འཕན་པོ་ཡུང་བའི་ནང་གི་ཕུ་ཆུང་སྒྲུབ་ཁང་གི་གནའ་ཤུལ་ཉུལ་བའི་ཟིན་ཐོ།

འཕན་པོ་ཡུང་བའི་ནང་གི་ཕུ་ཆུང་སྒྲུབ་ཁང་གི་གནའ་ཤུལ་ཉུལ་བའི་ཟིན་ཐོ།

བཀའ་མེས་དབོན་སྲས།

Image

ཕུ་ཆུང་སྒྲུབ་ཁང་གི་སྤྱིའི་བཀོད་པ།

༈ དེ་ཡང་འཕན་པོ་ཡུང་བ་ཞེས་པ་ལུང་པ་དེའི་སྤྱི་མིང་དང་། ༼དེང་སང་གནས་བཤད་འགར་ཡུལ་སྔ་ཞེས་བྲིས་ཏེ་ཆགས་སྔ་ཕྱིའི་སྒོ་ནས་གཏགས་པ་ཡིན་ཟེར་ཡང་སྔོན་གྱི་ཡིག་རྙིང་དག་ལས་ཡུང་བ་ལས་ཡུལ་སྔ་ཞེས་པ་མི་སྣང་ལ། བཀའ་གདམས་གླེགས་བམ་ལས། ལུང་པ་འདི་ལ་ཇི་སྐད་ཟེར། །འདི་ལ་ཡུང་བ་ཞེས་བྱར་གྲགས། །

དེ་བཟང་ཉོན་མོངས་ནད་འཇོམས་ཡིན། །ཞེས་ཀྱང་གསུངས་པས་སོ། །༽དེ་ལ་ནང་གསེས་ཕུ་ཤར་ནུབ་གཉིས་དང་། ཁྲ་ཕུ། ཕུ་ཆུང་། ཁམ་ལུང་སོགས་ལུང་ཕྲན་མང་དུ་ཡོད་པ་ལས། ཕུ་ནུབ་ཀྱི་ལུང་མདོ་ནས་ཡར་ཙམ་སོང་ན་ནུབ་ངོས་སུ་ཕུ་ཆུང་ཞེས་པའི་ལུང་ཆུང་ཞིག་གི་མདའ་ནས་ཡར་ལྟས་ན། ལུང་པ་དེའི་གཡས་ངོས་སྤངས་ལྗོང་དང་། གཡོན་ངོས་རྫ་བྲག་ནགས་ཀྱིས་བརྒྱན་ཅིང་ལུང་གཞུང་ནས་དྭངས་གཙང་གི་ཕུ་ཆུ་ཤང་ཤང་དུ་རྒྱུག་པའི་རི་མ་འདབས་ཤིག་ཏུ་ཤིང་སེ་བ་དང་། སྐྱེར་བ། ཚ་རུ། ཁམ་བུ། སྒྲོ་དཀར་བཅས་ཀྱིས་ཡོངས་སུ་སྐོར་བའི་གསེབ་ན་འཇོལ་མོ་སོགས་བྱ་རིགས་སྣ་ཚོགས་ཀྱིས་སྐད་སྙན་པར་སྒྲོག་པའི་དབུས་ན་སྒྲུབ་ཁང་དང་མཆོད་རྟེན་བཅས་གསལ་བར་མཇལ་ཐུབ། ༼དེང་གི་ས་ཁུལ་ལྟར་ན་ལྷུན་གྲུབ་རྫོང་ལྕང་ཤར་ཤང་ལྷ་སྡིང་གྲོང་ཚོའི་ཁོངས་སུ་ཡོད༽

 

Image

ཕུ་ཆུང་བ་ཆེན་པོའི་འདྲ་སྐུ།

འདི་ནི་བཀའ་གདམས་སྐུ་མཆེད་གསུམ་ལས། བཀའ་གདམས་མན་ངག་པའམ་ཉམས་ལེན་བྱིན་རླབས་རྒྱུད་པའི་བཀའ་བབས་སེམས་དཔའ་ཆེན་པོ་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་གྱི་སྒྲུབ་གནས་ཡིན། དེ་ཡང་ཕུ་ཆུང་བ་ཆེན་པོ་ནི། འཕན་ཡུལ་རྒྱལ་གྱི་སྐྱི་ར་རྫིང་ཁར་རབ་བྱུང་དང་པོའི་ལྕགས་མོ་ལུག་གི་ལོ་སྟེ། སྤྱི་ལོ༡༠༣༡ལོར་སྐུ་བལྟམས། སྤྱན་མངའ་བསོད་ནམས་ལྷ་དབང་དང་། དཔའ་བོ་གཙུག་འཕྲེང་། བདག་ཆེན་ཨ་མེས་བཅས་ཀྱི་ཆོས་འབྱུང་ན་ཕུ་ཆུང་དུ་འཁྲུངས་པར་བཤད། བྱིས་པའི་དུས་ནས་མི་རྟག་པ་རང་འཁྲུངས་སུ་བྱུང་། ཞང་ཆེན་པོ་དང་གླན་ཚུལ་བྱང་ལས་རབ་ཏུ་བྱུང་། མཚན་གཞོན་ནུ་རྒྱལ་མཚན་དུ་བཏགས། ཁུ་སྟོན་སོགས་ལ་ཕར་ཕྱིན་དང་འདུལ་བ་གསན་ཏེ་ཐོས་པ་མང་དུ་བྱས། སྙེ་ཐང་དུ་ཇོ་བོའི་ཞལ་མཇལ་ཞིང་ཆོས་ཀྱང་ཅུང་ཟད་གསན། དེ་ནས་རྭ་སྒྲེང་དུ་བྱོན་ནས་སྟོན་པ་ལོ་བཅུ་གཅིག་བསྟེན་ཅིང་གདམས་པ་རྣམས་རྫོགས་པར་མཛད་དེ། སྐྱེས་ཀྱང་ནགས་སུ་སྐྱེས། དེངས་ཀྱང་ནགས་སུ་དེངས། ཤ་གཟུག་རང་ཟ་གསུངས་ནས་སྒྲུབ་པ་འབའ་ཞིག་སྐུ་ཉམས་སུ་བཞེས་ཕྱིར་གནས་མཆོག་འདི་ཉིད་དུ་ཕེབས་ཏེ་སྒྲུབ་ཁང་བརྩིགས་ནས་སྒྲུབ་པ་གཙོ་བོར་མཛད་པས་ཁོང་གི་མཚན་ལའང་ཕུ་ཆུང་བར་གྲགས།

 

Image

ཉམས་གསོ་མ་བྱས་གོང་གི་སྒྲུབ་ཁང་འོག་མ།

སྒྲུབ་ཁང་འདི་ནི་བྲག་རྡོ་ཆེན་པོ་ཞིག་ལྷོ་ནུབ་ཏུ་ནར་གྱིས་བརྐྱངས་པའི་མཐའ་བརྩིགས་པས་སྐོར་ཞིང་མདོ་ཕུགས་གཉིས་ལྡན་སྦུག་ཏུ་སྒྲུབ་གནས་དང་། མདར་གསོལ་ཐབ་དང་གཟིམས་སྤྱོད་རང་འགྲིག་ཉམས་དགའ་བ་ཞིག་ཏུ་སྣང་། སྒྲུབ་ཁང་གི་ཐོད་དུ་ལྷོ་ནས་བྱང་དུ་འཕྲེང་བསྒྲིགས་མཆོད་རྟེན་དྲུག་དང་། དེ་ནས་ཤར་ངོས་སུ་གཉིས་བཅས་མཆོད་རྟེན་བརྒྱད་ལས་མདུན་གྱི་མཆོད་རྟེན་དང་པོ་དེ་ཕུ་ཆུང་བ་ཆེན་པོའི་གདུང་རྟེན་ཡིན་ཟེར་ཡང་། བཀའ་གདམས་གླེགས་བམ་ལྟར་ན་རྒྱལ་མཚན་རྣམ་བཞི་སྐུ་ལུས་མ་སྤངས་པར་པོ་ཏ་ལར་གཤེགས་པར་གསུང་པས། སྐུའི་ན་གཟའ་དང་ཕྱག་མཚན་སོགས་གཞུགས་པ་མིན་ནམ་སྙམ་མོ། །ཤར་ངོས་ཀྱི་མཆོད་རྟེན་ཆེ་བ་དེར་བྲག་གི་དཀྱིལ་ན་གསེར་བྲེ་དངུལ་བྲེ་ཡོད་པ་མངོན་པར་མཁྱེན་ནས་ཕྱག་འཁར་གྱིས་རེག་པས་རང་བྱེར་སོང་སྟེ་གཏེར་ནས་བཞེས་པའི་གསེར་བྲེ་དང་དངུལ་བྲེ་གཟུངས་སུ་བཞུགས་པར་གྲགས། འདི་རིག་གསར་སྐབས་བུམ་སྐེད་ཙམ་ལས་གཏོར་སྐྱོན་ཆེ་བ་མ་བྱུང་། གཞན་རྣམས་ཕལ་ཆེར་ལ་གཏོར་སྐྱོན་བྱུང་འདུག །འཕྲེང་བསྒྲིགས་མཆོད་རྟེན་དྲུག་ལས་ལྔ་པ་བང་རིམ་མེད་པ་དེ་ཕུ་ཆུང་བའི་སྨན་རྐྱལ་དུ་གྲགས་ཤིང་ས་ཟླའི་བཅོ་ལྔའི་ཉི་ཤར་གོང་དུ་ཚེ་རིལ་དཀར་པོ་འགའ་བབས་པར་བཤད་སྲོལ་གདའ། གཞན་རྣམས་ནི་གང་གི་གདུང་རྟེན་ཡིན་མིན་གསལ་ཁ་མི་སྣང་ཡང་དབུས་ཀྱི་མཆོད་རྟེན་ཆུང་བ་དེ་སྔར་བརྟན་མའི་མཆོད་སྟེགས་ཡོད་སར་གསར་དུ་བཞེངས་པ་ཞིག་རེད་འདུག །

 

Image

གསེར་བྲེ་དངུལ་བྲེ་གཏེར་ནས་བཞེས་པའི་ཤུལ་རྗེས།

མཆོད་རྟེན་གྱི་སྐོར་ལམ་ཐོད་དེར་དཀར་གོང་འདྲེས་མའི་བྲག་རྡོ་ཞིག་ལ་གསེར་བྲེ་དངུལ་བྲེ་གཏེར་ནས་བཞེས་པའི་ཤུལ་རྗེས་བྲེ་གཟུགས་མ་གཉིས་གསལ་རྗེན་དུ་སྣང་བས་ཡིད་ཆེས་ཤིང་དད་པའི་གནས་སུ་གདའ། རྣམ་ཐར་ལས་བྲག་ལ་ཞབས་རྗེས་དང་དབུ་ཞྭའི་རྗེས་ཡོད་པར་གསུངས་པས་གང་སར་བཙལ་ཀྱང་མ་རྙེད། རྒན་པོ་འགར་དྲིས་པས་ཕ་བོང་རྟ་མགོ་གཟུགས་ཤིག་གི་ཐོག་ཏུ་ཞབས་རྗེས་ཡོད་པར་དྲན་ཟེར། ཕྱིས་སུ་ས་འོག་ཏུ་ཚུད་པའམ་མཆོད་རྟེན་ལ་ཆུ་རགས་རྒྱག་སྐབས་བེད་སྤྱད་པ་གང་ཡིན་མ་ངེས།

 

Image

སྒྲུབ་ཁང་འོག་མའི་ནུབ་ན་ཡོད་པའི་གཏེར་ཆུར་གྲགས་པ།

གཟིམས་ཁང་གི་ནུབ་ན་བྲག་ལ་ཕྱག་མཛུབ་བཙུགས་སར་སྒྲུབ་ཆུ་བྱུང་གསུངས་པའང་སྒྲུབ་ཁང་གི་ལྷོ་དང་། ནུབ་ངོས་གཉིས་ལ་ཆུ་མིག་གཉིས་སྣང་ཞིང་ལྷོའི་ཆུ་མིག་དེ་བྲག་ཞིག་གི་འོག་ནས་བབ་ཅིང་། དགུན་མི་འཁྱགས་སྟོན་དཔྱིད་མི་ཆད་པའི་དྭངས་ཤིང་བསིལ་བ་ཞིག་གདའ། ནུབ་ཀྱི་ཆུ་མིག་དེ་སྒྲུབ་ཁང་འོག་མ་ནས་གྲོག་རོང་བརྒྱུད་དེ་ནུབ་ངོས་སུ་སོང་ན་རྡོ་བརྩིགས་རྙིང་པ་ཞིག་གི་འོག་ན་སྣང་། དེ་གཉིས་ལས་གཏེར་ཆུ་གང་ཡིན་ཡུལ་དེའི་གཉུག་མར་གནས་པ་དག་ལ་གསལ་པོ་ཤོད་རྒྱུ་མི་སྣང་ཡང་འཕན་ཡུལ་གྱི་གནས་བཤད་ལས་ནུབ་ཀྱི་ཆུ་མིག་དེ་ཡིན་པར་བཤད་འདུག །

 

Image

ཕུ་ཆུང་བ་ཆེན་པོའི་ཆོས་གསུང་སའི་ཆོས་རྭ།

སྒྲུབ་ཁང་གི་གཡས་ངོས་དེར་ར་སྐོར་ཅུང་ཆེ་ཙམ་ཡོད་དེ་ནི། འདི་ལ་གྲྭ་བར་གྱུར་པ་སུ་ཡང་མེད་། །སློབ་མར་མ་གྱུར་ཆོས་པ་སུ་ཡང་མེད་ཅེས་གསུངས་པ་ལྟར། འདིས་སློབ་མ་བསྡུས་ནས་ཚོགས་པ་མ་བསྐྱང་ཡང་ཐུན་མོང་དུ་རྟེན་འབྲེལ་གྱི་སྒོ་ནས་གདམས་པ་གཙོ་བོར་འདེབས་པར་མཛད་ཅིང་། ལམ་གྱི་རིམ་པའང་དེའི་ཁུལ་དུ་ཐུས་པར་མཛད་དེ་ཉིད་དང་སྐུ་མཆེད་གཞན་གཉིས་ཀྱི་སློབ་མ་ཕལ་ཆེར་གྱིས་ཆོས་ཞུ་སའི་ཆོས་ར་དང་། དེའི་དབུས་སུ་ཕུ་ཆུང་བ་ཆེན་པོས་ཆོས་གསུང་སའི་ས་ཁྲིའི་ཤུལ་བཅས་སྣང་། ཆོས་རའི་ཤར་ངོས་སྟེང་འོག་གཉིས་སུ་ཁང་ཆུང་འགའ་ཞིག་སྣང་བ་ནི། གང་གི་སློབ་མ་ཤ་བོ་བ་སོགས་དང་། ཕྱིས་ཀྱི་བྱ་ཡུལ་བ་ཆེན་པོ་སོགས་ཀྱི་གཟིམས་ཁང་ཡིན་ནམ་སྙམ།

Image

ཕུ་ཆུང་བ་ཆེན་པོའི་སྤོས་སྦྱར་སྐབས་ཀྱི་གཏུན་ཀོང་ཡིན་ནམ་སྙམ།

དེའི་འོག་དེར་རྡོའི་གཏུན་ཀོང་ཆག་རོ་ཞིག་སྣང་བས་ད་དུང་གཏུན་ཀོང་གཞན་ཡོད་མེད་དྲིས་པས་རྡོའི་གཏུན་ཀོང་ཆེ་ལེགས་ཤིག་འབྲོག་པའི་ཁྱི་གཞོང་བྱས་ཏེ་གར་ཡོད་མ་ངེས་ཟེར་བར་བརྟགས་ན། ངས་དང་པོར་སྤང་སྤོས་སྣ་ཚ་ཏིང་ངེ་བ་ཕུལ། དེ་ནས་རིང་བུ་བཞི་སྦྱོར་དངར་སིང་ངེ་བ་འབུལ་རྒྱུ་བྱུང་། ད་ལྟ་ཨ་ཀ་རུ་དང་དུ་རུ་ཀ་ལ་སོགས་པ་དྲི་བསུང་ཆིང་ངེ་བ་འབུལ་གསུངས་ཏེ་ལན་གཅིག་ལ་གསེར་སྲང་ཉི་ཤུ་རྩ་གཉིས་ཀྱི་སྤོས་སྦྱར་སྐབས་ཀྱི་གཏུན་ཀོང་མིན་ནམ་སྙམ་པ་ཞིག་ཀྱང་ཤར་བྱུང་།

Image

ཕུ་ཆུང་བ་ཆེན་པོའི་སྒྲུབ་ཁང་གོང་མ།

ཡང་སྒྲུབ་ཁང་འོག་མ་ནས་ནགས་གསེང་དང་ལམ་ཕྲན་བརྒྱུད་དེ་ནུབ་བྱང་གི་རི་ངོས་སུ་དུས་ཚོད་སྐར་མ་ཉི་ཤུ་ཙམ་འཛེགས་ན་ཕུ་ཆུང་བ་ཆེན་པོའི་སྒྲུབ་ཁང་གོང་མ་ཡོད། དེ་ནི་རྒྱབ་ངོས་བྲག་སྐྱིབས་དང་། མདུན་ངོས་བརྩིགས་པས་སྐོར་བའི་མདོ་ཕུག་གཉིས་ཅན་གྱི་སྒྲུབ་ཁང་ཉམས་དགའ་བ་ཞིག་སྣང་ཡང་ད་ལྟ་ཞིག་རལ་དུ་སོང་སྟེ་བརྩིགས་གདན་ལྷག་ཙམ་ལས་ཉམས་གསོ་མ་ཐུབ་པར་ལུས་འདུག །འདི་ཉིད་དབྱར་ས་དང་སྒྲུབ་ཁང་འོག་མ་དགུན་ས་ཡིན་པར་སྙམ། དེའི་ནུབ་ངོས་བྲག་སྐྱིབས་སྤང་སྡིང་ཡོད་སར་དབྱར་ཀ་ཆུ་མིག་བརྡོལ་བར་བཤད་ཀྱང་དེང་སྐབས་ཆུ་རྒྱུགས་ཤུལ་ཙམ་ལས་མི་སྣང་ངོ། །

ཁྱད་པར་སྒྲུབ་ཁང་འོག་མ་འདི་ཕུ་ཆུང་བ་ཆེན་པོ་ལ་ཇོ་བོ་ཡབ་སྲས་ཀྱི་གསང་ཆོས་ཟབ་ལམ་སྙིང་གི་ཐིག་ལེའི་མན་ངག་དང་བཀའ་གདམས་སྤྲུལ་པའི་གླེགས་བམ་དང་བཅས་པ་ཕྱག་ཏུ་བྱུང་བ་ཡིན་ཏེ། དེ་ཡང་ཇོ་བོ་ཡབ་སྲས་ནས་གསང་བུ་བ་ཆེན་པོ་དང་། དེ་ལས་མངའ་རིས་བ་ཤེས་རབ་རྒྱལ་མཚན་གྱིས་གསན་ཏེ་རྟོགས་པ་མཆོག་བརྙེས་པ་ན་ཕུ་ཆུང་དུ་ཕེབས། དགེ་བཤེས་ཕུ་ཆུང་བས་ཀྱང་ཁོང་ལ་སྙིང་གི་ཐིག་ལེའི་གདམས་པ་ཡོད་པར་མངོན་ཤེས་ཀྱིས་མཁྱེན་ནས་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ལ་མཆོད་རྫས་ཤིག་དགོས་གསུངས་པ་ན། ཕུ་ཆུང་བས་རྣམ་སྲས་ལ་འཕྲིན་ལས་ཀྱི་གྲོགས་བཅོལ་བ་ན་དེ་མ་ཐག་ཏུ་མཆོད་རྫས་ཐམས་ཅད་ཐོགས་པ་མེད་པར་གྲུབ་སྟེ་དཀྱིལ་འཁོར་བཤམས། གཉིས་ཀ་ཀུན་སྤང་བྱ་བྲལ་དུ་སོང་བས་སྒྲུབ་གྲོགས་གཞན་མ་རྙེད་པ་ན་ཕུ་ཆུང་བས་འཕགས་པ་གནས་བརྟན་བཅུ་དྲུག་ལ་གསོལ་བ་བཏབ་ནས་གནས་བརྟན་བཅུ་དྲུག་གིས་སྒྲུབ་གྲོགས་མཛད། དེར་བྱང་ཆུབ་སེམས་དཔའ་ཤེས་རབ་རྒྱལ་མཚན་གྱིས་སྙིང་གི་ཐིག་ལེའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་གདམས་ངག་རྣམས་སྤེལ་མར་བྱས་ཏེ་ཟླ་བ་གཅིག་དང་ཞག་བཅོ་བརྒྱད་ཀྱི་རིང་ལ་རྫོགས་པར་གནང་ཞིང་། མཐར་བཀའ་གདམས་སྤྲུལ་བའི་གླེགས་བམ་དང་བཅས་པའང་དགེ་བཤེས་ཕུ་ཆུང་བ་ལ་གཏད་དེ་བྱང་ཆུབ་སེམས་དཔའ་ཤེས་རབ་རྒྱལ་མཚན་སྐུའི་སྣང་བསྡུས་ཏེ་མཇའ་ལུས་སུ་གཤེགས་ས་ཡང་གནས་མཆོག་འདི་ཉིད་ཡིན་པར་སྙམ། ཕུ་ཆུང་བ་ཆེན་པོས་ཀྱང་གནས་མཆོག་འདི་ཉིད་དང་སྒྱེ་མོའི་ཕུག་རིང་སོགས་སུ་ཟབ་ལམ་སྙིང་ཐིག་ལེའི་སྒྲུབ་པ་གཙོ་བོར་མཛད་དེ་རྟོགས་པ་ཀློང་དུ་གྱུར་པ་ན་ཀ་མ་བ་རིན་ཆེན་ཆེན་རྒྱལ་མཚན་རྗེས་སུ་བཟུང་སྟེ། འཇའ་ལུས་རྡོ་རྗེའི་སྐུ་ལ་འཕོ་གཤེགས་མི་མངའ་ཡང་སྣང་ངོ་ཙམ་ལ་། བཀའ་གདམས་གླེགས་བམ་ལྟར་ན་སྒྱེ་མོའི་ཕུག་རིང་དང་།  སྤྱན་མངའ་བསོད་ནམས་ལྷ་དབང་དང་བདག་ཆེན་ཨ་མེས་ཞབས་ཀྱི་ཆོས་འབྱུང་ལྟར་ན་ཕུ་ཆུང་། ལས་ཆེན་དང་། པན་ཆེན་བསོད་གྲགས། སུམ་པ་སོགས་ཀྱིས་བེའུ་བུམ་སྔོན་པོར། དོ་བོར་སྐུ་ཡལ་ཞལ་ནས་འདི་སྐད། །ཅེས་པ་ཁུངས་སུ་མཛད་དེ་རྒྱལ་གྱི་དོ་བོ་དགོན་དུ་གཤེགས་པར་བཤད་དོ། །

དེ་ནས་བཟུང་གནས་འདིར་དམ་པའི་སྐྱེས་བུ་བར་མ་ཆད་པ་བྱོན་ཞིང་བཞུགས་པར་ངེས་ཀྱང་ཡིག་ལམ་དུ་འཁོད་པ་མ་མཐོང་བས་རེ་རེ་ནས་འགོད་ཐབས་བྲལ། རིག་གསར་གོང་སོག་པོའི་དགེ་བཤེས་ཚེ་མཚམས་པ་ཞིག་དང་། མཆོད་རྟེན་དེ་དག་ཉམས་གོག་ཏུ་གྱུར་པས་གཟིམ་ཤག་རམ་པ་བས་ཉམས་གསོ་དང་ཕུ་ཆུང་བའི་གདུང་རྟེན་ལ་དངུལ་རྩི་ཅན་གྱི་བཅུ་གསུམ་འཁོར་ལོ་ཞིག་ཀྱང་ཕུལ་བར་གྲགས་སོ། །

 

Image

ཉམས་གསོ་གྲུབ་རྗེས་ཀྱི་སྒྲུབ་ཁང་འོག་མ་དང་ཕུ་ཆུང་བའི་འདྲ་སྐུ

   རིག་གསར་སྐབས་དེ་དག་ཕལ་ཆེར་རྩ་གཏོར་དུ་སོང་ཞིང་། དེ་རྗེས་སྤྱི་ལོ༡༩༨༧ལོར་འབྲས་དགེ་བཤེས་རྡོ་རྗེ་མཆོད་རྟེན་དང་ཡུལ་མི་རྣམས་ཀྱིས་མཆོད་རྟེན་ཁག་ཉམས་གསོ་དང་། ཉིས་སྟོང་བཅུ་དྲུག་ལོར་ཉེ་གྲོང་གི་མི་རྒྱུད་དགེ་བསྙེན་ཚང་ནས་སྒྲུབ་ཁང་འོག་མ་ཉམས་གསོ་དང་ནང་རྟེན་དུ་ཕུ་ཆུང་བ་ཆེན་པོའི་འདྲ་སྐུ་བྱོན་ལེགས་ཤིག་དང་། གཞན་བཀའ་གདམས་ལྷ་བཞིའི་སྐུ་སོགས་གསར་བཞེངས་ཀྱིས་དུས་རྒྱུན་མཆོད་འབུལ་དང་སྲི་ཞུ་གང་ལེགས་གནང་བཞིན་པ་བཅས་སོ། །

 

 

སྤྱི་ལོ  ༢༠༢༢ ཟླ་ ༧ ཚེས་ ༢༥ ཉིན་སེར་གཟུགས་ཕུན་ཚོགས་རབ་རྒྱས་སུ་འབོད་པས་འཕན་པོ་ཡུང་བའི་ཕུ་ཆུང་སྒྲུབ་ཁང་དུ་ཐུན་བར་ལ་ཅུང་ཟད་རེ་བྲིས་ཏེ་གྲུབ་པར་བགྱིས་པའོ།།  །།

བརྒྱུད་སྐུལ།

མཆན་སྤེལ།