བོད་རྒྱལ་ཁབ་ཆེན་པོའི་སྤྱི་ཁྱབ་ལས་ཁུངས་ཁག་གི་ངོ་སྤྲོད།

བོད་རྒྱལ་ཁབ་ཆེན་པོའི་སྤྱི་ཁྱབ་ལས་ཁུངས་ཁག་གི་ངོ་སྤྲོད།

བོད་རྒྱལ་ཁབ་ཆེན་པོའི་སྤྱི་ཁྱབ་ལས་ཁུངས་ཁག་གི་ངོ་སྤྲོད།

 

ཀ༽ སྤྱི་ཁྱབ་བཀའ་ཤག

 

དེ་སྔ་བོད་ས་གནས་སྲིད་གཞུང་གི་བཀའ་ཤག་ལས་ཁུངས་ཏེ། ལྷ་ས་གཙུག་ལག་ཁང་གི་ཕྱོགས་བཞིར་ཞི་རྒྱས་དབང་དྲག་བཞིའི་ལས་ཁུངས་ཁག་བཞི་ཡོད་པ་ལས་འདི་ནི་ལྷོ་ཡི་རྒྱས་པའི་ལས་ཁུངས་བཀའ་ཤག་ཟེར་བ་དེ་ཡིན་ཞིང་། ལས་ཁུངས་ཚུགས་ཡུལ་གཙུག་ལག་ཁང་གི་ལྷོ་སྒོའི་ཡང་སྟེང་དུ་ཡིན།

དེ་ཡང་བོད་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་ (༡༧༢༡) ལོར་གོང་མ་ཁང་ཤིས་སྐབས་བོད་སོག་ལས་ཁུངས་ཀྱིས་དའི་ཆིང་བ་དུར་དང་། པའི་སི་ང་ཕོད་རྡོ་རྗེ་རྒྱལ་པོ། གུང་ལུམ་པ་བཀྲ་ཤིས་རྒྱལ་པོ། སྦྱར་ར་བ། ཕོ་ལྷ་བསོད་ནམས་སྟོབས་རྒྱས་བཅས་ལ་ཐོག་མར་བཀའ་བློན་བསྐོ་གཞག་བྱས་ཏེ་ལོ་བདུན་རིང་མཉམ་དུ་དབང་སྒྱུར་བྱས་ཀྱང་བཀའ་ཤག་ཟེར་བ་དངོས་སུ་མེད་ལ། མཐར་ནང་ཁུལ་མ་མཐུན་པས་ང་ལུམ་སྦྱར་གསུམ་ཉམས་ཉེས་བྱུང་སྟེ་ཕོ་ལྷ་ཐའི་ཇི་ཕ་བུས་སྲིད་དབང་བཟུང་བའི་རིང་བཀའ་བློན་ཟེར་བ་ཡང་མ་བྱུང་ཞིང་། དེ་རྗེས་བོད་རབ་བྱུང་བཅུ་གསུམ་པའི་ལྕགས་ལུག་ (༡༧༥༡) ལོར་ཆིང་གོང་མ་ཆན་ལུང་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་དབང་ཏཱ་ལའི་བླ་མས་འཛིན་དགོས་པ་དང་། ཞབས་ཀྱི་པད་མོ་འདེགས་མཁན་ལྟ་བུར་བཀའ་བློན་བཞི་བསྐོ་དགོས་པའི་གསེར་ཡིག་ཕེབས་པ་ལྟར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་སྲིད་དབང་འཕོ་བའི་སྐབས་དེར་བཀའ་ཤག་ལས་ཁུངས་ཞེས་པ་གསར་དུ་བཙུགས་པ་ཡིན། དེ་ཚུན་གྱི་བཀའ་བློན་གྱི་ཐོག་མ་ནི། རྡོ་རིང་ནོ་ཡོན་པཎྜི་ཏ་མགོན་པོ་དངོས་གྲུབ་རབ་བརྟན་དང་། ཐོན་པ་སྲི་ཆོད་ཚེ་བརྟན། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། རྩེ་མགྲོན་དར་ཧན་ཉི་མ་རྒྱལ་མཚན་བཅས་ལ་བསྐོ་གཞག་གནང་ཞིང་། བཀའ་ཤག་གསར་ཚུགས་ཀྱི་ཉིན་དེར་ཏཱ་ལའི་བླ་མ་ཆེད་ཕེབས་ཀྱིས་ཐུགས་སྨོན་དང་འབྲེལ་བཀའ་ཤག་ཏུ་བཀའ་ཤག་གི་ཐམ་ཀ་སྲིད་ཞི་བདེ་སྐྱིད་ཅེས་པ་བོད་ཡོངས་ལ་དབང་སྒྱུར་ཆོག་པའི་གཟེངས་བསྟོད་མཛད། རྗེས་སུ་བཀའ་ཤག་གི་ཐམ་ཀ་འདྲ་གཅིག་བཟོས་པ་དེར་བདེ་སྐྱིད་སྐུ་གཞོན་ཟེར་ཏེ། དེ་མདོ་སྤྱི་སོགས་བཀའ་བློན་རྣམས་ཕྱོགས་མཐར་དོན་གཅོད་དུ་སྐྱོད་སྐབས་ཁྱེར་ཏེ་ཞི་དྲག་ཡོངས་ལ་ཐམ་ཀ་དེ་གས་བཀོད་ལུང་བསྒྱུར་བ་ཡིན།

བཀའ་ཤག་གི་འགན་དབང་ནི། ཏཱ་ལའི་བླ་མ་དང་། སྲིད་སྐྱོང་གི་བཀོད་དོན་འོག་ཞི་དྲག་ལས་ཁུངས་ཡོངས་རྫོགས་ཀྱི་ལས་དོན་ལ་བཀོད་འདོམས་ཐག་གཅོད་བྱེད་པ་དང་། རྒྱ་ཁྱབ་རྫོང་གཞིས་ཁག་ནས་སྲིད་གཞུང་ལ་འབབ་པའི་གསེར་དངུལ་འབྲུ་མར་སོགས་ཀྱི་འབབ་དེབ་ཁག་དང་། གཞུང་སྒེར་ཆོས་གསུམ་གྱི་ས་ཁང་མི་གསུམ་བདག་ཐོབ་ཀྱི་འབྱེད་ཁྲ་སོགས་རྩ་འཛིན་གལ་ཆེའི་ཡིག་ཆ་ཚང་མར་བཀའ་ཤག་གི་དམ་ཕྲུག་ཕབ་དགོས་པ་མ་ཟད། ལས་ཁུངས་ཁག་གིས་བེད་སྤྱོད་བྱ་རྒྱུའི་འབྲུ་དངུལ་དགོས་རིགས་ཀྱང་བཀའ་ཤག་བརྒྱུད་ཞུ་དགོས་པ་དང་། བཀའ་ཐམ་འཁོད་པའི་འཛིན་ལ་བརྟེན་ནས་ལེན་དགོས། དེ་བཞིན་རྒྱ་ཁྱབ་ལ་གཏོང་རྒྱུའི་བཀའ་རྒྱ་དང་ལམ་ཡིག་བཅས་ལའང་བཀའ་ཐམ་ཕབ་དགོས་པ་དང་། ལས་དོན་ཆེ་རིགས་དང་འབྲིང་ཁའི་རིགས་འཆར་གཞི་བཟོས་ཏེ་ཏཱ་ལའི་བླ་མར་ཆོག་མཆན་ཞུ་དགོས། ད་དུང་རྒྱ་ཁྱབ་རྫོང་གཞིས་ཁག་ནས་གཞུང་སྒེར་དོན་གནད་སྙན་ཞུ་འབུལ་མཁན་ལ་ལན་འདོམས་དང་། སྒེར་གྱི་གྱོད་དོན་སྙན་ཞུ་འབུལ་མཁན་ཞིབ་གཅོད་བསྐོས་ཐོག་ཐག་གཅོད་དཔྱད་མཚམས་ཁྲ་མ་སོགས་ལ་ཆོག་མཆན་དང་བཀའ་ཐམ་ཕབ་རྒྱུ་སོགས་ཀྱི་འགན་དབང་ཡང་སྤྱོད་པ་ཡིན།

གཞན་ཡང་ས་མཚམས་དང་། དམག་དོན་སོགས་གལ་ཆེའི་རིགས་དང་། རྩེ་ཤོད་ལས་ཚན་ཆེ་ཁག་བསྐོ་གཞག་སོགས་ཀྱི་སྐབས་དེ་སྔ་ལྷ་སྡོད་ཨམ་བན་ལ་གོ་བསྡུར་ཐོག་ཏཱ་ལའི་བླ་མར་དགོངས་སྐོར་དང་འབྲེལ་གོང་མར་གསེར་སྙན་སྒྲོན་ཏེ་བཀའ་འཁྲོལ་དགོས་པ་བཅས་ཀྱི་སྲོལ་ཡོད་ཅིང་། ས་མཚམས་དང་དམག་དོན་སོགས་གལ་ཆེའི་རིགས་དང་། དེ་མིན་བྱེད་དཀའ་ཆེ་བའི་ (དཔེར་ན། ལུང་ཤར་དང་རྭ་སྒྲེང་གི་དོན་རྐྱེན་ལྟ་བུ།) ལས་དོན་བྱུང་སྐབས་སྤྱི་ཁྱབ་མཁན་པོ་དང་། དྲུང་རྩིས་བརྒྱད་སོགས་སྐོང་ཚོགས་གྲོས་བསྡུར་གྱིས་ཐག་གཅོད་ཐུབ་ན་རབ་དང་། དེས་ཀྱང་ཐག་གཅོད་མ་ཐུབ་པའི་རིགས་བོད་ལྗོངས་ཚོགས་འདུ་རྒྱས་འབྲིང་བསྡུས་གསུམ་སྐོང་ཚོགས་ཀྱིས་བསམ་འཆར་རྣམས་ཏཱ་ལའི་བླ་མར་ཆོག་མཆན་ཞུས་ཏེ་ཐག་གཅོད་བྱེད་པ་དང་། རྩེ་རྣམ་གན་བཀར་འཇུག་དང་ཇ་ཁྲལ་བཀར་འཇུག་སོགས་ཀྱི་སྐབས་སུ་ཡང་བཀའ་བློན་གྱིས་གཙོ་བོ་བྱས་ཏེ་འཇུག་འདོན་གྱི་སྙན་ཤོག་ཆེད་འགོད་ཀྱིས་ཏཱ་ལའི་བླ་མར་གོང་འབུལ་ཞུ་དགོས་པ་སོགས་ཀྱི་འགན་དབང་ཡང་ཡོད་པས་བཀའ་ཤག་འདི་ནི་དབང་ཆ་ཆེ་ཞིང་འགངས་ཆེ་བའི་སྤྱི་ཁྱབ་ལས་ཁུངས་ཤིག་ཡིན་པ་འདིའི་གོང་གསལ་འགན་དབང་ནི་བཀའ་བློན་བཞི་མཉམ་གྲོས་ཀྱིས་སྤྱོད་པ་ཡིན། བཀའ་བློན་བཞིའི་འོག་ཏུ་བཀའ་ཤག་སྟེང་ཤོད་གཉིས་ལས་སྟེང་ལ་མགྲོན་དྲུང་ཁང་ཞེས་པ་བཀའ་དྲུང་གཉིས་དང་བཀའ་མགྲོན་གསུམ་ལས་གྲུབ་པ་དང་། ཤོད་ལ་དྲུང་འཁོར་གསུམ་ལས་གྲུབ་པའི་བཀའ་ཤག་ཤོད་པ་ཞེས་པའི་དོན་གཅོད་ལས་ཁུངས་གཉིས་ཡོད་ཅིང་། གཞན་ཡང་རྒྱ་བོད་ཡིག་རིགས་ཕབ་སྒྱུར་བྱེད་མཁན་ཡིག་སྒྱུར་གཅིག་དང་། འབྲས་སྤུངས་སྤྱི་སོས་འཛུགས་གཏོང་བྱ་དགོས་པའི་བཀའ་ཤག་ཁང་གཉེར་ཟེར་བ་ཞིག་བཅས་ཀྱང་བཀའ་ཤག་གི་ལས་དོན་མི་སྣའི་ཁོངས་སུ་གཏོགས་པ་ཡིན། དེ་མིན་བཀའ་བློན་བཞི་སོ་སོར་ཤོད་དྲུང་རེ་གཡོག་པོར་འཁྲིད་རྒྱུ་ཡོད་པར་འགག་པ་ཟེར།

 

བོད་གཞུང་འོག་གི་ས་གནས་རིམ་པའི་སྤྱི་ཁྱབ་སྒྲིག་གཞི།

 

དེ་ནི་སྤྱིར་ན་ད་ལྟའི་ཀྲོན་ཆུས་ཀྱི་རིམ་པ་དང་མཚུངས་པ་སྟེ། ༡. བྱང་སྤྱི་ (ནག་ཆུ་ཁུལ་གྱི་སྤྱི་ཁྱབ།) ༢. ལྷོ་སྤྱི་ (ལྷོ་ཁ་སྤྱི་ཁྱབ།) ༣. དྭགས་ཀོང་སྤྱི་ཁྱབ་ (དྭགས་པོ་དང་ཀོང་པོ་ས་ཁུལ་གྱི་སྤྱི་ཁྱབ།)  ༤. མངའ་རིས་སྒར་དཔོན། ༥. གྲོ་མོ་སྤྱི་ཁྱབ། ༦. ཞོལ་ལས་ཁུངས་ (ལྷ་ས་ཉེ་ཁུལ་གྱི་ཀྲོའན་ཧྲུའུ་ལྟ་བུ།) ༧. གཞིས་ཀ་རྩེ་སྤྱི་རྫོང་། ༨. མདོ་སྨད་སྤྱི་ཁྱབ་བཅས་ཡིན་ཞིང་། དེ་དག་སོ་སོའི་སྐོར་ཀ་མད་རིམ་པ་ལྟར་ཁོངས་སོ་སོའི་ནང་གཟིགས།

 

༡༽ བྱང་སྤྱི།

དེ་ནི་བོད་ས་གནས་སྲིད་གཞུང་སྐབས་ནག་ཆུ་ཁུལ་གྱི་སྤྱི་ཁྱབ་ཡིན་ཞིང་། སྤྱི་ཁྱབ་པ་རིམ་བཞི་སྐྱ་སེར་གཉིས་ཡོད་པ་དང་། གནས་ཡུལ་ནག་ཆུ་གྲོང་བརྡལ་དུ་ཡོད། རབ་བྱུང་བཅུ་དྲུག་པའི་ཆུ་རྟ་ ༡༩༤༢ ལོར་ཧོར་ཚོ་སོ་དགུ་དེ་སྔ་གནས་ལྔ་པའི་རྫོང་འགོ་ཁག་དྲུག་ཏུ་བགོས་ཏེ་རྫོང་སྡོད་སེར་སྐྱ་ཉིས་སྦྲེལ་རེ་བསྐོ་གཞག་བྱས་ཤིང་། ནག་ཆུ་འདི་བཞིན་དེ་སྔ་གནས་ལྔ་པའི་རྫོང་འགོ་ཆེ་གྲས་ཤིག་ཡིན་རུང་། ཆུ་རྟ་ལོ་ནག་ཚང་ཤན་རྫ་རྫོང་དང་གནམ་རུ་རྫོང་སོགས་བྱང་རིགས་སྡེ་བཞི་དང་། རུ་དྲུག་དཔོན་འགོ། ཧོར་ཚོ་པ་སོ་དགུའི་ཁོངས་རྫོང་ཁག་དྲུག་བཅས་བྱང་རིགས་ཁུལ་གྱི་སྤྱི་འདོམས་བྱང་སྤྱི་ནག་ཆུ་མཁན་རིམ་གཉིས་དང་ལས་བྱ་སེར་སྐྱ་གཉིས་བཅས་བསྐོ་གཞག་གིས་ལས་དོན་གལ་ཆེའི་རིགས་མ་གཏོགས་དེ་བྱིངས་ཞི་དྲག་གི་སྤྱི་འདོམས་བྱང་སྤྱི་མཁན་རིམ་གཉིས་ནས་ཐག་གཅོད་དགོས་པ་ཡིན།

 

༢༽ ལྷོ་སྤྱི།

དེ་ནི་བོད་ས་གནས་སྲིད་གཞུང་སྐབས་ལྷོ་ཁ་ཁུལ་གྱི་ས་གནས་སྲིད་འཛིན་ལས་ཁུངས་སྟེ། ལྷོ་ཁ་སྤྱི་ཁྱབ་ཅེས་གནས་ཡུལ་རྩེད་ཐང་དུ་ཡིན་ཞིང། རབ་བྱུང་བཅོ་ལྔ་པའི་མེ་སྦྲུལ་ (༡༩༡༧) ལོ་ནས་བཟུང་ལྷོ་སྤྱི་མཁན་ཆེ་གཅིག་བསྐོ་གཞག་བྱས་པ་དེའི་ལས་དོན་བྱེད་ཕྱོགས་གཞིས་རྩེ་སྤྱི་རྫོང་དང་འདྲ་མཚུངས་ཡིན་པ་དང། དེའི་མངའ་ཞབས་སུ་སྣེ་གདོང་དང། འཕྱོངས་རྒྱས། གོང་དཀར། དོ་བོ་སེང་གེ །བསམ་ཡས། ཟངས་རི། འོལ་དགའ། མོན་རྟ་དབང་ལ་སོགས་པའི་རྫོང་གཞིས་ཁག་ཡོད།

 

༣༽ དྭགས་ཀོང་སྤྱི་ཁྱབ།

བོད་ས་གནས་སྲིད་གཞུང་དགའ་ལྡན་ཕོ་བྲང་སྐབས་དྭགས་པོ་ས་ཁུལ་དང་། ཀོང་པོ་ས་ཁུལ་གྱི་སྤྱི་ཁྱབ་ཡིན་ཅིང་། དེ་སྔ་ཀོང་པོ་སྤྱི་ཁྱབ་ལས་མེད་ཀྱང་རབ་བྱུང་བཅུ་དྲུག་པའི་ཤིང་ལུག་ (༡༩༥༥) ལོའི་རྗེས་སུ་དྭགས་ཀོང་སྤྱི་ཁྱབ་པ་ཅེས་པར་མིང་བསྒྱུར་ནས་སྤྱི་ཁྱབ་པ་མི་གཅིག་དང་། ལས་ཁུངས་གནས་ཡུལ་ཀོང་པོ་རྩེ་ལྷ་རྫོང་དུ་ཡོད། དེའི་མངའ་ཞབས་ནི་ཀོང་པོ་རྒྱ་མདའ་དང། རྩེ་ལྷ་དང། ཇོ་མོ། སྐུ་རྣམ། རྒྱ་ཚ། གླང་རྫོང་ལ་སོགས་པའི་རྫོང་གཞིས་ཁག་རྣམས་ཡིན།

 

༤༽ མངའ་རིས་སྒར་དཔོན།

དེར་སྒར་དཔོན་མི་གཉིས་ཡོད་པ་དེ་གཉིས་སྒར་རྫོང་ལ་བཅའ་སྡོད་བྱེད་པ་དང་། དེའི་མངའ་ཞབས་པུ་ཧྲེངས་དང་། རྩ་ཧྲེངས། རུ་ཐོག །རྩེ་མཐོང་སྒར་སོགས་རྫོང་ཁག་བཞི་དང་། འབྲོག་ཁུལ་བཅུ་གཉིས་བཅས་ཡོད་པར་སྟོང་དཔོན་དང་བརྒྱ་དཔོན་ཞེས་འགོ་པ་བཙུགས་ཡོད་པ་དེ་དག་མང་ཆེ་བ་ཕ་ཤུལ་བུ་འཛིན་བྱེད། མགོ་དཔོན་ཆེ་གྲས་སུ་གནམ་རུ་དཔོན་དང་། གཙོ་གཙོ་དཔོན། འབྲོང་པ་དཔོན། ཆུ་སྡེ་དཔོན་སོགས་ཡོད།

 

༥༽ གྲོ་མོ་སྤྱི་ཁྱབ།

དེ་ནི་སྔར་བོད་ས་གནས་སྲིད་གཞུང་སྐབས་གྲོ་མོར་བཅའ་སྡོད་ཚོང་དོན་གྱི་སྤྱི་ཁྱབ་ཞིག་ཡིན་ཡང་རྗེས་སུ་དམངས་སྲིད་ཀྱི་ལས་ཀ་ཡང་གཅིག་ལྕོགས་བྱེད། སྤྱི་ཁྱབ་པ་ཤར་གསིང་མར་བཅའ་སྡོད་ཀྱིས་གྲོ་མོ་སྟོད་སྨད་གཉིས་དང་། ཕག་རི་རྫོང་བཅས་ལ་དོ་དམ་བྱེད་ཀྱི་ཡོད་པ་དང༌། གྲོ་མོ་སྤྱི་ཁྱབ་མ་བཙུགས་གོང་གྲོ་མོ་སྟོད་སྨད་གཉིས་ཕག་རི་རྫོང་གི་ཁོངས་གཏོགས་ཡིན།

 

༦༽ ཞོལ་ལས་ཁུངས།

ཕོ་བྲང་པོ་ཏ་ལའི་རི་འདབས་སུ་ཡོད་པའི་ཞོལ་པ་ལས་ཁུངས་ནི། རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ (༡༦༧༥) ལོར་སྡེ་སྲིད་བློ་བཟང་སྦྱིན་པས་བཙུགས་ཤིང་། དེ་ཐོག་མར་ཞོལ་ལྕགས་རི་ཕྱི་ནང་གི་ཁྲིམས་འདོམས་བྱེད་པོ་མི་སྣ་ཁ་ཤས་ལས་མེད་རུང་། དེ་རྗེས་ཉེ་འཁོར་རྫོང་གཞིས་ཁག་བཅོ་བརྒྱད་ཅེས་འབྲས་གླིང་། གྲྭ་བཞི། གླང་རུ། ལྷོ་མོས། ཚལ། བདེ་ཆེན། ཆོས་ལུང་། འབྲོམ་ཐོད། གདོང་དཀར། མཉེས་ཐང་། གནམ། ལྗང་། སྣེའུ། རྣམ་སྒང་། ཤེལ་གྲོང་། སྦྲགས། ཕྲེང་སྒོ། ལུམ་པ་བཅས་ཀྱི་ཁྲལ་བསྡུ་ཁྲིམས་གནོན་དང་། གྱོད་དོན་ཆེ་རིགས་བཀའ་ཤག་ལ་སྙན་སེང་ཞུ་དགོས་པ་ལས། དེ་མིན་རང་ཁོངས་ནས་ཐག་གཅོད་བྱེད་དགོས། དེ་གར་དོ་དམ་པ་གནས་དྲུག་པའི་ལས་ཚན་སེར་མོ་བ་གཅིག་དང་། སྐྱ་བོ་གཉིས་ཡོད་ཐོག །སྐབས་རེ་ལས་འཕར་བསྐོ་སྲོལ་ཡོད་པ་དང་། མཚམས་རེ་དོ་དམ་པ་རིམ་བཞི་སེར་སྐྱས་ཀྱང་འགན་འཁུར་བྱེད་པ་བྱུང་། དོ་དམ་པ་ཚོར་གཞུང་ཡིག་ནང་ཞོལ་གཉེར་ཞེས་འཁོད་པ་དང་། མང་ཚོགས་ཀྱིས་སྡེ་པ་ཞོལ་པ་ཞེས་འབོད། དོ་དམ་པའི་འོག་ཏུ་གཉེར་ཆུང་དྲུང་ཏོག་མི་གཉིས་དང་། ཡོང་བཞེས་ཁང་གཉེར་ (ཡོང་ཁང་ཟེར།) མི་གཅིག །ཞོལ་དྲུང་མི་ཉི་ཤུ་སྐོར། དེའི་འོག་ནང་གཟན་མི་ཉི་ཤུ་རྩ་ལྔ་ཡོད་པར་ཞོལ་པ་ངོ་ལས་ཟེར། དེ་རྣམས་ནས་རྒྱུན་གཏན་ལས་ཁུངས་ཀྱི་ཡོང་འབབ་བསྡུ་གཏོང་ནར་མར་ཞུ་དགོས། ནང་གཟན་རྣམས་ནས་འབབ་བསྡུ་གཏོང་གཤོར་འཇལ་དང་། ནོར་བུ་གླིང་ཁར་བང་ཆེན་དུ་འགྲོ་རྒྱུ། ལས་ཁུངས་རང་ཁོངས་ཀྱི་གཏོང་འབྲུ་རྫོང་གཞིས་ཁག་ནས་འདྲེན་རྒྱུ་དང་། ཚྭ། སོལ་བ་སོགས་བསྡུ་བར་འགྲོ་རྒྱུ། བཙོན་པ་སྲུང་རྒྱུ། ཉེས་ཅན་པར་རྟ་ལྕག་བཞུ་རྒྱུ། ཞོ་སྟོན་སོགས་མཛད་སྒོ་ཁག་ལ་བདེ་འཇགས་ཚང་གཤང་ཞུ་རྒྱུ་སོགས་ཀྱི་བྱེད་སྒོའི་འགོ་པ་ཡོང་ཁང་གིས་བྱེད་ཀྱི་ཡོད།

དེ་བཞིན་ལས་ཁུངས་ཀྱི་སྟེང་ཤོད་སོགས་གད་པ་མི་བརྒྱད་ཡོད་པ་ཁུངས་སོ་སོའི་ས་ཁོངས་ལ་གད་བརྡར་གཙང་སྦྲ་ཞུ་རྒྱུས་མཚོན་ས་གནས་སོ་སོར་མེ་རྐུན་སྲུང་ཆ་ཞུ་དགོས། དེ་མིན་བཅུ་དཔོན་མི་བཞི་ཡོད་པ་རྣམས་ནས་ཞོལ་ལྕགས་རི་ཕྱི་ནང་དང་། ཞོལ་ཁོངས་ཉེ་འཁོར་མང་ཚོགས་གནས་ཡུལ་ཁག་ལ་བརྡ་གཏོང་སྐད་རྒྱག་བྱེད་དགོས་པ་སོགས་ཡིན། ཞོལ་སྐོར་གཟིམ་པ་ཞེས་མི་བཅུ་གཉིས་དང་། ཞལ་ངོ་གཅིག་ཡོད་པ་ཚོས་ཉེ་སྐོར་རྫོང་གཞིས་ཁག་སོགས་ལ་ཞོལ་ལས་ཁུངས་ཀྱི་ཡི་གེ་དང་། དེ་བཞིན་རྩེ་ཤོད་ཁག་གི་ཡི་གེ་སྐྱེལ་རྒྱུ་སོགས་བྱེད་དགོས། ཞོལ་པ་ལས་ཁུངས་ནི་རྩེ་གསོལ་ཐབ་ཏུ་ལྗགས་སྨིན་རྒྱུ་འབྲུ་འབུལ་དམིགས་དང་། མཆོད་རྒྱུན་མི་ཕོགས་སོགས་གཏོང་འགྲོས་ཆེ་བས་རྒྱུ་འབྲུ་བསྡུ་གཏོང་དང་ཁྲིམས་གནོན་བྱེད་རྒྱུ་མ་ཟད། ལྷ་ས་སྐྱིད་ཆུ་རགས་ལ་ཞིབ་བཤེར་ཉམས་གསོ་ཆེ་ཆུང་གང་དགོས་བྱེད་རྒྱུའི་འགན་འཁུར་དང་། རྣམ་ཀུན་འཆར་འཕར་ཞུ་བྱ་སྣེ་མང་ཡོད་པ་ཞིག་རེད།

 

༧༽ གཞིས་ཀ་རྩེ་སྤྱི་རྫོང་།

གཞིས་ཀ་བསམ་འགྲུབ་རྩེ་ནི། དེ་སྔ་གནས་ལྔ་པའི་རྫོང་འགོའི་གྲས་ཤིག་ཡིན་ནའང་། རྗེས་སུ་བོད་རབ་བྱུང་བཅོ་ལྔ་པའི་ཤིང་ཡོས་ (༡༩༡༥) ལོར་གཞིས་རྩེ་སྤྱི་རྫོང་ཞེས་གཙང་ཁུལ་གཞུང་ཁོངས་རྫོང་འགོ་གཞིས་ཁག་སྤྱིའི་འགོ་འདོམས་སུ་མཁན་རིམ་གཉིས་བསྐོ་གཞག་གིས་གཞིས་རྫོང་རང་གི་འཆར་ཅན་ཁྲལ་བསྡུ་ཁྲིམས་གནོན་བྱེད་དགོས་པ་སྨོས་མེད་ཐོག་གཙང་ཁུལ་རྫོང་འགོ་གཞིས་ཁག་སོ་སོའི་གྱོད་དོན་དང་། གཞན་ཡང་ཁྲལ་རིགས་རྒྱུགས་ཕྱོགས་སྐོར་སོགས་རྫོང་སྡོད་སོ་སོས་ཐག་གཅོད་མ་ཐུབ་པའི་རིགས་ཁྲིམས་ས་གོང་མར་ཞུ་གཏུགས་བྱེད་དགོས་པ་བཅས་ཡིན། འོན་ཀྱང་དུས་ཕྱིས་བོད་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་ (༡༩༥༤) ལོར་གཞུང་བླའི་དབར་གྱི་གྲོས་དོན་ལ་གཞིགས་ཏེ་གཞིས་རྩེ་སྤྱི་རྫོང་སྔར་ལམ་རྫོང་དཀྱུས་སུ་བཏང་བ་དང་། གཙང་ཁུལ་གཞུང་ཁོངས་རྫོང་གཞིས་ཁག་གི་སྤྱི་ཁྱབ་ཏུ་གཙང་སྤྱི་རིམ་བཞི་སྨིན་གླིང་པ་བསྐོ་གཞག་བྱས་ཡོད།

 

༨༽ མདོ་སྨད་སྤྱི་ཁྱབ།

རབ་བྱུང་བཅོ་ལྔ་པའི་ཆུ་གླང་ (༡༩༡༣) ལོར་ལུའུ་ཅུན་རྒྱ་དམག་བོད་ས་ནས་ཕྱིར་འབུད་བྱས་རྗེས་མདོ་སྨད་ཁུལ་གྱི་ཞི་དྲག་སྤྱི་འདོམས་བཀའ་བློན་བླ་མ་བྱམས་པ་བསྟན་དར་ངོ་ལས་བསྐོ་གཞག་གིས་ཆབ་མདོ་ས་གནས་སུ་བཀའ་ཤག་སྤྱི་ཁྱབ་ལས་ཁུངས་དངོས་སུ་བཙུགས་ཤིང། དེར་ལས་བྱ་རིམ་བཞི་སེར་སྐྱ་གཉིས་དང། ཕོགས་དཔོན་མཁན་རིམ་གཉིས། མགྲོན་ལས་རིམ་གཉིས། བཀའ་དྲུང་གཅིག།།བཀའ་མགྲོན་གཅིག།།གཟིམ་འགག་གཅིག།།ལས་བྱ་དཀྱུས་མ་རྩེ་ཤོད་སེར་སྐྱ་བཅུ་སྐོར་བཅས་ཡོད། རྫོང་འགོ་གཞིས་སྡོད་བཅས་ཀྱི་མི་འགྲོ་བོད་ས་གནས་སྲིད་གཞུང་ནས་བསྐོ་གཞག་བྱས་རུང། ས་སྲུང་འགོ་དམག་ས་གནས་གང་དུ་བཅའ་སྡོད་དགོས་མིན་མདོ་སྤྱི་ནས་ཐག་གཅོད་གནང་རྒྱུ་དང། རྫོང་གཞིས་སོ་སོའི་ཁྲལ་བསྡུ་ཁྲིམས་འདོམས་བྱེད་ཕྱོགས། འཆར་འཕར་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་ཉེ་རྒྱང་མི་སྙོམས་པའི་རིགས་ལ་ས་མིའི་ཞིབ་གཅོད། དམག་ཕོགས་འདུ་འགོད། ས་འགག་ཁག་ཏུ་ཇ་ཚྭ་སྤུ་བལ། པགས་རིགས། སྨན་རྫས་ལ་སོགས་པའི་ཤོ་ཁྲལ་བསྡུ་དམ་བསྐོ་གཏོང་བཅས་མདོར་ན་ཁུལ་དེའི་ཞི་དྲག་བྱེད་སྒོའི་ནང་ནས་ས་མཚམས་ཐོབ་ཤོར་གྱི་རྩོད་བསྙད་ཡོ་ལང་རིགས་བོད་ས་གནས་སྲིད་གཞུང་ལ་དགོངས་སྐོར་དགོས་པ་ལས། དེ་བྱིངས་མདོ་སྤྱི་རང་ནས་ཐག་གཅོད་བྱས་ཆོག་པ་བཅས་རེད།

 

༡) ཆབ་མདོ་བཀའ་ཤག

བོད་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་ (༡༩༢༢) ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་གསར་འཛུགས་གནང་རྗེས་ཆབ་མདོ་དགོན་གྱི་ཕྱག་རྡོར་གྲྭ་ཚང་གི་ཡང་སྟེང་དུ་ལས་ཁུངས་བཙུགས་ཤིང་། ས་བྱི་ (༡༩༤༨) ལོར་ཆབ་མདོ་སྲིད་ཐོག་ཐང་ཞེས་པར་ཁང་པ་གསར་སྐྲུན་གྱིས་གནས་སྤོ་བྱས། ལས་ཁུངས་འདིར་ཡོངས་གྲགས་སུ་མདོ་སྨད་སྤྱི་ཁྱབ་ཅེས་འབོད་ཅིང་། མདོ་སྤྱི་ཐོག་མ་བཀའ་བློན་བླ་མ་བྱམས་པ་བསྟན་དར་ནས་ང་ཕོད་བར་བཀའ་བློན་དང་ཛ་སག་སོགས་རིམ་པ་བཅུ་ཙམ་རིམ་པར་འགྲོ་སྐྱོད་འཕོ་ལེན་བྱས། མདོ་སྤྱིས་མདོ་སྨད་རྫོང་ཁག་ཉི་ཤུ་རྩ་གཉིས་ཙམ་གྱི་ས་ཁུལ་དུ་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་བཅས་ཕྱོགས་གང་ཅིའི་ལས་དོན་ལ་ཁྱབ་འདོམས་བྱས་ཡོད། ལས་ཁུངས་འདིར་སྤྱི་ཁྱབ་བཀའ་བློན་གྱིས་གཙོ་བོ་བྱེད་པའི་འོག་ལས་བྱ་མགྲོན་དྲུང་གཉིས་དང་། གཟིམ་འགག་གཅིག །དེ་མིན་ལས་བྱ་མཁན་ཆེ་གཅིག་དང་། མཁན་རིམ་གཉིས། གར་དགོས་སེར་སྐྱ་བཅོ་ལྔ་སྐོར་ཡོད་པ་བཅས་ལས་ཁུངས་དང་གོ་མིང་རྒྱབ་འཁུར་གྱི་མི་སྣ་སོ་སོའི་འགན་དབང་སྤྱོད་ཕྱོགས་ནི་ལྷ་ས་བཀའ་ཤག་དང་གཅིག་མཚུངས་ཡིན།

 

༢) སྡེ་དགེ་སྤྱི་ཁྱབ།

རབ་བྱུང་བཅོ་ལྔ་པའི་ཤིང་སྟག་ (༡༩༢༤) ལོར་མདོ་སྤྱི་བཀའ་བླ་བྱམས་པ་བསྟན་དར་ནས་མདོ་སྨད་ཁུལ་ས་སྲུང་འགོ་དམག་ཁག་བགོས་ཀྱིས་གཏོང་གནང་མཛད་ཁོངས་སྡེ་དགེ་ཁུལ་དུ་དམིགས་བསལ་སྤྱི་ཁྱབ་ཟུར་དུ་མ་དགོས་པ་རྣམ་ཀུན་ཁྲིམས་འདོམས་བྱེད་སྒོ་ས་སྲུང་མདའ་དཔོན་ནས་གཅིག་ལྕོགས་ཀྱིས་ས་མཚམས་དང་། གཞན་ཡང་བྱེད་དོན་ཆེ་གྲས་མདོ་སྤྱིར་སྙན་སེང་ཞུ་དགོས་པ་ལས། དེ་བྱིངས་ས་སྲུང་མདའ་དཔོན་ནས་ཐག་གཅོད་བྱ་རྒྱུའི་སྲོལ་འཛུགས་ལྟར་ལམ་བྱང་དུ་གྱུར་པ་རེད།

 

དུང་དཀར་ཚིག་མཛོད་ཆེན་མོ་ལས་ཟུང་འདོན་ཞུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།