ཡར་སྟོད་ཀརྨ་དགའ་ཚལ་གཞུང་ལུགས་གླིང་ཞེས་པའི་ཆོས་སྡེ་འདི་ཉིད་ནི་ད་ལྟའི་ཆར། ཡར་སྟོད་ཆོས་སྡེ་གོང་དགོན་པའམ། དགའ་ལྡན་ཐོས་བསམ་དར་རྒྱས་གླིང་ཞེས་པའི་ཆོས་སྡེ་འདི་ཉིད་ཡིན་ཅིང་། དེ་ཡང་སྤྱི་ལོ་༡༥༤༢ལོར་རྒྱལ་དབང་ཀརྨ་པ་མི་བསྐྱོད་རྡོ་རྗེ་མཆོག་ཡར་འབྲོག་ཏུ་བཞུགས་སྐབས། བོད་བཙན་པོའི་གདུང་རྒྱུད་འཁྲུལ་མེད་འོད་སྲུང་། དེའི་སྲས་རྗེ་དཔལ་འཁོར་བཙན། དེ་ལས་རིམ་པར་བརྒྱུད་པ་རྗེ་སོརྞ་བཛྲ་འམ་ལྷ་བུག་པ་ཅན་པ་ཞེས་ཡར་སྟོད་རྒྱལ་པོའི་ཁབ་ཏུ་བྱོན་པ་འདི་ཉིད་ལས་རིམ་པར་བརྒྱུད་པའི་གདུང་རབས། ཡར་སྟོད་ལྷ་བུག་ས་སྐྱོང་རྣམ་རྒྱལ་འོད་ཅེས་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་གི་ཆ་ནས་ཀྱང་འགྲན་པའི་ཟླ་དང་བྲལ་བ། རིན་ཆེན་དང་པོའི་ཁུ་བས་གར་བྲིས་སུ་བྱས་པའི་ལྷ་བུག་བཀའ་འགྱུར་ཆེན་མོ་བཞེངས་པ་པོ་འདི་ཉིད་དང་། དེའི་རིགས་ལས་མཆེད་པའི་གཞིས་ཀ་ཆེན་པོ་གྲི་གུའི་རྫོང་དཔོན་དང་། ཡར་སྟོད་བསམ་སྡེ་སྐྱེད་ཚལ་གྱི་དཔོན་མོ། ལྷུན་པོ་སྒང་གི་ལྷ་རིགས་ཆེན་པོ། སྡེ་པ་ཧ་ལོ་སྒང་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབས་པ་བཞིན། སྤྱི་ལོ་༡༥༤༢ལོར་རྒྱལ་དབང་ཀརྨ་པ་མཆོག་འབྲོག་གི་གཞུང་བརྒྱུད་དེ་ཐོག་མར་གྲི་གུ་དང་གཅུང་འཚོ། རིམ་པས་ཡར་སྟོད་དུ་ཕེབས། ཡར་ལྷ་ཤམྦུའི་གངས་ནུབ་ཏུ་གཟིམ་སྤྱིལ་མཛད་དེ་སྐབས་ཞིག་བཞུགས། མར་ལམ་དུ་རྗེ་ཉིད་ཀྱི་ཞལ་ནས།
ཡར་སྟོད་ཀརྨ་དགའ་ཚལ་གཞུང་ལུགས་གླིང་ཞེས་པ་གང་དུ་ཡིན་ནམ།
ཡར་སྟོད་ཀརྨ་དགའ་ཚལ་གཞུང་ལུགས་གླིང་ཞེས་པ་གང་དུ་ཡིན་ནམ།
ཡར་ཤམ་གྱི་རང་སྒྲ།
དུས་རབས་ཀྱི་འཕོ་འགྱུར་ཁྲོད། ད་ལྟའི་ཆར་དགོན་པ་དེ་གནས་ཡུལ་ཡར་སྟོད་ཀྱི་ས་ཆ་གང་དུ་ཡིན་མིན་སོགས་དྲིས་ཚེ། ཕལ་ཆེར་ཡུལ་དེའི་ཕོ་མོ་རྒན་དར་གཞོན་གསུམ་ཚང་མས་གོ་མ་མྱོང་བ་ལྟ་བུའི་ཚད་དུ་སླེབས་ཡོད། ངེད་རང་ཆུང་དུས་དགོན་འདིར་བཀའ་དྲིན་ཤིན་ཏུ་ཆེ་བའི་རྒན་བློ་བཟང་མཐར་ཕྱིན་ལགས་ནས་དེའི་སྐོར་གསུང་མྱོང་མོད།
ལོ་ན་ཕྲ་བས་སྣང་མེད་དུ་ལུས། ཉེ་ལམ་ཁོ་བོའི་དྲྭ་གྲོགས་མཚུར་ཕུ་དགོན་པའི་དགེ་འདུན་པ་ཞིག་ནས་ཁོ་བོར་དྲྭ་ལམ་བརྒྱུད། རྗེ་མི་བསྐྱོད་རྡོ་རྗེའི་རྣམ་ཐར་དང་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུ་ཡར་སྟོད་ཀརྨ་དགའ་ཚལ་གཞུང་ལུགས་གླིང་ཞེས་བྱུང་བ་དེ་ཡར་སྟོད་ཀྱི་ས་ཆ་གང་དུ་ཡིན་མིན་བཀའ་འདྲི་གནང་བས། ཁོ་བོར་དེའི་སྐོར་ལ་རེག་ཟིན་ཞིག་ཀྱང་འགོད་འདོད་ཀྱི་འདུན་པ་འགོག་མེད་དུ་ཤར་བ་དང་། ལྷག་པར་ཕྱིས་ནས་ཡུལ་དེའི་ལོ་རྒྱུས་རིག་གནས་དང་བཅས་པ་ལ་དོ་སྣང་གནང་མཁན་གྱི་ཕོ་མོ་རྒན་དར་གཞོན་གསུམ་ཚང་མར་ཕན་ཐོགས་ཕྲན་བུ་ཡོང་རེ་དང་། རང་ལའང་འཇིག་རྟེན་ཕྱི་མ་ཕན་ཆད་དུ་རྗེ་མི་བསྐྱོད་རྡོ་རྗེ་དང་། རྒྱལ་མཆོག་སྐུ་འཕྲེང་ལྔ་པ་ཆེན་པོ་ལྟ་བུ་སྐྱེས་ཆེན་དམ་པའི་རྣམ་ཐར་ལ་ལས་འབྲེལ་ཕྲན་བུ་རེ་འཇོག་ཐུབ་ན་ཁོ་བོའི་བློ་ཡིད་དེ་ཀས་ཚིམས་སོང་བས། དེའི་སྐོར་ཅུང་རྒྱས་པར་ཞུ་ན།
དགེ་ལེགས་དོན་ཀུན་ཡོངས་སུ་སྒྲུབ་པའི་མ། །
བདག་གི་བཞེད་དགུ་སྦྱིན་པར་བྱེད་པའི་མ། །
ཞེས་སོགས་ཡང་ཡང་བསྔགས་པ་མཛད་པའི་རྗེ་ཉིད་ཀྱི་སྦྱིན་བདག་ཆེན་མོ། ལྷ་རིགས་བསམ་སྡེ་དཔོན་མོའི་ཕོ་བྲང་དུ་ཕེབས་ནས་མཁའ་འགྲོ་རྒྱ་མཚོའི་དབང་སོགས་གནང་། ཀརྨ་སྒར་བྲིས་ཀྱི་ཐང་ཁའི་རི་མོའི་སྒྱུ་རྩལ་སྲོལ་གཏོད་པ་ཡར་སྟོད་ནམ་མཁའ་བཀྲ་ཤིས། རྗེ་ཉིད་ཀྱི་སྤྲུལ་པ་སངས་རྒྱས་ཀྱི་སྐུ་གཟུགས་སྤེལ་བའི་འཕྲིལ་ལས་པ་ཡིན་པར་ལུང་བསྟན། ལྷུན་པོ་སྒང་གི་ཞོལ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ལ་ཡར་ལྷ་ཤམ་པོས་ཐོ་བཙམས་པའི་བཤགས་པ་ལ་ཡར་ཀླུང་ཕུ་མདའ་ནས་བཙུན་ཆུང་བརྒྱ་དང་། སྐྲ་ཕུད་བཞེས་པའི་འབུལ་བ་གསེར་ཞོ་བརྒྱ་ཕུལ་བའི་གནས་སུ། སྔོན་ནས་ས་སྐྱོང་ཆེན་མོས་ཀླུ་ཁང་ཞིག་མཛད་ནས། གནས་འདིར་ཀརྨ་པའི་ཆོས་སྡེ་ཞིག་འོང་། དགའ་ཚལ་ཆོས་ཀྱི་ཕོ་བྲང་ཞེས་རྡོ་རིང་ཞིག་བཙུགས་ཡོད་པ་དེར། ལྷ་བུག་ས་སྐྱོང་ཆེན་པོ་དང་དེའི་མངའ་ཞབས་སུ་གཏོགས་པའི་གཞིས་ཁག་རྣམས་ཀྱིས་སྦྱིན་བདག་གནང་ནས། ཡར་སྟོད་ཀརྨ་དགའ་ཚལ་གཞུང་ལུགས་གླིང་གི་གཙུག་ལག་ཁང་དང་། གང་དེའི་ནང་རྟེན་དུ་སྐུ་རྟེན་རྒྱལ་བ་མི་ཕམ་མགོན་པོའི་སྣང་བརྙན་ཐོག་ཚད་མ་དང་། གསུང་རྟེན་དུ་རྡོ་ནག་གི་སྟེང་དུ་དཀར་ཀོང་ལས་རང་བྱོན་དུ་སྒྲུབ་པའི་མ་ཎི་ཡིག་དྲུག་ད་ལྟ་འང་མཇལ་རྒྱུ་ཡོད་པ་འདི་དང། ཐུགས་རྟེན་རིན་ཆེན་དང་པོས་གར་བླུགས་སུ་བྱས་པའི་རྣམ་རྒྱལ་མཆོད་རྟེན་ཐོག་ཚད་མ་སོགས་བརྟེན་དང་རྟེན་པར་བཅས་པ་གསར་བཞེངས་མཛད་ནས་རབ་གནས་ཀྱང་རྗེ་ཉིད་ཀྱིས་མཛད། ལྷག་པར་གསུང་རྟེན་མ་ཎི་ཡིག་དྲུག་འདི་ཉིད་ནི་རྗེ་སོརྞ་བཛྲ་འདི་ཉིད་ལ་འུ་ཞང་རྡོ་ནས་ཡུམ་གྱིས་གསུང་རྟེན་དུ་གནང་བ་ཡིན་ཞེས་དང་། ཡང་འགའ་ཞིག་ནས་སློབ་དཔོན་ཆེན་པོས་ཡར་ལྷ་ཤམ་པོ་དམ་ལ་འདོགས་སྐབས་རང་བྱོན་དུ་བྱུང་བ། དུས་ཕྱིས་ཡུལ་གྱི་མཆོད་རྟེན་དུ་བྱས་པ་ཡིན་སོགས་བཤད་སྲོལ་ཡོད་མོད། གཡའ་བཟང་ཆོས་བྱུང་དང་། ལྷག་བུག་པ་ཅན་པའི་གདུང་རབས་སོགས་སུ་རྗེ་སོརྞ་བཛྲ་ལ་ཡུམ་གྱིས་གནང་བའི་རྟེན་སྐལ་གྱི་གྲས་སུ་མ་ཎི་ཡིག་དྲུག་དེའི་སྐོར་འཁོད་མེད། གང་ལྟར་ནའང་མ་ཎི་ཡིག་དྲུག་འདི་ཉིད་ཡར་སྟོད་ལྷ་བུག་པ་ཅན་པོའི་མི་རབས་མང་པོའི་ནང་རྟེན་དང་། དུས་ཕྱིས་ས་སྐྱོང་རྣམ་རྒྱལ་འོད་ཀྱིས་རྒྱལ་དབང་མཆོག་ལ་འབུལ་བའི་ཐོག་མར་ཕུལ་བ། རྒྱལ་དབང་མཆོག་ནས་དགའ་ཚལ་གཙུག་ལག་ཁང་གི་གསུང་རྟེན་དུ་གནང་བ་ཡིན་འདུག་པས་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་ཞིག་ཡིན་པ་ནི་གོར་མ་ཆག
འདི་ལྟར་ཡར་སྟོད་ཀརྨ་དགའ་ཚལ་གཞུང་ལུགས་གླིང་ཞེས་པ་འདི་ནི་དཔལ་རྒྱལ་དབང་ཀརྨ་པ་སྐུ་འཕྲེང་བརྒྱད་པ་མི་སྐྱོད་རྡོ་རྗེས་ལྷོ་ཁུལ་དུ་གསར་བཙུགས་གནང་བའི་བཤད་གྲྭ་གཉིས་ཀྱི་ཁོངས་སུ་གཏོགས་པ་ཡིན་ལ། གནས་འདིར་རྗེ་མི་བསྐྱོད་རྡོ་རྗེས་བཤད་གྲྭ་མཛད་ནས་རབ་བྱུང་བསྙེན་རྫོགས་དང་བཀའ་ཆོས་མང་དུ་གནང་། ལྷག་པར་ཀརྨ་པ་སྐུ་འཕྲེང་དགུ་པ་དབང་ཕྱུག་རྡོ་རྗེས་དགེ་འདུན་རྣམས་ཀྱི་རབ་བྱུང་སྒྲུབ་ནས་བཅའ་ཡིག་མཛད་པ་སོགས་རྒྱལ་དབང་ཀརྨ་པ་སྐུ་ཡི་འཕྲེང་བ་རིམ་པར་བྱོན་པ་རྣམས་དང་། ཞྭ་དམར་སྐུ་འཕྲེང་ལྔ་པ་དཀོན་མཆོག་ཡན་ལག་སོགས་ཞྭ་དམར་སྐུ་ཡི་འཕྲེང་བ་རིམ་པར་བྱོན་པ་རྣམས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་ཁྱད་པར་ཅན་ཞིག་ཡིན། འདི་ལྟར་སྤྱི་ལོ༡༥༤༢ལོ་ནས་དགེ་འདུན་ཞལ་གྲངས་ཉིས་བརྒྱ་ལ་ཉེ་བས་སྒྲུབ་རྒྱུད་ཀརྨ་ཀམ་ཚང་གི་ཕྱག་ལེན་ཉམས་མེད་ཐོག །གཞུང་ཆེན་ཁག་ལ་འཆད་ཉན་གྱི་བཤད་གྲྭ་ཚུགས་མོད། ༡༦༡༡ལོའི་ཡས་མས་སུ་ཆབ་སྲིད་ཀྱི་འཕོ་འགྱུར་ཁྲོད་དགོན་སྡེ་ཉིད་གཞིས་ཀར་བསྒྱུར་བ་དང་། ལྷག་པར་༡༦༢༧ལོའི་ལྷོ་ཁུལ་ས་ཡོས་ཀྱི་འཇིགས་པས་གཙུག་ལག་ཁང་ཉམས་རྒུད་དུ་སོང་ནས་ཡུལ་ལྷ་བསྟེན་གསོལ་བྱེད་པའི་ལྷ་ཁང་ཆུང་ཆུང་ཞིག་གི་རྣམ་པར་སོང་། དུས་ཕྱིས་སྤྱི་ལོ་༡༦༥༡ལོར་རྒྱལ་དབང་སྐུ་འཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ལྷོ་གནས་ལ་ཕེབས་སྐབས། སྐབས་དེའི་དགའ་ཚལ་གྱི་གཙུག་ལག་ཁང་གི་བརྟེན་དང་རྟེན་པར་བཅས་པ་ཉམས་དམས་སུ་སོང་བ་ཐུགས་ཀྱིས་མ་བཟོད་པར། ཡར་སྟོད་དགའ་ཚལ་གྱི་གཙུག་ལག་ཁང་གཞིས་ཀ་དང་བཅས། རྙིང་པ་གང་ཡོད་ཐོག་གསར་རྒྱག་བྱེད་པའི་རྒྱུ་གྲོན། འབྲུར་ཕབ་པ་ཁལ་དགུ་ཁྲི་བཞི་སྟོང་བདུན་བརྒྱ་སོ་དྲུག་གནང་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཐུགས་འགན་འོག དགའ་ལྡན་ཐོས་བསམ་དར་རྒྱས་གླིང་ཞེས་དགེ་ལུགས་པའི་ཆོས་སྡེ་གསར་དུ་བཙུགས་ནས། རྗེ་བཙུན་ཅང་ལོ་ཅན་པ་འཕྲིན་ལས་རྒྱ་མཚོ་སློབ་དཔོན་དུ་བསྐོས། བསྡུས་ཚད་ར་བ་སྟོད་པ་ལུགས་དང་། པཎ་བསོད་ནམས་གྲགས་པའི་འདུལ་བ། རྗེ་བླ་མའི་དབུ་ཕར་མཛོད་གསུམ་ལ་འཆད་ཉན་གྱི་རྒྱུན་བཙུགས། ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔ་བར་ལོ་རེ་བཞིན་སྨན་བླའི་མདོ་ཆོག་གཏོང་ཐེབས་སུ་འགྲོ་གྲོན་ཆ་ཚང་ཡར་སྟོད་ལྷ་བུག་པ་དང་། གྲི་གུ་སོགས་ནས་གཏོང་རྒྱུ་བཅས་བཀའ་དྲིན་བཙལ་བས། དུས་དེ་ནས་བཟུང་ཀརྨ་དགའ་ཚལ་གཞུང་ལུགས་གླིང་ཞེས་པའི་ཐ་སྙད་དེ་ཕྱིས་ཀྱི་ཡིག་ཚང་ཁག་གི་ནང་དུ་འཇའ་ལྟར་ཡལ་ཏེ། དགའ་ལྡན་ཐོས་བསམ་དར་རྒྱས་གླིང་ཞེས་པའི་ཐ་སྙད་འདི་ཁྱལ་གདལ་དུ་སོང་ནས་ད་ལྟའི་བར་དུ་འགྲོ་བའི་བསོད་ནམས་ཀྱི་ཞིང་ས་དམ་པར་གནས་ཡོད།
ཡར་ཤམ་གྱི་རང་སྒྲ་ནས། གཡོ་རུ་ཡར་ཀླུང་གི་སྟོད། ཤམ་པོ་གངས་ཀྱི་ཉེ་འདབས། ཆོས་སྡེ་ཆེན་པོ་དགའ་ལྡན་ཐོས་བསམ་དར་རྒྱས་གླིང་དུ་བྲིས་པ་དགེའོ།།
དཔྱད་གཞིའི་ཡིག་རིགས།
ཆོས་འབྱུང་མཁས་པའི་དགའ་སྟོན།
གཡའ་བཟང་ཆོས་བྱུང་།
ལྷ་བུག་པའི་གདུང་རབས།
ཡར་སྟོད་ནས་རྙེད་པའི་དམངས་ཁྲོད་ཀྱི་ཡིག་རྙིང་ཤོག་འཁྱར་འགའ།
ཀརྨ་པ་མི་བསྐྱོད་རྡོ་རྗེའི་རང་རྣམ།
དུང་དཀར་ཚིག་མཛོད།
དགའ་ལྡན་ཆོས་བྱུང་བཻཌཱུརྱ་སེར་པོ།
ལྔ་པ་ཆེན་པོའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་།