བོད་ཆེན་པོའི་ལོའི་མྱྀང་།

བོད་ཆེན་པོའི་ལོའི་མྱྀང་།

བོད་ཆེན་པོའི་ལོའི་མྱྀང་།

ག་ལྗང་བཙད་བརྗྀད།

 

དེ་ཡང་རང་རེ་བོད་པ་རྣམས་ལ་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་དུས་འཁོར་གྱི་གཞུང་ཐོག་མར་བསྒྱུར་བ་དེ་ནས་བཟུང་མེ་མོ་ཡོས་ཏེ་ཕྱི་ལོ ༡༠༢༧ ལོར་རབ་བྱུང་དང་པོ་དབུ་བཙུགས། དྲུག་ཅུ་སྐོར་གཅིག་གི་མིང་དུ་རབ་བྱུང་ཞེས་མཚན་བཏགས་ནས་རབ་བྱུང་གི་ལོ་ཚིགས་འདི་བརྩི་སྲོལ་བཏོད།

དེ་སྔོན་བོད་ལ་རབ་བྱུང་ཡན་ལ་བརྩི་བའི་ལོ་ཚིགས་ཡང་དག་པ་ཞིག་རབ་བྱུང་གི་ལོ་ཚིགས་འདི་མ་གཏོགས་མེད་པའི་སྒྲུབ་བྱེད། དེབ་དཀར་མཁན་པོས་གསུངས་ཡོད་པ་དེ་ནི་རྒྱུ་མཚན་ཡང་དག་ཏུ་བགྲང་རིགས་པར་སེམས། སྤྱིར་བོད་རྒྱལ་ལོ་ཞེས་ད་ལྟ་ཡོངས་གྲགས་སུ་ཡོད་པའི་ལོ་ཚིགས་འདི་ནི་ཕྱི་སྡོད་བོད་མི་ནས་ཡར་གཞིས་སྡོད་བོད་མི་ནང་དུ་དར་བ་མ་ཡིན་ནམ་སྙམ་པ་ཞིག་བྱུང་། དེ་གང་ཞེ་ན། ཨ་རི་རླུང་འཕྲིན་ཁང་ནས་ཁྱབ་བཞིན་པ་དེ་ག་རང་རེད། དེ་སྔོན་དུས་རབས་མང་པོ་འདི་འདྲའི་རིང་ལ་རང་རེའི་ཕ་མེས་མ་མེས་ཀྱིས་བརྩམས་བཞག་པའི་ལོ་རྒྱུས་བྱུང་རབས་དང་ངག་རྗེས་སོགས་གང་ཡིན་ན་བོད་རྒྱལ་ལོ་ཞེས་བྱུང་བ་མེད་མོད། ལྷག་དོན་ལོ་རྒྱུས་རིག་པའི་ཁྱབ་ཁོངས་སུ་མེད་ན་མི་འབྱུང་གི་འབྲེལ་བ་ཡོད་པའི་༼ལོ་ཚིགས་རིག་པ年代学༽འདི་ནི་སྤྱི་སྤྱོད་ཀྱི་ལོ་ཚིགས་ཤིག་ཏུ་དེ་སྔོན་གཏན་ནས་ཆགས་མེད། བོད་རྒྱལ་ལོ་ཞེས་པའི་ལོ་ཚིགས་འདི་ཡང་དུས་ཕྱིས་དེབ་དཀར་མཁན་པོ་དགོངས་པ་རྫོགས་ཚར་བའི་རྗེས་སུ་གཞི་ནས་དར་བ་ཡིན་པ་འཁྲུལ་མེད་རེད། ཡིན་ན་ཡང་། བོད་རང་ལ་ལོ་ཚིགས་དམིགས་བསལ་བ་ཞིག་འདོན་འགོ་ཚུགས་ནས་ཡུན་རིང་མ་འགོར་བར་རྒྱལ་པོ་དང་ལྷན་དུ་འཕེལ་འགྲིབ་བྱུང་སོང་བ་གཉན་པོ་གསང་བ་ལྟ་བུ་ལོ་ཚིགས་གཙིགས་ཆེན་ཞིག་ཡོད་རེད་དེ། དེ་ནི་གལ་སྲིད་རྒྱལ་པོ་ཁོང་དང་ལྷན་དུ་འཕེལ་འགྲིབ་བྱུང་མེད་པའི་དབང་དུ་བཏང་ན་ཞེས། བརྟག་པ་མཐར་བཟུང་གིས་སྨྲས་ན། རང་བྱུང་མ་བྱུང་བའི་གོང་གི་དུས་རབས་སུམ་བརྒྱ་མ་ཟིན་ཙམ་ཞིག་ནས་ལོ་ཚིགས་དམིགས་བསལ་བ་ཞིག་དར་ཡོད་དོ། །

དེ་ནི་རང་རེས་ཕྱོགས་ལྷུང་གི་ཟོལ་ཚིག་དང་ཁེངས་རློམ་གྱི་བཙན་གཏམ། ངོ་བསྲུང་གི་གཅམ་བུ་སོགས་གང་ཡང་མ་ཡིན་པ་བོད་རང་གི་ལོ་ཚིགས་ཆེས་རྣལ་མ་རུ་འབྱོར་ཡོད། དེ་ཡང་གང་ཞེ་ན། «དབོན་ཞང་འདུམ་པའི་རྡོ་རིང»དུ་གྲགས་པའི་ཡི་གེ་རུ་འདི་ལྟར་བཀོད་ཡོད་དེ། “བོད་ཆེན་པོའི་ལོའི་མྱིང་ཎྀ་སྐྱིད་རྟག་ལོ་བདུན། རྒྱ་ཆེན་པོའི་ལོའི་མྱིང་ཎྀ། ཅང་ཀེང་ལོ་དང་པོ་ལྕགས་མོ་གླང་གྀ་ལོའི་དགུན་སླ་ར་བ་ཚེས་བཅུ་ལ་དཀྱིལ་འཁོར་ལ་འཛེགས་ནས། །རྒྱ་ཡིས་གཙྀགས་བཟུང་ངོ་། །བོད་ཡུལ་དུ་ནི། ཕོ་བྲང་ལྷ་སའི་ཤར་ཕྱོགས་སྦྲ་སྟོད་ཚལ་དུ། བོད་ཆེན་པོའི་ལོའི་མྱིང་སྐྱྀད་རྟག་ལོ་བརྒྱད། རྒྱ་ཆེན་པོའི་ལོའི་མྱིང་ཅང་ཀེང་ལོ་གཉིས། ཆུ་ཕོ་སྟག་གི་ལོའི་དབྱར་ཟླ་འབྲིང་པོ་ཚེས་དྲུག་ལ། དཀྱིལ་འཁོར་ལ་འཛེགས་ཏེ། བོད་ཀྱིས་གཙྀགས་བཟུང་ངོ་། ། གཙིགས་ཀྱི་མདོ་རྡོ་རིང་ལ་བྲིས་པ་འདི་ཡང་། བོད་ཆེན་པོའི་ལོའི་མྱིང་སྐྱིད་རྟག་ལོ་དགུ །རྒྱ་ཆེན་པོའི་ལོའི་མྱིང་ཅང་ཀེང་ལོ་གསུམ། ཆུ་མོ་ཡོས་བུའི་ལོའི་དཔྱིད་སླ་འབྲིང་ཚེས་བཅུ་བཞི་ལ། རྡོ་རིངས་ལ་ཡི་གེ་བྲིས་སོ། །”ཞེས་རྡོ་རིང་དུ་བརྐོས་པ་རང་ནང་དུ་གསལ་བ་ལྟར་སྐྱིད་རྟག་ལོ་ཞེས་པ་འདི་ལགས་སོ། །

དེ་ན་སྐྱིད་རྟག་ལོ་ཞེས་མིང་འདོགས་དགོས་པའི་རྒྱུ་མཚན་གང་ཞེ་ན། དེ་ནི་རིགས་པའི་དཔལ་བོ་དཔལ་དོན་གྲུབ་རྒྱལ་གྱིས་བརྩམས་པའི«བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ»ལས། སྐྱིད་རྟག་ནི་ཞེས་མིང་བཏགས་པའི་དོན་ནི “བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་ཆབ་སྲིད་དུས་ཡུན་རིང་པོར་བརྟན་ཞིང་བདེ་སྐྱིད་སྲིད་མཐའི་བར་དུ་རྟག་པར་དགོངས་པ་བཞེས་པ་ལ་གོར་མ་ཆག”གསུངས་པ་བཞིན་བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་གཅེས་མིང་གི་ཚུང་དུ་བཏགས་ནས་ལོ་ཚིགས་འདི་ཚུགས་པར་སེམས་སོ། །

ཞོར་དུ་སྐྱིད་རྟག་ཞེས་པའི་ལོ་ཚིགས་ཀྱི་མིང་འདི་མ་ཧ་ཙི་ན་པས་ཡར་བཏགས་པ་ཞིག་མ་ཡིན་ནམ་སྙམ་པའི་ཐེ་ཚོམ་སྐྱེ་སྲིད། དེ་ལྟར་མ་ལགས་སོ། །བོད་རང་གིས་བཏགས་ཏེ་གཞུག་ཏུ་རྒྱ་བོད་འདུམ་པའི་དུས་ལ་རྡོ་རིང་དུ་བརྐོས་པའི་ནང་དུ་གསལ་བར་ལྟར་ལགས་སོ། །འདིར་བརྟག་པ་ཡིན་ན་དམིགས་བསལ་གྱི་གོ་དོན་མི་འདྲ་བ་གཙོ་ཆེ་བ་འགའ་རྙེད་སྲིད་དེ།

གཅིག བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་འཁྲུངས་འདས་ལོ་ཚིགས་སྐོར་གྱི་འཁྲུག་ཆ་དེ་སེལ་ཐུབ། ཇི་ལྟར་ཞེ་ན། སྐྱིད་རྟག་གི་ལོ་ཚིགས་འདི་བཙན་པོ་ཁྲི་ལྡེ་གཙུག་བཙན་རལ་པ་ཅན་བོད་མི་དམངས་ཀྱི་དམར་པོ་རིའི་ཁྲིར་མངའ་གསོལ་བ་ནས་ཚུགས་པའི་ལོ་ཚིགས་ཡིན་པ་གསལ་ནུས། དེ་ཡང«དབོན་ཞང་འདུམ་པའི་རྡོ་རིང»གི་ནང་དུ་བརྐོས་པ་ལྟར། “སྐྱིད་རྟག་ལོའི་ལོ་དགུའི་དཔྱིད་ཟླ་འབྲིང་པོའི་ཚེས་བཅུ་བཞི་ལ་རྡོ་རིངས་སུ་ཡི་གེ་བྲིས་སོ། །”ཞེས་གསལ་བ་ལྟར་ཡིན་པས། བཙན་པོ་ཁྲི་ལྡེ་སྲོང་བཙན་འདས་པ་ན་རྒྱལ་པོར་བཞུགས་པའི་ལོ་དགུའི་ནང་རྡོ་རིང་དེ་བྲིས།  སྐྱིད་རྟག་འདིས་བཙན་པོ་ཁོང་ཁྲིར་བཞུགས་པའི་རྟགས་ལེགས་པར་གསལ་བ་ཙམ་མ་ཡིན་པ། ལོ་རྟགས་འདི་སྐབས་བབ་ཀྱི་སྔ་ཕྱིའི་ལོ་ཚིགས་བཅས་ལའང་གཞི་འཛིན་ས་གལ་ཆེན་ཞིག་ཏུ་ཆགས་ཡོད། འདི་ནས་དོན་མེད་ཞིག་བསྙད་ཀྱིན་འདུག་སྙམ་པ་ཡོད་སྲིད། དེ་ནི་མ་ཡིན་ཏེ། འགའ་ཞིག་གིས་བཙན་པོ་ཁྲི་གཙུག་ལྡེ་བཙན་༨༢༤ལ་འཁྲུངས་པ་བཤད་ཡོད། འགའ་ཞིག་ལས་གཙོ་ཆེ་བ་མཁས་དབང་ཚེ་ཏན་ཞབས་དྲུང་མཆོག་གིས་«བསྟན་རྩིས་ཟུར་རྒྱན་»ལས་བཙན་པོ་རིམ་བྱོན་གྱི་རེའུ་བཀོད་པའི་ནང་དུ། སད་ན་ལེགས་མཇིང་ཡོན་གྱི་འཁྲུངས་ལོ་ཕྱི་ལོ་༨༢༤དང་འདས་ལོ་༨༧༧ལ་གསུངས་པ་དེར་མི་འཐད་དོ། །

«དབོན་ཞང་རྡོ་རིང་»ནི ༨༢༣ བཞེངས་གྲུབ་ཡིན་པ་འཁྲུལ་བྲལ་ལོ་འཕོ་ལྟར་དུ་གྱུར་ཡོད། གང་ཞེ་ན། ཁྲི་ལོ་བདུན་པ་ལྕགས་གླང༨༢༡ལོར་ཐང་གི་རྒྱལ་ས་ཁྲང་ཨན་དང། ཆུ་སྟག༨༢༢ལོར་བོད་ཀྱི་ལྷ་ས་སོ་སོར་སྔ་རྗེས་སུ་ཆིངས་འགྲིག་བྱས་པ་མ་ཟད་ཁྲི་ལོ་དགུ་པ་ཆུ་ཡོས༨༢༣ལོར་ལྷ་སར་ཆིངས་ཡིག་གི་ནང་དོན་རྡོ་རིང་ལ་བཀོད་དེ་གཙུག་ལག་ཁང་གི་མདུན་དུ་བཙུགས་ཡོད་པ་ནི་“ལྷ་ཁང་རྙིང་པ་ལ། རྟེན་བཤད་གསར་པ”གང་ཡང་མིན་པ་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་ར་སྤྲོད་བྱས་ཡོད་དོ། །

གཉིས་པ། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ནམ་འདས་ཀྱི་ལོ་ཚིགས་རྟོགས་ཐུབ། «ཆོས་འབྱུང་མཁས་དགའ»ལས། “བར་པ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན། །མེ་ཕོ་ཁྱི་ལ་སྐུ་འཁྲུངས་བཅུ་གཉིས་དུས། །ཡབ་འདས་ལོ་དེ་ཉིད་ལ་རྒྱལ་སར་བཏོན། །བཀའ་ཡི་བློན་པོ་བྲན་ཀ་དཔལ་ཡོན་ཡིན། །”གསུངས་པ་ལྟར་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐུ་འདས་ནས་ཁྲི་གཙུག་ལྡེ་བཙན་རྒྱལ་སར་བཏོན་པས། «དབོན་ཞང་རྡོ་རིང»ཕྱི་ལོ ༨༢༣ ལ་བཞེངས་གྲུབ་དུས། དེ་ནས་ཡར་བརྩིས་པའི་ལོ་དགུའི་སྔོན་དེར་བཙན་པོ་ཁྲི་ལྡེ་སྲོང་བཙན་འདས། ལོ་ཚིགས་ཀྱི་དབང་དུ་བཏང་ན་ཕྱི་ལོ་༨༡༥ལོ་ལ་ཏག་ཏག་འཁེལ་ཡོད། ལྷག་དོན་རྡོ་རིང་འདིས་རྐྱེན་བྱས་ཏེ་རྒྱ་བོད་བར་གྱི་མཛའ་འབྲེལ་མཚོན་ནུས་ཤིང་ལྷག་པར་དུ་རིག་གནས་ཀྱི་རྒྱུ་འགྲུལ་དང་ཚོང་ལས་ཀྱི་རྒྱུ་འགྲུལ་སོགས་ཕྱོགས་གང་འཐད་ཀྱི་ཐོག་ནས་བོད་མི་སྤྱིའི་འཇིག་རྟེན་ལྟ་ཚུལ་དང་། ཚེ་སྲོག་གི་ལྟ་ཚུལ། མི་ཚེའི་ལྟ་ཚུལ། རིན་ཐང་ལྟ་ཚུལ་སོགས་ལ་རམ་འདེགས་དང་རོགས་རམ་ཚད་མེད་སྟེར་ཡོད་པ་ནི་གོར་མ་ཆག་ལ། འོན་ཀྱང་དབོན་ཞང་ཡིན་པའི་སྒྲུབ་བྱེད་ད་དུང་གསལ་བ་ལོ་རྒྱུས་བྱུང་རབས་གང་དུ་ཡང་མི་གསལ་བས་མུན་ཡུལ་རྡོ་གཅོད་ལྟར་དུ་“ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག །”སྟེ་ཞེས་འཆལ་གཏམ་སྨྲ་བའི་དགོས་པ་མ་མཆིས་སོ། །གཉེན་གྱི་འབྲེལ་བ་རྩེགས་རིམ་ལྟར་ཆག་ཡོད་པ་ནི་ཆབ་སྲིད་ཀྱི་དགོས་པ་ལ་དམིགས་པ་ཡིན་གྱི། དབོན་ཞང་གི་ཚུལ་དུ་ཡིན་པ་རྩད་ནས་མེད། དབོན་ཞང་ཡིན་དགོས་ན་ཅིས་ཀྱང་སྲས་རེ་དང་དེ་ལ་ཡང་། ཡང་ནས་ཡང་དུ་རྒྱུད་པ་འཛིན་པའི་སྲས་ཡོད་ན་གཞི་ནས་འབོད་འོས། ཁྱད་པར་དུ་བཙུན་མོ་གོང་འོག་གཉིས་ཀ་ལ་སྲས་འཁྲུངས་པ་དང་སྲས་འཁྲུངས་ནས་དེས་མཛད་པ་འཕྲིན་ལས་གང་དང་གང་ཡོད་སོགས་ཅི་ཡང་མི་གསལ་བས་གཉེན་དུ་སྡེབ་པ་ཙམ་གྱིས་དབོན་ཞང་ཡིན་པའི་གནད་ཀ་མི་འཁྲོལ་ལོ། །

བརྒྱུད་སྐུལ།

མཆན་སྤེལ།