དགའ་ལྡན་ཐོས་བསམ་དར་རྒྱས་གླིང་གི་ལོ་རྒྱུས་མདོར་བསྡུས།

དགའ་ལྡན་ཐོས་བསམ་དར་རྒྱས་གླིང་གི་ལོ་རྒྱུས་མདོར་བསྡུས།

དཔལ་མཉམ་མེད་རེ་བོ་དགེ་ལྡན་པའི་ལྷོ་རྒྱུད་ཀྱི་ཆོས་སྡེ་ཆེན་པོ་༸དགའ་ལྡན་ཐོས་བསམ་དར་རྒྱས་གླིང་གི་ལོ་རྒྱུས་མདོར་བསྡུས།

ཡར་ཤམ་གྱི་རང་སྒྲ།

དེ་ཡང་ཡུལ་གྱི་དགེ་བཅུ་མ་ལུས་པར་ཚང་བ། གཡོ་རུ་ཡར་ཀླུང་གི་སྟོད། ཤམ་པོ་གངས་ཀྱི་ཉེ་འདབས་སུ་ཆགས་པའི།

 

དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་རིང་ལུགས་འཛིན་པ། ལྷོ་བརྒྱུད་ཀྱི་ཆོས་སྡེ་ཆེན་པོ་༸དགའ་ལྡན་ཐོས་བསམ་དར་རྒྱས་གླིང་འདི་ཉིད་ནི། ཐོག་མར་གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། མཁས་དང་གྲུབ་པའི་དབང་ཕྱུག གཤིན་རྗེ་གཤེད་ཀྱི་སྲོལ་འཛིན་ཟླ་དང་བྲལ་བ། མཐུ་སྟོབས་དབང་ཕྱུག་རྗེ་བཙུན་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པ་འདི་ཉིད་ཀྱིས་ཕྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་ཕྱག་བཏབ། གནས་འདི་ནས་གཤིན་རྗེ་གཤེད་ཀྱི་སྒྲུབ་པའི་རྣམ་འབྱོར་བ་མང་དུ་བྱོན་པས་ཡུལ་དེའི་སྟོད་སྨད་ཀྱི་ཕྱོགས་རྣམས་ཀུན་ཏུ་གཤིན་རྗེ་གཤེད་ཀྱི་སྒྲུབ་གནས་མང་དུ་བྱུང་བ་ད་ལྟའང་མཇལ་རྒྱུ་ཡོད། 

དེ་རྗེས་ ༡༥༤༢ ལོར་གནས་འདིར་དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་དགུ་པ་རྗེ་༸མི་བསྐྱོད་རྡོ་རྗེས། འོད་གསལ་ལྷ་ཡི་གདུང་རྒྱུད། ཡར་སྟོད་ལྷ་བུག་ས་སྐྱོང་རྣམ་རྒྱལ་འོད་དང་བསམ་སྡེ་དཔོན་མོས་སྦྱིན་བདག་མཛད་ནས། ཡར་སྟོད་༸ཀརྨ་དགའ་ཚལ་གཞུང་ལུགས་གླིང་གི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་གྲུབ་མཛད་ནས་བསྟན་པའི་གནས་གཞི་ཆེན་པོ་བཙུགས།   

བློ་ཕམ་པ་ཞིག་ལ་ཕྱི་ལོ་ ༡༦༡༡ ལོའི་ཡས་མས་སུ་ཆབ་སྲིད་ཀྱི་འཕོ་འགྱུར་ཁྲོད་དགོན་སྡེ་ཉིད་གཞིས་ཀར་བསྒྱུར་བ་དང་། སྡེ་སྣོད་འཛིན་པ་དུ་མ་ས་མཐར་འཁྱམས། ལྷག་པར་ཕྱི་ལོ་ ༡༦༢༧ ལོའི་ལྷོ་ཁུལ་ས་ཡོས་ཀྱི་འཇིག་པས་གཙུག་ལག་ཁང་ཉམས་རྒུད་དུ་སོང་ནས་ཡུལ་ལྷ་བསྟེན་གསོལ་བྱེད་པའི་ལྷ་ཁང་ཆུང་ཆུང་ཞིག་གི་རྣམ་པར་སོང་། དུས་ཕྱིས་ཕྱི་ལོ་ ༡༦༥༡ ལོར་རྗེ་བཙུན་འཇིག་རྟེན་དབང་ཕྱུག་དགེ་སློང་གི་ཚུལ་གྱིས་འགྲོ་བ་སྐྱོང་བར་ཤེས་བྱ་ཐམས་ཅད་ལ་ལྐོག་ཏུ་གྱུར་པའི་མུན་པ་མཁྱེན་པའི་འོད་སྟོང་གིས་ཆ་ཙམ་ཡང་མེད་པར་གསལ་བ། ༸རྒྱལ་དབང་སྐུ་ཕྲེང་ལྔ་པ་༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་རྒྱ་མཚོ་གནས་འདིར་ཕེབས་སྐབས། སྐབས་དེའི་དགའ་ཚལ་གྱི་གཙུག་ལག་ཁང་གི་རྟེན་དང་བརྟེན་པར་བཅས་པ་ཉམས་དམས་སུ་སོང་བ་ཐུགས་ཀྱིས་མ་བཟོད་པར། ཡར་སྟོད་དགའ་ཚལ་གྱི་གཙུག་ལག་ཁང་གཞིས་ཀ་དང་བཅས་རྙིང་པ་གང་ཡོད་ཐོག སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་གཉིས་ལ་བཀའ་བཀོད་ཀྱི་ཐུགས་འགན་འོག ཕྱི་གླིང་བཅུ་གསུམ་ལས་དགའ་ལྡན་ཐོས་བསམ་དར་རྒྱས་གླིང་ཞེས་དགེ་ལུགས་པའི་ཆོས་སྡེ་གསར་དུ་བཙུགས། རྗེ་བཙུན་ཅང་ལོ་ཅན་པ་འཕྲིན་ལས་རྒྱ་མཚོ་སློབ་དཔོན་དུ་བསྐོས། བསྡུས་ཚད་ར་བ་སྟོད་པ་ལུགས་དང་།  པཎ་ཆེན་བསོད་ནམས་གྲགས་པའི་འདུལ་བ། རྗེ་བླ་མའི་དབུ་ཕར་མཛོད་གསུམ་ལ་འཆད་ཉན་གྱི་རྒྱུན་བཙུགས། ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔ་བར་ལོ་རེ་བཞིན་སྨན་བླའི་མདོ་ཆོག་གཏོང་ཐེབས་སུ་འགྲོ་གྲོན་ཆ་ཚང་ཡར་སྟོད་ལྷ་བུག་པ་སོགས་ནས་གཏོང་རྒྱུ་བཅས་བཀའ་དྲིན་སྩལ་ནས་བཤད་སྒྲུབ་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་པས། དགོན་རྒྱབ་ཀྱི་གླིང་ཁ་ནས་དེ་བཞིན་གཤེགས་པ་མཚན་ལེགས་པ་ཡོངས་གྲགས་དཔལ་ཀྱི་རྒྱལ་པོའི་སྣང་བརྙན་རང་བྱོན་དུ་འབྱོན་པ་སོགས་ངོ་མཚར་བའི་ལྟས་ཁྱད་དུ་འཕགས་པ་གྲགས་སྙན་རྔ་བོ་ཆེ་སྲིད་རྩེའི་བར་དུ་བསྒྲགས། དུས་དེ་ནས་བཟུང་བསིལ་ལྡན་ཁ་བས་བསྐོར་བའི་དོ་རར་འཁོད་པའི་ལུས་ཅན་ཀུན་གྱི་བསོད་ནམས་ཀྱི་ཞིང་རླབས་པོ་ཆེར་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ལྷོ་བརྒྱུད་ཀྱི་གདན་ས་དགའ་ལྡན་ཐོས་བསམ་དར་རྒྱས་གླིང་ཐོག་མར་དབུ་ཚུགས།  མཁན་རྒྱུད་གསེར་རིའི་ཕྲེང་བ་རིམ་པར་བྱོན་པ་ལས། སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་སྐུ་ཡི་ཕྲེང་བ་རིམ་པར་བྱོན་པ་རྣམས་དང་། ལྷག་པར་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་སྐུ་ཕྲེང་དྲུག་པ་༸ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས་མཆོག་ནས་ཕྱི་ལོ་ ༡༩༣༠ ལོར། རིན་པོ་ཆེ་དགུང་གྲངས་སུམ་ཅུར་ཕེབས་སྐབས་གཙུག་ལག་ཁང་ཁྱོན་ཡོངས་ནས་ཉམས་གསོ་དང་། འདུ་ཁང་ནང་ངོས་ཀྱི་གྱང་འདེབས་ཡོངས་སུ་སྐྱེས་རབས་དཔག་བསམ་འཁྲི་ཤིང་ཤིན་ཏུ་རྒྱས་པ་དང་། སྨན་བླ་བདེ་གཤེགས་བརྒྱད་སོགས་ཀྱི་སེར་བྲིས། ཡར་སྟོད་གོས་སྐུ་ཆེན་མོ་སོགས་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ལེགས་སྒྲུབ་མཛད་ནས་རབ་གནས་ཀྱང་རྗེ་ཉིད་ཀྱིས་མཛད། དུས་མཚུངས་དགེ་འདུན་མི་དམངས་དད་འདུས་ཁག་ལ་མྱུར་ལམ་དམར་ཁྲིད་ཀྱི་སྟེང་ནས་ལམ་རིམ་གྱི་ཉམས་ཁྲིད་སེམས་བསྐྱེད་མཆོད་པས་བརྒྱན་པ་བཅས་སྩལ་ཞིང་། འདི་ཉིད་སྐུ་ཚེ་འདིར་ལམ་རིམ་གྱི་གསུང་ཆོས་གནང་བའི་ཐོག་མར་མངོན། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཕྱག་ལེན་བཞིན་རྡུལ་ཚོན་ལ་རྟེན་པའི་དཀྱིལ་འཁོར་སྒྲུབ་མཆོད་གསར་དུ་བཙུགས་པ་སོགས་མདོ་སྔགས་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད། 

ཡིན་ནའང་། ཀུན་ལ་འཇིགས་ཆགས་འཕེལ་འགྲིབ་ཀྱི་རང་བཞིན་ཟློག་ཏུ་མེད་པ་བཞིན། སྤྱི་མཐུན་གྱི་ལས་དབང་དང་། མི་སྲུན་སྐྱེ་བོ་འགའ་ཡི་སྡུག་རྩུབ་ཀྱི་བསམ་སྦྱོར་ལས། རིག་གསར་གྱི་ལོ་བཅུའི་འགོད་ཆགས་ཁྲོད། ནང་རྟེན་ཕལ་ཆེར་གཏོར་བརླགས་སུ་སོང་ནས། གཙུག་ལག་ཁང་དམག་ཁང་དུ་བསྒྱུར། མཐའ་ཁོར་གྱི་གྲྭ་ཤག་དང་བླ་བྲང་སོགས་ནི་ཕག་ཚང་དང་། ཁྱི་ཚང་། བཤས་ར་སོགས་བལྟ་བས་མ་ཟོད་པའི་མི་ཡུལ་གྱི་དམྱལ་བ་ཆེན་མོར་བསྒྱུར་འདུག་པ་ལ། སྐྱེས་ཆེན་དམ་པོའི་ལས་སྨོན་དང་ལུང་བསྟན་མངོན་དུ་གྱུར་པའི་བཀའ་དྲིན་ཟླ་མེད་རྒན་༸བློ་བཟང་མཐར་ཕྱིན་ལགས་ནས། མ་འོངས་པར་གནས་འདིར་བཤད་སྒྲུབ་གཉིས་ལྡན་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉམས་པ་སོར་ཆུད་ཀྱི་སྐལ་བཟང་རེ་འཆར་ཐུབ་ན། ཁོ་བོ་མི་ཚེ་འདིའི་བློ་ཡིད་དེ་གས་ཚིམས་སོང་ཞེས། ཐུགས་འབད་ཆེན་པོས་སྐུ་ཉིད་ཀྱི་འཚོ་བ་མ་འཁྱགས་མ་ལྟོགས་ཙམ་ཞིག་ཁོ་ན་ལ་བརྟེན་ནས་གཙུག་ལག་ཁང་དང་། གྲྭ་ཤག་ལ་སྲུང་སྐྱོབ། ནང་བཞུགས་སྐུ་གསུང་ཐུགས་བརྟེན་ཉམས་གསོ། སྔོན་གྱི་དགེ་འདུན་པ་རྣམས་དགོན་པར་གདན་འདྲེན་པ་སོགས་དཀའ་དཔྱད་འབད་ཐབས་ཀྱིས་བསྟན་པའི་ཞབས་ཏོག་ཁོ་ན་མཛད་པས། མི་ལོ་བཅུ་ཕྲག་གསུམ་ཙམ་མུན་ཁུང་དུ་ལུས་པའི་ཆོས་སྡེ་འདིར། སླར་ཡང་མཐོང་བརྒྱུད་ཀྱི་ཆོ་ག་ཕྱག་ལེན་ཉམས་མེད་ཐོག བསྟན་པའི་སྒྲོན་མེ་སྤར་ཞིང་། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གནའ་བོའི་ཨར་ལས་བཟོ་སྐྲུན་དང་། རི་མོའི་སྒྱུ་རྩལ་སོགས་ཀྱི་ཐད། ལོ་རྒྱུས་ཀྱི་བདེན་དཔང་བླ་ན་མེད་པ། རྙིང་པ་གང་ཡོད་ཉམས་ཆགས་སུ་མ་སོང་བར། ད་ལྟའང་རང་ཅག་རྣམས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པ་འདི་ལྟར་དང་། ལྷག་པར་དགེ་བའི་བཤེས་གཉེན་ཆེན་མོ་དགེ་སློང་༸བསྟན་འཛིན་མཁས་ཕྱོགས་ལགས་ནས་མཐོང་རྒྱུད་ཀྱི་ཕྱག་ལེན་མི་ཉམས་རྒྱུད་འཛིན་གྱིས་ལོ་མང་རིང་གདན་ས་འདི་ཉིད་བཀའ་དྲིན་བརྩེ་བས་བསྐྱངས། དེང་གི་དུས་སུ་རང་ཅག་རྣམས་ལ་བཀའ་དྲིན་ཟླ་མེད་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༸རྗེ་བཙུན་བློ་བཟང་ཐར་པའམ། དགེ་ལྡན་སྙན་གྲགས་རིན་པོ་ཆེ་མཆོག་ནས་ཡང་ཡང་ཞབས་ཀྱི་བཅགས་ཤིང་། བློ་གསར་རྣམས་ལ་རབ་བྱུང་བསྙེན་རྫོགས་མཛད་པ་དང་། དད་འདུས་ཀྱི་སེར་སྐྱ་རྣམས་ལ་དམ་པ་ཆོས་ཀྱི་བདུད་རྩི་སྩལ་བ་སོགས་ཆོས་དང་ཟང་ཟིང་གང་གི་ཆ་ནས་དང་། ལྷག་པར་རྗེ་ཉིད་ཀྱི་དངོས་སློབ་ལྷ་རམས་དགེ་བཤེས་༸རྗེ་བཙུན་བློ་བཟང་དབྱིག་གཉེན་མཆོག་གཞུང་ཆེན་དཔེ་ཁྲིད་དགེ་རྒན་དུ་མངགས་ནས་བར་ལམ་ཉམས་ཆགས་སུ་སོང་བའི་གཞུང་ཆེན་ཁག་གི་འཆད་ཉན་རྨང་ནས་གསོ་བར་མཛད་པ་སོགས་བཀའ་དྲིན་འཛིན་མའི་ཁྱོན་མཐ་དག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་བཀང་ཡང་འཁོར་བའི་ཐབས་རྙེད་པ་མ་ཡིན་པར་བརྩེ་བས་བསྐྱངས། དེ་ལྟར་དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ནས་གདན་ས་འདི་ཉིད་ལ་བསྟན་པའི་འཕེལ་འགྲིབ་དུ་མ་བྱུང་བའི་ཁྲོད་ནས་སྔར་བཞིན་ལུས་ཅན་ཀུན་གྱི་བསོད་ནམས་ཀྱི་ཞིང་ས་དམ་པར་བཞུགས་པ་འདི་ཉིད་དང་། ལྷག་པར་གནས་འདིའི་མདུན་ཕྱོགས་སུ་ཡར་ལྷ་ཤམ་པོའི་གངས་རི་འདི་ཉིད་ལྷུན་པོའི་མཛེས་སྡུག་ལ་ཆགས་པའི་ཆུ་ཤེལ་གྱི་དབང་པོ་ཉ་གང་བས་འཁྱུད་པ་ལྟར་དང་། ཤམ་པོའི་སྐུ་ལུས་ལས་ལྷུང་ལྷུང་དུ་འབབ་པའི་གངས་ཆུ་སྔོན་མོ་འདི་ཉིད་སྐྱེ་འགྲོའི་སྐོམ་གདུང་སེལ་ཕྱིར་གཡས་སྐོར་གྱི་ཚུལ་དུ་ཉིན་མཚན་དབྱེར་མེད་དུ་བཞུར་ཤིང་། མཐའ་འཁོར་གྱི་རི་ཀླུང་ཀུན་ཏུ་བྱིན་ཅན་གྱི་སྒྲུབ་གནས་དང་། མཚོ་དང་མཚེའུ་སོགས་གྲངས་ཀྱི་མི་ལང་བ། དབྱར་གྱི་དུས་སུ་ལྗོན་པའི་ཕྲེང་བ་མཚར་དུ་མངར་ཞིང་། ནེའུ་གསེང་སྔོ་ལྗང་རྨ་བྱའི་མགྲིན་པ་ལྟ་བུས་ཁེབས་པ། མེ་ཏོག་སྣ་ཚོགས་མཛུམ་མདངས་བཞད་པ། ཁུ་བྱུག་དང་འཇོལ་མོ་ལ་སོགས་པའི་སྐད་སྙན་པར་གྲོགས་པ། པདྨའི་བཅུད་ལ་ཆགས་པའི་བུང་བ་རྣམས་འཕུར་ལྡིང་མངོན་པར་གཡོ་ཞིང་། དབྱངས་སྙན་གྲོགས་པར་བྱེད་པའི་སྐྱེས་མོས་ཚལ་གྱིས་ཡོངས་སུ་བསྐོར་བ་སོགས་ངོ་མཚར་མཛེས་ལྗོངས་སྣ་ཚོགས་ཀྱིས་ལུས་ཅན་ཀུན་གྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱེད་པའོ། །

བོད་རབ་རྒྱན་དགེ་བྱེད་ཅེས་པ་ཆུ་ཕོ་སྟག་གི་ལོའི་སྟོན་ཟླ་ར་བའི་ཡར་ཚེས་དགེ་བའི་ཉིན། གཟུགས་ཕུང་པད་མའི་མེ་ཏོག །མི་འདོད་ནད་ཀྱི་མནར་བཞིན། འགྲོ་འདུག་ཉལ་འཆག་གི་སྤྱོད་ལམ་ཇི་ཙམ་དཀའ་ཡང་། ཆོས་སྡེ་གང་དེའི་བཀའ་དྲིན་དྲན་པའི་ཚུལ་དུ། ཡར་ཤམ་གྱི་རང་སྒྲའམ་དར་གྲྭ་ཕུན་ཚོགས་རྣམ་གྲོལ་དུ་འབོད་པ་དེས་ཡུལ་ཡར་མོ་ཀླུང་ཆེན་ནས་བྲིས་པ་འདིས་ཀྱང་འཇམ་མགོན་རྒྱལ་བའི་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །

 

བརྒྱུད་སྐུལ།

མཆན་སྤེལ།