་ར་བས། དགོན་པ་འདི་ཟུངས་ལ་འགྲོ་དོན་མཛོད། ང་བས་ལྷག་པ་གཅིག་ཡོང་བར་འདུག་གསུངས་པ་དང་། བླ་མ་ཀུན་དགའ་འཕེལ་བས་རོང་པ་ཤེས་རབ་སེངྒེའི་གདན་ས་ཟུངས་ལ་དུས་འཁོར་རྭ་ལུགས་དང་། མཁན་ཆེན་བཀའ་བཞི་པའི་ཕར་ཕྱིན་གྱི་ཊཱིཀྐ་རེ་ཤོད། དགོན་པ་ཤམ་འབར་སྡེ་མ་ལག་དང་བཅས་པ་ཁྱེད་ལ་གཏོད་པ་ཡིན་གསུངས་པ་དང་། བྱང་ར་སྒྲེང་གི་མཁན་པོས་ཁྱེད་ཇོ་བོ་རྗེའི་ཆོས་ལུགས་ལ་དད་པར་འདུག་པས་བཀའ་གདམས་པའི་བཀའ་བབས་པ་གཅིག་འོང་ཟེར་བ་དང་། འབྲི་ཁུང་པའི་ཀུན་སྤངས་ཡེ་ཤེས་རྒྱལ་མཚན་དང་། ཉེ་གནས་ཆེན་པོ་ཨར་ཚ་བསོད་རྡོར་གྱིས་འབྲི་གུང་ཐེལ་གྱི་མཁན་པོ་གྱིས། ཆོས་རྗེ་སྤྱན་སྔ་དང་མཁན་ཆེན་པ་ལ་གྲོས་ཐག་བཅད་པའི་ཞུ་བ་ཡིན་ཟེར་བ་ལ་སོགས་མཁས་པ་ཐམས་ཅད་ཀྱིས་མཐོངས་ཆེན་པོ་གནང་འདུག དེ་ལྟར་མཁས་པའི་གྲགས་པས་ཀུན་ལ་ཁྱབ་པར་གྱུར་བས་རྒྱལ་རྩེ་ཆོས་རྒྱལ་ཆེན་པོའི་དབུ་བླར་མངའ་གསོལ་མཛད། རྒྱལ་རྩེ་ཆོས་རྒྱལ་གྱི་རྣམ་ཐར་ལས། ཤིན་ཏུ་དྲིན་ཆེ་བའི་རྩ་བའི་བླ་མ་རྣམ་གསུམ་ལས་གཅིག་སྤོས་ཁང་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཡིན་ཞེས་གསལ་བ་དང་རྒྱལ་རྩེའི་གོས་སྐུ་ཆེན་མོའི་ཐོད་དུ་ཡང་སྤོས་ཁང་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཞབས་ཀྱི་འདྲ་སྐུ་བཞུགས་ཡོད།
སྔོན་ནས་ཇོ་གདན་སྤོས་ཁང་དང་འབྲེལ་ཆེ་བས། ཕྱིས་སུ་དགུང་ལོ་ 54 ལ་སྤོས་ཁང་དགོན་གྱི་མཁན་པོ་གནང་། འདུལ་བའི་ལག་ལེན་ཤིན་ཏུ་ནས་ཉག་ཕྲ་བར་གྱུར་ཡོད་པས་སེར་ཁྱིམ་ཞི་བའི་དགོན་དང་གཙང་དགོན་ཞེས་སོ་སོར་ཕྱེ་ནས་ད་ལྟ་མཇལ་དུ་སྣང་བའི་སྤོས་ཁང་གཙང་དགོན་འདི་ཕྱག་བཏབ། ངག་རྒྱུན་ལ་ཆོས་ལུང་སྤོས་པའི་སྤོས་ཁང་ཟེར་བ་འདི་ནས་ཐོགས་ཟེར། ལོ་བཅུ་ལ་མཁན་པོ་གནང་། རྗེའི་ཞལ་བཀོད་ཀྱིས་སློབ་བུ་འཚོ་བྱེད་ཀུན་དགའ་རྒྱལ་མཚན་པས་ཤོག་གུ་སྒྲུབ་པའི་རྩོལ་བ་ཆེན་པོ་སོགས་བྱས་ནས་ལོ་གསུམ་བཞི་ཙམ་ལ་བཀའ་འགྱུར་ཚང་བར་བཞེངས། རྒྱལ་མཁར་རྩེ་ཆོས་རྒྱལ་ཡབ་སྲས་དག་གིས་སྔར་ནས་ཇོ་གདན་སྡེ་བཞིའི་སྦྱིན་བདག་གནང་བ་ཙམ་མ་ཟད་ལྷག་པར་ཆོས་ལུང་དང་སྤོས་ཁང་ལ་ཡང་དྲིན་ཆེ་བར་མཛད་པའི་མཐུན་རྐྱེན་སོགས་ལས་སྤོས་ཁང་དགོན་ཡང་རིམ་པས་དར་ཞིང་རྒྱས་པར་གྱུར་ནས་གནས་འདིར་པཎ་ཆེན་སྡོམ་རྒྱུན་དར་སྤེལ་དང་། ཇོ་གདན་སྤོས་ཁང་ཚོགས་པའི་ལུགས་སམ་རིན་རྒྱལ་ལུགས་ཞེས་པ་སྲོལ་བཏོད་གནང་། དགུང་ལོ་རེ་བཞི་པ་ལྕགས་མོ་ཡོས་ལ་སྤོས་ཁང་དུ་ཀུན་སྤངས་མཛད། 1412 ལོའི་རྗེས་ཙམ་ལ་རྒྱལ་བའི་སྐུ་གཟུགས་ལ་བརྟེན་པའི་ཉེས་པ་སྐྱེ་བོ་མང་པོ་ལ་འཕེལ་ནས་འོང་བ་ཤིན་ཏུ་ཡ་ང་བར་མཐོང་ནས་དགུང་ལོ་རེ་དྲུག་ལོར་ཀླངས་པ་གསེར་གླིང་གི་ཉེ་འདབས་འཛོ་འཕྲང་གི་ལམ་བྲག་དང་སྐྱིད་ཆུ་འཛོམས་པའི་ཐད་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་གཟུགས་བྲག་ལ་འབུར་དུ་དོད་པ་ཤིན་ཏུ་མཛེས་པ་བཞེངས། བྲག་ལྷ་བཞེངས་པ་ནི་ཡར་ལམ་མར་ལམ་འགྲུལ་པས་མཇལ་བདེ་བ་དང་འབྱུང་བཞིའི་གནོད་ཚེ་ཉུང་བ་སོགས་ལྷག་དོན་གསེར་ཟངས་ཀྱི་སྐུ་བཞེངས་ན་དག་སྣང་མེད་པར་ཚོང་པའི་ཟོང་དུ་སླེབས་ནས་ཚོང་རྫས་སུ་འགྱུར་བ་དང་སྐུ་འདིས་གཞན་ལ་ཕན་རྒྱུའི་ཚབ་ཏུ་ཉེས་པ་མང་པོ་བསགས་པ་སོགས། ༼དཔེར་ན་སྒྲུང་གཏམ་གཙུག་གཡུའི་བརྗོད་དོན་གཙུག་གཡུ་ལྟ་བུ་ཆགས་པས་སོ།༽ དེའི་ཚུལ་ལ་དགོངས་ནས་བྲག་ངོས་སུ་བཞེངས་པ་ནི་ཉེས་པ་དེ་དག་ལས་ཟློག་ཕྱིར་བཞེངས་གནང་འདུག དེ་ལྟ་བུ་ལའང་ཐུགས་བསམ་ཞིབ་མོར་བཞེས་པ་ནི་སྤོས་ཁང་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཞབས་ཀྱི་ཐུགས་ཀྱི་རེ་བ་འདི་ཐུབ་བསྟན་ཁོ་ནའི་ཆེད་དུ་ཡིན་པ་ཤེས་ཐུབ། བྲག་ལྷ་བཞེངས་པ་འདི་ཡུལ་འདིའི་བྲག་འདི་ལོ་རྒྱུས་ཀྱི་བྲག་ཏུ་ཆགས་པས་དེང་སྐབས་གོང་རིམ་ནས་ཀྱང་ཐུགས་འཁུར་གྱི་ཡུལ་བསྐོར་བ་ཚོར་སྟབས་བདེའི་འགྲོ་ལམ་སོགས་ཉམས་གསོ་ཡག་པོ་གནང་འདུག

བྲག་ལྷ་བཞེངས་ནས་ད་བར་ལོ་ངོ་ 610 ཙམ་འགྲོ །ས་གནས་ནི་ཁང་དམར་རྫོང། ་ས་ཕུད་སྒང་ཡུལ་ཤོག་གླང་པ་གྲོང་ཚོའི་ཁོངས་སུ་ཡོད། སྔོན་དུས་བྲག་ལྷ་ཆེན་མོའི་གཤམ་དུ་སྨོན་ཚིག་གི་ཡི་གེ་འདུག་མོད་ཉམས་ཆགས་ཀྱི་ཡིག་འབྲུ་གསལ་པོར་མཇལ་རྒྱུ་མེད། འོན་ཏེ་ཁོང་ས་ཆ་གཞན་མང་པོར་ཕེབས་བཞུད་གནང་མོད་བྲག་ལྷར་ཐུབ་སྐུ་བཞེངས་པ་འདི་མ་གཏོགས་ས་གཞན་དུ་གསལ་ཆ་མེད་ལ་མཛད་ཕྲིན་བསྐྱངས་ཡུལ་དང་རང་རྣམ་ལ་གཞིགས་ན་ཁོང་གི་འཁྲུངས་ཡུལ་དང་རབ་བྱུང་སྒྲུབ་ཡུལ་ཙམ་མ་ཟད་གདན་ས་ཡུན་རིང་བསྐྱངས་པའི་ཀླངས་པ་གསེར་གླིང་གི་དགོན་བར་ཡར་མར་འགྲུལ་བཞུད་གནང་སའི་བར་ཏེ་དེང་སང་སབ་སྒང་བྲག་ལྷར་གྲགས་པ་དེ་ཡིན་ལ་དེའི་འགྲམ་དུ་གངས་རོ་ཉིང་རོ་སོགས་ནས་རྒྱུག་པའི་ཆུ་བོ་གསུམ་འདུས་འབབས་པའི་སྐྱིད་ཆུ་ཡང་འདིར་ཡོད་ཏོ། བྲག་ལྷ་བཞེངས་པ་དེར་དམིགས་ལྟོས་ཀྱི་རྗེས་འཇུག་མང་པོ་བྱུང་གསུངས་པས་ཁོང་ཉིད་ཐུགས་བློ་བདེ་པོ་བྱུང་འདུག ཁོང་གི་སློབ་མ་ཆོས་ལུང་ཆོས་གྲགས་དཔལ་བཟང་ཞབས་ཀྱིས་ཀྱང་ཆུ་ཤུར་རྫོང་ཁོང་གི་སྙེ་ཐང་ལྷ་ཆེན་མོར་གྲགས་པ་དེ་བཞེངས། དེའི་སྐོར་ལེའུ་རྗེས་མའི་ནང་གཟིགས་པར་འཚལ། ༼མ་གཞི་བྲག་ལྷ་བཞེངས་པའི་ལོ་རྒྱུས་རིང་བ་མ་ཟད་ལྷག་དུ་ཇོ་གདན་པ་དང་འབྲེལ་བའི་བྲག་ལྷ་ཆེན་པོ་ཁག་གསུམ་མཇལ་རྒྱུ་ཡོད་ལ་དེ་དག་ནི་ཁང་དམར་སབ་སྒང་བྲག་ལྷ་ཆེན་མོ་དང་ངམ་རིང་མདོག་སྨད་བསྟར་རྒྱུད་བྲག་ལྷ་ཆེན་མོ། སྙེ་ཐང་ལྷ་ཆེན་མོ་བཅས་ཡིན། ༽
གཞན་ཡང་རྒྱལ་རྩེ་དཔལ་འཁོར་ཆོསྡེ་སོགསུ་མཛད་ཕྲིན་དཔག་མེད་བསྐྱངས་པ་མ་ཟད། དགུང་ལོ་བརྒྱད་ཅུའི་ལོ་ལ་གཙང་གི་མཆོད་རྟེན་རྣམ་བཞིའི་ཡ་གྱལ་རྒྱལ་རྩེ་སྐུ་འབུམ་མཆོད་རྟེན་ཚད་དང་ལྡན་པ། སྐྱེ་བོས་མཐོང་ན་མི་མཐུན་པ་མེད་པ་དེའི་ས་ཆོག །ཕྱི་ནང་ཞལ་བཀོད་སོགས་ལེགས་པར་མཛད་དེ་འགྲོ་བའི་བསོད་ནམས་ཀྱི་རྟེན་དུ་རྒྱལ་མཁར་རྩེའི་ནུབ་ངོས་སུ་འགྱིང་ངེར་གནས་པ་དེའོ། །
མཆོད་རྟེན་བཞེངས་པ་དེར་གསུང་ཚུལ་མི་འདྲ་བ་འགའ་ཙམ་འདུག་སྟེ་ཁ་ཅིག་གིས་གཅུང་རི་བོ་ཆེ་མཆོད་རྟེན་དང་ར་ལུང་གི་མཆོད་རྟེན་དང་ཇོ་ནང་གི་མཆོད་རྟེན་ལ་དཔེ་བལྟས་གསུང་བས་ཕལ་ཆེར་རང་རྣམ་ལས་ཇོ་ནང་སྐུ་འབུམ་མཇལ་བས་ཡིད་ལ་དད་དང་རབ་ཏུ་འཁྲུངས་ཞེས་གསལ་བས་ཕལ་ཆེར་ཇོ་ནང་མཆོད་རྟེན་ལས་དཔེ་བླངས་པ་འདྲའོ། གང་ལ་ཞེ་ན། གཅུང་རི་བོ་ཆེའི་མཆོད་རྟེན་ནི་གྲུབ་ཆེན་ལྕགས་ཟམ་པའི་སྐུ་ཚེའི་སྨད་ལ་བཞེངས་པས་གང་སྔ་བ་ཡོད་མེད་གཟིགས་ན་ཤེས། རྒྱལ་རྩེ་ཆོས་རྒྱལ་གྱི་རྣམ་ཐར་ལས་ཀྱང་སྤོས་ཁང་པའི་དྲུང་ནས་མཆོད་རྟེན་བཞེངས་པའི་ཕན་ཡོན་མང་དུ་ཐོབ་གསུང་། དེ་ལྟར་སྐུ་ཚེ་གང་པོར་འཁོར་ལོ་གསུམ་གྱི་བྱ་བས་དུས་འདས་ཏེ། མཐར་དགུང་ལོ་གྱ་གསུམ་པ་ལྕགས་ཕོ་ཁྱི་སྤྱི་ལོ 1430 ལོའི་ཧོར་ཟླ 3 པའི་ཚེས 23 ལ་ཉང་སྟོད་གསེར་གླིང་གི་གཟིམ་ཁང་ཤར་དུ་དགོངས་པ་རྫོགས། །

​ཁོང་གི་མཚན་གྱི་རྣམ་གྲངས་ལ་འཇམ་དབྱངས་རིན་ཆེན་རྒྱལ་མཚན། སྤོས་ཁང་རིན་ཆེན་རྒྱལ་མཚན། བསོད་སྙོམས་པ་རིན་ཆེན་རྒྱལ་མཚན། ཇོ་གདན་མཁན་ཆེན་རིན་ཆེན་རྒྱལ་མཚན། བནྡེ་རིན་ཆེན་རྒྱལ་མཚན། ཁྱུང་གི་བནྡེ་རིན་ཆེན་རྒྱལ་མཚན། བཤོལ་པ་རིན་ཆེན་རྒྱལ་མཚན། མཁན་ཆེན་རིན་ཆེན་རྒྱལ་མཚན་བཅསོ། སྡོམ་གསུམ་རབ་དབྱེའི་ཊཱིཀ་ཆེནམ་སྤོས་ཁང་སྡོམ་གསུམ་ཞེས་པ་སོགས་པོད་ཆེན་གང་མང་ལས་དེང་པོད་ཆེན་ལྔ་བཞུགས། སློབ་མ་གྲགས་ཆེ་བ་ནི་ཀུན་མཁྱེན་དགའ་བ་སྡོང་པ་༼པ་སྣམ་༽ཆོས་རྒྱལ་དཔལ་བཟང་། ཀུན་མཁྱེན་རོང་སྟོན་ཤེས་བྱ་ཀུན་རིག །རྒྱལ་རྩེ་ཆོས་རྒྱལ་རབ་བརྟན་(1389-1442)ཀུན་བཟང་འཕགས། འཇམ་དབྱངས་དཀོན་མཆོག་བཟང་པོ། བཀའ་བཅུ་པ་ཤེར་ལེགས། དྭགས་པོ་བཀྲ་ཤིས་རྣམ་རྒྱལ། ཏི་ཤྲི་ཀུན་དགའ་བློ་གྲོས། ཏི་ཤྲི་ཀུན་དགའ་རྒྱལ་མཚན། འཚོ་བྱེད་ཀུན་དགའ་རྒྱལ་མཚན། ཆོས་ལུང་ཆོས་གྲགས་དཔལ་བཟང་། མཁས་གྲུབ་མུས་ཆེན། མཁས་པ་དོན་ཡོད་དཔལ་བཟང་སོགས་སོ། །
མདོར་ན་འཇམ་དཔལ་འབྱངས་དངོས་སྤོས་ཁང་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ཞབས་འཇིག་རྟེན་འདིར་བྱོན་པས་སྤོས་ཁང་རིན་རྒྱལ་ལུགས་དང་སྤོས་ཁང་སྡོམ་གསུམ་སོགས་བོད་རིག་པར་ལེགས་སྐྱེསུ་ཕུལ་བ་དང་རྒྱལ་རྩེ་སྐུ་འབུམ་དང་། སབ་སྒང་བྲག་ལྷ་ཞེས་པ་གནའ་བོའི་སྒྱུ་རྩལ་གྱི་རྩམ་ཆོས་དག་ཀུན་ལ་གཟིགས་མོར་འབུལ་འདུགོ །

ལེའུ་རྗེས་མར་སྙེ་ཐང་ལྷ་ཆེན་མོ་དང་ངམ་རིང་མདོག་གཞུང་བྲག་ལྷ་ཆེན་མོའི་སྐོར་ལ་གཟིགས་པར་མཛོད། །

ཝ་གིནྡྲ་ཀརྨ་བདེ་ཁང་གི་ངོ་དེབ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།