ཉེར་བཞི། རྣམ་རྒྱལ་གྲྭ་ཚང་གི་བྱུང་རབས་ལོ་རྒྱུས།
ཀ༽ ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་སྐུུ་དུས་ཀྱི་ལོ་རྒྱུས།
བདུད་བཞིའི་གཡུལ་ལས་རྣམ༵་པར༵་རྒྱལ༵་བ༵་ཡི། །
འགྱུར་མེད་ཀུན་ཕན༵་བདེ༵་བ་མཆོག་གི་སར། །
མྱུར་བགྲོད་ལེགས༵་ལམ་སྙིང་པོ་བཤད༵་སྒྲུབ་ཀྱིས། །
འཛིན་མཁས་ཁྲིམས་ལྡན་རིག་འཛིན་འདུས་པའི་གླིང༵༌། །
དེ་ཡང་བོད་གངས་ཅན་ལྗོངས་ཀྱི་ལྷ་གཅིག་འཕགས་མཆོག་ཕྱག་ན་པདྨོ་སྐུ་ཕྲེང་རིམ་བྱོན་རྣམས་ཀྱི་འཕྲིན་ལས་དང༌། ཐུགས་རྗེའི་ཞོ་ཤས་ལེགས་པར་བསྐྱངས་པའི་ཐུན་མོང་མ་ཡིན་པའི་སྐུའི་གམ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་ངམ། རྣམ་རྒྱལ་གྲྭ་ཚང་ཞེས་མཚན་སྙན་གྱི་གྲགས་པ་ཕྱོགས་ཀྱི་བུ་མོའི་མཐའ་གྲུར་ཁྱབ་པའི་རིག་འཛིན་འདུས་པའི་སྡེ་ཆེན་པོ་འདི་ཉིད་ནི། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་ལས། འཕགས་ཡུལ་སོ་དྲུག་གངས་རིའི་ཆོས་རྒྱལ་བཅུ། །པཎ་གྲུབ་བཅུ་བདུན་༸རྒྱལ་མཆོག་རིམ་བྱོན་སོགས། །སྐུ་ཕྲེང་གསེར་རིའི་ཕྲེང་བ་ཚར་དུ་དངར། །ཞེས་གསུངས་པ་ལྟར་འཕགས་པ་སྤྱན་རས་གཟིགས་མི་ཡི་རྣམ་པར་བྱོན་པ་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་ལས། ༸རྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་མཆོག་གིས་ཐོག་མར་གསར་བཙུགས་ཕྱག་འདེབས་མཛད་པ་ཞིག་ཡིན།
དེ་ཡང་༸རྒྱལ་དབང་དགེ་འདུན་རྒྱ་མཚོ་མཆོག་དཔལ་ལྡན་འབྲས་སྤུངས་སུ་གསན་བསམ་འགྲོ་དོན་གནང་ནས་བཞུགས་སྐབས་རྗེ་དགེ་འདུན་གྲུབ་ཀྱི་ཐུགས་སྲས་རྭ་བ་སྟོད་པའི་མཁན་པོ་པཎ་ཆེན་ཕྱོགས་ལྷ་འོད་ཟེར་འཕྱོངས་རྒྱས་རི་བོ་བདེ་ཆེན་གྱི་མཁན་པོའི་མཛད་འཁུར་བཞེས་ནས་ཐུགས་དམ་ཉམས་བཞེས་མཛད་སྐབས། རྗེ་འདིའི་སྙན་པ་གསན་ནས་རྗེ་དགེ་འདུན་གྲུབ་ཀྱི་བཀའ་དྲིན་བསབ་པའི་ཕྱིར་སྤྲུལ་པའི་སྐུ་འདིའི་འཕྲིན་ལས་རྒྱ་ཆེར་སྤེལ་བར་བྱའོ་སྙམ་དུ་དགོངས་ནས་རྗེ་འདི་ལྷོ་ཁའི་ཕྱོགས་སུ་སྤྱན་དྲངས་བཀུར་སྟི་ཕུལ་དུ་བྱུང་བ་མཛད་པ་མ་ཟད། ཇ་མཆོད་འདྲེན་པ་མཉམ་མེད་སོགས་ཀྱང་ལྗགས་རྩོམ་མཛད་པས་གསུང་གི་བདུད་རྩི་ཡང་ཡང་མྱངས་ཤིང༌། འབུལ་བ་བསམ་གྱིས་མི་ཁྱབ་པ་མཛད་དེ་པཎ་ཆེན་རིན་པོ་ཆེས་ཞབས་སྤྱི་བོར་བླངས། དེ་ལྟའི་འགྲོ་དོན་སྐྱོང་སྐབས་དྭགས་པོ་གྲྭ་ཚང་གི་མཁན་པོ་བྱང་སེམས་ཆོས་དཔལ་བས་༸རྒྱལ་དབང་དགེ་འདུན་རྒྱ་མཚོའི་མཚན་གྱི་སྙན་པ་རྒྱང་ནས་གསན་པས་ངོ་བཅར་གྱིས་རྗེ་དགེ་འདུན་རྒྱ་མཚོ་དྭགས་པོའི་ཁུལ་དུ་གདན་ཞུའི་གསོལ་འདེབས་ཞུས་པར་ཞལ་གྱིས་བཞེས་ཏེ་དྭགས་པོའི་ཁུལ་དུ་ཆིབས་བསྒྱུར་གནང་སྟེ་དྲང་ངེས་ལེགས་བཤད་སྙིང་པོ་སོགས་ཀྱི་བཀའ་ཆོས་ཀྱང་སྩལ། དྭགས་པོ་གྲྭ་ཚང་ལ་གཞིས་པ་དང་བྱེས་པ་ཞེས་ཁག་གཉིས་ཡོད་པ་ལས། གཞིས་པས་གཞིས་སུ་བཞུགས་ནས་འགྲོ་དོན་ཕྱག་ལས་གནང་བ་དང༌། བྱེས་པས་ཕྱོགས་མཚམས་སུ་ཕེབས་ནས་སློབ་གཉེར་གནང་བ་བཅས་ཀྱི་སྡེ་ཁག་གཉིས་ཡོད་པས། བྱེས་པ་གྲྭ་ཚང་དེ་ཉིད་སྐབས་དེར་བྱང་སེམས་ཆོས་དཔལ་བས་༸རྒྱལ་དབང་དགེ་འདུན་རྒྱ་མཚོར་ཕུལ་ཏེ་དགྱེས་བཞེས་རྗེས་འཛིན་ཅིས་ཀྱང་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་པ་བཞིན་དགྱེས་བཞེས་མཛད་དེ་༸རྒྱལ་དབང་མཆོག་ནས་དྭགས་པོ་གྲྭ་ཚང་གི་མཁན་པོའི་མཚན་བཞེས་སོགས་ཀྱང་གནང༌།
དེ་ཡང་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལྟར་ན། དེ་རྗེས་༸རྒྱལ་དབང་མཆོག་ནས་བཀའ་གདམས་གླེགས་བམ་ལས་ལུང་བསྟན་པ་ལྟར། དཔའ་བོ་མཁའ་འགྲོ་སྤྲིན་བཞིན་འདུ་བའི་གནས་སྦས་པའི་ཡུལ་དང་དཔལ་ལྡན་དམག་ཟོར་མའི་བླ་མཚོ་མཇལ་བར་ཕེབས། དེ་ལྟ་བུའི་གནས་ངོ་མཚར་ཅན་དེར་ཞབས་ཀྱིས་བཅགས། ཡར་ངོའི་གསོ་སྦྱོང་ཞིག་དང་འགྲིག་ནས་གསོ་སྦྱོང་ཡང་དེར་མཛད། ཡུལ་ལྷ་དང་གཞི་བདག་རྣམས་ལ་ཆོས་ཀྱང་གསུངས་ཤིང་དམ་ལ་བཞག་པར་མཛད། དེ་ནས་ས་མོ་སྦྲུལ་ལོ་སྣྲོན་གྱི་ཟླ་བའི་དཀར་ཕྱོགས་ཀྱི་གཟའ་སྐར་དང་འཕྲོད་སྦྱོར་ཕུན་སུམ་ཚོགས་པ་ལ་ལག་གི་བླ་བསྐོ་བ་དང༌། ལྟོ་འཕྱེའི་ཐིག་འདེབས་པ་དང༌། རྡོ་བ་བཏེག་པའི་མཐའ་ལས་བྱུང་བའི་རུང་ཁང་གཅོད་པ་སོགས་སྔགས་མཚན་ཉིད་ཀྱི་ཕྱག་ལེན་རྒྱུད་སྡེ་དང་འདུལ་བ་ནས་བཤད་པ་བཞིན་གྱི་རྣམ་པར་དག་པ་ལ་བརྟེན་པའི་ལྟེ་བ་དེ་ཉིད་དུ་གཙུག་ལག་ཁང་དངོས་གཞི་ཀ་ཆེན་བདུན་ཅུ། གཙང་ཁང་ལ་ཀ་ཆེན་བརྒྱད། སྒོ་ཁང་ལ་ཀ་ཆེན་བཞི། ཡོངས་སུ་དྲིལ་བས་ཀ་ཆེན་བརྒྱད་ཅུ་གྱ་གཉིས་ཀྱི་འགྲམ་བཏིང་སྟེ། ཐོག་མར་དགེ་འདུན་དར་ཞེས་པ་གཅིག་གིས་འགྲམ་བྲུས་པའི་འོག་ནས་རྡོའི་དུང་གཡས་འཁྱིལ་རང་བྱུང་ཞིག་དང༌། རྡོ་པད་འདབ་ཅན་བཞི་ཐོན་བྱུང་བས་དེའི་མེ་ཏོག་གི་ཆར་ཆེན་པོ་ཡང་བབས། དེ་ནས་རྒྱལ་ལེགས་བཤད་སྒྲོག་པའི་དགའ་ལྡན་བཀྲ་ཤིས་ལྷུན་གྱིས་གྲུབ་པའི་གནས་ཆེན་འདི་ཉིད་བསྟན་པའི་སྣང་བྱེད་དུ་ནི་བཞེངས། མཐའ་འཁོབ་ཀྱི་འགྲོ་བ་མ་ལུས་པ་ནི་སྨིན་གྲོལ་གྱི་ལམ་ལ་བཀོད་དོ་ཞེས་གསལ་བ་ལྟར།
༸རྒྱལ་དབང་མཆོག་གི་བླ་ན་མེད་པའི་བཞེད་དགོངས་ལྟར་རྒྱ་ཚ་རྫོང་ནས་རྟ་ཕོའི་ཉིན་ལམ་གཅིག་གི་སར་ཆོས་འཁོར་རྒྱལ་ལེགས་བཤད་སྒྲོག་པའི་དགའ་ཚལ་ཕྱག་འདེབས་པར་ཆིབས་བསྒྱུར་གནང་སྐབས། ཕན་བདེ་དགོན་དུ་མ་སླེབས་ཀྱི་ལམ་བར་གླ་བ་ནག་པོ་ཞེས་པའི་ཤིང་སྡོང་ཆེན་པོ་ཞིག་ཡོད་པའི་ཉེ་འཁྲིས་སུ་ཕན་བདེ་དགོན་གྱི་སྐུ་ཞབས་རྣམས་དང་མཇལ་འཕྲད་ཀྱིས་སྐུ་ཞབས་རྣམས་ལ་གང་འགྲོ་ཅི་བྱེད་སོགས་ཀྱི་བཀའ་མོལ་བྱུང་ས་དེ་ཡིན་པར་གྲགས་ལ། ཕན་དགེ་དགོན་ཆགས་ཡུལ་གྱི་ཡུལ་དེར་ཕན་བདེ་ཞེས་དང༌། དགོན་པའི་མཚན་ལའང་ཕན་བདེ་དགོན་ཞེས་མཚན་ཐོགས་པ་དང༌། དགོན་པའི་ཉེ་འཁྲིས་སུ་ཡོད་པའི་ཟམ་པར་ཡང་ཕན་བདེ་ཟམ་པ་ཞེས་པའི་མིང་ཐོགས་པ་དེང་སྐབས་ཀྱང་དེ་ལྟར་འབོད་མུས་ཡིན་འདུག
དེ་ཡང་༸གོང་ས་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་རྒྱུན་ལྟར་ན། དེ་སྔ་བཀའ་གདམས་པའི་དགོན་རྙིང་ཕན་བདེ་དགོན་ཞེས་པ་དེར་འདུས་པ་རྣམས་གློ་བུར་ནད་ཀྱི་ཉེར་འཚེས་དགེ་འདུན་བརྒྱད་གྲྭ་གཅིག་མ་གཏོགས་དུས་ཀྱི་ཆོས་ཉིད་དུ་གྱུར་ནས་ཤུལ་ལུས་རྣམས་ཡིད་ཕྱུང་སྟེ། ངེས་མེད་ཀྱི་གནས་ཆེན་རྣམས་སུ་ཕྱག་མཆོད་བསྔོ་སྨོན་གྱི་འབྲེལ་བ་གདགས་ཕྱིར་རང་གི་བསྟི་གནས་སུ་བསྐྱོད་པ་དང༌། ༸རྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་མཆོག་སྦས་ཡུལ་དཀར་མོ་ལྗོངས་ཀྱི་གནས་སྒོ་འབྱེད་པར་ཆིབས་བསྐྱོད་སྐབས་ཁོང་རྣམས་ལམ་བར་མཇལ་ཏེ་གང་ནས་འོངས་ཀྱི་བཀའ་འདྲི་སྩལ་བར་རྒྱུ་མཚན་ཞིབ་པར་གསོལ་བས། དགོན་པའི་མཚན་སྒྲ་ཕན་བདེ་ཞེས་པ་རྒྱལ་བའི་བསྟན་པ་རིན་པོ་ཆེར་ཕན་ཞིང༌། འགྲོ་བ་སེམས་ཅན་རྣམས་ལ་བདེ་བ་དང༌། དེ་བཞིན་གནས་སྐབས་ཕན་པ་དང་མཐར་ཐུག་བདེ་བའི་ཞབས་རིམ་དུ་འགྱུར་བར་དགོངས་ནས་ཁྱེད་རྣམས་གནས་ངེས་མེད་དུ་བསྐྱོད་པ་ལས། ངེད་ཀྱི་ཕྱིར་འགྲོ་ན་ཞེས་བཀའ་སྩལ་དང་ལེན་ཞུས་ནས་༸རྒྱལ་བའི་སྐུ་ལ་འབྲལ་མེད་དུ་བཅར་ནས་རྗེས་སུ་བཟུང་སྟེ་དུས་དེ་ནས་བཟུང་༸རྒྱལ་བའི་སྐུ་བཅར་གྱི་ཞབས་ཞུའི་གྲྭ་ཚང་དུ་གྱུར་པར་གསུངས།
སྐབས་དེར་ཕན་བདེ་དགོན་དུ་ནད་ཡམས་ཀྱི་དབང་ལས་དགེ་འདུན་པ་མང་དུ་ཡོད་པ་ལས་བཞི་གྲྭ་གཅིག་ལས་མ་ལྷག་པར་འདུས་མིན་རྐྱེན་འདས་སུ་སོང༌། ལྷག་ལུས་བཞི་གྲྭ་གཅིག་ནས་གཉིས་ཀོང་པོའི་ཕྱོགས་སུ་བསྐྱོད་ཅིང༌། དེ་འཕྲོས་གཉིས་པོ་ཀོང་ཡུལ་དུ་བསྐྱོད་འདོད་མ་བྱུང་བར་འོལ་ཁའི་ཕྱོགས་སུ་རྗེ་བདག་ཉིད་ཆེན་པོས་ཕྱག་འདེབས་མཛད་པའི་དགོན་སྡེ་མང་དུ་ཡོད་པའི་ཁྲོད་ནས་དགོན་པ་གང་རུང་ཞིག་དང་སྦྱར་ནས་འཚོ་ཐབས་བྱ་འདོད་ཀྱིས་ཕན་བདེ་དགོན་གྱི་སྐུ་ཆས་གང་འཚམས་ཤིག་བོང་བུ་དང་བ་གླང་སོགས་ལ་བཀལ་ཞིང༌། དགེ་འདུན་པ་རྣམ་གཉིས་ནས་སྒལ་པར་གང་འཁྱོག་བསྣམས་ནས་ཕེབས་སྐབས་གླ་བ་ནག་པོ་ཞེས་པའི་ཤིང་སྡོང་གི་ཉེ་འཁྲིས་སུ་འབྱོར་སྐབས་གནས་དེར་༸རྒྱལ་དབང་དགེ་འདུན་རྒྱ་མཚོ་མཆོག་དང་མཇལ་འཕྲད་བྱུང་སྟེ། སྐབས་དེར་གནས་ཚུལ་ཞིབ་ཕྲ་སྙན་དུ་སྒྲོན་སྐབས། ༸རྒྱལ་དབང་དགེ་འདུན་རྒྱ་མཚོས་ཁྱེད་གཉིས་ཀྱི་དགོན་པའི་མིང་ཕན་བདེ་ཞེས་པའི་མཚན་སྒྲ་ཤིན་ཏུ་ལེགས་ཤིང༌། གཞན་ལ་ཕན་པ་དང་བདེ་བ་བསྒྲུབ་རྒྱུ་ནི་ངོས་ཀྱི་སྒྲུབ་བྱའི་ལས་འགན་གཙོ་བོ་ཡིན་པས། དེར་བརྟེན་ངོས་ནས་རྒྱ་ཚ་རྫོང་ཁོངས་སུ་དགོན་པ་ཞིག་གསར་དུ་འདེབས་འཆར་ལྟར་ཁྱེད་གཉིས་ངོས་དང་ཆབས་ཅིག་ཡོང་ན་དགོན་དེར་བསྡད་ཆོག་གི་རེད་ཅེས་པའི་བཀའ་སྩལ་ཅི་གསུང་དང་དུ་བླངས་ཏེ་༸རྒྱལ་དབང་མཆོག་གི་ཕེབས་རྗེས་སུ་འབྲངས། སྐབས་དེའི་ཕྱག་རོགས་སུ་དྭགས་པོ་གྲྭ་ཚང་ནས་དགེ་བཤེས་བཅུ་མཉམ་འཁྲིད་མཛད་པ་དང༌། ལྷག་པར་ཕན་བདེ་དགོན་གྱི་དགེ་འདུན་པ་རྣམ་གཉིས་བཅས་ནས་དབུ་འོག་དཔུང་འདེགས་ཀྱིས་ཕྱག་རོགས་ཧུར་བསྐྱེད་ཞུས་ཏེ་ཕྱི་ལོ་ ༡༥༠༩ ལོར་༸རྒྱལ་དབང་དགེ་འདུན་རྒྱ་མཚོ་མཆོག་གིས་ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་ཕྱག་བཏབ་པ་དང༌། ཕྱི་ལོ་ ༡༥༡༡ ལོར་ལྷ་མོའི་བླ་མཚོའི་གནས་སྒོ་འབྱེད་པར་མཛད།
ཆོས་འཁོར་རྒྱལ་གྱི་གནས་གཞི་བསྐྱོན་སྐབས་གང་ཅིའི་མཐུན་རྐྱེན་སླད་འབུལ་སྡུད་ཀྱི་ཚུལ་དུ་སློབ་མ་ཁག་ལ་ཕྱག་བྲིས་དང་ལྗགས་ལན་བསྐུར་བ་སོགས་གནང༌། སྐབས་དེར་སླེ་ལུང་བཞད་པའི་རྡོ་རྗེ་སྐུ་ཕྲེང་དང་པོ་དགེ་འདུན་བཀྲ་ཤིས་ཆབ་མདོ་བྱམས་པ་གླིང་གི་མཁན་པོ་གནང་བཞིན་པས། ༸རྒྱལ་དབང་དགེ་འདུན་རྒྱ་མཚོས་ཆོས་འཁོར་རྒྱལ་དུ་རྟེན་གཞི་གསར་བཞེངས་དང༌། ལྷག་པར་རྒྱལ་བ་བྱམས་པ་མགོན་པོ་ཁྲུ་སོ་དྲུག་ཅན་ཞིག་བཞེངས་སྐྲུན་གནང་འཆར་གྱི་བཀའ་ཡིག་འབྱོར་སྐབས། བྱམས་མགོན་གསར་བཞེངས་ཀྱི་སྐུ་རྒྱུའི་ཟངས་ཤོག་རྣམས་རྗེ་དགེ་འདུན་བཀྲ་ཤིས་ཀྱིས་འབུལ་ལམ་ཞུས་ཤིང༌། སྐབས་དེ་དག་ཏུ་༸རྒྱལ་དབང་མཆོག་གི་ཕྱག་རོགས་ཞབས་ཞུ་གཙོ་བོ་ཕན་བདེ་དགོན་གྱི་དགེ་འདུན་པ་གཉིས་ཀྱིས་གནང་བ་མ་ཟད། ༸རྒྱལ་དབང་མཆོག་གང་དུ་ཕེབས་བཞུགས་གནང་ཡང་ཤག་ཚང་གཅིག་ལྟར་ལྷན་བཅར་མཉམ་བཞུགས་ཐོག་ལྷག་བསམ་ཧུར་བསྐྱེད་ཀྱིས་ཞབས་ཞུ་བསྒྲུབས། ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་ལེ་ལག་དང་བཅས་པ་གསར་བཞེངས་སོགས་དེ་ལྟ་བུའི་ཚུལ་གྱིས་རྣམ་དཀར་གྱི་མཛད་པས་གངས་ཅན་གྱི་སའི་ཁྱོན་ཕལ་ཆེར་ཞབས་ཀྱིས་བཅགས་ཏེ་འགྲོ་བ་མཐའ་དག་ལ་ཐུགས་རྗེའི་འཕྲིན་ལས་ཀྱི་མཐུས་ཕན་བདེས་ཁྱབ་པར་མཛད་པའི་སྐལ་བཟང་གི་སྐྱེ་བོ་མཐའ་ཡས་པ་དག་དང༌། ཐ་ན་མཚན་ཙམ་འཛིན་པའི་ཕྱོགས་མཐའི་འགྲོ་བ་གྲངས་ལས་འདས་པ་དག་ཀྱང་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་འདྲེན་པར་བཞེད་པའི་ཐུགས་རྗེ་ཆེན་པོས་ཀུན་ནས་བསྐྱོད་དེ་ཆོས་འཁོར་རྒྱལ་ལེགས་བཤད་སྒྲོག་པའི་དགའ་ཚལ་བཀྲ་ཤིས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱལ་བ་མི་ཕམ་པའི་སྐུ་ཞིག་བཞེངས་པར་དགོངས་ནས། ལུག་གི་ལོ་དཔོན་སློབ་ཆོས་འཁོར་རྒྱལ་དུ་ཕེབས་ནས་བལ་པོའི་དཔོན་མོ་ཆེ་མཁས་པ་ཉི་མ་དཔལ་གྱིས་ཐོག་དྲངས་སྤྲུལ་པའི་བཟོ་བོ་དཔོན་སློབ་བདུན་འཁོར་གཡོག་དང་བཅས་པས་དེའི་ལོ་ཆུ་སྟོད་ཟླ་བ་ཉིས་བརྩེགས་བྱུང་བའི་དྲུག་པ་སྔ་མའི་ཚེས་བཅུ་གསུམ་གྱི་གཟའ་སྐར་དང་འཕྲོད་སྦྱོར་ཕུན་སུམ་ཚོགས་པ་ལ་རྗེ་བཙུན་མི་ཕམ་པའི་སྐུ་རྒྱབ་མཐོ་དྲུག་ཅུའི་ཚད་དང་ལྡན་པ་ཞིག་བཞེངས།
དེ་ཡང་ཆོས་འཁོར་རྒྱལ་གྱི་རྩ་བའི་བཀོད་དབྱིབས་རྒྱལ་མཚན་དང་མཚུངས་པར་ཕྱོགས་བཞི་མཚམས་བརྒྱད་སོ་སོར་དྭགས་པོ་སྤྱི་ཁང་དང༌། མངའ་རིས་སྤྱི་ཁང༌། ཕན་བདེ་གླིང་སྤྱི་ཁང་ངམ་ལེགས་བཤད་གླིང་སྤྱི་ཁང༌། སྒར་པ་སྤྱི་ཁང་སོགས་ཆ་ཚང་གསར་བཞེངས་གནང༌། རྒྱལ་དུ་དགེ་འདུན་བརྒྱ་ཕྲག་མང་པོ་འཚོགས་པ་ལ་ཆོས་འཁོར་བཙུགས། དེ་ནས་བཟུང་སྟེ་ལོ་རེ་བཞིན་དགུན་དཔྱིད་གཉིས་དཔལ་ལྡན་འབྲས་སྤུངས་སུ་བཞུགས། དབྱར་སྟོན་གཉིས་ཆོས་འཁོར་རྒྱལ་དུ་བཞུགས་ནས་རྒྱལ་བའི་བསྟན་པ་རྒྱ་ཆེར་སྤེལ་བར་མཛད་ཀྱང་ཕན་བདེ་དགོན་གྱི་དགེ་འདུན་པ་དེ་དག་ལྷན་བཅར་གྱིས་༸རྒྱལ་དབང་མཆོག་གི་ཞབས་ཞུ་ལེགས་བསྒྲུབས་གནང་སྟེ་བཞུགས་སྐབས། ༸རྒྱལ་དབང་མཆོག་དང་དོད་གཅིག་ཤག་ཚང་ལྟ་བུར་གྱུར་པས། ༸རྒྱལ་བའི་ཞབས་ཞུས་མཚོན་ཕྱག་ལས་ཁག་ཕན་བདེ་དགོན་གྱི་དགེ་འདུན་པ་རྣམ་གཉིས་བཅས་ནས་གནང་བས་ཆོས་འཁོར་རྒྱལ་གྱི་གླིང་ནང་ཕན་བདེ་གླིང་སྤྱི་ཁང་ངམ་ལེགས་བཤད་གླིང་སྤྱི་ཁང་དང་བཅས་པ་ཆ་ཚང་སྤྱི་མཚུངས་གསར་བསྐྲུན་གནང་ཡོད་པས་ཆོས་འཁོར་རྒྱལ་དང༌། དྭགས་པོ་གྲྭ་ཚང་གི་དགེ་འདུན་པ་བགྲེས་གྲས་རྣམས་ཀྱི་ཁྲོད་དུ་ཡོངས་གྲགས་ཆོས་འཁོར་རྒྱལ་དུ་ཕན་བདེ་ལེགས་བཤད་གླིང་དང༌། དྭགས་པོ་གྲྭ་ཚང༌། སྒར་པ་གྲྭ་ཚང༌། ཆོས་འཁོར་རྒྱལ། མངའ་རིས་གྲྭ་ཚང་བཅས་ཁྱོན་གྲྭ་ཚང་ལྔ་ཡོད་པར་གསུངས་པས། དེ་དག་ལ་ཞིབ་ཏུ་བརྟགས་ན་ཕན་བདེ་དགོན་ཞེས་པ་སྔར་ནས་དགོན་མིང་ཡོད་མུས་ཐོག་ལེགས་བཤད་གླིང་ཞེས་པ་༸རྒྱལ་དབང་དགེ་འདུན་རྒྱ་མཚོས་མཚན་གསོལ་གནང་སྟེ་ལེགས་བཤད་གླིང་སྤྱི་ཁང་ཞེས་བྱུང་བ་ཡིན་ཞེས་གསུང་སྲོལ་ཡོད།
ཕན་བདེ་དགོན་གྱི་དགེ་འདུན་པ་རྣམས་དཔལ་ལྡན་འབྲས་སྤུངས་སུ་༸རྒྱལ་བའི་སྐུ་བཅར་ཞབས་ཞུར་གཏན་བཞུགས་གནང་རྒྱུ་ཐུགས་གཏན་གཙང་འཁེལ་བྱུང་སྟེ། ༸རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གིས་དཔལ་ལྡན་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་ཉེ་འཁྲིས་སུ་སྐུ་བཅར་སྐུ་ཞབས་རྣམས་ཀྱི་བཞུགས་གནས་རྟེན་གཞིར་གསང་སྔགས་ཕོ་བྲང་གསར་བཞེངས་གནང་སྟེ། ཕན་བདེ་ལེགས་བཤད་གླིང་ཞེས་ཡོངས་གྲགས་མཚན་གསོལ་གནང་བས། དེ་ནས་བཟུང་ཆོས་འཁོར་རྒྱལ་གཙུག་ལག་ཁང་གི་ལེགས་བཤད་གླིང་གི་སྤྱི་ཁང་དེ་ཉིད་ཆོས་འཁོར་རྒྱལ་གྱི་མཁན་པོའི་གཟིམ་ཤག་ཏུ་གསོལ་སྩལ་གནང་བ་ཞིག་མིན་ནམ་སྙམ། བོད་གངས་ཅན་གྱི་ལྗོངས་སུ་དུས་འགྱུར་མི་ཟད་པ་མ་བྱུང་བར་ལེགས་བཤད་གླིང་སྤྱི་ཁང་དེ་མཁན་པོའི་གཟིམ་ཤག་ཏུ་ངོས་འཛིན་གནང་སྲོལ་ཡོད་ལ། རིག་གནས་གསར་བརྗེའི་སྐབས་ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་གྱང་རོ་ཙམ་ལས་རྩ་གཏོར་དུ་སོང་བ་དུས་ཕྱིས་ཉམས་གསོ་གནང་སྐབས་ཀྱང་རྟེན་འབྲེལ་གྱི་རྩ་བར་དགོངས་ཏེ་ཐོག་མར་ལེགས་བཤད་གླིང་སྤྱི་ཁང་ཞེས་མཁན་པོའི་བཞུགས་ཤག་ནས་དབུ་འཛུགས་གནང་སྟེ་ཉམས་གསོ་གནང་ཡོད་འདུག དེ་ལྟར་གྲྭ་ཚང་རིན་པོ་ཆེ་འདི་ཉིད་ཀྱི་མཚན་ཕན་བདེ་ལེགས་བཤད་གླིང་ཞེས་པ་འདི་ཉིད་༸རྒྱལ་མཆོག་སྐུ་ཕྲེང་གཉིས་པའི་སྐུ་དུས་ནས་བྱུང་བ་རྟོགས་ཐུབ་བོ།།
༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་ལས། གནས་སྒོ་འབྱེད་ཅིང་མཁས་པའི་དབང་པོ་ཅན། །མཚུངས་མེད་དགེ་འདུན་རྒྱ་མཚོར་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་༸རྒྱལ་མཆོག་སྐུ་ཕྲེང་གཉིས་པ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་ཕྱི་ལོ་ ༡༥༠༩ ལོར་མངའ་དྭགས་རྒྱལ་གསུམ་གྱི་ནང་ཚན་ཆོས་འཁོར་རྒྱལ་ལེགས་བཤད་སྒྲོག་པའི་དགའ་ཚལ་བཀྲ་ཤིས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གསར་བཞེངས་མཛད་པ་དང༌། ཕྱི་ལོ་ ༡༥༡༡ ལོར་ལྷ་མོའི་བླ་མཚོའི་གནས་སྒོ་འབྱེད་ཅིང༌། དགུན་དཔྱིད་གཉིས་དབུས་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པ་དང༌། དབྱར་སྟོན་གཉིས་ལ་ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་དུ་བཞུགས་གནང་མཛད་སྐབས་ནས་རྣམ་རྒྱལ་གྲྭ་ཚང་འདི་ཉིད་ཐོག་མར་དབུ་ཚུགས་པ་ཞིག་ཡིན།
དེ་ཡང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནི། ༸རྒྱལ་མཆོག་སྐུ་ཕྲེང་གཉིས་པ་རྗེ་དགེ་འདུན་རྒྱ་མཚོ་མཆོག་གིས་དགོན་བདག་གནང་གཞིའི་གྲས་མངའ་རིས་གྲྭ་ཚང་དང༌། དྭགས་པོ་གྲྭ་ཚང༌། ཆོས་འཁོར་རྒྱལ། ཕན་བདེ་ལེགས་བཤད་གླིང༌། སྒར་པ་གྲྭ་ཚང་བཅས་ཁྱད་འཕགས་གྲྭ་ཚང་ལྔའི་ནང་ཚན་ཞིག་ཡིན་ལ། ལྷོ་ཁའི་ཕྱོགས་སུ་མངའ་དྭགས་རྒྱལ་གསུམ་ཞེས་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པའི་ཆོས་སྡེ་ཆེན་པོ་རྣམ་གསུམ་གྱི་ནང་ཚན་ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་འདིར་སྡེ་སྲིད་ཆེན་མོའི་གསུང་བཻ་སེར་ལས་ཆོས་སྡེ་འདི་ལ་འཆད་ཉན་གྱི་གྲྭ་ཚང་ལྔ་སྟེ། གཞི་བ་གྲྭ་ཚང་དང༌། དྭགས་བྱེས་གྲྭ་ཚང༌། མངའ་རིས་གྲྭ་ཚང༌། སྒར་པ་གྲྭ་ཚང༌། རྣམ་རྒྱལ་གྲྭ་ཚང་བཅས་ལྔ་པོ་དེ་ཡིན་པར་གསུངས་ལ། སུམ་པ་མཁན་པོས་ཀྱང་དེ་ཇི་ལྟ་བ་བཞིན་གསུངས་པས། རྒྱལ་མེ་ཏོག་ཐང་འདི་གྲྭ་ཚང་དེ་ལྔ་ལྷན་ཚོགས་གནང་བའི་སྐབས་ལ་དགོངས་པའམ་ཡང་ན་དེའི་སྡེར་གཏོགས་ལ་དགོངས་སམ་དཔྱད་པར་བྱའོ།།
འདིར་གཞི་བ་གྲྭ་ཚང་བྱ་བ་ནི་དང་པོར་བཙུགས་པ་དེ་ཉིད་ཡིན་པར་མངོན་ལ། དྭགས་པོ་གྲྭ་ཚང་ནི་དེའི་བླ་ཐོག་ལྔ་པ་བློ་གསལ་བཤེས་གཉེན་པས་རྗེ་དགེ་འདུན་རྒྱ་མཚོར་ཕུལ་ཚུལ་དང༌། སྒར་པ་གྲྭ་ཚང་ནི་བླ་མ་རྒྱལ་ཚབ་པ་སངས་རྒྱས་རིན་ཆེན་གྱིས་བཙུགས་ནས་༸རྒྱལ་དབང་གཉིས་པར་ཕུལ་ཚུལ། རྣམ་རྒྱལ་གྲྭ་ཚང་ནི་༸རྒྱལ་བ་བསོད་ནམས་རྒྱ་མཚོས་སོག་པོ་ཨལ་ཐན་རྒྱལ་པོའི་སྐུ་ཚེ་སྲིང་བའི་ཕྱིར་དུ་རྣམ་རྒྱལ་མའི་ཆོ་ག་སོགས་བཙུགས་པས་རྣམ་རྒྱལ་གྲྭ་ཚང་དུ་གྲགས་པ་བྱུང་བ་ཡིན་ཚུལ་བཤད་དོ། །ཞེས་དགེ་ལྡན་ཆོས་འབྱུང་གསེར་གྱི་མཆོད་སྡོང་འབར་བར་འཁོད། འོན་ཀྱང་དཔལ་མེད་དྭགས་པོ་དགའ་ལྡན་བཤད་སྒྲུབ་རྣམ་པར་རྒྱལ་བའི་གླིང་གི་སྔ་ཕྱིའི་བྱུང་བ་མདོ་ཙམ་བརྗོད་པ་ལས། ཕྱི་ལོ་ ༡༥༠༩ ལོར་རྗེ་དགེ་འདུན་རྒྱ་མཚོར་གྲྭ་ཚང་འབུལ་སྐབས་ཀྱི་མཁན་པོ་བཤེས་གཉེན་ཆོས་དཔལ་བ་ཡིན་པ་ངེས་གཏན་དང༌། ཕུལ་རྗེས་ཁྲི་ལོ་ཇི་ཙམ་རིང་བསྐྱངས་མི་ཤེས་ཀྱང༌། དེ་ནས་རིམ་བཞིན་རྗེ་བསོད་ནམས་ལྷུན་གྲུབ། རྗེ་བློ་གྲོས་ལེགས་འཕེལ། རྗེ་བློ་གསལ་བཤེས་གཉེན། རྗེ་དགེ་ལེགས་བཤེས་གཉེན་རྣམས་རིམ་པར་བྱོན་པ་བཀའ་གདམས་ཆོས་འབྱུང་གསལ་སྒྲོན་ལྟར་དང༌། རྗེ་བློ་གསལ་བཤེས་གཉེན་པའི་འཁྲུངས་ས་དབོར་ཡིན་ཚོད། འཁྲུངས་ཚེས་དང་ཁྲི་ལ་ཕེབས་ཚེས་མ་རྙེད་ཀྱང་ཕྱི་ལོ་ ༡༥༢༧ ཙམ་ལ་ཕྱི་མཐའ་བྱས་ན་ཁྲི་འཁྱུར་འདུག་སྟེ། ༸རྒྱལ་མཆོག་དགེ་འདུན་རྒྱ་མཚོས་ཕྱི་ལོ་ ༡༥༢༨ ལ་རྒྱལ་གྱི་གཞིས་པ་གྲྭ་ཚང་གི་ཆོས་དཔོན་ནམ་སློབ་དཔོན་དུ་བསྐོ་གནང་མཛད། དེ་ནས་ལོ་གཅིག་རྗེས་བློ་གསལ་བཤེས་གཉེན་གཤེགས་པ་སོགས་རྣམ་ཐར་ལྟར་ལགས་ཞེས་གསལ་ལོ།། །།
ཁ༽ ༸རྒྱལ་བ་བསོད་ནམས་རྒྱ་མཚོའི་སྐུ་དུས་ཀྱི་ལོ་རྒྱུས།
ཡོངས་གྲགས་སུ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་ནི། ༸རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་ནས་རབ་བྱུང་བཅུ་པའི་ཤིང་ཁྱི་ལོ་སྟེ་ཕྱི་ལོ་ ༡༥༧༤ ལོར་འབྲས་སྤུངས་གསང་སྔགས་ཕོ་བྲང་དུ་ཕྱག་བཏབ་ཅིང༌། ཐོག་མའི་རྟེན་འབྲེལ་གྱི་སླད་དུ་༸རྒྱལ་དབང་མཆོག་གིས་འགྲེལ་པ་སྒྲོན་གསལ་གྱི་བཀའ་ཆོས་ཆོས་མཐུན་གཅིག་གནང་ཞིང༌། གྲྭ་ཚང་གི་མཚན་དུའང་ཕན་བདེ་ལེགས་བཤད་གླིང་ཞེས་མཚན་གསོལ་གཟེངས་བསྟོད་བཀའ་དྲིན་སྩལ། དེ་ཡང་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ་ལས། ཨལ་ཐན་ཆོས་ཀྱི་རྒྱལ་པོའི་སྐུ་ཚེ་སྲིང་ཐབས་སུ་སྐུ་གཞོགས་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་པར་གཙུག་ཏོར་རྣམ་པར་རྒྱལ་མ་བཙུགས། དེ་ནས་བཟུང་སྟེ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་ཞེས་གྲགས་ཞེས་གསལ།
ཡང་དགེ་ལྡན་ཆོས་འབྱུང་གསེར་གྱི་མཆོད་སྡོང་འབར་བ་ལས། ས་འབྲུག་ལོར་ ༼༡༥༦༨༽ དཔལ་ལྡན་འབྲས་སྤུངས་སུ་སྐུ་ཞབས་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་བཙུགས་ཤིང༌། འཇིགས་བྱེད་དྲག་པོའི་སྦྱིན་སྲེག་ལྗགས་རྩོམ་མཛད། ཆུ་བྱི་ལོར་ ༼༡༥༧༣༽ སྔོན་ ༼ལྕགས་ལུག་ལོ་ ༡༥༧༡༽ ཨལ་ཐན་རྒྱལ་པོས་གདན་འདྲེན་པ་མངགས་པ་ལ་ལན་དུ། མཆོད་ཡོན་མཚོ་ཁར་དངོས་མཇལ་གནང་བའི་གང་ཅིའི་ཞིབ་ཆ་དང༌། རེ་ཞིག་བླ་མཆོད་དུ་སྐུ་ཚབ་འདུལ་བ་དཔོན་སློབ་བརྩོན་འགྲུས་བཟང་པོ་རྫོང་བརྡ་མཛད། ཨལ་ཐན་ཆོས་ཀྱི་རྒྱལ་པོའི་སྐུ་ཚེ་སྲིང་ཐབས་སུ་སྐུ་ཞབས་གྲྭ་ཚང་ལ་གཙུག་ཏོར་རྣམ་རྒྱལ་བཙུགས། དེ་ནས་བཟུང་རྣམ་རྒྱལ་གྲྭ་ཚང་དུ་གྲགས། ཞེས་འཇིགས་བྱེད་ཆོས་འབྱུང་ལས་གསུངས། འགའ་ཞིག་གིས་ལོ་འདིར་རྣམ་རྒྱལ་གྲྭ་ཚང་བཙུགས་པར་བཤད།
༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཻཌཱུརྱ་སེར་པོ་ལས། ས་འབྲུག་གི་ ༼ཕྱི་ལོ་ ༡༥༦༨༽ ལོ་མཇུག་ལ་ཕན་བདེ་ལེགས་བཤད་གླིང་འཛུགས་པ་གནང་ཞིང༌། དེར་ཨལ་ཐན་རྒྱལ་པོའི་ཚེ་སྒྲུབ་ལ་དམིགས་ཏེ་རྣམ་རྒྱལ་མའང་བཙུགས། སེར་འབྲས་རྒྱལ་སོགས་ཀྱི་གདན་ས་རྗེ་དགེ་འདུན་རྒྱ་མཚོ་ལྟར་བསྐྱངས་ཞེས་འཁོད་པ་ལྟར་༸རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་དང༌། སོག་པོའི་རྒྱལ་པོ་ཨལ་ཐན་རྣམ་གཉིས་མཆོད་ཡོན་དུ་གྱུར་པས། གངས་ལྗོངས་བསྟན་སྲིད་སྐྱེ་འགྲོའི་བདེ་སྐྱིད་དང་བཅས་པའི་སྲོག་ཤིང་དམ་པ་༸རྒྱལ་དབང་སྲིད་ཞིའི་རྣམ་འདྲེན་མཆོག་དང༌། ཨལ་ཐན་རྒྱལ་པོ་བཅས་༸གོང་ས་མཆོད་ཡོན་རྣམ་གཉིས་ཀྱི་སྐུ་ཚེ་སྲིང་ཐབས་སུ་གཙུག་ཏོར་རྣམ་པར་རྒྱལ་མའི་ཆོ་ག་གསར་འཛུགས་དང་འབྲེལ་བའི་སྒོ་ནས་སྐུ་ཚེའི་ཆོ་ག་གནད་སྨིན་འབད་སྒྲུབ་མཛད་པས་རྣམ་རྒྱལ་གྲྭ་ཚང་ཞེས་དགོན་མིང་དུ་ཐོགས་པ་ཡོངས་སུ་གྲགས་ལ། རྗེས་སུ་རྒྱལ་བའི་སྐུ་འཁོར་གྲྭ་ཚང་ངམ་སྐུ་ཞབས་གྲྭ་ཚང་ཞེས་ཀྱང་འབོད་སྲོལ་བྱུང་ཞེས་གསལ།
དེས་ན་རྣམ་རྒྱལ་གྲྭ་ཚང་འདི་ཉིད་༸རྒྱལ་བ་དགེ་འདུན་རྒྱ་མཚོའི་སྐུ་དུས་སུ་དགེ་འདུན་གྱི་ཚུགས་ཀ་མངོན་གསལ་དོད་པོ་མ་བྱུང་བར་ལུས་པས། ༸གོང་ས་སྐུ་ཕྲེང་གསུམ་པ་༸རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་གིས་ཕྱི་ལོ་ ༡༥༦༨ ས་འབྲུག་ལོར་དཔལ་ལྡན་འབྲས་སྤུངས་སུ་སྐུ་ཞབས་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་པ་ཞེས་ཡོངས་གྲགས་ཀྱི་གསར་འཛུགས་རྟེན་འབྲེལ་གནང༌། དེ་རྗེས་ཕྱི་ལོ་ ༡༥༧༤ ཤིང་ཁྱི་ལོར་ཨལ་ཐན་ཆོས་ཀྱི་རྒྱལ་པོའི་སྐུ་ཚེ་སྲིང་ཐབས་སུ་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མའི་ཆོ་ག་འཛུགས་པ་གནང་བས། དེ་ནས་བཟུང་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་ཞེས་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་ན་རིམ་གྱི་ཐུན་མོང་མ་ཡིན་པའི་སྐུ་བཅར་གྲྭ་ཚང་དུ་གྱུར་པ་ཡིན་འདུག
དེ་བཞིན་བཻ་སེར་ལས་རྣམ་རྒྱལ་གྲྭ་ཚང་ནི། རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་ཆེན་པོ་འཕགས་པ་རིན་པོ་ཆེར་སྐྱེ་བ་བཞེས་དུས་ཧོར་སེ་ཆེན་རྒྱལ་པོས་ ༼འབུལ་ཆེན་དང་པོར་བོད་ཁྲི་སྐོར་བཅུ་གསུམ་དང༌། འབུལ་ཆེན་གཉིས་པར་བོད་ཆོལ་ཁ་གསུམ་ཡོངས་རྫོགས། འབུལ་ཆེན་གསུམ་པར་རྒྱ་ཡི་མི་ཡུར་ཆེན་མོ་བཅས།༽ འབུལ་ཆེན་གསུམ་གྱི་མཐའ་མར་གོས་ཡུག་ནག་པོ་བདུན་གྱི་མཐར་དཀར་པོ་གཅིག་ཕུལ་བས་འདི་ནས་སྐྱེ་བ་བདུན་བར་མི་ཕྲད། དེ་རྗེས་ཁྱོད་རྒྱལ་པོ་གསེར་གྱི་མིང་ཅན་དང༌། ངེད་ཆུ་ལས་བྱས་པའི་མིང་ཅན་དུས་མཇལ་ནས་འགྲོ་དོན་རྒྱ་ཆེན་པོ་བྱེད་གསུངས་པ་སོགས་ལུང་བསྟན་ཐོག་ཏུ་བབས་ཏེ། ཨལ་ཐན་རྒྱལ་པོས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་གདན་འདྲེན་སྐབས་རྒྱལ་པོའི་སྐུ་ཚེ་སྲིང་བར་རྣམ་རྒྱལ་མའི་ཆོ་ག་དང༌། རྗེ་ཉིད་རང་བསྟེན་པའི་དགེ་རྙིང་གི་ཆོས་སྲུང་སྟེང་དཔལ་ལྡན་ས་སྐྱ་པའི་ལུགས་ཀྱི་གུར་ཞལ་སོགས་ཀྱི་བསྐང་བ་གདངས་དབྱངས་སོགས་ཀུན་བཟང་རྩེ་པའི་ལུགས་ལྟར་བཙུགས། དེ་ནས་བཟུང་སྟེ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་ངམ་རྣམ་རྒྱལ་གྲྭ་ཚང་ཞེས་གྲགས་ཞེས་གསལ་ལ། གྲྭ་ཚང་འདིར་སྔོན་དགེ་འདུན་གྲངས་ཚད་བརྒྱ་དང་བདུན་ཅུ་དོན་ལྔས་གཙོ་བོ་རི་བོ་དགེ་ལྡན་པའི་སྔགས་ཆོག་ཕྱག་བཞེས་མཛད་པའི་སྟེང༌། ཕུར་པའི་སྒྲུབ་མཆོད་དེ་རྙིང་མའི་ལུགས་དང༌། གུར་ཞལ་སོགས་ས་ལུགས་ཀྱང་ཕྱག་བཞེས་མཛད་པ་ཡིན།
དེ་ཡང་༸རྒྱལ་དབང་སྐུ་ཕྲེང་གསུམ་པ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་མཆོག་དཔལ་ལྡན་འབྲས་སྤུངས་སུ་བཞུགས་པའི་ནུབ་གཅིག་མནལ་ལམ་དུ་བསྟན་འགྲོའི་བདེ་སྐྱིད་ཀྱི་སླད་དུ་དཔལ་མགོན་ཞལ་བཞི་པ་བསྟེན་གནང་དགོས་པའི་ཐུན་མོང་སྣང་ངོར་མཚན་མ་བྱུང་བ་གསུང་རྣམ་ནང་གསལ་བ་བཞིན། སྔར་ཡོད་ཕྱག་ལེན་ཁག་གི་ཐོག་ཏུ་ནག་པ་ཟླ་བའི་ཚེས་བརྒྱད་ནམ་ཡིན་ལ་དཔལ་མགོན་གུར་དང༌། ཞལ། ལྕམ་སྲིང་བཅས་ཀྱི་དུས་གཏོར་འཛུགས་པར་མཛད་ལ། དུ་ཀཱུ་ལའི་གོས་བཟང་ལས། རྗེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོར་མནལ་ལམ་དུ་མགོན་པོ་ཞལ་གྱིས་བསྐུལ་ཏེ་བརྒྱད་གཏོར་ཆེན་མོ་འཛུགས་པ་གནང་བ་བར་སྐབས་སུ་ཆག་འདུག་ནའང་ཧོར་ཟླ་གསུམ་པ་འདི་ནས་བཙུགས་པའི་ལོ་རེ་བཞིན་ཇེ་རྒྱས་སུ་སོང་ཞེས་གསུངས་པ་ལྟར་དུས་དེ་ནས་བཟུང་བརྒྱད་གཏོར་ཆེན་མོ་ཞེས་སྔར་སྲོལ་མ་ཉམས་པ་ཚུགས་སྲོལ་དང༌། དེ་རྗེས་གཞུང་འབྲེལ་གྱི་མཛད་སྒོ་གལ་ཆེན་ཞིག་ཏུ་གྱུར་ཅིང༌། མཛད་སྒོ་འདི་བཞིན་ཕྱི་ལོ་ ༡༩༥༩ ལོར་གངས་ལྗོངས་ཆོས་ལྡན་ཞིང་ཁམས་སུ་དུས་འགྱུར་མི་བཟད་པ་བྱུང་རྗེས་གཞུང་འབྲེལ་མཛད་སྒོ་གནང་ལམ་མེད་ཀྱང༌། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དུ་གུར་ཞལ་ལྕམ་གསུམ་གྱི་དུས་གཏོར་ཏེ་བརྒྱད་གཏོར་ཆེན་མོ་ལོ་ལྟར་ཕྱག་བཞེས་ཉམས་མེད་གནང་བཞིན་པ་འདི་ལྟར་ཡིན།
དེ་ཡང་སྔར་རང་ཡུལ་ཁ་བའི་ལྗོངས་འདི་གངས་ཅན་པ་རྣམས་ཀྱི་རང་ལག་ཏུ་ཡོད་པའི་སྐལ་བཟང་གི་དུས་སུ་ལོ་ལྟར་བོད་ཟླ་ ༣ ཚེས་ ༨ ཉིན་གམ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་ནས་རྩེ་ཕོ་བྲང་དུ་མགོན་པོ་ཞལ་དང་དཔལ་མགོན་སྟོབས་འཕྲོག་དབང་པོའི་ལོ་འཁོར་དུས་མཆོད་གཟབ་གསོལ་གནས་གཟིགས་དང་འབྲེལ་དེ་ཉིན་གཞུང་ཞབས་སེར་སྐྱ་རྣམས་དབྱར་ཁའི་ན་བཟའ་བརྗེ་བཞེས་དགོས་པས་སྔ་དྲོ་རྩེ་ཕོ་བྲང་དུ་བཅར་ཏེ་དྲུང་བཞེས་ཕེབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ཉི་འོད་ཀྱི་བཞུགས་ཁྲིར་༸ཞབས་སོར་འཁོད་འཕྲལ་སྲིད་བཀས་མཚོན་ནང་མ་མཁན་སྡེ་ཆེ་ཆུང་དང༌། རྩེ་ཤོད་ལས་ཚན། དྲུང་དཀྱུས་ཁོངས་གཏོགས་དང་བཅས་པས་མཇལ་ཁ་ཞུས། མུ་མཐུད་རྩེ་ཤོད་ཞབས་གསར་བ་རྣམས་གསར་མཇལ་ཞུ་རྒྱུར་དེ་སྐབས་རྟེན་གསུམ་བཏེགས་འབུལ་དང་འབྲེལ་གྲལ་ལ་འཁོད་དེ་གསོལ་ཇ་བཞེས་འབྲས་ཕེབས། འབྱོར་ཐོན་སོགས་འཆར་མཇལ་གང་ཡོད་དང་དམངས་བཅས་ལ་ཕྱག་དབང་དང་སྲུང་མདུད་རེ་སྩལ་ཏེ་གཟིམ་ཆུང་དུ་ཕེབས། དྲུང་བཞེས་སར་གསོལ་ཚིགས་དཀར་སྐྱོང་དང༌། དཀར་སྤྲོ་སོགས་རིམ་བཞིན་ཕེབས། དེ་ནས་ཚོམས་ཆེན་དུ་རྣམ་གྲྭའི་གསོལ་ཚོགས་དབུས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་བཀའ་སོགས་གཞུང་ཞབས་རྣམས་ནས་མགོན་པོ་གུར་ཞལ་དང་ལྷ་མོ་ཆོས་རྒྱལ་སོགས་ཀྱི་ཞལ་འབག་བཀའ་རྒྱ་མ་རྣམས་ལ་སྙན་དར་འབུལ་གནང་མཛད་དེ་མཛད་སྒོ་གྲོལ། དེ་ཉིན་ནས་བཟུང་དགའ་ལྡན་ལྔ་མཆོད་བར་གཞུང་ཞབས་ཚང་མ་དབྱར་ཆས་བཞེས་དགོས་པ་བཅས་གནང་ལམ་ཡོད།
༸རྒྱལ་བ་སྐུ་ཕྲེང་གསུམ་པའི་སྐུ་དུས་སུ་སློབ་དཔོན་ཐོག་མར་རི་སྦུག་པ་དགེ་འདུན་ནོར་བཟང་བསྐོས་ཤིང༌། འདི་སྐབས་འཆད་ཉན་སྣ་ཚོགས་བྱུང་འཕྲོས་སུ་འདུག དེ་ནས་རབ་འབྱམས་པ་འཕྲིན་ལས། དབུ་སྟོད་པ་སྟ་རི་ཁ་དགེ་འདུན་ཆོས་གྲགས། འབྲི་མཚམས་པ་དཔལ་ལྡན་བླ་མ་བློ་གྲོས་རིན་ཆེན། རྟའུ་རི་པའི་རབ་འབྱམས་པ་ཕུན་ཚོགས་བཟང་པོ་སོགས་བསྐོ་གཞག་མཛད་ཚུལ་བཻ་སེར་དུ་གསལ་ལ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ་ལས། དབང་ཕྱུག་ཅེས་པ་མེ་གླང་ ༼ཕྱི་ལོ་ ༡༥༧༧༽ གི་ལོ་གསར་དང༌། ཆོས་སྐྱོང་མཆོད་པའི་ཆོ་ག་རྒྱས་པར་མཛད། ར་ས་འཕྲུལ་སྣང་དུ་ཆོ་འཕྲུལ་གྱི་མཆོད་པ་རྒྱ་ཆེན་པོ་སྤེལ། དེ་ནས་འབྲས་སྤུངས་སུ་ཕེབས། ཕན་བདེ་ལེགས་བཤད་གླིང་པ་རྣམས་ལ་སླར་ཡང་བཅའ་ཡིག་གནང༌། ཞེས་འཁོད་པར་གཞིགས་ན་༸རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གིས་སྐུ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་དུ་སྔ་ཕྱིར་བཅའ་ཡིག་ལན་གཉིས་རིམ་སྩལ་མཛད་པ་ལས། བཅའ་ཡིག་ཕྱི་མ་དེ་བཞིན་དབང་ཕྱུག་ཅེས་པ་མེ་གླང་ལོར་གནང་བ་རྗེ་ཉིད་ཀྱི་རྣམ་ཐར་ནང་དུ་འཁོད་པ་ལྟར་ན། བཅའ་ཡིག་དེ་ཉིད་ཕྱི་ལོ་ ༡༥༧༧ ལོར་གནང་བ་ཞིག་ཡིན་འདུག་ཀྱང༌། བཅའ་ཡིག་དེ་དག་མཇལ་སྐལ་མ་ཐོབ་ལ། ༸རྒྱལ་མཆོག་བསོད་ནམས་རྒྱ་མཚོའི་གསུང་འབུམ་ནང་དུའང་མ་གསལ། ད་ཡོད་ང་ཚོའི་མཇལ་སྐལ་དུ་ཡོད་པའི་བཅའ་ཡིག་ནི་༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་མེ་རྟ་ལོ་སྟེ་ཕྱི་ལོ་ ༡༧༢༦ ལོར་སྩལ་བའི་བཅའ་ཡིག་གསེར་གྱི་གཉའ་ཤིང་ཞེས་པ་དེ་ཉིད་ཡིན་ཅིང༌། བཅའ་ཡིག་གསེར་གྱི་གཉའ་ཤིང་དེ་ཉིད་གཤམ་གྱི་ཟུར་བཀོལ་ནང་ཆ་ཚང་བཀོད་ཡོད་པས་དེར་གཟིགས་པར་འཚལ་ལོ།།
དུང་དཀར་ཚིག་མཛོད་ལས། རྣམ་རྒྱལ་གྲྭ་ཚང་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་པའི་གོང་དུ་འབྲས་སྤུངས་སུ་བཙུགས་པ་དང༌། ༸རྒྱལ་དབང་ལྔ་པས་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཟུང་རྗེས་པོ་ཏ་ལར་སྤོས་ཤིང༌། གྲྭ་ཚང་འདིའི་རྟེན་གསུམ་གྱི་དཀར་ཆག་ཞིབ་ཕྲ་ཡོད་སྐད་ཀྱང་ད་ལམ་ལག་སོན་མ་བྱུང་སྟབས་འདིར་འབྲི་མ་ཐུབ་ཅེས་གསུངས་པ་ལྟར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་འདི་ཉིད་ཀྱི་དཀར་ཆག་ཞིབ་ཕྲ་ཡོད་ངེས་ཀྱང་དེང་སྐབས་མཇལ་སྐལ་དུ་མེད་པས་ཤིན་ཏུ་ཕངས་པའི་གནས་ལགས།
གཞན་ཡང་དུང་དཀར་ཚིག་མཛོད་ཆེན་མོ་ལས་ཀྱང༌། རྣམ་རྒྱལ་གྲྭ་ཚང་ནི་བོད་རབ་བྱུང་བཅུ་པའི་ཤིང་ཁྱི་ ༡༥༧༤ ལོར་སོག་པོའི་རྒྱལ་པོ་ཨལ་ཐན་གྱིས་༸རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་སོག་ཡུལ་དུ་གདན་འདྲེན་སྐབས་ཆུ་ཤུལ་དུ་ཡོད་པའི་སྔགས་པ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་པ་ཟེར་བའི་དགོན་པ་དེ་ནས་གྲྭ་པ་ཉི་ཤུ་ཙམ་མཉམ་དུ་འཁྲིད་དེ། ཁོ་ཚོར་ཉིན་ལྟར་རྗེ་བཙུན་རྣམ་པར་རྒྱལ་མའི་ཚེ་ཆོག་འདོན་དུ་བཅུག་ཐོག་མིང་ལ་རྣམ་རྒྱལ་གྲྭ་ཚང་ཞེས་བཏགས་ཏེ་སྐུ་ཞབས་གྲྭ་ཚང་དུ་བསྒྱུར་ཚུལ་གསུངས།
བཻ་སེར་ལས། ས་འབྲུག་གི་ལོ་མཇུག་ལ་ཕན་བདེ་ལེགས་བཤད་གླིང་འཛུགས་པ་གནང་ཞིང༌། དེར་ཨལ་ཐན་རྒྱལ་པོའི་ཚེ་སྒྲུབ་ལ་དམིགས་རྣམ་རྒྱལ་མའང་བཙུགས། སེར་འབྲས་རྒྱལ་སོགས་ཀྱི་གདན་ས་རྗེ་དགེ་འདུན་རྒྱ་མཚོ་ལྟར་བསྐྱངས། ཞེས་ས་འབྲུག་གི་ལོ་མཇུག་གསུངས་པ་ནི་བོད་རབ་བྱུང་ ༡༠ པའི་ས་འབྲུག་ཕྱི་ལོ་ ༡༥༦༨ ཡིན་ཞིང༌། དགེ་ལྡན་ཆོས་འབྱུང་གསེར་གྱི་མཆོད་སྡོང་འབར་བར་འདི་དང་མཚུངས་པར་གསུངས་ལ། དུང་དཀར་ཚིག་མཛོད་དང༌། བོད་རྒྱ་ཚིག་མཛོད་ཆེན་མོ་གཉིས་སུ། བོད་རབ་བྱུང་ ༡༠ པའི་ཤིང་ཁྱི་ཕྱི་ལོ་ ༡༥༧༤ ལོར་༸རྒྱལ་བ་བསོད་ནམས་རྒྱ་མཚོས་རྣམ་རྒྱལ་གྲྭ་ཚང་བཏབ་ཅེས་འཁོད་པ་སོགས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་འདི་ཉིད་ཕྱག་འདེབས་ལོར་བཞེད་པ་མི་མཐུན་པ་མང་དུ་འདུག་པ་རྣམས་འདི་ཡིན་དེ་མིན་གྱི་ཐག་མ་བཅད་པར་ལོ་རྒྱུས་དེབ་ཐེར་ཁག་ཏུ་ཇི་ལྟར་འཁོད་པ་རྣམས་འདིར་དཔྱད་གཞིའི་ཚུལ་དུ་བཀོད་ཡོད་པས་ཞིབ་དཔྱད་མཛད་པར་འཚལ་ལོ།། །།
དང་པོ། འབྲས་སྤུངས་གསང་སྔགས་ཕོ་བྲང་གི་བྱུང་རབས་ལོ་རྒྱུས།
༡༽ གསང་སྔགས་ཕོ་བྲང་གི་ཐོག་མའི་བྱུང་ཚུལ། གསང་སྔགས་ཕོ་བྲང་ནི་ཐོག་མར་རབ་བྱུང་བཅུ་པའི་ས་འབྲུག་ཕྱི་ལོ་ ༡༥༦༨ ལོར་༸རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གིས་གསར་འཛུགས་གནང་བ་ཕན་བདེ་ལེགས་བཤད་གླིང་ཞེས་པ་འདི་ཉིད་ཀྱི་གྲྭ་ཁང་ཡིན་ཅིང༌། དེར་ཐོག་མར་འགྲེལ་པ་བཞི་སྦྲགས་ཀྱི་འཆད་ཉན་ཙམ་དང༌། རྗེ་གོང་མ་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ནས་རིམ་གྱིས་དར་བའི་དགེ་རྙིང་ས་གསུམ་གྱི་ཆོས་སྲུང་གི་བསྐང་བ་སོགས་སྔགས་གྲྭ་ཚུགས། རབ་བྱུང་དེ་གའི་ཆུ་སྤྲེལ་ཕྱི་ལོ་ ༡༥༧༢ ལོར་སོག་པོ་ཨལ་ཐན་རྒྱལ་པོའི་སྐུ་ཚེ་སྲིང་བར་རྣམ་རྒྱལ་མའི་ཆོ་ག་གཙོ་བོར་བཏོན་པས་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ཞེས་གྲགས། འོན་ཀྱང་གསང་སྔགས་ཕོ་བྲང་ཞེས་པའི་ཐ་སྙད་འདི་ཕལ་ཆེར་༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐུ་དུས་ཙམ་ལ་བཏགས་པ་ཞིག་ཡིན་པར་ངེས་སོ།།
༢༽ གསང་སྔགས་ཕོ་བྲང་ཉམས་གསོ་བྱུང་ཚུལ་ནི། ལོ་རྒྱུས་ཡིག་ལམ་ལས། རབ་བྱུང་བཅུ་གཉིས་པའི་ཆུ་སྤྲེལ་ཕྱི་ལོ་ ༡༦༩༢ ཟླ་ ༡༢ ཚེས་ ༡༤ ཉིན་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་པ་གྲྭ་ཚང་གསང་སྔགས་དགའ་ཚལ་གསར་པར་སྤོས་ཞེས་དང༌། ཡང་ཡིག་ཆ་འགའ་ཞིག་ལས་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་དུ་དགེ་འདུན་རྣམས་ཀྱི་བཞུགས་གནས་འབྲས་སྤུངས་བཀྲ་ཤིས་ཁང་གསར། གསང་སྔགས་ཕོ་བྲང༌། མཚམས་ཁང༌། པོ་ཏ་ལར་གསང་སྔགས་དགའ་ཚལ། ཟིལ་གནོན་ལྕོག་བཅས་རྒྱ་ཁྱོན་ཆེ་ཞིང་ཤིང་རྩི་ལྡེབས་རིས་སོགས་ལེགས་པ་བསྒྲུབས་ལུགས་སྐོར་གསལ་བས། དེས་ན་གོང་གསལ་རྣམ་རྒྱལ་གྲྭ་ཚང་ནི་༸རྒྱལ་བ་སྐུ་ཕྲེང་གསུམ་པས་སྔགས་གྲྭ་དང་བཅས་གསར་འཛུགས་གནང་བ་ཞིག་ཡིན་ཡང༌། འབྲས་སྤུངས་གསང་སྔགས་ཕོ་བྲང་སོགས་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པའི་བཞུགས་གནས་སྔོན་རྗེས་འདི་དག་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐུ་དུས་སུ་བསྐྲུན་པ་ཞིག་ཡིན་ལ། གོང་འཁོད་ལྟར་རབ་བྱུང་བཅུ་གཉིས་པའི་ཆུ་སྤྲེལ་ཕྱི་ལོ་ ༡༦༩༢ ལོའི་ཟླ་ ༡༢ ཚེས་ ༡༤ གཟའ་སྐར་འབྱུང་འཕྲོད་དགེ་བའི་ཉིན་དེའི་སྔོན་འབྲས་སྤུངས་སུ་ཡོད་པའི་རྣམ་རྒྱལ་གྲྭ་ཚང་འདི་ཉིད་པོ་ཏ་ལར་སྤོས་པ་ཞིག་ཡིན་པར་གྲུབ། ད་ལྟའི་གཞི་ཁྱོན་འདི་ནི། རབ་བྱུང་བཅུ་དྲུག་པའི་ནང༌། རྒྱལ་པོ་རྭ་སྒྲེང་དང་སྲིད་སྐྱོང་སྟག་བྲག་རྒྱལ་ཐོག་སྐབས་ཉམས་གསོ་གནང་སྟེ་གྲུབ་པ་ཞིག་ཡིན།
༣༽ ད་ལྟའི་གཞི་ཁྱོན་གྲུབ་ཚུལ། གསང་སྔགས་ཕོ་བྲང་ནི། དགའ་ལྡན་ཕོ་བྲང་དང་འབྲེལ་ཏེ་གནས་ཡོད་པས་ཕྱིའི་རྒྱལ་སྒོ་ཕོ་བྲང་དང་མཉམ་གཅིག་པའི་སྐོར་དགའ་ལྡན་ཕོ་བྲང་གི་དཀར་ཆག་ནང་བཀོད་པ་ལྟར་དང༌། རྒྱལ་སྒོ་ནང་མ་ཤར་གཏད་རྡོ་སྐས་སེའུ་བདུན། སྒོ་འཕྱོར་ཀ་གཉིས། གཞུ་རིང་གཞུ་ཐུང་ངོས་ནོར་བུ་དང༌། པདྨ་སོགས་ཀྱི་ཤིང་བརྐོས་སྣ་ཚོགས་སྒོ་གཉིས་སྒྲིག་གི་སྒོ་ཤན་གསུམ་བརྩེགས། སྒོ་འབོར་རེ་ལ་ལྕགས་དཀྲོལ་རྡོ་རྗེ་རྒྱ་གྲམ། ཨ་ལོང་འཇམ་ཚག་དང་བཅས་པ། ཚོམས་ཆེན་གྱི་རྒྱ་ཁྱོན་ལ་ཀ་རིང་གཉིས་དང༌། ཀ་ཐུང་ཉེར་བརྒྱད་དཀྱིལ་གནམ་ཡངས། ལྷོ་ངོས་དྲ་མ་བཞི་སྒྲིག་དང་གསུམ་སྒྲིག་གཉིས། ནུབ་ངོས་དྲ་མ་གཉིས་སྒྲིག་གཉིས་བཅས་དང༌། ཚོམས་ཆེན་ནང་ངོས་ནས་འོག་ཤོད་དུ་བབ་སའི་གནམ་སྒོ་ཞིག་ཡོད་ཅིང༌། འོག་ཤོད་ནུབ་རྒྱུད་ནི། དེ་སྔ་༸རྒྱལ་བ་ལྔ་པ་ཆེན་པོ་སྐུ་མཚམས་བཞུགས་མྱོང་བའི་མཚམས་ཁང་ཀ་གཉིས་ཙམ་དང༌། འོག་ཤོད་ཀྱི་ཤར་རྒྱུད་སྦ་ཤུར་ཡིན་པས་དེ་སྔ་ལྕགས་ཧྲུག་ཟངས་ཧྲུག་འཇུག་གི་ཡོད་ཅེས་གསུངས།
མཆོད་ཁང་སྦུག་མ་སྒོ་གཉིས་སྒྲིག་ལྷོ་གཏད་ཚོམས་ཆེན་ནང་གཏོད་ཡོད་པ་དང༌། སྒོ་ཤན་གསུམ་བརྩེགས། སྒོ་རེར་སྒོ་འབོར་གཉིས་རེ་ལྕགས་དཀྲོལ་བརྐོས་པ། མཆོད་ཁང་ལ་ཀ་བ་བཞི། ཁང་པའི་དབྱིབས་གཟུགས་ནར་མོ་ཡིན་པས། ཤར་ནུབ་ཀྱི་ཕྱོགས་གཉིས་ལ་སྤྱི་སྐར་ ༣་༨༠ དང༌། ལྷོ་བྱང་གི་ཕྱོགས་གཉིས་ལ་རིང་ཚད་སྤྱི་སྐར་ ༩་༦༠ ལྷག་ཙམ་ཡོད་པ་བཅས། སྒོ་འཕྱོར་གྱི་བྱང་ངོས་ནས་སྟེང་དུ་འགྲོ་སའི་སྒྲོམ་སྐས་དང༌། བར་ཐོག་ཏུ་སྒོ་ཤར་གཏད་ཀྱི་བར་ཁྱམས་ལྕམ་གང་མ། བར་ཐོག་གི་ཤར་རྒྱུད་དུ་ལྕམ་གང་མ་གཉིས། སྒེའུ་ཁུང་ཤར་གཏད། བར་ཐོག་གི་ལྷོ་རྒྱུད་དུ་ལྕམ་གང་མ་བཞི། སྒོ་བྱང་གཏད། དྲ་མ་གསུམ་སྒྲིག་དང་ལྔ་སྒྲིག་རྣམས་ལྷོ་གཏད། ནུབ་རྒྱུད་དུ་ལྕམ་གང་མ་གཉིས། དྲ་མ་གཉིས་སྒྲིག་ནུབ་གཏད། དེའི་བྱང་ངོས་ཀ་བ་བཞི། དེའི་མདོར་བར་ཁྱམས་ཀ་བ་བཞི། སྒོ་ཤར་གཏད། སྦུག་ཏུ་ལྕམ་གང་མ་གཅིག སྒོ་ལྷོ་གཏད། བར་ཐོག་གི་བྱང་རྒྱུད་ཀ་བ་བཞི་ལྷོ་གཏད་གཅིག བར་ཁྱམས་ཀ་གཅིག སྒོ་ལྷོ་གཏད། དེའི་ནང་སྟེང་དུ་འགྲོ་སའི་སྐས་ཁུང་དང༌། དེ་ནས་ཕོ་བྲང་གི་ཤག་སྐོར་ངོས་འགྲོ་སའི་སྒོ་བྱང་གཏད་གཅིག བར་ཐོག་འདི་རྣམས་དེ་སྔ་ཆིབས་སྒྱུར་སྐབས་འཕྲལ་བདེ་དང༌། གཟིམ་འགག་གི་ལས་ཁང་ཡིན་ཅིང༌། ནམ་རྒྱུན་བློ་གསལ་གླིང་སོགས་ནས་ཕེབས་པའི་དཔེ་ཆ་ལྟ་མཁན་ལ་ཁང་གླར་གཏོང་བ་དང༌། གསང་སྔགས་ཕོ་བྲང་གི་གསུམ་ཐོག་ཏུ། བྱང་རྒྱུད་བར་ཁྱམས་ཀ་གཅིག་ནས་ཐོག་ཀའི་རྩེར་འགྲོ་སའི་སྐས་ཁུང་དང༌། དེར་ཕོ་བྲང་གི་ཤར་སྒོ་སྟེང་མར་འགྲོ་སའི་སྒོ་བྱང་གཏད་གཅིག བར་ཁྱམས་ལྕམ་གང་མ་ལྷོ་གཏད་གཅིག གཤམ་གྱི་ཚོམས་ཆེན་གྱི་གནམ་ཡངས། བྱང་རྒྱུད་ལྕམ་གང་མ་སྒོ་ལྷོ་གཏད་མདོ་སྦུག་གཉིས། དྲ་མ་གཉིས་སྒྲིག་ལྷོ་གཏད་གཅིག ནུབ་གཏད་གཉིས། ཀ་བ་བཞི། གཅིག་སྒོ་ལྷོ་གཏད། དྲ་མ་གསུམ་སྒྲིག་ལྷོ་གཏད། དྲ་མ་གཉིས་སྒྲིག་ཤར་གཏད། ཤར་རྒྱུད་ལྕམ་གང་མ་སྒོ་ལྷོ་གཏད་གཅིག དེའི་ནུབ་ཏུ་ཀ་གཅིག་གཅིག་དང་ལྕམ་གང་མ་གཅིག དྲ་མ་གསུམ་སྒྲིག་ལྷོ་གཏད། དེའི་ཤར་དུ་ལྕམ་གང་མ་སྒོ་ལྷོ་གཏད་གཅིག དྲ་མ་གཉིས་སྒྲིག་ཤར་གཏད་བཅས་འདི་རྣམས་གོ་གྲྭ་ཁང་ལ་འཕྲིན་བཅོལ་གཏོང་མཁན་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་བཅུ་གཏན་བཞུགས་ཀྱི་བཞུགས་གནས་དང་རུང་ཁང་སོགས་ཡིན། གཉིས་ཐོག་གི་མདུན་ངོས་སུ་ཐུག་རལ་བཞི་དང་གསུམ་ཐོག་གི་རྩེར་ཐུག་གཉིས་རྣམས་ཉེ་ལམ་གསར་བཟོས་གྲས་ཡིན། གཉིས་ཐོག་དང་གསུམ་ཐོག་སོ་སོར་རིམ་པ་བཞིན་སྤེན་བད་ལ་ཤར་ངོས་སྤེན་རྒྱན་ཉི་མ་གཉིས། ལྷོ་ངོས་དྲུག ནུབ་ངོས་གཅིག་བཅས་ཡོད། གསང་སྔགས་ཕོ་བྲང་གི་ཤག་སྒོར་ཤོད། ཤར་རྒྱུད་དུ་ཀ་གཅིག་དང་རུང་ཁང་ལ་ཀ་གཉིས། སྒོ་ནུབ་གཏད་གནམ་ཡངས་བཅས་ཡོད་པ་ནི། ཆིབས་སྒྱུར་ཆེན་མོའི་མཛད་སྒོའི་སྐབས་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གི་རུང་ཁང་ཡིན། ཤག་སྒོར་ཤོད་ལྷོ་རྒྱུད་དུ་ལྕམ་གང་མ་བཞི། སྒོ་བྱང་གཏད། ཤག་སྒོར་སྟེང་རྒྱུད་དུ་ཀ་གཅིག་དང༌། ཡང་ཀ་གཅིག་ལྕམ་གང་མ་གཅིག སྒོ་ནུབ་གཏད་ལྷོ་རྒྱུད་ངོས་ལྕམ་གང་མ་བཞི། རྒྱལ་སྒོའི་སྟེང་རབ་གསལ་ལྕམ་གང་མ་རིང་པོ་གཅིག་ལ་དྲ་མ་ལྷོ་གཏད་དགུ་བསྒྲིགས་ལ་མདའ་ཡབ་དང་བཅས་པ།
ཤག་སྒོར་ཤོད་ཀྱི་ཁང་པར་ཆིབས་སྒྱུར་སྐབས་གདན་གཉེར་དང༌། བང་ཆེན། གཟིམ་ཆུང་བ་སོགས་ནང་ཟན་གྱི་ལས་ཤག་དང༌། རྣམ་ཀུན་ཕོ་བྲང་གི་གད་པའི་སྡོད་ཁང་ཡིན། ཤག་སྒོར་སྟེང་མ་རྣམས་ལ་ཆིབས་སྒྱུར་སྐབས་གོང་བཞིན་དང་ནམ་རྒྱུན་གཙང་པ་ཁང་ཚན་སོགས་ཀྱི་དཔེ་ཆ་བར་ཁང་གླ་གཏོང་གི་ཡོད། ཤག་སྒོར་ཤོད་དུ་ཤར་ངོས་ཁྱམས་ཀ་བ་ལྔ། ལྷོ་ངོས་ཀ་བ་དྲུག ཤར་ལྷོའི་ངོས་རྡོ་སྐབས་སེའུ་བཅུ་གཅིག རྡོ་གཅལ་དཀྱིལ་དུ་ཁམ་སྡོང་གཉིས། བྲོ་སྡོང་གཅིག དཀྱིལ་དུ་༸རྒྱལ་བ་ལྔ་པ་ཆེན་པོའི་སྐུ་དུས་སུ་བཙུགས་པ་ཞེས་པའི་ཤུག་སྡོང་ཆེན་པོ་གཅིག རྡོ་གཅལ་གྱི་རྒྱ་ཁྱོན་ཤར་ནས་ནུབ་ཏུ་རིང་ཚད་མི་ཊར་ ༢༤་༡༠ དང༌། ལྷོ་ནས་བྱང་དུ་རིང་ཚད་མི་ཊར་ ༡༡་༡༩ གསང་སྔགས་ཕོ་བྲང་ལ་ཁྱོན་བསྡོམས་ཁང་མིག་སུམ་ཅུ་སོ་དྲུག ཀ་གྲངས་དྲུག་ཅུ་སྐོར། ཕྱིའི་རྒྱ་ཁྱོན་ལྷོ་ངོས་ཤག་སྒོར་དང་བཅས་རིང་ཚད་ལ་མི་ཊར་ ༥༩་༥༠ ཤར་དང་ནུབ་ངོས་རིང་ཚད་མི་ཊར་ ༢༥་༣༥ བཅས་ཀྱི་གཞི་ཁྱོན་ལས་གྲུབ་ཡོད།
༤༽ སྐུ་གསུང་ཐུགས་རྟེན། གསང་སྔགས་ཕོ་བྲང་གི་ཚོགས་ཁང་ནང་དེ་སྔ་བྱང་ནས་ལྷོ་གཏད་ཀྱི་གཏོར་སྒམ་དང་སྨན་འཇིམ་ལས་གྲུབ་པའི་༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་བརྙན་མི་ཚད་མ་བྱིན་ཅན་དང༌། བཀའ་གདམས་མཆོད་གཤོམ་བང་རིམ་གསུམ་ལྡན་ནང་གཙོ་བོ་ཙནྡན་དཀར་པོའི་ལོ་ཀེ་ཤྭ་ར་རྒྱབ་ཡོལ་དང་བཅས་བྱིས་པ་ལོ་བརྒྱད་ཙམ་གཅིག ལི་དང་ཙནྡན་དཀར་པོ་སོགས་ཀྱི་སྐུ་སྣ་ཚོགས་ཁ་གྲངས་དྲུག་བརྒྱ་ཙམ་དེ་རྣམས་ཀྱི་སྐུ་ཚད་མཐོ་གང་ལྷག་ཙམ་པ་ཤ་སྟག་ཡིན་གསུངས། ད་ལྟ་སྔར་གྱི་བཀའ་གདམས་མཆོད་གཤོམ་རྙིང་གོག་སྟོང་པ། ཚོགས་ཁང་གི་གསེང་གཡབ་ལ་མ་གཏོགས་དེ་སྔ་ནས་ལྡེབས་རིས་མེད་ཅིང༌། མཛད་སྒོའི་སྐབས་སྐྱ་ངོས་ཡོལ་བ་གཏོང་སྲོལ་ཡོད། སེང་གཡབ་ངོས་ལྡེབས་རིས་རྙིང་པ། ནུབ་ནས་ཤར་གཟིགས་རྗེ་ཡབ་སྲས་གསུམ་དང༌། བླ་སྐུ་ཆུང་བ་གཉིས། བྱང་ནས་ལྷོ་གཟིགས་གཙོ་བོ་རྡོ་རྗེ་འཆང་སོགས། ཤར་ངོས་གཙོ་བོ་༸རྒྱལ་མཆོག་ལྔ་པ་ཆེན་པོའི་བྲིས་བརྙན་གཡས་གཡོན་སྐུ་འཁོར་གསུམ། ཐུབ་དབང༌། ཚོགས་ཁང་གི་འོག་ཤོད་ནུབ་ངོས། གསུང་རྒྱུན་དུ་དེ་སྔ་༸རྒྱལ་མཆོག་ལྔ་པ་ཆེན་པོས་གཤིན་རྗེ་བསྒྲུབ་པའི་གནས་ཡིན་པས། དེའི་ནང་ད་ལྟའང་བཞུགས་ཁྲི་ས་ཁྲིའི་རྙིང་ཤུལ་དང༌། དེ་སྔ་ལྡེབས་རིས་གཤིན་རྗེ་དྲག་དམར། དྲག་ནག བཀའ་བརྒྱད་ཕུར་པ། རྟ་མགྲིན་ཡང་གསང་ལྷ་དགུའི་སྐོར་སོགས་ཡོད་པ་རྣམས་ད་ལྟ་ས་རྨུག་ལངས་ཏེ་ཞིག་སྐྱོན་སོང་འདུག་གསུངས། དེ་སྔ་དེའི་ནང་རྡོའི་རང་འཐག་ཆུང་ཆུང་ཞིག་གི་ངོས་སུ་ཡཱ་མ་རཱ་ཛ་དང༌། ཨ་ར་པཱ་ཙ་རང་བྱོན་ཡོད་ཚུལ་གསུངས།
གསང་སྔགས་ཕོ་བྲང་གི་མཆོད་ཁང་སྦུག་མ་དེ་སྔ་རྣམ་ཀུན་དམ་སྦྱར་ཡིན་ཅིང༌། ལོ་རྒྱུས་ཀྱི་ཡིག་ཆ་འགའ་ཞིག་ལྟར་ན། གསང་སྔགས་ཕོ་བྲང་གི་མགོན་ཁང་དུ་རྡོ་རྗེ་གཞོན་ནུ། ལས་གཤིན་ནང་སྒྲུབ། དམག་ཟོར་མ། བེག་རྩེ་རྣམས་ཀྱི་འབུར་སྐུ་བཞེངས་གནང་བའི་སྐོར་གསལ་ཡོད། འོན་ཀྱང་རིག་གནས་གསར་བརྗེའི་ལོ་བཅུའི་ཟང་ཟིང་སྐབས་གཏོར་སྐྱོན་སོང་སྟབས། དེ་རྗེས་དགོན་པས་གཙོ་འགན་བཞེས་པའི་འོག་དེ་སྔ་བློ་གསལ་གླིང་གི་དགེ་འདུན་གྲས། འཇིམ་བཟོ་བློ་བཟང་བསྟན་འཛིན་ལགས་ནས། རབ་བྱུང་བཅུ་དྲུག་པའི་ཆུ་ཕག་ཕྱི་ལོ་ ༡༩༨༣ ལོ་ནས་དབུ་བཙུགས་ཏེ་གསར་བཞེངས་གནང་བའི་ད་ལྟའི་རྟེན་གཙོ་འཇིགས་བྱེད་ལྷ་བཅུ་གསུམ་དང༌། གཡས་སུ་ཆོས་རྒྱལ་དང༌། དམག་ཟོར་མ། གཡོན་དུ་མགོན་པོ་དང༌། རྣམ་སྲས་བཅས་ཀྱི་སྐུ་ཚད་ཐོག་ཚད་མ་རྣམས་བྱོན་ལེགས་ཕུལ་བྱུང་བཅས་གྲུབ་ཟིན། ད་ལྟའི་འབུར་སྐུ་འདི་ཞབས་འོག་ས་ཁྲི་ནི་སྔར་གྱི་རྙིང་པ་རང་གནས་ཡིན་ཅིང༌། ད་རེས་གསར་བཞེངས་གནང་བའི་རྟེན་གཙོ་འཇིགས་བྱེད་འདི་ཉིད་ཐོག་མར་ཐིག་ཚད་བླངས་པ་ལས་བརྒལ་ཏེ་སྐུའི་མཐོ་ཚད་ཕྲན་བུའི་ཆེ་ཙམ་བྱུང་རྐྱེན་གཤམ་གྱི་ས་ཁྲི་ནས་ཕྲན་བུ་དམའ་རུ་གཏོང་དགོས་བྱུང་བ་དེ་སྐབས་ས་ཁྲིའི་འོག་ནས་སྔར་གྱི་བསེ་རུའི་རྭ། གླང་ཆེན་གྱི་མཆེ་བ། སྦུག་དང་སིལ་སྙན། བོད་མདའ། དཀར་ཡོལ་ཡུ་རིང་སྔོ་བསངས་སྟེགས་རང་འགྲིག་བཅས་ཐོན་པ་རྣམས་རང་གནས་སུ་བཅུག་ཡོད་གསུངས།
མགོན་ཁང་འདིའི་ནང་དེ་སྔའི་ལྡེབས་རིས་རྙིང་ཤུལ་གྱི་ལྷ་མང་ཆེ་བའི་ཞལ་རས་གཏོར་སྐྱོན་སོང་སྟེ་མི་གསལ་ཡང༌། ལྷ་གཙོ་བོའི་སྐུ་གཟུགས་ལ་གཞིགས་ན་ལྷོ་ངོས་སྒོའི་གཡོན་ཕྱོགས་སུ་གཙོ་བོ་མགོན་པོ་གུར་དང༌། ལྷ་མོ་སོགས་འཁོར་སྣ་ཚོགས་དང༌། ནུབ་ངོས་ནང་ཤར་གཟིགས་གཙོ་བོ་བསྟན་མ་བཅུ་གཉིས་དང་འཁོར་སྣ་ཚོགས། ཤར་ངོས་ནས་ནུབ་གཟིགས་གཙོ་བོ་རྒྱལ་པོ་སྐུ་ལྔ་དང་འཁོར་སྣ་ཚོགས། ལྷོ་ངོས་སྒོའི་གཡས་སུ་དམ་ཅན་མགར་ནག ལྕམ་སྲིང་སོགས་དང་འཁོར་སྣ་ཚོགས་བཅས་དེ་སྔོན་གྱི་ལྡེབས་རིས་གཞིར་བཟུང་ཉམས་གསོ་མཛད་བཞིན་ཡོད་པ་བཅས་སོ།།
༥༽ བདག་གཉེར་ལས་འཛིན་མི་སྣ། གསང་སྔགས་ཕོ་བྲང་དུའང་དགའ་ལྡན་ཕོ་བྲང་དང་འདྲ་བས་མཛད་ཆེན་ཁག་གི་སྐབས་མ་གཏོགས་རྣམ་ཀུན་ཕོ་བྲང་སྡེ་པས་གཅིག་གྱུར་གྱིས་བདག་གཉེར་གནང་དགོས་ཤིང༌། རྣམ་ཀུན་ཚོགས་ཁང་ནང་སྐབས་རེ་བློ་གསལ་གླིང་གི་མཚན་ཉིད་འཛིན་གྲྭ་ཚུགས་སྐབས་ཕོ་བྲང་སྡེ་པར་གཡར་རོགས་གནང་ཞུས་ཏེ་བཞུགས་སྲོལ་ཡོད་ལ། མཆོད་ཁང་སྦུག་མའི་སྒོ་འགྲམ་དུ་རྣམ་ཀུན་བསྐང་གསོ་གཏོང་མཁན་མགོན་པོ་བ་གཅིག་རྣམ་རྒྱལ་གྲྭ་ཚང་གི་འཁྲི་ཁུངས་ཡིན་ཡང༌། བློ་གསལ་གླིང་ཁོངས་རྩེ་ཐང་ཁང་ཚན་ནས་དགེ་འདུན་གླས་ཏེ་བཞུགས་དགོས་པའི་སྲོལ་ལམ་ཡོད་གསུངས།
༦༽ སློབ་དཔོན་རིམ་བྱུང་གི་མཚན་ཐོ། ཡིག་ལམ་ལས་༸རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་ཨལ་ཐན་རྒྱལ་པོས་སོག་ཡུལ་དུ་གདན་དྲངས་རྗེས་རྒྱལ་པོའི་སྐུ་ཚེ་བསྲིང་བར་རྣམ་རྒྱལ་མའི་ཆོ་ག་དང༌། རྗེ་ཉིད་རང་བསྟེན་པའི་དགེ་རྙིང་གི་ཆོས་སྲུང་སྟེང་ས་ལུགས་གུར་ཞལ་སོགས་ཀྱི་བསྐང་བ་གདངས་དབྱངས་སོགས་ཀུན་བཟང་རྩེ་པའི་ལུགས་ལྟར་བཙུགས་པས་རྣམ་རྒྱལ་གྲྭ་ཚང་དུ་གྲགས། ༸རྒྱལ་བ་སྐུ་ཕྲེང་གསུམ་པའི་སྐུ་དུས་སུ་སློབ་དཔོན་ཐོག་མར་རི་སྦུག་པ་དགེ་འདུན་ནོར་བཟང་བསྐོས་ཤིང༌། འདི་སྐབས་འཆད་ཉན་སྣ་ཚོགས་བྱུང་འཕྲོས་སུ་འདུག དེ་ནས་རབ་འབྱམས་པ་འཕྲིན་ལས། དབུ་སྟོད་པ་སྟ་རི་ཁ་དགེ་འདུན་ཆོས་གྲགས། འབྲི་མཚམས་པ་དཔལ་ལྡན་བླ་མ་བློ་གྲོས་རིན་ཆེན། རྟའུ་རི་པའི་རབ་འབྱམས་པ་ཕུན་ཚོགས་བཟང་པོ་སོགས་བསྐོ་གཞག་མཛད་ཚུལ་བཻ་སེར་དུ་གསལ་ལོ།།
༧༽ ཆོ་ག་ཕྱག་ལེན། འཆད་ཉན་གྱི་ནང་དོན་དང༌། ཆོ་ག་ཕྱག་ལེན་སྐོར་ཡིག་ལམ་ལས། ཐོག་མར་༸རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་གིས་འགྲེལ་པ་བཞི་སྦྲགས་ཀྱི་འཆད་ཉན་དང༌། དེ་རྗེས་དགེ་རྙིང་ས་གསུམ་གྱི་ཆོས་སྲུང་གི་བསྐང་བ་སོགས་སྔགས་གྲྭ། རྣམ་རྒྱལ་མའི་ཆོ་ག་བཅས་བཙུགས་གནང་བ་མ་ཟད། བརྒྱད་གཏོར་ཆེན་མོའང་དང་ཐོག་༸རྒྱལ་བ་བསོད་ནམས་རྒྱ་མཚོས་འཛུགས་པ་གནང༌། འོན་ཀྱང་བར་སྐབས་སུ་བརྒྱད་གཏོར་ནུབ་པ་དེ་རྗེས་༸རྒྱལ་བ་ལྔ་པ་ཆེན་པོས་རབ་བྱུང་བཅུ་གཅིག་པའི་མེ་ཡོས་ཕྱི་ལོ་ ༡༦༢༧ ལོའི་ཟླ་ ༣ ཚེས་ ༨ ཉིན་ནས་ཕན་བདེ་ལེགས་བཤད་གླིང་པར་སླར་ཡང་བརྒྱད་གཏོར་ཆེན་མོ་འཛུགས་པ་གནང་བ་དང༌། རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག་ཕྱི་ལོ་ ༡༦༤༠ ལོ་ནས་འཇམ་དཔལ་ཟིལ་གནོན་གྱི་རྒྱུན་འདོན་གསར་འཛུགས་དང༌། ལྷ་མོའི་མདོས་བསྐང་གསར་འཛུགས་གནང་བ་མ་ཟད། ཟླ་རེར་གཏོང་བའི་དུས་གཏོར། ལོ་གསར་དང་ནག་ཟླའི་ལྷ་ཞལ་གཉིས་ཀྱི་མཆོད་གཏོར་ཆེན་མོ། སྤྲེལ་ཟླའི་ཚེས་བཅུ། མདོས་བསྐང༌། ཁྲོ་རོལ། ལོ་མཇུག་དུས་རིམ། འཆར་ཅན་ངེས་མེད་ཀྱི་རིམ་གྲོ་ཚོགས་གཏོར་དང་གཟིམ་ཆུང༌། མགོན་ཁང་ཟུར་བརྒྱད། གསང་སྔགས་ཕོ་བྲང་སྟེང་ཤོད། གསང་སྔགས་དགའ་ཚལ་སོགས་ཀྱི་གཏོར་གཞི་སྤོས་པས་མཚོན། བསྟན་པ་སྤྱི་སྒོས་ཀྱི་རིམ་གྲོ་གཏོང་དགོས་ཀྱི་བརྗེད་ཐོའི་ཤོག་རིལ་སྣ་ཚོགས་ཆད་ལྷག་མཐོ་དམའ་ཆེ་ཞིང༌། མི་མཐུན་མང་བའི་ཡིད་བརྟན་དཀའ་བ་ཞིག་འདུག་པར་ཚིག་རོ་ཕུད་ཅིང་ཞུ་དག་བཏང་བའི་ངོས། འཕར་ཆག་ཅི་དགོས་ཞིབ་མོར་དཔྱད་ནས་ལྷ་བསངས་དང་བསྟན་གསོལ་གྱི་ཕྱེ་མར་མ་གཏོགས་འདེགས་གཤོར་མཁའ་རུ་ཞེ་གཅིག་ཏུ་བྱས་ཏེ་ཕྱག་མཛོད་དང་གཉེར་ཚང་སོ་སོ་ནས་གཏོང་དགོས་ཀྱི་རིམ་པ་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ཕྱི་ལོ་ ༡༦༧༥ ལོའི་ཟླ་ ༤ པར་གཏན་འབེབས་ཀྱི་དེབ་ཐེར་བཀོད། ཅེས་སོགས་གསལ་བས་དེས་ན་༸རྒྱལ་བ་ལྔ་པ་ཆེན་པོའི་གོང་རོལ་ནས་རྣམ་རྒྱལ་གྲྭ་ཚང་དུ་ཟླ་རེའི་དུས་གཏོར་དང༌། རིམ་གྲོ་དེ་དག་ཚུགས་ཟིན་ཅིང༌། ༸རྒྱལ་བ་ལྔ་པ་ཆེན་པོའི་སྐུ་དུས་སུ་འཕར་ཆག་ཅི་དགོས་ཞིབ་མོར་དཔྱད་ནས་རྒྱུ་འགྲོའི་དངོས་པོའི་གཏོང་ཁུངས་དང་བཅས་ཏེ་སླར་ཡང་གོང་གསལ་དུས་ཚིགས་སུ་གཏན་འབེབས་གནང་བ་མཚོན་ཡོད་ལ། དེ་རྗེས་རབ་བྱུང་བཅུ་གཉིས་པའི་ས་ཁྱི་ཕྱི་ལོ་ ༡༧༡༨ ལོར་སོག་པོ་ཇུན་གར་གྱིས་སྨིན་གྲོལ་གླིང་དགོན་པ་དང༌། རྡོ་རྗེ་བྲག་སོགས་རྙིང་དགོན་ཁག་གཅིག་གཏོར་སྐྱོན་གཏོང་སྐབས་རྣམ་རྒྱལ་གྲྭ་ཚང་ཡང་གཏོར་བཤིག་སོང་ངོ༌།། །།
གཉིས་པ། འབྲས་སྤུངས་བཀྲ་ཤིས་ཁང་གསར་གྱི་བྱུང་རབས་ལོ་རྒྱུས།
༡༽ བཀྲ་ཤིས་ཁང་གསར་གྱི་དེ་སྔའི་རྒྱ་ཁྱོན། བཀྲ་ཤིས་ཁང་གསར་ནི་དགའ་ལྡན་ཕོ་བྲང་གི་ལྷོ་ངོས་ཉེ་འགྲམ། འབྲས་སྤུངས་གླིང་གི་ལྕགས་རིའི་ཕྱི་རོལ་ལྷོ་ནུབ་ཀྱི་ཟུར་དུ་ཆགས་ཤིང༌། འདི་ཉིད་ཐོག་མར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་པའི་བཞུགས་གནས་གྲས་སུ་དམིགས་ཏེ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐུ་དུས་སུ་གསར་བཞེངས་གནང་བ་ཞིག་ཡིན།
འབྲས་སྤུངས་བཀྲ་ཤིས་ཁང་གསར་གྱི་དེ་སྔའི་གཞི་ཁྱོན་སྐོར་ལ་གསུང་རྒྱུན་ལྟར་ན། ལྟེ་བའི་གཙུག་ལག་ཁང་ཐོག་བརྩེགས་བཞི་ཡོད་པ་དང༌། སྤེན་བད་གཉིས་བརྩེགས་ལ་གསེར་ཟངས་ཀྱི་སྤེན་རྒྱན་དང༌། སྟེང་དུ་གསེར་ཟངས་ཀྱི་གཛཉི་ར། གསེར་ཟངས་ཀྱི་རྒྱལ་མཚན་འགའ་ཞིག་ཡོད་པ། བར་སྒོ་ཤར་གཏད་ཀྱི་མདུན་དུ་སྒོ་འཕྱོར་ཀ་བ་གཉིས་གཡས་གཡོན་དུ་མཎི་འཁོར་ཆེན་རེ། དེ་དག་གི་ཤར་རྒྱུད་དུ་རྒྱ་ཟས་ཁང་དང༌། ཤག་ཤོད་ཅེས་པའི་ཐོག་བརྩེགས་གཉིས་ལྡན་གྱི་ཁང་པ་འགའ་ཤས་དང༌། རྒྱལ་སྒོ་ཕྱི་མ་བྱང་གཏད་ཡིན་པ་བཅས་དང༌། བཀྲ་ཤིས་ཁང་གསར་གྱི་ནུབ་རྒྱུད་དུ་བླ་མའི་གཙང་ཁང་ཞེས་པ་ཐོག་བརྩེགས་གསུམ་ལྡན་གཞི་ཁྱོན་ཆེ་ཙམ་བཅས་ཡོད་པར་གསུངས།
འོན་ཀྱང་རིག་གནས་གསར་བརྗེ་ཞེས་པའི་ལོ་བཅུའི་ཟང་ཟིང་གི་ཁྲོད་དུ་གཏོར་སྐྱོན་ཤུགས་ཆེ་འཕོག་སྟེ། ལྟེ་བའི་གཙུག་ལག་ཁང་ ༼བཤིག་ཤུལ་ཤར་ནས་ནུབ་བར་རིང་ཚད་མི་ཊར་ ༣༥།༢༦༽ དང༌། གོང་གསལ་ཤར་རྒྱུད་ཀྱི་ཁང་པ་ ༼བཤིག་ཤུལ་ཤར་ནས་ནུབ་བར་རིང་ཚད་མི་ཊར་ ༡༧།༧༠ དང༌། ལྷོ་ནས་བྱང་བར་རིང་ཚད་མི་ཊར་ ༡༠།༨༥༽ ནུབ་རྒྱུད་ཀྱི་བླ་མའི་གཙང་ཁང་ ༼བཤིག་ཤུལ་ལྷོ་ནས་བྱང་བར་རིང་ཚད་མི་ཊར་ ༣༠།༣༥༽ སོགས་རྩ་བཤིག་ཏུ་སོང་འདུག
༢༽ བཀྲ་ཤིས་ཁང་གསར་གྱི་ད་ཡོད་རྒྱ་ཁྱོན། རྒྱལ་སྒོ་ཤར་གཏད་གཉིས་བསྒྲིགས་ ༼དེ་སྔའི་བར་སྒོ།༽ སྒོ་ཤན་དང༌། སྒོ་འབོར་ཨ་ལོང་ ༼ཨ་ལོང་ཡ་གཅིག་མེད།༽ དང་བཅས་པར་ཆུ་སྲིན་ཁ་སྤྲོད་སོགས་མཛེས་རིས་ཀྱི་ཚགས་དཀྲོལ་རྒྱས་པ། ཤག་སྒོར་འོག་མ། ཤར་རྒྱུད་དུ་སྒོ་ནུབ་གཏད་གྲས་ལྕམ་གང་མ་གཉིས་དང༌། ཀ་གཅིག་ཁང་མིག་གཉིས། ཕྱིར་ཤག་ཤོད་ངོས་ཐོན་སའི་སྒོ་ཆུང་ ༼འདི་ད་ལྟ་བཀག་འདུག༽ སྟེང་གི་ཤག་སྒོར་དུ་འགྲོ་སའི་སྐས་ཀ་བཅས།
ལྷོ་རྒྱུད་དུ་སྒོ་བྱང་གཏད་གྲས་ཤར་ནས་ནུབ་ཏུ་བརྩིས་སྒོ་དང་པོ་གཉིས། དྲ་མ་ཤར་གཏད་གཅིག་དང་ལྷོ་གཏད་གཉིས། དེའི་མདོར་ལྕམ་གང་མ་ལ་སྒེའུ་ཁུང་ལྷོ་གཏད་གཅིག དེའི་སྦུག་ནུ་ངོས་སུ་ཀ་གཉིས་ལ་དྲ་མ་གསུམ་བསྒྲིགས་ལྷོ་གཏད། ༼འདིའི་སྒོ་གཉིས་པ་བཀག་ཡོད།༽ སྒོ་གསུམ་པ་ཀ་གཉིས། དྲ་མ་ལྷོ་གཏད། སྒོ་བཞི་པ་ལྕམ་གང་མ་སྒེའུ་ཁུང་ལྷོ་གཏད། སྒོ་ལྔ་པ་ལྕམ་གང་མ། སྒོ་དྲུག་པ་ཀ་གཉིས། སྒོ་བདུན་པ་ལྕམ་གང་མ། སྒོ་བརྒྱད་པ་ལྕམ་གང་མ། དེའི་སྦུག་ཀ་གཉིས་ཀ་དྲ་མ་ལྷོ་གཏད་དང་ནུབ་གཏད་བཅས་དང༌། ནུབ་རྒྱུད་དུ་སྒོ་ཤར་གཏད་གྲས་ཀ་གཉིས་ཅན་གཅིག དྲ་མ་ནུབ་གཏད་གཅིག་དང་ཤར་གཏད་གཅིག ནུབ་རྒྱུད་ནས་ཤག་སྒོར་སྟེང་དུ་འགྲོ་སའི་སྐས་ཀ་དང་ནུབ་ངོས་ཕྱིར་ཐོན་སའི་སྒོའི་ ༼ད་ལྟ་བཀག་འདུག༽ སྦ་ཤུར། དེའི་འགྲམ་ནུབ་ངོས་སུ་རྡོ་སྐས་བབས་ཏེ་ཤོད་དུ་འགྲོ་སའི་རྒྱལ་སྒོའི་སྦ་ཤུར། ཤག་སྒོར་གྱི་ཁང་པ་ཀ་གཉིས། ༼དེ་སྔ་ཚྭ་བུལ་འཇུག་ས་ཡིན།༽ བྱང་རྒྱུད་དུ་དེ་སྔའི་ལྟེ་བའི་མ་ཁང་བཤིག་པའི་འོག་ཤོད། སྦ་ཤུར་སྒོ་ལྷོ་གཏད་སྦུག་ཐག་ལྷོ་ནས་བྱང་དུ་བརྩིས་རིང་ཚད་མི་ཊར་ ༦༨།༤༠ དེ་སྔ་མར་སོགས་འཇུག་ས་ཡིན་ཟེར་བ་བཅས་ཡོད།
ཤག་སྒོར་འོག་མའི་ཤར་ངོས་སུ་ཁྱམས་ཀ་བ་དྲུག ལྷོ་ངོས་སུ་ཁྱམས་ཀ་བ་བཅུ། ནུབ་ངོས་སུ་ཁྱམས་ཀ་བ་དྲུག རྡོ་གཅལ་གྱི་རྒྱ་ཁྱོན་ཤར་ནས་ནུབ་ཏུ་རིང་ཚད་མི་ཊར་ ༢༣།༥༠ དང༌། ལྷོ་ནས་བྱང་དུ་རིང་ཚད་མི་ཊར་ ༡༢།༠༠ རྡོ་གཅལ་དཀྱིལ་དུ་འོག་ཤོད་སྦ་ཤུར་དུ་འགྲོ་སའི་སྐས་ཁུང་གསེང་གཡབ་ཅན།
ཤག་སྒོར་སྟེང་མར་ཤར་རྒྱུད་དུ་དེ་སྔ་བར་སྒོའི་སྟེང་དུ་ཁྱམས་ཡོད་པར་གསུངས་ཤིང༌། ད་ཡོད་སྒོ་ནུབ་གཏད་གྲས་ལྕམ་གང་མ་གཅིག་དང༌། ཀ་གཉིས་ཅན་གཅིག ཡང་ཀ་གཅིག་ཅན་གཅིག དེ་དག་སོ་སོར་དྲ་མ་ཤར་གཏད་སོགས། ལྷོ་རྒྱུད་དུ་སྒོ་བྱང་གཏད་གྲས་ཤར་ནས་ནུབ་ཏུ་བརྩིས་སྒོ་དང་པོ་དང་གཉིས་པ་དེ་སྔ་ཤག་ཤོད་ཀྱི་ཁང་པའི་གྲས་ཡིན་པ་ ༼ད་ལྟ་བཀག་འདུག༽ སྒོ་གསུམ་པ། དེ་སྔ་ཁྲི་པའི་བཞུགས་ས་ཞེས་སྦུག་ཏུ་ཀ་གཉིས་ཅན་གཅིག་ལ་དྲ་མ་ལྷོ་གཏད་གསུམ་བསྒྲིགས་དང༌། མདོར་ལྕམ་གང་མ་གཅིག་ལ་དྲ་མ་གཉིས་བསྒྲིགས། སྒོ་བཞི་པ་ལྕམ་གང་མ། དྲ་མ་ལྷོ་གཏད་གཉིས་བསྒྲིགས། སྒོ་བདུན་པ་དེ་སྔ་བཀྲས་ཕྱག་སྡོད་གནས་ཞེས་ཀ་གཉིས་ཅན་གཅིག་དང༌། སྦུག་ཏུ་ལྕམ་གང་མ་གཅིག་བཅས་དྲ་མ་ལྷོ་གཏད། ནུབ་རྒྱུད་དུ་ཤར་གཏད་གྲས་སྒོ་དང་པོ་ཀ་གཉིས་ལ་སྒེའུ་ཁུང་ལྷོ་གཏད་གཅིག སྒོ་གཉིས་པ་བཞེས་སྤྲོ་ཁང་ཞེས་ཀ་གཉིས་ཅན་གཅིག ད་ལྟ་ཞིག་སྐྱོན་སོང་བ་བཅས་དང༌། ཤག་སྒོར་སྟེང་མར་ཤར་ངོས་སུ་ཁྱམས་ཀ་བ་ལྔ། ལྷོ་ངོས་སུ་ཁྱམས་ཀ་བ་བཅུ། ནུབ་ངོས་ཁྱམས་ཀ་བ་དེ་སྔ་དྲུག་ཡོད་ཀྱང་ད་ལྟ་ཀ་བ་གཉིས་བཅས་ཡོད་ལ། བཀྲ་ཤིས་ཁང་གསར་གྱི་ལྷོ་ཕྱོགས་སུ་རྟ་ར་དང༌། བ་ཚང་སོགས་ལ་ད་ཡོད་ཀ་གྲངས་བསྡོམས་སུམ་ཅུ་སྐོར། རྟ་རའི་སྒོ་བྱང་གཏད། རྟ་རའི་སྟེང་དུ་དེ་སྔ་ཞབས་གྲས་སྡོད་གནས་ཞེས་ཀ་གཅིག་ཅན་གཅིག་གདུང་གང་མ་གཅིག ལྕམ་གང་མ་གཅིག་བཅས་ཡོད།
༣༽ བཀྲ་ཤིས་ཁང་གསར་དུ་དེ་སྔ་བཞུགས་པའི་སྐུ་གསུང་ཐུགས་རྟེན། གསུང་རྒྱུན་ལྟར་ན་བར་ཐོག་ཚོམས་ཆེན་ཤར་མ་ཀ་བཞིའི་ནང༌། སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་བར་གྱི་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་སྐུ་བརྙན་མི་ཚད་ལྷག་ཙམ་རེ་དང༌། དཀྱིལ་དུ་རྒྱ་དངུལ་ལས་གྲུབ་པའི་༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་སྐུ་བརྙན་མི་ཚད་མ་བཞུགས་ཁྲི་དང་བཅས་པ་སོགས་དང༌། གསུང་རྟེན་དུ། བཀའ་འགྱུར་པར་མ་ཞིག་ཡོད་པ་དེ་ནི་པར་གཞི་ཁུངས་དག་ཡིན་པས། དེ་སྔ་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སུ་ཞོལ་པར་ཁང་གི་བཀའ་འགྱུར་པར་གཞི་བཟོ་སྐབས་བཀའ་འགྱུར་འདིའི་པར་གཞི་གཞིར་བཟུང་མཛད་པ་རེད་ཅེས་གསུང་སྲོལ་ཡོད། དེ་མིན་གསུང་སྲོལ་ལ་སྡེ་སྲིད་ཀྱི་སྨན་གཞུང་དང༌། རྩིས་དཔེ་རེད་ཅེས་པའི་ཕྱག་དཔེ་ཁག་གཅིག་བཅས་ཀྱང་ཡོད། ཤོད་ཁང་དུ་ནུབ་ངོས་མགོན་ཁང་སྦུག་མའི་ནང་དུ་སྨན་འདམ་ལས་གྲུབ་པའི་ལྷ་མོ་མི་ཚད་ཙམ་དང༌། དེའི་མདོར་མགོན་ཁང་ཀ་བཞིའི་ནང་དུ་མགོན་ཆོས་རྣམ་ལྔ་སོགས་བཞུགས་ཡོད་གསུངས་པ་རྣམས་ད་ལྟ་རྨེག་མེད་དུ་གྱུར།
༤༽ བཀྲ་ཤིས་ཁང་གསར་གྱི་དོ་དམ་མི་སྣ་དང་དེའི་འོས་འགན། བཀྲ་ཤིས་ཁང་གསར་ནི་གོང་བཀོད་ལྟར་ཐོག་མར་ཕན་བདེ་ལེགས་བཤད་གླིང་པའི་དགེ་འདུན་གྱི་བཞུགས་གནས་གྲས་ཡིན་རུང༌། དེ་རྗེས་རབ་བྱུང་བཅུ་གཉིས་པའི་ཆུ་སྤྲེལ་ཕྱི་ལོ་ ༡༦༩༢ ལོར་པོ་ཏ་ལར་སྤོས་རྗེས་ཀྱི་ལམ་སྲོལ་སྐོར་ཞིབ་གསལ་ཡིག་ཆ་མ་རྙེད་ཀྱང༌། བར་ལམ་ཕྱི་ལོ་ ༡༩༥༩ ལོ་ཕན་གསུང་རྒྱུན་ལྟར་ན། བཀྲ་ཤིས་ཁང་གསར་འདི་ནི་རྩེ་རྣམ་རྒྱལ་གྲྭ་ཚང་གཞིས་ཁག་གི་འབབ་ཡོང་དངོས་རིགས་རྣམས་གཙོ་བོའི་འཇོག་ས་ཡིན།
ལས་འཛིན་མི་སྣའི་སྐོར་རྣམ་གྲྭའི་ཁོངས་གཏོགས་ནས་བསྐོས་པའི་གཙོ་བོ་བཀྲས་ཁང་སྡེ་པ་ཞེས་པ་ཞིག་ཡོད། འདི་ཉིད་རྩེ་པོ་ཏ་ལའི་གྲྭ་ཁང་དུ་བསྡད་ན་སྡེ་པ་ཁྲི་པ་ ༼སྡེ་པ་ཁྲི་པའི་སྐོར་གཤམ་དུ་ས་བཅད་ལོགས་སུ་ཡོད་པས་དེར་གཟིགས་པར་འཚལ།༽ ཡང་ཟེར། བར་ལམ་སྡེ་པ་ཁྲི་པ་དང༌། བཀྲས་ཕྱག་གོ་གནས་གཅིག་ལྕོགས་ཡིན་པས་དེའི་འགྲོ་ཁུངས། རྣམ་གྲྭའི་ཕྱག་མཛོད་ནས་བཀྲས་ཕྱག་ཏུ་འགྲོ་བ་དང་བཀྲས་ཕྱག་ནས་སྡེ་པ་ཁྲི་པར་སླེབས་པ། གྲྭ་ཚང་ཕྱག་མཛོད་དང་བཀྲས་ཕྱག་ནས་སྡེ་པ་ཁྲི་པར་སླེབས། གྲྭ་ཚང་ཕྱག་མཛོད་དང༌། བཀྲས་ཕྱག་ལ་རྩེ་དྲུང་ལས་ཚན་པའི་གོ་གནས་དང༌། སྡེ་པ་ཁྲི་པར་ལས་ཚན་ནང་མའི་གོ་གནས་ཡོད་པ། སྡེ་པ་ཁྲི་པ་ཁྱུར་ནས་སྡེ་པའི་བྱས་རྗེས་ལ་བརྟེན་ནས་མཁན་ཆུང་གི་གོ་གནས་ཐོབ་པའང་བྱུང་ཡོད།
དེ་མིན་གཤམ་འོག་མི་སྣ་དཔེར་ན། ཞབས་གྲས་ནང་ཟན་སོགས་ཁག་གཅིག་ཡོད། བཀྲས་ཕྱག་གི་འོས་འགན་གཙོ་བོ་ནི་མཆོད་གཞིས་ཁག་གི་ཡོང་འབབ་བསྡུ་ལེན་དང༌། མཆོད་རྒྱུན་གཏོང་སྒོ་གཏོང་རྒྱུའི་དོ་དམ་བྱ་རྒྱུ་སོགས་ཡིན་ཅིང༌། ནང་ཟན་སོགས་ཀྱིས་དཔེར་ན། བཀྲ་ཤིས་ཁང་གསར་ནས་པོ་ཏ་ལའི་གྲྭ་ཁང་དུ་གཏོང་སྒོའི་དངོས་རིགས་ལོ་གསར་གྱི་ཁ་ཟས་བཞེས་སྤྲོ་ཡན་ཆད་འོར་སྐྱེལ་བྱ་རྒྱུ་སོགས་ཡིན།
༥༽ རྣམ་རྒྱལ་གྲྭ་ཚང་གི་མཆོད་གཞིས། ཡིག་ལམ་འགའ་ཤས་ལྟར་ན། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐུ་དུས་སུ་གནང་བའི་རྒྱུན་གཏན་ཞི་རྒྱས་དབང་དྲག་གི་སྐུ་རིམ་ཁོར་མའི་དགོས་ཆ་གཞུང་གཏོང་དུ་མ་ཐེ་བའི་ཆོས་གཞིས་མཉེས་ཐང་མཁར་རྔ་བ་དུད་འཛིན་ལྔ་བཅུ། ལག་འབབ་ ༼འབྲུ་ཁལ།༽ སུམ་སྟོང་བཞི་བརྒྱ། རྩེས་དང་དོ་སྔོན་ཁོངས་གཞིས་ཀ་ཐེམ་རྐང་བདུན་ཅུ་ལག་འབབ་དྲུག་སྟོང་ལྔ་བརྒྱ། ལངས་ཆོག་ཤས་འབྲོག་པ་བཙན་ཐང་ག་རྗེས་འབྲང་བོང་འབྲོག རྡོ་གློ་ལྗང་གསུམ་བཅས་པའི་དུས་འཛིན་སུམ་ཅུ་ལག་འབབ་དྲུག་སྟོང་སུམ་བརྒྱ། ལྷ་ས་དར་པོ་གླིང་ཁང་པ་ཤག་སྒོར་རྒྱ་ཆེ་བ། ཆོས་འཁོར་གླིང་པ་ཁོངས་མཉེས་ཐང་དལ་གཤོངས་ཀྱི་ཡོང་འབབ། རྡོ་ལྷུན་གྲུབ་ཕོ་བྲང་ལ་གཏོགས་པའི་དབང་རིགས་དུད་རེ་གསུམ། ལག་འབབ་ཉིས་སྟོང་སུམ་བརྒྱ། འཕྲང་སྒོ་བདེ་སྐྱིད་དཔལ་འབྱོར་གྱི་ཁང་ཞིང་དུད་གྲངས་ཕོན་ཆེ་བ་བཅས་དང༌། མཉེས་ཐང་མཁར་རྔའི་ས་ལག་དགེ་སྡིངས་དུད་གཅིག་དང་བདེ་བ་ཅན་ཁང་སེར་མ་རྐང་གཅིག་གི་རྐང་འགྲོ་མི་གྲངས་གཞུང་དང་བོགས་བྱིངས་གྲྭ་ཚང་དུ་འགྲོ་བའི་ཉིས་འཛིན་ཡིན་འདུག་པ་གྲྭ་མི་དང་རྐང་འགྲོ་བོགས་འཁྱར་ཟླ་བསྒྲིག་བྱས་པའི་མཁར་རུའི་ཁལ་བཅུ་བཞི་དང་བྲེ་ལྔ་སྐོར་དང༌། བོགས་ཞིང་སོན་བྲེ་བཅུ་བདུན་འགྲོ་བ། འབྲས་སྤུངས་ནས་མཐོངས་ཕ་རུ་བའི་སྤྱིལ་པོ། ས་སྟག་ནས་མཁན་གཞིས་སུ་མཉེས་ཐང་དཔལ་སྒང་དུད་ཆེ་ཆུང་བཅུ་དགུ། ལག་ཡོང་ཁལ་བརྒྱད་བརྒྱ་སུམ་ཅུར་ཉེ་བ་སོགས་དང༌། དེ་མིན་བར་ལམ་ཆོས་གཞིས་ཡོང་འབབ་རྒྱ་བསྐྱེད་ཇི་ལྟར་ཡོད་མེད་སྐོར་ཡིག་ལམ་ཁ་གསལ་མ་རྙེད་ཀྱང༌། རྡོ་གཅལ་གྱི་འོག་སྦ་ཤུར་དང༌། ལྟེ་བའི་མ་ཁང་གི་འོག་ཤོད་སྦ་ཤུར་རྣམས་རྣམ་རྒྱལ་གྲྭ་ཚང་གི་དཔལ་འབྱོར་གྱི་མཛོད་ཁང་ཡིན་པ་བཅས་འབྲས་སྤུངས་དགོན་གྱི་དཀར་ཆག་ཏུ་གསལ་བ་བཅས་སོ།།
དེ་ལྟར་བཀྲ་ཤིས་ཁང་གསར་ནི་༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐུ་དུས་སུ་བཞེངས་ཤིང༌། རྗེས་སུ་རྣམ་རྒྱལ་གྲྭ་ཚང་གི་སྡེ་པ་ཁྲི་པའི་བཞུགས་གནས་གནས་དང༌། གྲྭ་ཚང་གི་གཞིས་ཀ་ཁག་གི་ལས་ཁུངས་ཨ་མ་དང༌། ལས་བྱེད་ནང་ཟན་རྣམས་ཀྱི་སྡོད་ཁང་ཡིན། ༸རྒྱལ་དབང་མཆོག་དཔལ་ལྡན་འབྲས་སྤུངས་སུ་ཆིབས་སྒྱུར་གནང་སྐབས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཚོགས་གཞུང་ཡང་འབྲས་སྤུངས་སུ་ལྷན་ཅིག་ཆིབས་སྒྱུར་གནང་དགོས་ཤིང༌། སྐབས་དེར་འབྲས་སྤུངས་གསང་སྔགས་ཕོ་བྲང་དང་བཀྲ་ཤིས་ཁང་གསར་དུ་བཞུགས་འཇགས་གནང་ལམ་ཡོད་པ་བཅས་སོ།། །།
ག༽ ༸རྒྱལ་བ་ཡོན་ཏན་རྒྱ་མཚོའི་སྐུ་དུས་ཀྱི་ལོ་རྒྱུས།
༸རྒྱལ་བ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོའི་སྐུ་དུས་སུ་སྔར་ཡོད་ཡི་དམ་གསང་བདེ་འཇིགས་གསུམ་གྱི་བདག་འཇུག་དང༌། བརྒྱད་གཏོར་ཆེན་མོ་སོགས་སྔར་ཡོད་ཆོ་ག་ཁག་མི་ཉམས་རྒྱུན་འཛིན་གྱི་ཕྱག་ལེན་ཁག་གི་ཐོག་༸རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་ལ་བསྟན་འགྲོའི་བདེ་སྐྱིད་ཀྱི་དོན་སླད་དཔལ་མགོན་ཞལ་བཞི་པ་བསྟེན་གནང་མཛད་དགོས་པའི་ཐུན་མོང་སྣང་ངོར་མཚན་མ་བྱུང་བའི་དཔལ་མགོན་གུར་ཞལ་ལྕམ་གསུམ་གྱི་དུས་གཏོར་དང༌། ལྷག་པར་གྲྭ་ཚང་གི་སྐབས་དེའི་ཞུ་སྒོར་གསང་སྔགས་རྒྱུད་སྡེ་རྣམས་ལ་ཐོས་བསམ་སྒོམ་སྒྲུབ་མཛད་རྒྱུ་དང༌། དམིགས་བཀར་གངས་ལྗོངས་བསྟན་སྲིད་དང༌། སྐྱེ་འགྲོའི་བདེ་ཐབས་སླད་བསྟན་སྲིད་སྤྱི་རིམ་སྨིན་སྒྲུབ་ཞུ་རྒྱུ། ཡང་སྒོས་༸རྒྱལ་བའི་སྐུ་ཕྱྭ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་གིས་དབུས་གསུང་ཞབས་ཞུ་རྒྱུ་བཅས་གྲུབ་འབྲས་གཟེངས་སུ་ཐོན་པ་ཞུས་གནང་མཛད་ཡོད་ལ། ༸གོང་ས་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ལས། པོ་ཏ་ལའི་ནང་གཏན་བཞུགས་དགེ་འདུན་རྣམས་ནས་དམིགས་བསལ་གྱི་ཞལ་འདོན་གནང་ཞིང་མཛད་སྒོ་ཚུགས་ཏེ། དེ་རྣམས་ནི་རྒྱལ་བའི་ཆོས་ཀྱི་མཛད་སྒོ་ཚང་མར་གསུང་ཞབས་ཀྱི་ལས་འགན་ཡོད་པ་ཞིག་ཡིན་ཞེས་གསུངས་པ་ལྟར་ལགས་སོ།།
༸རྒྱལ་བ་ཡོན་ཏན་རྒྱ་མཚོའི་རྣམ་པར་ཐར་པ་ནོར་བུའི་ཕྲེང་བ་ལས། དམག་ཟོར་མའི་མདོས་ཀྱི་ལས་གཞུང་ཆོག་བསྒྲིགས་བྱས་ཏེ་གྲྭ་ཚང་དུ་བཙུགས་པའི་རྡོ་རྗེ་སློབ་དཔོན་དུ་ཕྱིན་ཞེས་གསལ་བ་ལྟར། ད་ལྟའི་ཕྱག་ལེན་དུ་ཡོད་པའི་ལྷ་མོའི་མདོས་བསྐང་འདི་བཞིན་༸རྒྱལ་མཆོག་འདི་ཉིད་ཀྱི་སྐུ་དུས་སུ་ཐོག་མར་བཙུགས་པ་ཞིག་ཡིན་འདུག་ལ། སྐུ་གཞོགས་རྣམ་རྒྱལ་གྲྭ་ཚང་དང་བཅས་པས་རབ་ཏུ་གནས་ཤིང༌། ཞེས་༸རྒྱལ་བ་ཡོན་ཏན་རྒྱ་མཚོ་ཞི་བར་གཤེགས་རྗེས་སྐུ་གདུང་རིན་པོ་ཆེར་གྲྭ་ཚང་གི་སྐུ་ཞབས་དང་བཅས་པས་རབ་ཏུ་གནས་པར་མཛད་པ་སོགས་མཛད་རྣམ་དུ་གསལ་བ་ལྟར་ལགས་ཤིང༌། སྤྱིར་རབ་བྱུང་བ་ལ་གྲྭ་པ་ཞེས་ཟེར་ཡང༌། རྣམ་རྒྱལ་གྲྭ་ཚང་དང༌། རྒྱལ་ཚབ་གནང་མྱོང་བའི་གླིང་ཁག་གི་གྲྭ་པར་སྐུ་ཞབས་ཞེས་ཞུ། དེ་ཡང་༸རྒྱལ་བ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་དུ་སྐུ་གཞོགས་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ཞེས་སོགས་གསལ་བས་སྐབས་དེ་དུས་ནས་སྐུ་གཞོགས་སམ་སྐུ་ཞབས་གྲྭ་ཚང་ཞེས་མཚན་ཐོགས་ཟིན་པ་རྟོགས་ཐུབ།
གཞན་ཡང་འཇིག་རྟེན་དབང་ཕྱུག་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་ཕྲེང་བ་ལས། སྐུ་གཞོགས་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་པའི་གྲྭ་པ་རྒན་གྲྭ་ཁ་ཡར་དང་བཅས་ཁྱོན་གཅིག་ཏུ་འཚོགས་ནས་དྲུག་ཅུ་པ། ཡང་དགོན་རིན་པོ་ཆེ་དཔོན་སློབ་ཀྱིས་མགོན་པོ་ཞལ་བཞི་པའི་སྒྲུབ་པ། གུང་རུ་དབྱངས་དཔོན་པ་མཐུ་སྟོབས་གསང་བའི་དབང་ཕྱུག ཟུར་གྱི་སྔགས་འཆང་ཆེན་པོ་གཞོན་ནུ་དོན་གྲུབ། བྱུར་པོ་སྔགས་འཆང་བ་རྣམས་ཀྱིས་མགོན་པོ་ཞལ་དང༌། ཚེ་འཆར་གྱི་སྒྲུབ་པ་བཙུགས། སྒྲུབ་ཁག་མང་བས་གླིང་གསེབ་ཐམས་ཅད་རྔ་བརྡུང་འུར་ཆིལ་ལེ་བ་བྱུང༌། དཀའ་བཅུ་ཨ་སྐྱག་ཟེར་བའི་མཚན་ཉིད་པ་རྒན་པོ་ཞིག་གིས། སྟོན་པ་ཤཱཀྱ་ཐུབ་པས་བྱམས་པའི་ཏིང་ངེ་འཛིན་གྱི་སྒོ་ནས་བདུད་བཏུལ་བར་འདུག འབྲོག་པ་ལྷ་གསོལ་འདྲ་བ་འདི་སུའི་ལུགས་ཡིན་ཞེས་ཟུར་ཟ་བ་བྱས་སྐད། སྒྲུབ་ཁག་སོ་སོས་གཏོར་ཟོར་འཕེན་པའི་ནུབ། དུས་མིན་དུ་རླུང་ཆེན་པོ་འཁྲུགས། གནམ་ས་རལ་བ་ལྟ་བུའི་འབྲུག་སྒྲ་དང༌། དུས་ཀྱི་མེ་ལྕེ་འབབ་པ་ལྟ་བུའི་གློག་འཁྱུག་ཅིང་སེར་བ་དྲག་པོ་དང་བཅས་པོ་ཏ་ལའི་རྫོང་གི་ལྕགས་རི་ལ་འཁྱུག་བརྒྱབ་སྟེ། མངོན་སྤྱོད་ཀྱི་ལྟས་འཕྲལ་དུ་བྱུང་ཞེས་གསུངས་པ་ལྟར་གྲྭ་ཚང་ནས་བསྟན་སྲིད་སྐྱེ་འགྲོའི་བདེ་ཐབས་སོགས་ཀྱི་སླད་དུ་སྒྲུབ་པ་ཚུགས་པས་རྟགས་ཐོན་ཅིང༌། སྐབས་དེ་དུས་ནས་པོ་ཏ་ལར་རྫོང་དང༌། དེའི་རྒྱབ་ཏུ་ཡོད་པའི་ཀླུ་ཁང་ལ་རྫོང་རྒྱབ་ཀླུ་ཁང་ཞེས་པའི་མཚན་ཐོགས་ཟིན་པ་རྟོགས་ཐུབ། དེ་ཡང་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་དམར་པོ་རིར་ཕོ་བྲང་པོ་ཏ་ལ་བཞེངས་སྐྲུན་མཛད་པ་དེ་ཉིད་དུས་ཕྱིས་རིམ་བཞིན་དམག་འཁྲུག་དང༌། རང་བྱུང་གི་གནོད་འཚེས་ཉམས་རྒུད་རིམ་པར་བྱུང་ཞིང༌། ཕག་གྲུའི་དབང་སྒྱུར་སྐབས་རྒྱལ་པོའི་ཕོ་བྲང་ཉམས་ཆག་སོང་ཤུལ་དུ་སྐྱིད་ཤོད་རྫོང་བཏབ་པ་དེ་ལ་བལྟོས་ནས་དེའི་རྒྱབ་ངོས་སུ་ཆགས་པའི་ཀླུ་ཁང་ལ་རྫོང་རྒྱབ་ཅེས་འབོད་སྲོལ་བྱུང་བ་ཡིན་ནམ་སྙམ། ལོ་རྒྱུས་དེབ་ཐེར་ཁག་ཏུ་འདི་སྐོར་ཞལ་གསལ་མ་འཁོད་པས་ད་དུང་ཕོ་བྲང་པོ་ཏ་ལར་རྫོང་ཞེས་པའི་མཚན་འདི་དུས་ནམ་ཞིག་ཐོགས་པ་དང༌། རྒྱུ་མཚན་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གང་ཞིག་ཡོད་མེད་སོགས་ལ་དཔྱད་ཞིབ་བྱེད་དགོས་ངེས་ཤིག་ལགས་སོ།། །།
ང༽ ༸རྒྱལ་བ་བློ་བཟང་རྒྱ་མཚོའི་སྐུ་དུས་ཀྱི་ལོ་རྒྱུས།
རང་ཅག་གངས་ཅན་པ་རྣམས་ལ་ཐུགས་རྗེ་དང་བཀའ་དྲིན་གྱི་མངའ་བདག་༸རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་སྐུ་དུས་སུ་གྲྭ་ཚང་འདིར་སྔགས་ཕྱོགས་ཀྱི་ཆོ་ག་ཁག་མང་གསར་འཛུགས་དང༌། འཆམ་དབྱངས་ཉམས་པ་སླར་གསོ་སོགས་བཀའ་དྲིན་གྱིས་བསྐྱངས་ཏེ་སྔར་ལས་དར་རྒྱས་ཀྱིས་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་གནང་མཛད་ལ། ལྷག་པར་ཕོ་བྲང་པོ་ཏ་ལ་རྒྱ་བསྐྱེད་བཞེངས་སྐྲུན་ལེགས་གྲུབ་ཟིན་རྗེས་༸རྒྱལ་དབང་མཆོག་འབྲས་སྤུངས་དགའ་ལྡན་ཕོ་བྲང་ནས་རི་བོ་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཆེན་པོ་ཕོ་བྲང་པོ་ཏ་ལར་སྤོ་བཞུགས་མཛད་པས། དུས་དེ་ནས་བཟུང་༸རྒྱལ་བའི་བསྟན་པ་རིན་པོ་ཆེ་དང༌། གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཆབ་སྲིད། གངས་ལྗོངས་ཀྱིས་མཚོན་པའི་སྐྱེ་འགྲོའི་བདེ་ཐབས། རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་༸རྒྱལ་དབང་སྐུ་ཕྲེང་རིམ་པའི་སྐུ་ཕྱྭའི་ཞབས་རིམ་ཁག་འཕྲལ་སྒྲུབ་དགོས་སྟབས། གྲྭ་ཚང་འདི་ཉིད་ཀྱང་དཔལ་ལྡན་འབྲས་སྤུངས་གསང་སྔགས་ཕོ་བྲང་ནས་རི་བོ་གྲུ་འཛིན་གཉིས་པ་ཕོ་བྲང་པོ་ཏ་ལའི་གསང་སྔགས་དགའ་ཚལ་དུ་གནས་སྤོས་གནང་བ་ནས་བཟུང་ཡོངས་གྲགས་སུ་རྩེ་རྣམ་རྒྱལ་གྲྭ་ཚང་ཞེས་པའི་མཚན་ཡང་དེ་ནས་བྱུང༌།
ཕོ་བྲང་པོ་ཏ་ལར་རྣམ་རྒྱལ་གྲྭ་ཚང་གི་གནས་གཞི་གཙོ་བོ་ནི་གསང་སྔགས་དགའ་ཚལ་ཡིན། གསང་སྔགས་དགའ་ཚལ་ནི་ཕོ་བྲང་དམར་པོའི་ནང་ལོགས་ཀྱི་བྱང་ཆེན་བགྲོད་པའི་ཐར་ལམ་གྱི་སྟེང་དུ་ཆགས་ཤིང༌། འདི་ནི་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱིས་ཐུགས་རྗེའི་ཞོ་ཤས་ལེགས་པར་བསྐྱངས་ཤིང༌། ༸རྒྱལ་དབང་རིམ་བྱོན་གྱི་སྐུའི་གམ་དུ་བཅར་བའི་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་འབྲས་སྤུངས་གསང་སྔགས་ཕོ་བྲང་ནས་རི་བོ་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཆེན་པོ་ཕོ་བྲང་པོ་ཏ་ལར་གནས་སྤོས་སྐབས་ཀྱི་ཚོགས་ཁང་གི་སླད་དུ་གསང་སྔགས་དགའ་ཚལ་འདི་ཉིད་གསར་བཞེངས་གནང་བའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་འདུ་ཁང་ཆེན་མོ་ཡིན། དེང་སྐབས་ཕོ་བྲང་པོ་ཏ་ལའི་ལྷ་ཁང་ཁག་གི་དཀོར་གཉེར་རྣམས་ཀྱིས་ཐུན་མོང་ནས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གནང་བཞིན་པ་ཡིན། རྣམ་རྒྱལ་གྲྭ་ཚང་ནི་ཕོ་བྲང་པོ་ཏ་ལའི་ནང་གི་གྲྭ་ཚང་གཅིག་པུ་དེ་ཡིན་ལ། ༸རྒྱལ་མཆོག་སྐུ་ཕྲེང་གཉིས་པས་གསར་དུ་ཕྱག་བཏབ་ཅིང༌། སྐུ་ཕྲེང་བྱོན་རྣམས་ཀྱི་དམིགས་བསལ་ཐུགས་རྗེའི་གཟིགས་སྐྱོང་འོག་འཚོ་བའི་གྲྭ་ཚང་ཞིག་ཡིན་སྟབས་མཚན་ལའང་སྐུ་བཅར་གྲྭ་ཚང་ཞེས་ཐོགས།
ཐོག་མར་གྲྭ་ཚང་འདི་ཉིད་༸རྒྱལ་མཆོག་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་ཆོས་འཁོར་རྒྱལ་དུ་ཕྱག་བཏབ་ཅིང༌། དེ་རྗེས་༸རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་རབ་བྱུང་བཅུ་པའི་ས་འབྲུག་ཕྱི་ལོ་ ༡༥༦༨ ལོར་དཔལ་ལྡན་འབྲས་སྤུངས་དགོན་པར་ཕྱག་བཏབ། སྐབས་དེར་དགེ་འདུན་པ་ཉི་ཤུ་ཙམ་ལས་མེད། ཁོང་རྣམས་ཀྱིས་རྟག་ཏུ་༸རྒྱལ་དབང་མཆོག་དང༌། ཨལ་ཐན་རྒྱལ་པོའི་སྐུ་ཚེ་ཡུན་དུ་བསྲིང་ཕྱིར་རྣམ་རྒྱལ་མའི་ཆོ་ག་འདོན་པས་མཚན་ལའང་རྣམ་རྒྱལ་གྲྭ་ཚང་ཞེས་ཐོགས། ༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོས་བོད་ཁམས་ལ་མངའ་དབང་བསྒྱུར་ཞིང༌། བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ཤིང༌། ཆབ་སྲིད་ཀྱི་ལྟེ་གནས་ཕོ་བྲང་པོ་ཏ་ལར་མཛད་བཞེད་ཀྱིས་ཕོ་བྲང་པོ་ཏ་ལ་གསར་བཞེངས་རྒྱ་བསྐྱེད་མཛད་དེ་བོད་ཁམས་བདེ་ཞིང༌། ༸རྒྱལ་དབང་མཆོག་གི་སྐུ་ཕྱྭའི་ཞབས་རིམ་འཕྲལ་འཕྲལ་གནད་སྨིན་འབད་བསྒྲུབ་དགོས་པ་སོགས་ཆོས་སྲིད་ཀྱི་དགོས་མཁོར་བརྟེན་ནས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཡང་ཕོ་བྲང་དཀར་པོ་བསྐྱར་བཞེངས་གནང་རྗེས་ཕོ་བྲང་པོ་ཏ་ལར་གནས་སྤོས་གནང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་དམར་པོ་རྒྱས་སྐྲུན་མཛད་སྐབས་གསང་སྔགས་དགའ་ཚལ་ལྷ་ཁང་ཡང་རྒྱས་སྐྲུན་གནང་ཞིང༌། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ་དགེ་འདུན་ཞལ་གྲངས་ ༡༨༠ སྐོར་ཡོད་པའི་ཁོངས་ནས་མཆོད་དཔོན་ངག་དབང་ཤེས་རབ་དང༌། དབུ་མཛད་བློ་བཟང་བསྟན་འཛིན། རྣམ་གྲྭ་གཉེར་པ་བློ་བཟང་སྦྱིན་པ་སོགས་ནས་གངས་ལྗོངས་ཆོས་སྲིད་གཉིས་ཀྱི་ཞབས་ཞུ་གཟེངས་སུ་ཐོན་པ་བསྒྲུབས་གནང་མཛད་ཅིང༌། ལྷག་པར་རྣམ་གྲྭ་གཉེར་པ་བློ་བཟང་སྦྱིན་པ་མཆོག་དགའ་ལྡན་ཕོ་བྲང་པ་ཆེན་པོའི་སྡེ་སྲིད་བཞི་པར་བསྐོ་གཞག་མཛད་དེ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་པའི་བསྟན་སྲིད་ཀྱི་སྲི་ཞུ་བླ་ལྷག་ཏུ་སྒྲུབ་པར་མཛད་ཡོད།
དེ་ཡང་ཤིང་ཡོས་ཕྱི་ལོ་ ༡༦༧༥ བོད་ཟླ་ ༦ ཚེས་ ༨ ཉིན་ཚངས་པ་དུང་ཐོད་ཅན་ལ་ལུང་བསྟན་ཞུ་བ་དང་བཅས། གྲོང་སྨད་པ་སངས་རྒྱས་རྒྱ་མཚོ། དབུ་མཛད། མཆོད་དཔོན་པ། གྲྭ་ཚང་གི་གཉེར་པ་བཞི་ལས། སུ་ཞིག་སྡེ་སྲིད་དུ་བསྐོ་གཞག་གནང་རྒྱུའི་སྐོར་ལ་བརྟག་པ་ནན་ཏན་ཕུལ་བར། གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་རྩེ་མོར་ཐོན་པ་དང༌། རྣམ་རྒྱལ་གྲྭ་ཚང་གི་གཉེར་པ་འབྲིང་སྟོད་འཚུབ་ཆེ་ཙམ། གཞན་རྣམས་འབྲིང་སྨད་ཙམ་བྱུང་བས། གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་སྡེ་སྲིད་དུ་བསྐོ་གཞག་སྩལ་ཀྱང༌། སྐུ་ན་གཞོན་པའི་སྟབས་ཀྱིས་སྡེ་སྲིད་ཀྱི་ལས་འགན་སྒྲུབ་མི་ཐུབ་ཅེས་དགོངས་ཞུ་གནང་བར་བརྟེན། ལོ་འདིའི་ཟླ་བ་བརྒྱད་པའི་ཚེས་ ༢༤ ཉིན། ཕོ་བྲང་པོ་ཏ་ལའི་ཚོམས་ཆེན་དུ་ས་སྐྱོང་རྣམ་གྲྭ་གཉེར་པ་བློ་བཟང་སྦྱིན་པ་སྟེ་སྡེ་སྲིད་སྣེ་གདོང་པར། རྣམ་རྒྱལ་གྲྭ་ཚང་གི་གཉེར་པའི་ཐོག་ནས་སྡེ་སྲིད་དུ་བསྐོས་པའི་སྐོར་རྒྱལ་རབས་དེབ་ཐེར་ཁག་ཏུ་གསལ་ལ། གསུམ་སྐས་སྒོའི་བཅའ་ཡིག་གི་ནང་དུའང་གསལ་བས་འདིར་ཞིབ་པར་མ་སྤྲོས།
བཻ་སེར་ལས། རྗེ་བླ་མ་མཆོག་ཞིང་འདིར་ཕེབས་ནས་འཇིགས་བྱེད་ཚར་ལུགས་སོགས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་དུས་གང་ཡིན་རྣམས་གོང་འཕེལ་དང༌། གངས་ཅན་དུ་ཆོས་སྲིད་གདུགས་དཀར་གྱིས་ཁྱབ་པའི་ཕན་བདེ་སྤེལ་བའི་དགོས་པ་ཁྱད་པར་ཅན་ཞི་རྒྱས་དབང་དྲག་གི་ལས་དང་མཐར་ཐུག་ཀྱང་ཐུགས་རྗེ་ཆེན་པོའི་དམིགས་འཁྲིད་ཉེ་ལམ་རིག་འཛིན་ཞལ་ལུང་སོགས་ནང་དོན་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་དར་རྒྱས་སུ་གྱུར་ཅིང༌། སློབ་དཔོན་དུ་བྲག་སྣ་བ་ཨོ་རྒྱན་བསྟན་འཛིན། ཤར་ཁང་ནོ་མོན་ཁང་སྤྱན་གཡས་བློ་བཟང་བསྟན་འཕེལ། འཕྱོངས་རྒྱས་པ་བློ་བཟང་དར་རྒྱས་བར་བསྐོ་གཞག་དང༌། དེ་ནས་ལས་མཐའ་དག་བསྙེན་སྒྲུབ་ཐོན་པའི་རྡོ་རྗེ་སློབ་དཔོན་རེས་སྐོར་གྱིས་མཛད་པ། ད་ལྟ་ཨང་ཀི་དང་པོའི་ཡང་རྩེ་ཨང་མེད་གྲྭ་གྲངས་ ༡༨༠ སྐོར་ས་གསུམ་ན་འགྲན་ཟླ་དང་བྲལ་བ་དེའོ། །ཞེས་འཁོད་པ་ལྟར་རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་ཆོས་སྲིད་ཀྱི་མཛད་འཕྲིན་ཇེ་རྒྱས་ཇེ་འཕེལ་ལ་བརྟེན་ནས་སྐུའི་གམ་དུ་བཅར་བའི་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་འདི་ཉིད་ཀྱི་དགེ་འདུན་པའི་ཞལ་གྲངས་ཀྱང་སྤར་ཆ་གནང་བ་སྟེ། སྡེ་སྲིད་ཀྱི་གསུང་བཞིན་སྐབས་དེར་ཞལ་གྲངས་ ༡༨༠ ཡོད་པ་ལྟར་ན་གྲྭ་ཚང་འདི་ཉིད་ཀྱི་གྲྭ་གྲངས་མང་ཤོས་༸རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་དུས་སུ་ཡིན་པ་རྟོགས་ཐུབ།
༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ་གྲྭ་ཚང་འདིའི་ཕྱག་ལེན་གྱི་ཆོ་ག་སོགས་སྔར་ཡོད་ཉམས་པ་སླར་གསོ་དང༌། མི་ཉམས་རྒྱུན་འཛིན། སྔར་མེད་སྲོལ་བཟང་གསར་དུ་གཏོད་ཚུལ་ནི། རྗེ་ཉིད་ཀྱི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ལས། བར་སྐབས་སུ་རྗེ་བསོད་ནམས་རྒྱ་མཚོའི་དུས་ཀྱི་བསྐང་གསོའི་གདངས་དབྱངས་རྣམས་རིམ་གྱིས་འཆལ་འདུག་པར་དབུ་མཛད་བློ་བཟང་བསྟན་འཛིན་དང༌། བློ་བཟང་ཡོན་ཏན་གྱིས་དབུ་མཛད་དོན་གྲུབ་བཀྲ་ཤིས་ལ་ཞིབ་ཏུ་དཔྱད་པའི་ཉམས་པ་བསོས། གྲྭ་ཚང་གི་བྱང་འདྲེན་དུ་དབུ་མཛད་བློ་བཟང་ཡོན་ཏན་བསྐོས། མེའི་སྤུ་གྲི་དང་བཤོར་སང་ཉི་མ་ཁྲོས་ཀྱི་སྒྲུབ་པ་དཀྱུས་བཞིན་བཙུགས། ཞེས་གསལ་བ་ལྟར་ཕྱི་ལོ་ ༡༦༤༥ ལོར་གྲྭ་ཚང་གི་བྱང་འདྲེན་དུ་དབུ་མཛད་བློ་བཟང་ཡོན་ཏན་བསྐོ་གཞག་མཛད་དེ་དབུ་མཛད་གསར་རྙིང་རིམ་པ་བཀའ་འགུགས་ལྷན་འཛོམས་གནང་སྟེ་གདངས་དབྱངས་ཞིབ་བསྡུར་ཐོག་སྔར་ཡོད་གདངས་དབྱངས་རིམ་འཆལ་དུ་སོང་བ་ཉམས་གསོ་དང༌། མེའི་སྤུ་གྲི་དང༌། བཤོར་སང་ཉི་མ་ཁྲོས་ཀྱི་སྒྲུབ་པ་གསར་བཙུགས་མཛད་པས་བསྟན་རྒྱུན་ཉམས་པ་སླར་གསོ་དང༌། མི་ཉམས་རྒྱུན་འཛིན། སྔར་མེད་གསར་བཙུགས་ཀྱིས་དར་རྒྱས་ཕུན་ཚོགས་སུ་གཏོང་གནང་མཛད་དོ།།
ཡང་དུ་ཀཱུ་ལའི་གོས་བཟང་ལས། མཆོད་དཔོན་བློ་བཟང་ལུང་རིགས་གྲྭ་ཚང་གི་དཀོན་གཉེར་ཐེམས་ཟིན་ལག་པ་བདེ་བར་འདུག་པ་བསྐོས་པས་ཕྱག་ལེན་རྣམས་བཀོད་པ་དང་མཐུན་པ་བྱུང༌། སྔར་རས་བྲིས་ལ་བརྟེན་པའི་ཕུར་སྒྲུབ་བསྡུས་ཙམ་ཞིག་ལས་མེད་པས། གོང་དཀར་དཀོན་གཉེར་དཔོན་གྱིས་རྩ་འཆམ་དང་བྲིས་ཐིག་སོགས་ཕོ་བྲང་ཡས་མས་ཀྱི་ཕྱག་ལེན་ཇི་ལྟ་བ་བཞིན་ཁྲིད་པར། རྙིང་མ་རང་སྐད་ཀྱི་སྒྲུབ་ཆེན་གཞུང་བསྲངས་པའི་ཆོག་བསྒྲིགས་བརྩམས་པ་བཙུགས་ཤིང༌། ངེད་རང་ནས་ཀྱང་བྲིས་ཐིག་སྦྱོང་བརྡར་བྱས། ཞེས་གསལ་བ་ལྟར་ཕྱི་ལོ་ ༡༦༤༦ ལོར་མཆོད་དཔོན་བློ་བཟང་ལུང་རིགས་མཆོད་དཔོན་དུ་བསྐོས་པས་མཆོད་པ་སོགས་ཕྱག་ལེན་རྣམས་བཀོད་པ་དང་མཐུན་པར་བྱུང་ལ། རྩ་འཆམ་དང་བྲིས་ཐིག་སོགས་གཞུང་དང་མཐུན་པར་སློབ་ཁྲིད་མཛད་པ་དང༌། ༸རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་ཉིད་ནས་ཀྱང་བྲིས་ཐིག་སྦྱོང་བརྡར་མཛད་པ་སོགས་ཕྱག་ལེན་ཚང་མར་ཐུགས་ཞིབ་ཚགས་པོས་དག་ཐེར་རྨད་དུ་བྱུང་བ་མཛད།
ལོ་དེའི་ཟླ་བ་དགུ་པའི་ནང་དུ་བྱང་རྩེ་ཞལ་སྔ་ནས་མངའ་རིས་པ་ངག་དབང་རྡོ་རྗེས་དབུ་མཛད། སྨད་རྒྱུད་དཔོན་སློབ་ཉི་ཤུ་སྐོར། སྒོ་མང་དང་བློ་གསལ་གླིང་གི་སློབ་དཔོན། རྣམ་རྒྱལ་གྲྭ་ཚང་གི་དོན་དུ་གཉེར་བ་འགའ་ཞིག་དང་བཅས་པར་འཁྲུལ་འཁོར་ཁམས་གསུམ་རྣམ་རྒྱལ་གྱི་སྟེང་ནས་འཇིགས་བྱེད་ཀྱི་འཕྲིན་ལས་བཞིའི་ཕྱག་ལེན་དཔེ་ཀློག་དང་བསྟུན་མཆོད་དཔོན་པས་ཐིག་དང་རེའུ་མིག་བཅད་པ་དཀའ་བཅུ་དོམ་རས་མ་གོ་བར་ཁོ་རང་ཚོས་དྲུག་ཅུ་པར་རྩིབས་འདོན་མ་ཤེས་པའི་གྲུ་གསུམ་འདྲད་མ་ཤུད་བྱེད་པར་འདི་འདྲ་ཡོང་ཞེས་མཁས་ཉམས་ཀྱང་བྱེད་པར་སྣང༌། མཁས་གྲུབ་རྗེའི་ལས་གསུམ་རྣམ་གཞག་དང་བསྟུན་པའི་མགོན་པོའི་གཏོར་ཆེན་གཙོ་འཁོར་གྱི་གཏོར་མའི་བཟོ་དབྱིབས་དང་འཁོར་ལོའི་ཕྱག་ལེན་རྣམས་ཞིབ་པར་ཁྲིད་ཅིང་དེ་དག་གི་ཡིག་ཆའི་ལུང་ཡང་ཕུལ། དགུན་གྱི་རིང་དབུ་མཛད་བློ་བཟང་ཡོན་ཏན་གྱིས་འཁྲིད་རོགས་བྱས་གར་འཆམ་རྣམས་ཞིབ་པར་དཔྱད་ཅེས་རང་རྣམ་དུ་གསལ་བ་ལྟར་༸རྒྱལ་དབང་འདི་ཉིད་ཀྱིས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དོན་གཉེར་ཅན་རྣམས་ལ་དབང་ལུང་མན་ངག་སྩལ་ཅིང༌། གཏོར་མའི་བཟོ་དབྱིབས་དང་འཁོར་ལོའི་ཕྱག་ལེན་ཞིབ་ཁྲིད་དང༌། གར་འཆམ་ལའང་ཞིབ་དཔྱད་མཛད་ནས་སྐྱོན་མེད་ཁུངས་བཙན་དུ་དག་བཅོས་ཀྱང་མཛད་དོ།།
ལྕགས་ཁྱི་ཕྱི་ལོ་ ༡༦༧༠ ལོར་རྩེ་རྣམ་རྒྱལ་གྲྭ་ཚང་ལ་གར་འཆམ་ཚུགས་ཤིང༌། ལྕགས་སྤྲེལ་ཕྱི་ལོ་ ༡༦༨༠ ལོར་རྣམ་རྒྱལ་གྲྭ་ཚང་གི་འཆམ་དབྱངས་རྩ་ཚིག་གསར་རྩོམ་མཛད་པ་དང༌། ས་ཁྱི་ཕྱི་ལོ་ ༡༧༡༨ ལོ་རྒྱལ་མཁན་ཆེན་སྤྲུལ་སྐུ་བློ་བཟང་དོན་གྲུབ་ཀྱིས་སྐུ་འབུམ་བྱམས་པ་གླིང་དུའང་རྩེ་རྣམ་རྒྱལ་གྲྭ་ཚང་གི་འཆམ་སྲོལ་བཙུགས་ཚུལ་དུང་དཀར་ཚིག་མཛོད་དུ་གསལ་བས་འདི་ཡང་གར་འཆམ་ཞིབ་འཇུག་བྱེད་པར་མཁོ་བའི་དཔྱད་གཞི་གལ་ཆེན་ཞིག་ཡིན།
བཻ་སེར་ལས། ཆུ་ཤུར་ཁུལ་དུ་བོད་ཡུལ་གླིང་དགུའི་རྒྱལ་ཁམས་ཀྱི་མི་མཐུན་རྒུད་པ་ཞི་ནས་ལེགས་ཚོགས་གོང་འཕེལ་གྱི་ཆེད་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གི་སྐུ་རིམ་ཁག་རྒྱ་ནག་ཏུ་ཆིབས་བསྐྱོད་རིང་ཆག་དོགས་ཀྱིས་དོད་དུ་ལྕགས་ཡོས་ ༼ཕྱི་ལོ་ ༡༦༥༡༽ ལོར་ཚུགས་པ་གསང་སྔགས་བྱང་ཆུབ་གླིང༌། སློབ་དཔོན་པ་ཐོག་མ་ཆོས་རྗེ་བྲག་སྣ་བ་ཨོ་རྒྱན་བློ་བཟང་བསྟན་འཛིན། དེ་ནས་འཕྱོངས་རྒྱས་པ་ངག་དབང་ཕུན་ཚོགས། རྡོ་པ་ངག་དབང་ནོར་བུ། གནང་བྱུང་པ་ངག་དབང་མཁྱེན་བརྩེ། ད་ལྟ་སྐྱི་ནག་བློ་བཟང་ནམ་མཁའ། འཇམ་དཔལ་དུས་དགྲའི་དབང་པོ་སོགས་སྒོས་བཀའ་དང༌། བཀའ་བརྒྱད་གསང་བ་ཡོངས་རྫོགས་སོགས་སྤྱི་བཀའི་སྒྲུབ་འཕྲིན་ལག་ལེན་གང་ཅི་མ་དགོན་ཕན་བདེ་ལེགས་བཤད་གླིང་དང་མཚུངས་པ་ཨང་དང་གྲྭ་པ་བརྒྱ་དང་བཅུ་སྐོར་ཡོད་ཚུལ་གསལ་ཞིང༌། བྱང་ཆུབ་གླིང་གི་དགོན་པ་ནི་ཕྱི་ལོ་ ༡༦༥༡ ལོར་༸རྒྱལ་བ་ལྔ་པ་ཆེན་པོ་རྒྱ་ནག་ཏུ་མ་ཕེབས་གོང་ཕྱག་བཏབ་པ་ཞིག་དང༌། དེ་ལྟར་ཕྱག་འདེབས་དགོས་དོན་ཡང༌། རྣམ་རྒྱལ་གྲྭ་ཚང་གི་གྲྭ་པ་རྣམས་རྒྱལ་བའི་རྗེས་སུ་འབྲངས་ནས་ས་ཆ་གཞན་དུ་ཕེབས་དགོས་སྟབས་བོད་རང་དུ་དགོན་པ་ཞིག་གི་ནང་དུ་༸རྒྱལ་བ་རིན་པོ་ཆེ་སྐུ་གཟུགས་གསལ་ཐང་ཡོང་ཕྱིར་སྐུ་རིམ་རྒྱུན་མ་ཆད་པར་སྤེལ་དགོས་ཀྱི་ཡོད་ཚུལ་བཻ་སེར་དུ་གསལ་ལོ།།
༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ་གྲྭ་ཚང་འདི་ཉིད་ཀྱི་ཆོས་གཞིས་དང༌། ཕོགས་ཐོབ་སོགས་ཇི་ཡོད་སྐོར། ༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཻ་སེར་གྱི་ཆོས་འཁོར་རྒྱལ་གྱི་ལོ་རྒྱུས་ནང༌། ལེགས་བཤད་གླིང་བླ་བྲང་དུ་དབྱར་ཕོགས་དགུན་ཕོགས་འབྲུ་ཁལ་ང་ལྔ་སྐོར། ཟངས་རི་སྲང་སྟེང་ནས་ཁལ་བཞི་བཅུ། བྱེ་ཉིལ་སྨད་པ་དུང་རྐང་སོ་བདུན། ལག་འབབ་ཁལ་རེ་གཉིས། ཞེས་དང༌། ཡང་གྲྭ་ཚང་འདི་ཉིད་དཔལ་ལྡན་འབྲས་སྤུངས་དང༌། ཕོ་བྲང་ཆེན་པོ་པོ་ཏ་ལ་གཉིས་སུ་གནས་ཡུལ་དང༌། སྐུ་གསུང་ཐུགས་རྟེན་ལྡེབས་བྲིས་སོགས་ཀྱི་སྐོར་བཻ་སེར་ལས། རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་དུ་དགེ་འདུན་རྣམས་ཀྱི་བཞུགས་གནས་འབྲས་སྤུངས་བཀྲ་ཤིས་ཁང་གསར། གསང་སྔགས་ཕོ་བྲང༌། མཚམས་ཁང༌། པོ་ཏ་ལར་གསང་སྔགས་དགའ་ཚལ། ཟིལ་གནོན་ལྕོག་བཅས་རྒྱ་ཁྱོན་ཆེ་ཞིང་ཤིང་རྩི་ལྡེབས་རིས་སོགས་ལེགས་པ། གསང་སྔགས་དགའ་ཚལ་གྱི་གཙང་ཁང་དུ་ནག་པོ་སྐོར་གསུམ། ཕུར་པ། རྣམ་སྲས། གུར་ཞལ། བེག་ཙེ། བསྟན་མ་ཁང་དུ་དུང་སྐྱོང་མ། གསང་སྔགས་ཕོ་བྲང་གི་མགོན་ཁང་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུ། ལས་གཤིན་ནང་སྒྲུབ། དམག་ཟོར་མ། རྣམ་སྲས་སེར་ཆེན། བེག་ཙེ་རྣམས་ཀྱི་འབུར་སྐུ་དང༌། གྲྭ་ཁང་སོ་སོར་འདོན་ཆ་དང་མཐུན་པའི་བླ་མ། ཡི་དམ། སངས་རྒྱས། བྱང་སེམས། ཆོས་སྲུང་དང་བཅས་པའི་ལྡེབས་རིས། སྐྱ་དང་འཚམ་པའི་སྐུ་ཐང་གྲྭ་ར་སུམ་ཅུ་སོ་གཅིག་དང༌། ནག་ཐང་དེ་མཚུངས། གསུང་རྟེན་བཀའ་འགྱུར། བསྟན་འགྱུར། ཐུགས་རྟེན་ཕུར་ཆ་ཡོངས་རྫོགས་སོགས་བཟོ་དང་བཀོད་པའི་ཁྱད་པར་དུ་མས་འཕགས་ཤིང༌། སྲིད་ན་དཀོན་པའི་རྒྱུ་ལས་ཉེ་བར་སྒྲུབ་པའི་སྤྱི་རྫས་རྟེན་གསུམ་མཆོད་རྫས་སྤྱི་བྱེ་བྲག་བསམ་ལས་འདས་པ། རྒྱུན་གཏན་ཞི་རྒྱས་དབང་དྲག་གི་སྐུ་རིམ་ཁོར་མའི་དགོས་ཆ་གཞུང་གཏོང་དུ་མི་ཐེ་བའི་ཆོས་གཞིས་མཉེས་ཐང་མཁར་རྔ་བ་དུད་འཛིན་ལྔ་བཅུ། ལག་འབབ་སུམ་སྟོང་བཞི་བརྒྱ། རྩེས་དང་དོ་སྔོན་ཁུངས་གཞིས་ཀ་ཐེམ་རྐང་བདུན་ཅུ། ལག་འབབ་དྲུག་སྟོང་ལྔ་བརྒྱ། ལངས་ཆོག་ཤས་འབྲོག་པ་བཙན་ཐང་གི་རྗེས་འབྲང་བོད་འབྲོག་རྔོ་ཀློ་ལྗངས་གསུམ་བཅས་པའི་དུད་འཛིན་སུམ་ཅུ། ལག་འབབ་དྲུག་སྟོང་སུམ་བརྒྱ། ལྷ་ས་དར་པོ་གླིང་ཁང་པ་ཤག་སྐོར་རྒྱ་ཆེ་བ། ཆོས་འཁོར་གླིང་པ་ཁུངས་མཉེས་ཐང་དལ་གཤོངས་ཀྱི་ཡོང་འབབ། རྡོ་ལྷུན་གྲུབ་ཕོ་བྲང་ལ་གཏོགས་པའི་དབང་རིགས་དུད་རེ་གསུམ། ལག་འབབ་ཉིས་སྟོང་སུམ་བརྒྱ། འཕྲང་སྒོ་བདེ་སྐྱིད་དཔལ་འབྱོར་གྱི་ཁང་ཞིང་དུ་དུད་གྲངས་ཕོན་ཆེ་བ་དང་བཅས་ཡོད་ཚུལ་གསལ་བར་འཁོད།
དེ་བཞིན་འབྲས་སྤུངས་དགོན་གྱི་དཀར་ཆག་ལས་ཀྱང༌། མཉེས་ཐང་མཁར་རྔའི་ས་ལག་དགེ་སྡིངས་དུད་གཅིག་དང༌། བདེ་བ་ཅན་ཁང་སེར་མ་རྐང་གཅིག་གི་རྐང་འགྲོ་མི་གྲྭ་གཞུང་དང་བོགས་བྱིངས་གྲྭ་ཚང་དུ་འགྲོ་བའི་ཉིས་འཛིན་ཡིན་འདུག་པ་གྲྭ་མི་དང་རྐང་འགྲོ་བོགས་འཁྱར་ཟླ་བསྒྲིལ་བྱས་པའི་མཁར་རུའི་ཁལ་བཅུ་བཞི་དང་བྲེ་ལྔ་སྐོར་དང༌། བོགས་ཞིང་སོན་བྲེ་བཅུ་བདུན་འགྲོ་བ། འབྲས་སྤུངས་ནས་མཐོངས་ཕ་རུ་བའི་སྤྱིལ་པོ། ས་སྟག་ནས་མཁན་གཞིས་སུ་མཉེས་ཐང་དཔལ་སྒང་དུད་ཆེ་ཆུང་བཅུ་དགུ། ལག་ཡོང་ཁལ་བརྒྱད་བརྒྱ་སུམ་ཅུར་ཉེ་བ་སོགས་དང༌། དེ་མིན་བར་ལམ་ཆོས་གཞིས་ཡོང་འབབ་རྒྱ་བསྐྱེད་ཇི་ལྟར་བྱུང་ཡོད་མེད་སྐོར་ཡིག་ལམ་ནས་ཁ་གསལ་མ་རྙེད་ཀྱང༌། གང་ལྟར་ཆོས་གཞིས་ཁག་གི་ཡོང་འབབ་རྣམས་བཀྲ་ཤིས་ཁང་གསར་དུ་འཇུག་གི་ཡོད་ཅིང༌། རྡོ་གཅལ་གྱི་འོག་སྦ་ཤུར་དང༌། ལྟེ་བའི་མ་ཁང་གི་འོག་ཤོད་སྦ་ཤུར་རྣམས་རྣམ་རྒྱལ་གྲྭ་ཚང་གི་དཔལ་འབྱོར་གྱི་མཛོད་ཁང་ཡིན་པ་བཅས་སོ།།
༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་མཛད་རྣམ་ལས། གུ་ཤྲི་ཧན་གྱི་དྲག་པོའི་སྟོབས་ཤུགས་ལ་བརྟེན་ནས། གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོའི་སྲིད་དབང་མགོ་རྟིང་བསློགས་ཏེ། དགའ་ལྡན་ཕོ་བྲང་གི་སྲིད་དབང་དངོས་སུ་བཙུགས་ཏེ་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་དང༌། སྡེ་སྲིད་ཀྱི་ཐོག་མ་ཕྱག་མཛོད་བསོད་ནམས་རབ་བརྟན་གཉིས་ཀྱིས་སྲིད་དབང་བཟུང་རྗེས། གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོའི་ཕོ་བྲང་གཞིས་ཀ་རྩེ་ཡི་རྒྱུ་ནོར་རིན་ཐང་ཅན་མང་པོ་དང༌། ད་དུང་ཁོང་གིས་རྗེས་འབྲངས་པ་སྐུ་དྲག་དཔོན་རིགས་དང༌། ལྷ་སྡེ་ཁག་གི་གཞིས་ཀ་དང་འབངས་འཁོར་གཡོག་རྣམས་གཞུང་བཞེས་བཏང་སྟེ། དགའ་ལྡན་ཕོ་བྲང་གི་སྲིད་གཞུང་འཛུགས་སྐབས་བྱས་རྗེས་འཇོག་མཁན་དཔོན་རིགས་དང་དགོན་སྡེ་ཁག་ལ་གནང༌། དེ་ནས་མུ་མཐུད་དེ་སྔོན་གཙང་པ་རྒྱལ་པོའི་འཁྲིས་སུ་བརྒྱབ་པའི་དགོན་གསར་བཀྲ་ཤིས་ཟིལ་གནོན་ཟེར་བ་བཤིགས་ནས། དེའི་ཤིང་ཆ་ཡོངས་རྫོགས་ལྷ་སར་དྲངས་ཏེ་ལྷ་ས་གཙུག་ལག་ཁང་གི་ཁྱམས་རའི་ཤིང་ཆ་རྙིང་པ་རྣམས་བརྗེས་ཤིང༌། མཆོད་རྫས་དང་རྟེན་མཆོད་མང་ཆེ་བ་རྩེ་རྣམ་རྒྱལ་གྲྭ་ཚང་ལ་སྤྲད། ཅེས་འཁོད་པར་གཞིགས་ན། ༸རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་༸གོང་ས་ལྔ་པ་ཆེན་པོས་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གསར་འཛུགས་མཛད་སྐབས། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནས་ཀྱང་བྱས་རྗེས་ཆེན་པོ་བཞག་ཡོད་པ་རྟོགས་ཐུབ་པ་ཡིན།
ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་དུས་ཞལ་གྱི་བཀའ་ཀུན་བཟང་རྩེ་པའི་ལུགས་སྣང་ནའང༌། སོ་སོའི་རང་སྐད་བཞིན་བཙུགས་ན་ཁུངས་བཙུན་པར་འདུག་པས་བདག་བསྐྱེད་བྲག་རྫོང་རྒྱུན་ཁྱེར། མགོན་པོ་ཆེ་ཆུང་གི་མངོན་རྟོགས་བསྐང་བ་བསྟོད་འབུལ་དང་བཅས་པ་ཁའུ་བྲག་རྫོང་པའི་བཞེད་པ་མ་ནོར་བའི་ཆོག་བསྒྲིགས་བཀོད་ཅེས་༸རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་ཆོས་སྲིད་མཛད་རྣམ་དུ་གསལ་བ་ལྟར་༸རྒྱལ་མཆོག་བསོད་ནམས་རྒྱ་མཚོའི་སྐུ་དུས་སུ་གྲྭ་ཚང་དུ་ས་ལུགས་གུར་ཞལ་ལྕམ་གསུམ་གྱི་དུས་གཏོར་འཛུགས་གནང་མཛད་པ་དེ་ཉིད་༸རྒྱལ་མཆོག་ལྔ་པ་ཆེན་པོས་མགོན་པོ་ཆེ་ཆུང་གི་མངོན་རྟོགས་དང༌། བསྐང་བ། བསྟོད་འབུལ་སོགས་ཁའུ་བྲག་རྫོང་གི་བཞེད་ལུགས་ལྟར་རང་སྐད་བཞིན་ཁུངས་བཙན་བཞེད་སྲོལ་ཆོག་བསྒྲིགས་འགོད་གནང་གིས་དུས་བསྟུན་དག་ཐེར་ཀྱང་མཛད།
༸རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ལས། རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོ་ཚེས་པའི་སྲིད་གསུམ་བདག་མོ་མཆོད་པའི་རིམ་པ་དང་འདོད་དོན་གསོལ་བའི་སྙན་དར་ཕུལ། ཚེས་བཅུ་བཞི་ལ་གྲྭ་ཚང་དུ་འདོད་ཁམས་བདག་མོའི་མདོས་བསྐང་ཞག་བདུན་བར་བཙུགས་ཐོག་འདོད་གསོལ་བྲིས་པའི་སྙན་དར་སྒྲོན། རྟེན་འབྲེལ་ལེགས་པའི་མཚན་མ་ཤར། ཞེས་དང༌། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ཆོས་སྲིད་མཛད་རྣམ་ལས། ཧོར་ཟླ་བརྒྱད་པའི་ཚེས་གཅིག་གི་ཉིན་དཀྱིལ་སྒར་དུ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱིས་དམག་ཟོར་མའི་མདོས་བསྐང་བཙུགས་པའི་རྡོ་རྗེ་སློབ་དཔོན་དུ་ཕྱིན། ཚེས་ལྔ་ལ་གདབ་ལས་ཀྱི་འཆམ་རྒྱས་པར་བྱས། ཚེས་དྲུག་ལ་གྲྭ་ཚང་གི་གྲྭ་པ་ཁ་ཤས་ཀྱིས་བདུན་གཅིག་གི་བར་འབྱུང་པོ་མི་བསྲུན་པ་ཨར་ལ་གཏད་པའི་སྒྲུབ་པ་བཙུགས་པས་ལྷ་འདྲེ་མ་རུངས་པའི་ཚ་ངར་ཆག་པའི་མཚན་མ་ལེགས་པ་བྱུང་ཞེས་དང༌། ཡང་དེ་ཉིད་ལས། གླིང་སྨད་ཞབས་དྲུང་རིན་པོ་ཆེའི་དགོངས་བཞེད་ལྟར། ལྷོ་བྲག་ཁར་དགའ་ལྡན་ནོར་བུ་གླིང་བཏབ་པའི་སློབ་དཔོན་དུ། ལྕང་ལོ་ཅན་རབ་འབྱམས་པ་མངགས། འདི་ལོ་རྒྱལ་པོ་སྐུ་གེགས་ཆེ་ཚུལ་ཆོས་སྐྱོང་རྣམས་ཀྱིས་ལུང་བསྟན་དང་མོ་ཕྱྭ་རྩིས་བསྡུར་བཅས་ལ་བྱུང་བའི་རིམ་གྲོར། དམག་ཟོར་མའི་མདོས་ཀྱི་ལས་གཞུང་ཆོག་བསྒྲིགས་བྱས་ཏེ་གྲྭ་ཚང་དུ་བཙུགས་པའི་རྡོ་རྗེ་སློབ་དཔོན་དུ་ཕེབས། ཞེས་གསལ་བ་ལྟར་ད་ལྟའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་གསུང་འདོན་ཉམས་བཞེས་གནང་བཞིན་པའི་འདོད་ཁམས་བདག་མོའི་མདོས་བསྐང་གི་གསུང་རྒྱུན་གྱི་ཆོག་བསྒྲིགས་འདི་བཞིན་༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ་གསར་བཙུགས་མཛད་པ་ཞིག་ཡིན། འོན་ཀྱང་དུ་ཀཱུ་ལའི་གོས་བཟང་དུ་ཆུ་སྦྲུལ་ཕྱི་ལོ་ ༡༦༥༣ ལོའི་ལོ་གསར་ཚེས་བཅུ་བཞིའི་ཉིན་གྲྭ་ཚང་དུ་བཙུགས་པ་དང༌། ཆོས་སྲིད་མཛད་རྣམ་ལས་ཧོར་ཟླ་བརྒྱད་པའི་ཚེས་གཅིག་ལ་བཙུགས་ཚུལ་འཁོད་པ་བཅས་བཞེད་ཚུལ་མི་མཐུན་ནོ།།
ཡང་དེ་ཉིད་ལས། ཚེས་བཅུ་བདུན་ནས་ཞག་བདུན་གྱི་བར་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་ཚོགས་དབུར་ཕྱིན་ཕུར་སྒྲུབ་དང་མདོས་བསྐང་སྦྲགས་མ་བཙུགས། ཉེར་གསུམ་ལ་འབྲུབ་འཆམ་དང་བཅས་གདབ་ལས་ཀྱི་སྒོ་ནས་དགྲ་བགེགས་གྱི་ཤ་ཁྲག་ཚོགས་སུ་རོལ་བའི་མཆོད་པ་ཕུལ། རྨི་ལམ་དུ་སྲིད་གསུམ་བདག་མོ་ལྷ་ངོ་ཅུང་ཟད་དམའ་བའི་མཚན་མ་བྱུང་ནས་ལྷ་ངོ་བསྟོད་ཕྱིར་མངའ་གསོལ་དུ་བརྩམས་ཏེ་ཚོགས་སུ་བཏང༌། ཆོས་སྐྱོང་ཆེན་པོའི་སྐུ་ཁོག་གིས་སྒར་གྱི་མཐའ་སྐོར་ཀུན་ཏུ་རྒྱ་མི་འདྲ་བ་མང་པོ་ཐོར་ཅོག་ལ་ཕུར་བུས་བརྒྱན་པ་སྐེ་འགུལ་ཁྱོག་མི་ཤེས་པ་ཁོ་ནས་བསྐོངས་འདུག་པས་གག་རིམས་ལྟ་བུའི་ནད་ལོད་པ་ཞིག་ཡོང་རྒྱུ་ཡིན་ནམ་ཟེར་བ་ནང་པར་སྐུ་ཕེབས་ཞུས་པས་ཁོག་པས་མཐོང་ཡང་དཔྱོད་མ་ཤེས་པ་ཡིན། ད་ལམ་གྱི་སྒྲུབ་པས་བགེགས་དེ་རྣམས་ཀྱི་མགོ་ལ་ཕུར་པ་ཐེབས་པས་ད་ཆ་སྨྱོ་འབོག་ནད་རིམས་ཀྱི་སྐྱོན་ཆེ་བ་མི་ཡོང་ཞེས་ལུང་བསྟན་པ་བཞིན་གཏང་རག་གི་སྐབས་སྙན་ཤལ་ཞལ་ཡིག་གིས་སྤྲས་པ་ཕུལ། མཐའ་འདྲེའི་འཚུབ་ལྷོངས་ལ་དམིགས་བྲག་སྣ་ཆོས་རྗེས་རྡོ་རྗེ་སློབ་དཔོན་བྱས་ཏེ་གྲྭ་གྲངས་ཀྱིས་བདུན་གཉིས་ཨར་གཏད་བསྒྲུབས་ནས་མནན་པས་རྟགས་ཤིན་ཏུ་ལེགས་པ་བྱུང་ཞེས་དང༌། ཡང་དེ་ཉིད་ལས། ཕན་བདེ་ལེགས་བཤད་གླིང་པའི་གྲྭ་པ་རགས་རིམ་ལ་ཤིང་ལུག་བཀའ་བརྒྱད་བདེ་འདུས་ཀྱིས་གཙོས་པའི་སྔགས་གསར་རྙིང་གི་དབང་ལུང་མང་དུ་ཕུལ་ཞིང༌། དེ་རྗེས་གསར་འབྱོར་མང་པོར་ས་ཁྱི་ཕུར་པ། འཆར་ཀ་ནུབ་ལུགས། ལྕགས་སྟག་ཐུགས་སྒྲུབ་དྲག་པོ་རྩལ་གྱི་དབང་རྒྱས་འབྲིང་བསྡུས་གསུམ་སོགས་སོང་རུང་རྗེས་སུ་གྲྭ་གསར་མང་བ་ལ་བརྟེན་གྲྭ་ཚང་སྤྱི་སོ་བཀའ་བགྲོས་པའི་དབུ་མཛད་བློ་བཟང་བསྟན་འཛིན་དང༌། གཉེར་པ་བློ་བཟང་སྦྱིན་པ་གཉིས་ཀྱིས་སྙན་གསན་ཁ་ཡར་ཟེར་བ་དང་དེའི་མུ་མཐུད་དབུ་མཛད་བློ་བཟང་ཡོན་ཏན་དང༌། མཆོད་དཔོན་ངག་དབང་ཤེས་རབ། དགེ་སློང་འཇམ་དབྱངས་གྲགས་པ་གསུམ་གྱིས་ནན་ཆེན་པོས་མཚམས་སྦྱར་ཏེ། རྡོ་རྗེ་བྲག་སྤྲུལ་པའི་སྐུར་ཕུར་པ་ཆེན་མཆོག་དང་གཏེར་སྟོན་རིན་པོ་ཆེར་ཚེ་བདག་འབུལ་དགོས་ཀྱིས་ཀྱང་རྐྱེན་བྱས། ཚེས་བདུན་ནས་བཟུང་ཉིན་ཁ་ཤས་ཀྱི་བར་ཕོ་བྲང་ཆེན་པོའི་ཚོམས་ཆེན་དུ་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། བཀྲ་ཤིས་རྩེའི་དབོན་རིན་པོ་ཆེ། གཏེར་སྟོན་རིག་འཛིན་ཆེན་པོ། ཆོས་རྗེ་བཀྲ་བཟང་པ། ངེས་གསང་རྡོ་རྗེ་གླིང་གི་གདན་ས་པ་དུང་དགོན་ཆོས་རྗེ། དབོན་མཁྱེན་རབ་བློ་ལྡན། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་ཡོངས་སུ་རྫོགས་པ། གཞིས་ཁ་ཤར་ཨ་གུར་ཅན་གསུམ། དྲུང་འཚོ་བ་ངག་དབང་ལྷག་བསམ། ངག་དབང་འཕྲིན་ལས་ཕ་བུ། བླ་མ་ཁག་གི་གྲྭ་པ་ཐོར་བུ་དང་བཅས་ཕྱེད་གཉིས་བརྒྱ་སྐོར་ལ་གསང་བ་ཡོངས་རྫོགས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་ཐིག་ཚོན་གྱི་ཆོ་ག་ཙམ་མ་གཏོགས་སྔོན་འགྲོ་ནས་བཟུང་དངོས་གྲུབ་ལེན་ཆོག་གི་བར་སྒྲུབ་ཆེན་གྱི་ཕྱག་ལེན་ཆད་ལྷག་མེད་པ་ཕུལ་ཞེས་གསུངས་པ་ལྟར། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ་གྲྭ་ཚང་ལ་ཕུར་སྒྲུབ་འཛུགས་གནང་མཛད་ཅིང་འབྲུབ་འཆམ་སོགས་ཀྱི་ཕྱག་ལེན་ཡོད་འདུག་པ་དུས་ཕྱིས་༸རྒྱལ་མཆོག་སྐུ་ཕྲེང་དྲུག་པ་དང་བདུན་པའི་སྐབས་སུ་ཉམས་ཆག་སོང་ཞིང༌། ད་ལྟའི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕྱག་ལེན་འདི་ཉིད་ནི་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་གསར་བཙུགས་མཛད་པ་ཞིག་ཡིན་ལ། ཕྱག་ལེན་ཉམས་བཞེས་སུ་ཡོད་མུས་ཀྱི་མ་གཅིག་དཔལ་ལྡན་ལྷ་མོའི་མངའ་གསོལ་འདི་ཉིད་ཀྱང་༸རྒྱལ་མཆོག་ལྔ་པ་ཆེན་པོས་སྐབས་འདིར་ལྷ་མོའི་དབུ་འཕང་བསྟོད་ཕྱིར་ལྗགས་རྩོམ་མཛད་དེ་གྲྭ་ཚང་གི་ཞལ་འདོན་དུ་འཛུགས་གནང་མཛད་པ་ཞིག་ཡིན་འདུག
དེ་བཞིན་ཚེས་བཅོ་ལྔ་ནས་ཧོར་ཟླ་བཅུ་པའི་ཚེས་གཉིས་ཀྱི་བར་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པར་བཀའ་བརྒྱད་བདེ་འདུས་ཀྱི་དབང་ཆེན། ཐུགས་སྒྲུབ་དྲག་པོ་རྩལ་གྱི་རྒྱས་པ་སྒྲུབ་པ་སྡེ་བརྒྱད་འབྲིང་པོ་སྒྲུབ་པ་སྡེ་དྲུག་གི་དབང༌། ཚེ་དཔག་མེད་འཆི་མེད་འོད་སྣང༌། ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ། བྱང་གཏེར་ཕུར་པ་འབྲིང་པོ་དྲག་སྔགས་སམ་ལྕགས་ཁང་མར་གྲགས་པ། གསར་བན་ཕྱོགས་མེད་ཀྱི་གཏེར་མའི་འཇམ་དཔལ་རྫོགས་ཆེན། འཇམ་དཔལ་ཚེ་བདག འཆར་ཀ་སྒྲོམ་བུ་མ། དགེ་ལུགས་འཇིགས་བྱེད་བཅུ་གསུམ་མ་རྣམས་ཀྱི་རས་བྲིས་ལ་བརྟེན་པའི་དབང་དང༌། ཆོས་སྐྱོང་མང་པོའི་རྗེས་གནང༌། རིང་འཚོའི་ཚིགས་བཅད་དང་ཇ་མཆོད་ལེ་ཚན་སོགས་ཚོགས་ཀྱི་ཞལ་འདོན་ཕལ་ཆེར་གྱི་ལུང་ཕུལ། ཚེས་གསུམ་ལ་དབང་ཡོན་གྱི་ཚུལ་དུ་བདོག་པ་དང་བཅས་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་རིང་འཚོའི་རྟེན་འབྱུང་བསྒྲིགས།
ཉེར་དྲུག་ནས་སྒོ་མང་སློབ་དཔོན་ཟུར་པ་ག་རུ་བ་ངག་དབང་དཔལ་འབྱོར། རྣམ་རྒྱལ་སློབ་དཔོན་བློ་བཟང་དར་རྒྱས། རི་ཁྲོད་དགའ་ལྡན་བླ་མ་བྱམས་པ་རིན་ཆེན། གསེར་ཁང་འོག་བླ་མ་བློ་གྲོས་ཆོས་འཕེལ། སྤྱན་གཡས་དཀའ་བཅུ་བློ་བཟང་རྣམ་རྒྱལ་སོགས་བཅུ་གཉིས་ལ་ཧོར་ཟླ་བརྒྱད་པའི་ཚེས་གཅིག་ནས་ཟླ་བ་གཅིག་བར། ཕན་བདེ་ལེགས་བཤད་གླིང་པའི་གྲྭ་པ་བཅོ་བརྒྱད་ལ་ཡང་ཏིག་གཅེས་སྒྲོན། གསང་བ་རྨད་བྱུང༌། འཕོ་བ་འཇག་ཚུགས་མའི་ཉམས་ཁྲིད་ཞིབ་པར་ཕབ། ཅེས་འཁོད་པ་ལྟར་གྲྭ་ཚང་དུ་བསྟན་སྲིད་སྐྱེ་འགྲོའི་བདེ་སྐྱིད་སོགས་ཀྱི་དོན་དུ་ཆོག་གཞུང་དུ་མ་ཞིག་གསར་བཙུགས་ཀྱིས་ཕྱག་ལེན་མཛད་སྲོལ་བཏོད་ཅིང༌། དབང་ལུང་མན་ངག་དང་བཅས་པའི་རྒྱུན་བཟང་སྨིན་སྩོལ་མཛད་པ་ཆོས་སྲིད་མཛད་རྣམ་དང་དུ་ཀཱུ་ལའི་གོས་བཟང་སོགས་སུ་ཞལ་གསལ་འཁོད།
ཤིང་སྟག་གནམ་ལོ་གསར་ཚེས་ཀྱི་སྲིད་གསུམ་བདག་མོ་མཆོད་པ་དང༌། ཉིན་དང་པོ་ཁལ་ཁ་ཨོ་རོད་ཀྱི་རྒྱལ་བརྒྱུད་བློན་འབངས་གཙོ་བོར་གྱུར་པ། ཉིན་གཉིས་པར་སོག་པོ་རགས་བསྡུས་དང་རྡོ་རྗེ་བྲག་སྤྲུལ་རིན་པོ་ཆེ། སྡེ་པ་ལྷུན་པོ་རྫོང་པ། ལྷ་བྱ། སྐྱིད་ཤོག་ཁག དབུས་གཙང་གི་ནང་སོ་རྣམ་པ་དྲག་གྲས་སོགས་རིན་ཆེན་རྒྱན་ཆ་དང་ཆས་པ་ཉེར་བདུན། གཞུང་གི་ལྔ་བཅུ་བཅས་ཆོས་བཟང་ལྷའི་འདུན་ས་ལྟར་བརྗིད་ཆགས་པ། ཉིན་གསུམ་པར་སྟོད་རྒྱུད་པ་སེར་འབྲས་སོགས་གཉུག་མར་གནས་པའི་མཁན་སློབ། དབོན་ཆོས་མཛད། ལས་སྣེ་བ། སྒར་གྲྭ་ཚང༌། བླ་མ། ཕན་བདེ་ལེགས་བཤད་གླིང་པ་ཡོངས་རྫོགས་ལ་དགའ་སྟོན་རྒྱ་ཆེར་སྤེལ་ཞེས་གསལ་བ་ལྟར་གནམ་ལོ་རང་ཞལ་གསར་དུ་ཚེས་པའི་ཉིན་གཞུང་འབྲེལ་མཛད་སྒོར་མ་གཅིག་དཔལ་ལྡན་ལྷ་མོར་གཟབ་གསོལ་གནང་སྲོལ་ཡོད་པ་༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་ནས་ཡོད་པ་མ་ཟད། ལྷག་པར་༸རྒྱལ་མཆོག་སྐུ་ཕྲེང་གཉིས་པ་རྗེ་དགེ་འདུན་རྒྱ་མཚོ་མཆོག་གིས་ལྷ་མོའི་བླ་མཚོའི་གནས་སྒོ་འབྱེད་ཅིང༌། ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་སོགས་ཕྱག་འདེབས་མཛད་པའི་སྐབས་ནས་༸རྒྱལ་དབང་མཆོག་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ལོ་རྒྱུས་ཁག་ཏུ་གསལ་ལགས།
༸རྒྱལ་མཆོག་ལྔ་པ་ཆེན་པོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ལས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་ཚེས་བཅུ་འཛུགས་བཞེད་ཀྱིས་ཕྱག་བྲིས་མའི་ལས་བྱང་ལེའུ་བརྒྱད་མ་ཞིག་འདུག་ཀྱང་གནང་སྟབས་མ་བདེ་བར་ལུས་པའི་དགོངས་པ་སྐོང་ཕྱིར་བྱང་གཏེར་ཐུགས་སྒྲུབ་འབྲིང་པོ་ནས་བཏུས་པའི་ལས་བྱང་དང་ཕ་མེས་ཀྱི་བསྟན་སྲུང་ཁྱབ་འཇུག་རཱ་ཧུ་ལའི་བསྐང་བསྟོད་རྒྱས་པའི་ཆོག་བསྒྲིགས་ཀྱང་གྲྭ་ཚང་དུ་བཙུགས་ཚོགས་ལ་བྱིན་རླབས་ཐུགས་རྗེའི་དབང་ཕུལ། ཞེས་འཁོད་པ་ལྟར་༸རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གིས་གངས་ལྗོངས་བསྟན་སྲིད་སྐྱེ་འགྲོའི་བདེ་ཐབས་སུ་དམིགས་ནས་ཚེས་བཅུ་འཛུགས་བཞེད་མཛད་ཀྱང་གནང་སྟབས་མ་བདེ་བར་ལུས་པས་༸རྒྱལ་མཆོག་བསོད་ནམས་རྒྱ་མཚོའི་རླབས་ཆེན་གྱི་དགོངས་བཞེད་ལྟར་གངས་ལྗོངས་བསྟན་སྲིད་དང༌། སྐྱེ་འགྲོའི་བདེ་སྐྱིད་དང་བཅས་པའི་ལེགས་ཚོགས་སྒོ་བརྒྱའི་ཆེད་དུ་དམིགས་ནས་བོད་ཁམས་ཡོངས་སུ་སླར་ཡང་ཚེས་བཅུ་འཛུགས་བཞེད་མཛད་ཀྱང༌། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ་ཡང་ཕྱོགས་རིས་ན་བུན་གྱིས་བསྒྲིབས་པའི་དབང་ལས་ཚེས་བཅུའི་ཆོ་ག་གསར་འཛུགས་མཛད་རྒྱུའི་བཞེད་དགོངས་མ་སྒྲུབ་པས་མ་འོངས་པར་དགོངས་བཞེད་ལྟར་འཛུགས་ཐུབ་ན་བསྟན་འགྲོར་ཕན་རླབས་རྒྱ་ཆེ་ཡོང་རྒྱུར་དགོངས་ཏེ་ཆོག་བསྒྲིགས་མཇུག་རྫོགས་པར་བཀོད་ཚུལ་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་མཇུག་བྱང་དུ་འཁོད་པ་འདི་ལྟར། རིག་འཛིན་གདུང་སྒྲུབ་ཀྱི་ལས་བྱང་གི་ཁྲིད་རིམ་འཐོར་བ་དང་གབ་པ་དང་མི་གསལ་བ་རྣམས་བསྡེབས་ནས་བརྒྱུད་འདེབས་ཀྱི་མཇུག་དང་སྨོན་ལམ་གྱི་རིམ་པས་ཁ་བཀང་སྟེ་བཀླགས་ཆོག་མཐོང་བ་དོན་ལྡན་འདི་ནི་ཚུལ་འདི་ཉམས་སུ་ལེན་པའི་སྐལ་ལྡན་རྣམས་ལ་ཕན་པའི་ཆེད་དང༌། ཁྱད་པར་བོད་ཡུལ་གངས་ཅན་གྱི་ལྗོངས་ཀྱི་བསྟན་འགྲོའི་ཕན་བདེའི་ཆེད་དུ་དབུས་གཙང་སྟོད་སྨད་ཀུན་གྱི་ཚེས་བཅུའི་མཆོད་པ་སྔར་སྲོལ་ཡོད་པ་རྣམས་དར་རྒྱས་དང༌། མེད་པ་གསར་དུ་བསྐྲུན་པ་དེ་མཐུན་རྫོང་འགོ་སོ་སོར་ཡང་ཚེས་བཅུའི་མཆོད་པ་འཛིན་པ་ཞིག་གྲུབ་ན་ལེགས་ཚུལ་ཕྱག་མཛོད་ས་སྐྱོང་བསོད་ནམས་རབ་བརྟན་ལ་བྱས་སྐབས་ཚུལ་དེ་སྒྲུབ་པར་བཞེད་པས་ཡུལ་གྲུ་ཁ་ཡར་དུ་རང་གང་མོས་ཀྱི་གཏེར་ཁའི་ཚེས་བཅུ་གང་དར་བྱེད་དགོས་པའི་བརྡ་བརྒྱག་དང་མཐུན་རྐྱེན་སོགས་མཛད་ཅིང༌། རྫོང་གཞིས་རྣམས་སུ་འདོན་རྒྱུ་བདེ་བ་ཅིག་དགོས་གསུངས་པར་བརྟེན་འདིའི་དབུ་བཙུགས་གྲུབ་པའི་མཚམས་ལ་རནཏ་གླིང་པའི་གཙང་ལ་ཕན་པའི་ཞལ་ཆེམས་ཀྱི་ལུང་བསྟན་ཐོག་ཏུ་བབས་པའི་བརྗོད་བྱ་སྣ་ཚོགས་ཤིག་བྱུང་བའི་འགལ་རྐྱེན་གློ་བུར་བ་ཞིག་ལ་བརྟེན་ད་ཆ་བྱེད་མི་བདེ་བ་འདུག་གསུངས་ཀྱང་ཆོག་བསྒྲིགས་འདི་ཉིད་སླད་ནས་རིག་འཛིན་པདྨའི་ཐུགས་རྗེའི་གཟི་བྱིན་གྱིས་བསིལ་ལྡན་གྱི་ཡུལ་ཀུན་བསྐལ་པ་བཟང་པོར་འགྱུར་བའི་དགའ་སྟོན་གྱི་རྟེན་འབྲེལ་དུ་ལྕགས་སྟག་དབྱུག་གུ་ཟླ་བའི་དཔའ་བོ་དགའ་སྟོན་གྱི་ཚེས་ལ་ཟ་ཧོར་གྱི་རིགས་ལས་སྔགས་སྨྱོན་གང་ཤར་རང་གྲོལ་གྱིས་དགའ་ལྡན་ཕོ་བྲང་དུ་བཀོད་པའི་དགེ་བས་སྤུར་རྒྱལ་བོད་ཀྱི་རྒྱལ་ཁམས་བདེ་ཞིང༌། བདེ་བའི་ཐབས་ཚུལ་སྒྲུབ་པ་ན་མཛད་པ་པོ་རྣམས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པར་གྱུར་ཅིག་ཅེས་འཁོད་པ་ལྟར་ལགས།
སྐབས་དེར་༸རྒྱལ་མཆོག་ལྔ་པ་ཆེན་པོས་བོད་ཁམས་ཡོངས་སུ་ཚེས་བཅུའི་རྒྱུན་འཛུགས་བཞེད་ལྟར་མ་གྲུབ་ཀྱང་གྲྭ་ཚང་དུ་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་ཚེས་བཅུ་བཙུགས་ཏེ་བྱིན་རླབས་ཐུགས་རྗེའི་བཀའ་དབང་ཡང་ཕུལ་ཚུལ་གསལ་བར་འཁོད་པ་ལྟར་ཡིན་ལ། འོན་ཀྱང་༸རྒྱལ་མཆོག་སྐུ་ཕྲེང་དྲུག་པ་དང་བདུན་པའི་སྐུ་དུས་སུ་གྲྭ་ཚང་འདི་ཉིད་ལ་ཉམས་ཆག་ཤུགས་ཆེ་བྱུང་བ་གོང་འཁོད་ལྟར་ཚེས་བཅུའི་ཉམས་བཞེས་ཀྱང་རྒྱུན་ཆད་པས་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་གངས་ལྗོངས་བསྟན་སྲིད་སྐྱེ་འགྲོའི་བདེ་ཐབས་ལ་དགོངས་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྣང་བརྙན་གསར་བཞེངས་དང་བཅས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དུའང་ཚེས་བཅུའི་ཕྱག་ལེན་ཉམས་པ་སླར་གསོ་མཛད་དེ་ད་ལྟར་ཆད་མེད་རྒྱུན་གྱི་ཕྱག་ལེན་དུ་ཡོད་པ་འདི་ལྟར་ལགས་སོ།།
ལྷག་པར་༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ། གཞུང་གི་རྩེ་ཤོད་ཕྱག་མཛོད་དང་གཉེར་ཚང་སོགས་ནམ་མཁའ་མཛོད་ལ་མངའ་བརྙེས་ཀྱང༌། སྐུ་ཆས་རྣམས་ཆུད་ཟོས་སུ་ཐ་ན་འབྲུ་རྡོག་གཅིག་ཙམ་ཡང་མི་གཏོང་བར། དགོས་སར་མི་ཆད་ཅིང་མི་དགོས་སར་མི་ལྷག་པ། དཔེར་ན། སྐུའི་ན་བཟའ་རྣམས་འཁྲུ་བར་གྲྭ་ཚང་གི་གྲྭ་པ་འགའ་འོངས་ཚེ། ཁོ་ཚོའི་སྐོལ་ཇ་ཡང་གཟིམ་ཆུང་ཉི་འོད་འཁྱིལ་བའི་ནང་གི་གཟིམ་ཆུང་ཆུང་ངུ་ཞིག་ནས་༸རྒྱལ་མཆོག་ལྔ་པ་ཆེན་པོ་རང་ཉིད་ཀྱིས་དངོས་སུ་ཕྱག་བསྟར་ནས་མི་རེར་ཕྱག་ཚོམས་རེ་མི་འདི་དང་འདིའི་ཡིན་ཞེས་གནང་བ་དང༌། སྐབས་རེ་དེ་རིང་གྲྭ་པ་འདི་དང་འདི་ཞེས་བྱ་བ་མེད་ཅེས་གསོལ་ཇ་གནང་གྲུབ་པ་ཡང་ཐ་ན་ལམ་སེང་ཇ་ཚུར་བཞེས་ཏེ་གསོལ་ཇའི་སྣོད་ནང་འཇུག་པར་མཛད་པ་སོགས་ཕྲ་ཞིང་མཛངས་པའི་ཆོས་དང༌། འཇིག་རྟེན་གང་ལའང་རང་ཉིད་ཐུགས་ཞིབ་ཚགས་ཤིང༌། གཞན་ཀྱང་འཇུག་པར་བསྐུལ་བ། མདོར་ན་༸རྒྱལ་མཆོག་ལྔ་པ་ཆེན་པོ་འདི་ཉིད་ཁམས་གསུམ་དབང་དུ་འདུ་བས་ཕྱི་རུ་བརྗིད་ཆེ་ཡང་ནང་དུ་ཞབས་ཞུ་བ་བདེ་བ། སྐུ་རྩེད་ལ་མཉེས་པ་ཡིན་པས་རྒྱུན་དུ་དཔོན་གཡོག་ཐམས་ཅད་གཟིམ་ཆུང་ནང་བཞད་ཆ་ཐེག་ཐེག་ཡོང༌། གཟིམ་ཆུང་འགག་ཏུ་ཞབས་འབྲིང་རྣམས་དགོད་བྲོའི་རྣམ་པས་རྩོམ་རྒྱག་རེས་བྱས་པ། སྐབས་རེ་གཟིམ་ཆུང་ནང་བཞེས་ཏེ་ཞལ་ཆ་ཡང་མཛད། དུས་རྒྱུན་དགོང་ཇ་བཞེས་པར་ནང་འཁོར་ལ་གསོལ་རས་སྩལ་དུས་ཤེད་འཁྱེར་གྱིས་འཕྲོག་རེས་མཛད་པ། དགེ་སློང་འཇམ་དབྱངས་གྲགས་པ་རང་སྐུ་ཤེད་ཆེ་བས་ཐམས་ཅད་ཐོབ་འགྲོ་བ་སོགས་སྐུ་རྩེད་འབའ་ཞིག་མཛད་པ་ལས་ཆེན་པོའི་དཔོན་ཚིག་མེད་པར་དམངས་དང་འདྲ་མཉམ་འཛིན་པ་ཞིག་གོ །ཞེས་༸གོང་ས་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་དང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་འདི་ཉིད་ཀྱི་སྐུ་ཞབས་རྣམས་ཧ་ཅང་མཉེས་གཤིན་ཡོད་པའི་ཚུལ་རྣམས་ཆོས་སྲིད་ཀྱི་མཛད་རྣམ་དང༌། གསུང་རྣམ་བྲིས་མ་སོགས་སུ་གསལ་བར་འཁོད་པ་ལྟར་རོ།།
པོ་ཏ་ལའི་གནས་བཤད་ལས། ༸གོང་ས་ལྔ་པས་དགོངས་གཞི་དགོས་པ་ཁྱད་པར་ཅན་གྱི་གྲྭ་ཚང་དེར་གསང་སྔགས་གསར་རྙིང་གི་ཟབ་ཆོས་ཀྱི་སྙིང་པོ་རིམ་པར་འཛུགས་པ་གནང་བ་མ་ཟད། ཕྱི་ལོ་ ༡༦༤༢ ཆུ་རྟ་ལོར་རབ་བྱུང་བཅུ་གཉིས་པར་༸གོང་ས་ལྔ་པས་སྲིད་དབང་བཞེས་རྗེས་རྩེ་པོ་ཏ་ལར་གྲྭ་ཚང་གསར་སྐྲུན་དང་འབྲེལ་དགེ་འདུན་ཞལ་གྲངས་ཡང་སྤར་ཏེ་རྩེར་གནས་སྤོས་གནང་བ་རེད། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་གོང་གསལ་གྲྭ་ཁང་གཞི་རྒྱ་ཆེ་རུ་བཏང་ནས་མགོན་ཁང་དང༌། གྲྭ་ཁང་གཉིས་གསར་སྐྲུན་གནང་ཚུལ་དང༌། ཕྱི་ལོ་ ༡༦༣༩ ལོར་༸རྒྱལ་བ་ལྔ་པའི་ཡུམ་གཤེགས་པའི་སྐུ་ཚེགས་ཆེད་རྣམ་རྒྱལ་གྲྭ་ཚང་དུ་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་སྒྲུབ་པ་ཚུགས་རྒྱུ། ཕྱི་ལོ་ ༡༦༤༣ ཆུ་ལུག་ལོར་བོད་འབངས་བདེ་ཐབས་ཆེད་ཕུར་པའི་དཀྱིལ་འཁོར་གྱི་སྒྲུབ་པ་ཚུགས་རྒྱུ། ཕྱི་ལོ་ ༡༦༥༦ མེ་སྤྲེལ་ལོར་༸རྒྱལ་བ་ལྔ་པའི་ཡབ་བདུད་འདུལ་རབ་བརྟན་གཤེགས་པའི་མཆོད་སྤྲིན་ཆེད་རྩེ་རྣམ་གྲྭར་ས་ལུགས་ཀྱི་མགོན་པོ་གུར་ཞལ་དང༌། ལྕམ་སྲིང་ནག་པོ་སྐོར་གསུམ་བཅས་ཀྱི་སྒོ་ནས་སྒྲུབ་པ་ཉིན་ལྔ་རིང་ཚུགས་པའི་ཉིན་དང་པོ་སྟེ་བོད་ཟླ་ ༣ ཚེས་ ༨ ཉིན་བརྒྱད་གཏོར་གྱི་མཛད་སྒོ་འཁེལ་བའི་དགེ་འདུན་ཚོའི་ཞལ་འདོན་གྱི་ཚིག་མཚམས་དང་བསྟུན་ནས་ནམ་མཁའ་ནས་འབྲུག་སྐད་དང་པོ་དེ་བསྒྲགས་པ་དང་དུས་མཚུངས་དབྱར་ཁ་ཤར་བར་བརྩིས་ནས་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་གཞུང་ཞབས་དཔོན་འཁོར་འགོ་དམངས་རྣམས་དབྱར་ཆས་གྱོན་འགོ་ཚུགས་སྲོལ་ཡོད་ཚུལ་གསལ།
རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ཕྱི་ལོ་ ༡༦༨༢ གནམ་ལོ་གསར་ཚེས་ཀྱི་སྲིད་གསུམ་བདག་མོ་མཆོད་པའི་དུས་མཆོད། ཚེས་གཅིག་གཏོར་ཆེན་དུ་གྲགས་པའི་རྟེན་འབུལ་ལ་མཆོད་ཁང་རྩེར་སྔར་རྒྱུན་ལྟར་ཕེབས་པའི་རིང་ནམ་མཁའ་གཡའ་དག་ཅིང༌། རླུང་བསིར་བུ་སོགས་ཀྱང་མེད་པའི་ཤིན་ཏུ་དྲོ་ཞིང་སོ་སྐྱེས་མཐོང་བར་ཡང་ཉི་མའི་གདོང་འཇའ་དང་བཅས་ངོ་མཚར་བར་བྱུང་བས་ཡ་མཚན་གྱི་གཟིགས་སྣང་ཁྱད་པར་ཅན་ཞིག་བྱུང་བ་དང༌། ཚེས་གཉིས་ལ་དགའ་སྟོན་ཉིན་གཉིས་པར་རིན་ཆེན་རྒྱན་ཆ་བ་གཞུང་རང་གི་ལྔ་བཅུ་དང༌། ལྷ་སའི་རང་གོན་བཞི་བཅས་སྐུ་མདུན་དུ་བསྟར་ཏེ་ཚོམས་ཆེན་དུ་ཕེབས་པའི་རྒྱལ་པོ་འཁོར་བཅས་རགས་བསྡུས། གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་པ་ཡོངས་རྫོགས་བཅས་བཞུགས་གྲལ་ཐོག་གྲྭ་ཚང་གི་གྲྭ་པ་རགས་བསྡུས་དང་བཅས་པས་ཚིགས་བཅད་དང་བསྟུན་བཀྲ་ཤིས་རྟགས་རྫས་ཕུལ། ཞེས་དང༌། ཚེས་བཅོ་བརྒྱད་ལ་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་ཞེས་ས་གསུམ་ན་འགྲན་ཟླ་དང་བྲལ་བའི་བྱིན་རླབས་ཀྱི་གཟི་བྱིན་མངོན་པར་མཐོ་བའི་འདུས་ཚོགས་ཀྱིས་ཚོགས་འཁོར་གཟབ་རྒྱས། སྤྱི་སྒེར་གྱི་འབུལ་བ་དཔངས་མཐོ་བ་དང་བཅས་གཏེར་ཆེན་རིགས་འཛིན་རྒོད་ཕྲུ་ཅན་གྱིས་བྱང་ཟང་ཟང་ལྷ་བྲག་ནས་དྲངས་པའི་ཚེ་དཔག་མེད་ལོངས་སྐུ་འཆི་མེད་འོད་སྣང་གི་ཆོག་སྒྲིགས་རྗེ་བླ་མས་གནང་བ་རབ་བརྟན་རྡོ་རྗེ་མའི་སྒོ་ནས་ཞབས་བརྟན་རྒྱས་པར་ཕུལ་ཞེས་འཁོད།
ཡང་མཛད་རྣམ་དེ་ཉིད་ལས། གོང་གི་ལོའི་ཟླ་བ་ ༢ ཚེས་ ༧ ལ་རྣམ་རྒྱལ་གྲྭ་ཚང་གི་ཆོག་གྲྭ་བ་རྣམས་ཀྱིས་ཞུས་ངོར་རྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་ཟོར་ལས་དང་འབྲེལ་བར་བསྲུང་བཟློག་བསད་མནན་གང་དགོས་སུ་སྦྱར་ཆོག་པའི་ཆོག་བསྒྲིགས་བསྐལ་པའི་མེ་དཔུང༌། དབུ་མཛད་ཆོས་རྗེས་ཞུས་ངོར་གསོལ་འདེབས་སྨོན་ལམ། གྲྭ་ཚང་གི་ཆོག་གྲྭ་པ་རྣམས་དང༌། སོའི་སྔགས་འཆང་གནས་ཆུང་གནམ་ལྕགས་ཟིལ་གནོན་དཔའ་བོས་ཞུས་ངོར་འཇམ་དཔལ་ཁྲོ་ཆུ་ནག་པོའི་བརྒྱུད་འདེབས་སོགས་བཀའ་རྩོམ་གནང་ཞེས་དང༌། ཡང་རྣམ་རྒྱལ་གྲྭ་ཚང་དུ་རྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་གཏོར་རྒྱག་དང་འདོད་གསོལ་བགྱིས་ཤིང༌། ཞེས་སོགས་འཁོད།
དེ་བཞིན་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པའི་སྒྲིག་སྐོར་ལ་བཅའ་ཡིག་ཞིག་གནང་བཞེད་འདུག་རུང༌། གནང་བར་བརྩམས་དུས་རྐྱེན་སྣ་ཚོགས་ཀྱིས་རིམ་འགྱངས་སུ་ལུས་པ་ལ་སྒྲིག་སྐོར་གྱི་བསླབ་སྟོན་ཡང་ཡང་དང༌། འཆམས་དབྱངས་ཀྱི་ཡི་གེ་གསར་བྲིས་གནང༌། ཕུར་འཆམས་དུས་རེ་གཉིས་ལས་མི་ཕེབས་ཀྱང༌། ལྕགས་བྱ་ ༼ཕྱི་ལོ་ ༡༦༨༡༽ ལོར་འཆམས་གཏོར་རྒྱག་སོགས་ཐམས་ཅད་ལ་ཐུགས་རྟོག་ཏུ་ཕེབས་ནས་ཚད་ལྡན་གྱིས་ཤིག་གནང༌། ཞེས་བཀའ་བ་སོགས་ཞིབ་ཏུ་གསལ་བ་ལྟར་རོ།། །།
ཅ༽ ༸རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སྐུ་དུས་ཀྱི་ལོ་རྒྱུས།
དེ་ཡང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནི་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་ཐུན་མོང་མ་ཡིན་པའི་གྲྭ་ཚང་ཡིན་པ་ནི། ༸རྒྱལ་བ་སྐུ་ཕྲེང་དྲུག་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་དགུང་ལོ་གསུམ་ནས་ང་ནི་ངག་དབང་བློ་བཟང་རྒྱ་མཚོ་ཡིན་པོ་ཏ་ལར་འགྲོ། ང་ལ་སྡེ་པ་ཡོད་གསུངས་པ་དང༌། དགུང་ལོ་བཞི་ལ་ཕེབས་པ་མེ་སྟག་ཕྱི་ལོ་ ༡༦༨༦ ཟླ་ ༨ ཚེས་ ༣ ཞོགས་པར། གློ་བུར་དུ་ང་པོ་ཏ་ལར་འགྲོ། སྡེ་པ་སངས་རྒྱས་རྒྱ་མཚོ་དང་རྣམ་རྒྱལ་གྲྭ་ཚང་གི་གྲྭ་པ་རྣམས། བསངས་གཏོར་རྔ་སྦུག་དང་རྒྱ་གླིང་རོལ་མོ་མང་པོ་བྱེད་ཀྱི་ཡོད་ཅེས་སྔོན་གནས་རྗེས་དྲན་གྱི་གསུང་ལས་གསལ་བར་རྟོགས་ཐུབ།
༸རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་སྐུ་དུས་སུ་༸རྒྱལ་དབང་གོང་མ་ན་རིམ་ནས་བསྟན་སྲིད་སྐྱེ་འགྲོའི་བདེ་ཐབས་སུ་དགོངས་ཏེ་བཙུགས་གནང་མཛད་པའི་སྔོན་བྱོན་མཐོང་བ་བརྒྱུད་པའི་ཆོ་ག་ཕྱག་ལེན་སྔར་ཡོད་ཚད་ལྡན་རྣམས་ཉམས་བཞེས་རྒྱུན་འཁྱོངས་མཛད་ཐོག ༸རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གསང་བའི་རྣམ་ཐར་ལས། ངས་ཀྱང་རྣམ་རྒྱལ་གྲྭ་ཚང་ལ་དགེ་ལུགས་ཀྱི་ས་གར་འཛུགས་རྩིས་བྱས་ཏེ། དགེ་ལུགས་ཀྱི་ས་གར་ཤེས་མཁན་བཙལ་བས་མངའ་རིས་བར་དུ་བཙལ་ཀྱང་རྩད་མ་ཆོད། ཞྭ་ལུ་ནས་རྒྱུན་བྱས་ཏེ་བུ་ལུགས་ཀྱི་ས་གར་ཞིག་འཛུགས་རྩིས་ཡིན། འཕངས་པ་དེ་འདྲའི་ཕྱག་ལེན་ཁྱད་པར་ཅན་དེ་ད་ལྟ་ཁྲི་སྐོར་བཅུ་གསུམ་ན་བཙལ་བས་ཀྱང་མ་རྙེད་ནུབ་འདུག ཁམས་ཕྱོགས་ནས་ལེགས་པར་བཙལ་ན་རྙེད་ཤས་ཆེ་གསུངས་ཤིན་ཏུ་གཅེས་འདུན་ཆེ་བར་མཛད་སོང༌། ཞེས་གསལ་བ་ལྟར། དགེ་ལུགས་ཀྱི་ས་གར་སོགས་སྔར་ཡོད་ཉམས་མེད་རྒྱུན་འཛིན་དང༌། ཉམས་པ་སླར་གསོ། སྔར་མེད་གསར་འཛུགས་བསྐྱང་རྒྱུའི་དགོངས་བཞེད་བླ་མེད་མཛད་ཀྱང༌། བོད་འབངས་བསོད་ནམས་དམན་པའི་དབང་གིས་༸རྒྱལ་དབང་ཉིད་ནས་ཆོས་སྲིད་ཀྱི་མངའ་ཐང་སྐྱོང་བའི་འཕྲིན་ལས་ལེགས་པར་སྤེལ་བའི་དབུ་བརྩམས་པའི་སྐབས། སྡེ་སྲིད་རིན་པོ་ཆེ་དང་ལྷ་བཟང་གཉིས་ཀྱི་ཆབ་སྲིད་ཀྱི་འགལ་བ་ཇེ་ཆེར་སོང་བ་སོགས་མཐར་ལྷ་བཟང་གིས་༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐུ་སྲོག་བཀྲོངས་ཤིང༌། དྲག་ཤུགས་ལ་བརྟེན་ནས་བོད་ཀྱི་སྲིད་དབང་ཕྲོགས་རྗེས་༸རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དགུང་ལོ་ཉེར་ལྔ་བཞེས་པ་མེ་ཁྱི་ཕྱི་ལོ་ ༡༧༠༦ ལོའི་ཟླ་ ༥ ཚེས་ ༡ ཉིན་༸རྒྱལ་བ་ཚངས་དབྱངས་མཚོ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོའི་ཡང་སྲིད་འཁྲུལ་བྲལ་མིན་ཚུལ་སྐྱོན་བརྗོད་ཞུས་ཏེ་༸རྒྱལ་བའི་ཁྲི་ལས་ཕབ་པ་སོགས་དང༌། ལྷ་བཟང་གིས་པད་དཀར་འཆང་བ་ངག་དབང་ཡེ་ཤེས་རྒྱ་མཚོ་༸རྒྱལ་དབང་དྲུག་པ་ཡིན་ཚུལ་གྱིས་ཕོ་བྲང་པོ་ཏ་ལར་གདན་དྲངས་ཤིང༌། ༸རྒྱལ་བའི་བཞུགས་ཁྲིར་བཞག པད་དཀར་འཆང་བ་ངག་དབང་ཡེ་ཤེས་རྒྱ་མཚོ་ཞེས་མཚན་གསོལ། ལྷ་བཟང་འཁོར་བཅས་ནས་བོད་ལྗོངས་ལ་དབང་སྒྱུར་བྱེད་སྐབས་ཨོ་རོད་འཇུན་གར་བའི་དམག་གིས་བོད་ནང་བཙན་འཛུལ་བྱས་མཐར། ཕྱི་ལོ་ ༡༧༡༧ ཟླ་ ༡༡ ཚེས་ ༡༢ ཉིན་འཇུན་གར་བའི་དམག་ལྷ་སར་ལྷགས་ཏེ་མཐར་རྒྱལ་པོ་ལྷ་བཟང་བཀྲོངས་ཤིང༌། པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་ཁྲི་ལས་ཕབ། རི་བོ་དགེ་ལྡན་པའི་བསྟན་པར་དད་གུས་ཡོད་ཚུལ་གྱིས་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བསྟན་པ་ལས་གཞན་མེད་ཅེས་དྲིལ་བསྒྲགས། མཐར་གསང་སྔགས་རྙིང་མའི་ཆོས་བརྒྱུད་འཛིན་པའི་བླ་སྤྲུལ་ཁག་དང༌། དགོན་སྡེ་མང་པོ་རྩ་གཏོར་དུ་བཏང་བའི་གྲས་སུ་གྲྭ་ཚང་རིན་པོ་ཆེ་འདི་ཉིད་ཀྱང་ཉམས་རྒུད་འཐོར་ཞིག་ཏུ་སོང་ངོ༌།།
དེ་ཡང་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་དང༌། ལྷག་པར་༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་བསྟན་སྲིད་དང༌། སྐྱེ་འགྲོའི་བདེ་ཐབས་ཁོ་ནར་དམིགས་ཏེ་སྔགས་གསར་རྙིང་གི་ཆོ་ག་ཁག་མང་གསར་འཛུགས་མཛད་པ་མ་ཟད། གྲྭ་ཚང་རིན་པོ་ཆེ་འདི་ཉིད་ནས་༸རྒྱལ་བ་སྐུ་ཕྲེང་ན་རིམ་གྱི་བཞེད་སྲོལ་ལྟར་རིས་མེད་ཀྱི་ཉམས་བཞེས་གནང་བར་བརྟེན། ཕྱི་ལོ་ ༡༧༡༧ ལོའི་ཟླ་ ༡༡ ཚེས་ ༡༦ ཉིན་འཇུན་གར་ཇི་སང་གིས་དཔོན་དམག་བརྒྱ་སྐོར་འཁྲིད་དེ། ཕོ་བྲང་པོ་ཏ་ལར་ཡོང་སྟེ་གྲྭ་ཚང་གི་སྐུ་ཞབས་ཚང་མ་ལྷ་སའི་སྐྱིད་ཆུའི་ཁར་འཁྲིད་ནས་ན་བཟའ་གྲྭ་ཆས་རྣམས་བཤུས། སྐྱ་ཆས་གཡོགས་ཏེ་སོ་སོའི་ཡུལ་དང་ནང་ཁྱིམ་དུ་ཕྱིར་ལོག་བྱེད་དུ་བཅུག་ཡོད་ལ། བསྟན་རྩིས་ལག་དེབ་ལས་ཀྱང༌། རབ་བྱུང་བཅུ་གཉིས་པའི་ས་ཁྱི་ཕྱི་ལོ་ ༡༧༡༨ ལོར་ཇུན་གར་གྱིས་རྣམ་རྒྱལ་གྲྭ་ཚང་སོགས་གཏོར་ཏེ་ཞྭ་སེར་བ་བཀུར་ཞེས་གསལ་བ་ལས་ཀྱང་རྟོགས་ཐུབ་བོ།།
ཡང་རྒན་རབས་པ་དག་གི་ངག་རྒྱུན་ལྟར་ན། སྐབས་དེར་དགེ་འདུན་པ་ཁག་ཅིག་གཞུང་ཀོ་བརྒྱུད་སྐྱིད་ཆུར་བསྐྱུར་བའི་མཐར་ཆུ་ཤུར་གྱི་ཆུ་འགྲམ་ནས་ཐོན་ཏེ་སྲོག་ཉེན་ལས་ཐར་བས། དེ་དག་མཉམ་འདུས་ཀྱི་དགོན་སྡེ་ཞིག་ཆགས་པའི་དགོན་མིང་དུ་ཆུ་ཤུར་ཐར་པ་གླིང་ཞེས་མཚན་ཐོགས་པ་ཡིན་ཚུལ་གསུང་སྲོལ་ཡོད་འདུག་ཀྱང༌། ཆུ་ཤུལ་ཐར་པ་གླིང་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་སྟག་ཕྱི་ལོ་ ༡༦༥༠ ལོར་༸རྒྱལ་མཆོག་ལྔ་པ་ཆེན་པོས་ཕྱག་བཏབ་པ་ཞིག་ཡིན་ལ། ལོ་རྒྱུས་ཁག་གི་ནང་དུའང་འཇུན་གར་བས་རྩ་གཏོར་བཏང་བའི་དགོན་སྡེའི་གྲས་སུ་ཆུ་ཤུར་ཐར་པ་གླིང་ཡང་འདུག་པར་བརྟེན་ཡིན་ཚོད་མི་སྣང༌།
མི་དབང་རྟོགས་བརྗོད་ལས། ང་ཕོད་པ་དང༌། ལུམ་པ་བ། སྦྱར་ར་བ། སྐྱོར་ལུང་བླ་མ། རྣམ་རྒྱལ་གྲྭ་ཚང་གི་གཉེར་པ། དེ་བཞིན་ང་ཕོད་བློ་བཟང་སོགས་བུ་བརྒྱུད་དང༌། ཉེས་ཅན་གཞན་བཅས་མི་གྲངས་བཅུ་བདུན་བ་མ་རིའི་འགྲམ་གྱི་སྤང་ཐང་དུ་སྲོག་ཉེས་བཅད་པ་དང༌། ཉེ་ལྟོས་སོགས་ཁག་གཅིག་རྒྱ་ནག་ཏུ་བརྫངས་པ་སོགས་ཞིབ་ཕྲ་སྐབས་དེར་དངོས་སུ་མཐོང་ཐོས་མྱོང་གསུམ་ལྡན་པའི་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་སྐུ་ངོ་མས་བྲིས་པར་༸མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་བོད་ཁམས་ལ་མངའ་དབང་བསྒྱུར་བའི་དུས་སུའང༌། ང་ལུམ་སྦྱར་གསུམ་དང༌། སྐྱོར་ལུང་བླ་མ་སོགས་ཁྱིམ་མི་གྲངས་ ༡༩ དུས་གཅིག་ཏུ་སྲོག་ཐོག་བཏང་བའི་གྲས་སུ་གྲྭ་ཚང་གི་གཉེར་པའང་ཡོད་འདུག་པར་བརྟེན་དུས་སྐབས་དེར་གྲྭ་ཚང་རིན་པོ་ཆེ་འདི་ཉིད་ལ་ཉམས་ཆག་ཆེན་པོ་བྱུང་བཟོ་འདུག འོན་ཀྱང་ཕྱི་ལོ་ ༡༩༥༩ དུས་འགྱུར་གྱི་སྐབས་དང༌། ལྷག་པར་རིག་གནས་གསར་བརྗེའི་སྐབས་དང་མི་འདྲ་བའི་གནས་ཚུལ་ཞིག་ནི། སྐབས་དེར་རྟེན་གཙོ་ཁག་གིས་དབུས་རིན་བྲལ་གྱི་རྟེན་གསུམ་དང་མཆོད་རྫས་སོགས་ལ་དེ་ཙམ་གྱི་ཉམས་གཏོར་ཐོར་གསུམ་བྱུང་ཚོད་མི་སྣང་ངོ༌།། །།
ཆ༽ ༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་སྐུ་དུས་ཀྱི་ལོ་རྒྱུས།
༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དཔག་བསམ་སྙེ་མ་ལས། ༸རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་སྐུ་དུས་སུ་གྲྭ་ཚང་འདི་ཉིད་ཐོར་ཞིག་ཏུ་སོང་བས། བོད་རབ་བྱུང་ ༡༢ པའི་ཤིང་ལུག་ཕྱི་ལོ་ ༡༧༡༥ ལོར་༸རྒྱལ་བ་བསྐལ་བཟང་རྒྱ་མཚོ་དགུང་ལོ་བརྒྱད་དུ་ཕེབས་པའི་ཟླ་ ༨ པའི་ཚེས་ ༢༠ གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན། གཙོ་ཆེར་ཡབ་རྗེ་ཉིད་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་སེ་འབྲས་དགའ་གསུམ་སོགས་བོད་གངས་ཅན་དང༌། ཕྱོགས་མཐའ་དག་ནས་དད་པས་ལྷགས་པའི་དགེ་འདུན་པ་རྣམས་བསྡུས་ནས་གྲྭ་ཚང་གསར་འཛུགས་གནང་བར་རྗེ་བླ་མ་ཉིད་ནས་རྣམ་རྒྱལ་གྲྭ་ཚང་ཞེས་པའི་མིང་སྩལ་ཞིང༌། དངུལ་གོས་དར་སོགས་ཀྱི་ཕྱག་འགྱེད་ཀྱང་གནང་ཞེས་དང༌། སྐབས་འདི་ནས་བཟུང་རྣམ་རྒྱལ་གྲྭ་ཚང་དུ་བཀའ་འགྱུར་གསུང་སྒྲོགས་དང༌། སྲུང་མའི་འཕྲིན་བཅོལ་སོགས་ཞབས་བརྟན་སྐུ་རིམ་མ་ཆག་པ་གནང་ཞེས་གསལ་བ་ལྟར། ཕྱི་ལོ་ ༡༧༡༥ ལོར་གྲྭ་ཚང་འདི་ཉིད་བསྐྱར་འཛུགས་མཛད་པ་ཞིག་ཡིན།
དེ་ཡང་སྔོན་ཆད་༸གོང་ས་ལྔ་པ་ཆེན་པོའི་སྐུ་དུས་ཀྱི་རྩེ་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་རྣམས། ༸རྒྱལ་བ་སྐུ་ཕྲེང་དྲུག་པ་རིན་ཆེན་ཚངས་དབྱངས་རྒྱ་མཚོའི་སྐུ་དུས་སུ་སོག་པོ་ཇུན་གར་བས་ལྷ་སར་བཙན་འཛུལ་སྐབས་ཚང་མ་གྲྭ་ཆས་བཤུས་ནས་སྐྱ་ཆས་གཡོགས་ཏེ་སོ་སོའི་ཡུལ་དུ་ཕྱིར་སློག་བྱེད་དགོས་པའི་བཙན་བཀའ་བཏང་བ་དང༌། ལ་ལ་ལྷ་སའི་སྐྱིད་ཆུར་བསྐྱུར་བ། འགའ་ཞིག་སྲོག་ཉེས་བཏང་བ་སོགས་བྱས་པར་གྲགས་ཤིང༌། དུས་ཕྱིས་ཀྱི་རྩེ་རྣམ་རྒྱལ་གྲྭ་ཚང་ནི་སྐབས་འདི་ནས་ཐོག་མར་དབུ་ཚུགས་པ་དང༌། རྒྱལ་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང་མཁས་པའི་མགུལ་རྒྱན་ལས། ༸གོང་ས་བསྐལ་བཟང་རྒྱ་མཚོས་པོ་ཏ་ལའི་གྲྭ་ཚང་རྙིང་པ་ཁང་ཆེན་པ་དཱ་ཆིང་བཱ་ཐུར་ནས་བཏོན་ཤུལ་རྣམ་གྲྭ་གསར་འཛུགས་མཛད་ཅེས་གསལ་བ་ལྟར། དའི་ཆིང་པཱ་དུར་གྱིས་དེ་སྔོན་གྱི་རྩེ་རྣམ་རྒྱལ་གྲྭ་ཚང་གི་གྲྭ་པ་ཚང་མས་རྙིང་མའི་ཆོས་བྱེད་ཀྱི་ཡོད་པ་དེ། རྩེད་ཐང་ཨོ་རྒྱན་གླིང་དུ་གནས་སྤོར་བྱས་པས། ༸རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ནས་རྒྱུད་གྲྭ་སྟོད་སྨད་ཀྱི་གྲྭ་པའི་ནང་ནས་ཁག་ཅིག་བསྡུས་ཏེ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་འདི་ཉིད་སླར་གསོ་དང་བཅས་བཀའ་དྲིན་གྱིས་བསྐྱངས་པར་མཛད།
༸རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་མ་ལས། འདི་སྐབས་སྔ་སོར་རྗེ་གོང་མ་རྣམས་ཀྱི་སྐུ་དུས་སུ་པོ་ཏ་ལར་གསང་སྔགས་ཀྱི་རྒྱུད་སྡེའི་སྒྲུབ་གྲྭ་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་ཡོད་འདུག་ཀྱང༌། བར་སྐབས་གཡོན་རུའི་དུས་ཟིང་ལ་བརྟེན་ཉམས་འཐོར་ཆེ་བ་བྱུང་འདུག་པར། རྗེ་ཉིད་མཚོ་སྔོན་དུ་བཞུགས་སྐབས་སེ་འབྲས་དགའ་གསུམ་སོགས་ནས་རིམ་འབྱོར་གྲྭ་རིགས་ཀྱི་རྣམ་རྒྱལ་གྲྭ་ཚང་གསར་འཛུགས་མཛད་པ་པོ་ཏ་ལར་སྟར་ཆགས་སུ་བཞུགས་པ་རྣམས་ཀྱི་སྒྲིག་ལམ་ཀུན་སྤྱོད་དང་རྒྱུད་སྡེའི་ཕྱག་ལེན་མཐའ་དག་རི་བོ་དགེ་ལུགས་པའི་རིག་སྔགས་འཛིན་པ་རྣམས་ཀྱི་ནང་ན་གུར་དཀར་པོའི་ཏོག་ལྟ་བུར་མངོན་པར་བསྔགས་པ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ཇི་ལྟ་བ་བཞིན་བྱུང་ན་བསྟན་པ་རིན་པོ་ཆེའི་རྒྱུན་ལ་ཕན་ཞིང༌། མོས་ལྡན་བསོད་ནམས་གསོག་པའི་ཞིང་ས་མཆོག་ཏུ་འགྱུར་བར་དགོངས་ཏེ། རྒྱུད་སྨད་གྲྭ་ཚང་ནས་རྡོ་རྗེ་སློབ་དཔོན་དུ་འོས་པ་དགེ་བའི་བཤེས་གཉེན་དྭགས་པོ་རབ་འབྱམས་པ་བློ་བཟང་ཚུལ་ཁྲིམས། བྱང་འདྲེན་དུ་ལམ་པ་སྔགས་རམས་པ་བློ་བཟང་བཀྲ་ཤིས། དགེ་སྐོས་སུ་འཕྱོངས་རྒྱས་རབ་འབྱམས་པ་ཆོས་གྲགས་ཟླ་བ་སོགས་དང༌། གཞན་ཡང་སེ་འབྲས་དགའ་གསུམ་ནས་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་དུ་མ་བསྡུས་ཏེ་དགེ་འདུན་བརྒྱ་ཕྲག་ཏུ་ལོངས་པའི་གྲྭ་ཚང་གསར་འཛུགས་གནང་བར་ཆོ་ག་ཕྱག་ལེན་སྒྲིག་ལམ་སོགས་རྒྱུད་སྨད་ཇི་ལྟ་བ་བཞིན་ལ་སྐབས་ཐོབ་འདོར་ལེན་ཅུང་ཟད་བྱེད་དགོས་རྣམས་གསལ་བར་མཛད་པའི་བཅའ་ཡིག་ཀྱང་བཀའ་རྩོམ་གནང༌། ཞེས་གསལ་བ་ལྟར་༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་འདི་ཉིད་བསྐྱར་གསོ་བསྐྱངས་རྗེས་ད་ཡོད་ཀྱི་བཅའ་ཡིག་གསེར་གྱི་གཉའ་ཤིང་ཞེས་པ་འདི་ཉིད་ཀྱང་སྐབས་དེར་བཀའ་རྩོམ་མཛད་པ་ཞིག་ཡིན་ལ། མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་ལས་ཀྱང༌། ཀུན་མཁྱེན་ལྔ་པ་ཆེན་པོའི་སྐབས་སུ་ཕོ་བྲང་པོ་ཏ་ལར་གསང་སྔགས་ཀྱི་རྒྱུད་སྡེའི་སྒྲུབ་གྲྭ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་ཡོད་པ་དུས་ཟིང་གིས་རྐྱེན་པས་ཉམས་འཐོར་སོང་ཡང༌། ༸རྒྱལ་དབང་མཆོག་གིས་བསྐྱར་འཛུགས་མཛད་དེ། གྲྭ་ཚང་འདི་གའི་སྒྲུབ་གྲྭས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བཞེད་པ་ཉམས་སུ་ལེན་ཕྱོགས་སོགས་པའི་བཅའ་ཡིག་ཀྱང་བཀའ་རྩོམ་བསྐྱངས་ཞེས་ཀྱང་གསལ་བ་ལྟར་རོ།།
དེའི་ཚུལ་ནི་དུང་དཀར་ཚིག་མཛོད་ལས། ༸རྒྱལ་བ་སྐུ་ཕྲེང་གཉིས་པ་དང་གསུམ་པའི་སྐུ་དུས་ནས་བཟུང་སྟེ་སོག་པོ་ཇུན་གར་ཚེ་དབང་རབ་བརྟན་གྱི་དམག་དཔུང་བོད་དུ་མ་འབྱོར་བར་ལོ་མང་རིང་རི་བོ་དགེ་ལུགས་པ་དང༌། དཔལ་ལྡན་ས་སྐྱའི་ལུགས། རྙིང་ལུགས་བཅས་ཀྱི་ཆོ་ག་སྣ་ཚོགས་གསུང་འདོན་ཕྱག་ལེན་ཉམས་བཞེས་ཡོད་པ་ལ། ཇུན་གར་ཚེ་དབང་རབ་བརྟན་གྱིས་བོད་ཀྱི་སྲིད་དབང་བཟུང་སྐབས་བོད་དུ་ཡོད་པའི་རྙིང་མའི་ཆོས་ལུགས་རྩ་མེད་བཟོས་པ་དང་ཆབས་ཅིག་མེད་པ་བཟོས་ཤིང༌། དེ་ནས་སླར་ཡང་ལོ་ཤས་རིང་བསྐྱར་གསོ་བྱུང་ཡང༌། མི་རིང་བར་དགེ་ལུགས་པའི་ཆོས་གཙོ་བོར་བྱེད་དགོས་པ་དང༌། ཆོས་ལུགས་གཞན་དག་ཆེད་དུ་མེད་པ་མ་བཟོས་པར་ཆུ་མིག་རང་སྐམ་ལ་འགྲོ་བ་ལྟར་གྱི་བྱ་ཐབས་ལག་ལེན་བསྟར་བ་སྟེ། སྐབས་དེའི་བོད་ཀྱི་སྲིད་དབང་འཛིན་མཁན་དའི་ཆིང་སྦ་དུར་རམ་ཁང་ཆེན་བསོད་ནམས་རྒྱལ་པོས་ཕོ་བྲང་པོ་ཏ་ལར་ཡོད་པའི་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་གྲྭ་པ་རྣམས་རྩེད་ཐང་ཨོ་རྒྱན་གླིང་དུ་གནས་སྤོས་བྱས་ཏེ། གསར་དུ་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་ནས་གྲྭ་པ་ཁག་གཅིག་བསྡུས་ནས་དགེ་ལུགས་གཙོ་བོར་བྱས་པའི་རྣམ་རྒྱལ་གྲྭ་ཚང་གསར་དུ་བཙུགས་ཤིང༌། གཞུང་དགོན་དུ་གཏོགས་པས་དགོན་བདག་རྩེ་ཡིག་ཚང་ནས་བྱེད་ལ། རབ་བྱུང་བཅུ་དྲུག་པའི་ས་ཕག་ཕྱི་ལོ་ ༡༩༥༩ ལོར་གྲྭ་གྲངས་ ༡༢༥ སྐོར་ཡོད་ལགས་ཞེས་གསལ་བ་དང༌། ལོ་རྒྱུས་ལ་ལར་རབ་བྱུང་བཅུ་གཉིས་པའི་མེ་ལུག་ཕྱི་ལོ་ ༡༧༢༧ ལོར་རྒྱལ་ཚབ་བསོད་ནམས་རྒྱལ་པོས་རྒྱུད་སྨད་ཀྱི་གྲྭ་པ་ཁག་ཅིག་རྣམ་རྒྱལ་གྲྭ་ཚང་དུ་བཅུག དགེ་ལུགས་ཀྱི་གྲུབ་མཐའ་གཙོ་བོ་བྱས་རྣམ་རྒྱལ་གྲྭ་ཚང་གསར་པ་བཞེངས། རྣམ་རྒྱལ་གྲྭ་ཚང་གི་ཆོས་ལུགས་བྱེད་སྒོ་གཙོ་བོ་ནི་ལོ་རེ་བཞིན་རྣམ་རྒྱལ་མ་དང༌། དུས་འཁོར། བདེ་མཆོག གསང་འདུས། འཇིགས་བྱེད་སོགས་ཡི་དམ་ཁག་གི་སྒྲུབ་མཆོད་སྨིན་ཚུགས་གནང་གི་ཡོད་ཚུལ་གསལ།
༸རྒྱལ་དབང་མཆོག་དགུང་ལོ་ཞེ་ལྔ་པ་ཆུ་སྤྲེལ་ཕྱི་ལོ་ ༡༧༥༢ ལོའི་བོད་ཟླ་གསུམ་པའི་ཚེས་བཅོ་ལྔ་སྟེ་དུས་འཁོར་རྩ་རྒྱུད་གསུངས་པའི་དུས་ཆེན་དང་སྟབས་བསྟུན་གྱིས་ཐུན་མོང་མ་ཡིན་པའི་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་གར་ཐིག་དབྱངས་གསུམ་སོགས་ཆ་ལག་ཡོངས་སུ་ཚང་བའི་ཆོག་གཞུང་འདི་ཉིད་༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་དགོངས་རྒྱ་ཆེ་བཞེས་ཀྱིས་གྲྭ་ཚང་རིན་པོ་ཆེ་འདི་ཉིད་དུ་ཆུ་ཕོ་སྤྲེལ་ལོ་སྟེ་ཕྱི་ལོ་ ༡༧༥༢ ལོར་འཕྱོངས་རྒྱས་རི་བོ་བདེ་ཆེན་ནས་དུས་འཁོར་ཆོག་གྲྭ་དང༌། གྲྭ་ཚང་ལ་སློབ་ཁྲིད་ཀྱིས་དུས་འཁོར་སྒྲུབ་མཆོད་གསར་འཛུགས་བཀའ་དྲིན་ཆེ་ཞིང་སེར་སྐྱ་ ༡༣༠༠ ཙམ་ལ་དུས་འཁོར་བཀའ་དབང་ཡང་བཀའ་དྲིན་སྩལ་བ་སྟེ། ༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་མ་ལས། དད་པ་དང་རྣམ་དཔྱོད་ཕུན་སུམ་ཚོགས་པ་དཔྱོད་ལྡན་མེར་གན་མཁན་པོ་ཨང་དཀར་ཞབས་དྲུང་དང༌། རི་བོ་བདེ་ཆེན་གྱི་ཆོག་གྲྭ་བ་རྣམས་ནས་གསོལ་བ་བཏབ་པ་བཞིན་རྒྱུད་སྡེ་གཞན་དང་བཤད་སྲོལ་མི་འདྲ་བའི་དཔལ་ལྡན་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་རྒྱུར། ཞུ་བ་པོ་དེ་མོ་སྤྲུལ་སྐུ་རིན་པོ་ཆེ་དང༌། རྗེ་དྲུང་སྤྲུལ་པའི་སྐུ། སེམས་དཔའ་སྤྲུལ་པའི་སྐུ། རྒྱལ་སྲས་སྤྲུལ་པའི་སྐུ། རྣམ་རྒྱལ་གྲྭ་ཚང་གི་དུས་འཁོར་ཆོག་གྲྭ་བ་སོགས་ཁྱོན་འདུས་པ་ཆིག་སྟོང་སུམ་བརྒྱ་སྐོར་ལ་རྒྱུད་ནས་བཤད་པ་ལྟར་སློབ་མ་རྗེས་གཟུང་གི་ཆོ་ག་མཛད་ཅིང༌། དེ་རྗེས་ས་ཆོག་གི་སྐོར་རྣམས་དང༌། སའི་ལྷ་མོ་ལྷག་གནས་སོགས་སྟ་གོན་གྱི་རིམ་པ་རྣམས་སྔོན་དུ་སོང་བའི་སྒོ་ནས་རྡུལ་ཚོན་གྱིས་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལེགས་པར་བཞེངས་ཏེ་བསྒྲུབ་ཅིང་མཆོད་པ་དང༌། བདག་ཉིད་ཞུགས་ཤིང་དབང་བཞི་བཞེས་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཀྱིས་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་སྐུར་བཞེངས་ཏེ་རྒྱལ་པོ་ཟླ་བ་བཟང་པོ་ལ་སོགས་པ་སྐལ་ལྡན་གྱི་སྐྱེས་བུ་རྣམས་ལ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་པའི་དུས་ཁྱད་པར་ཅན་ནག་པས་ཉ་བའི་དུས་ཆེན་དང་བསྟུན་ཉིན་གསུམ་གྱི་རིང་དཀྱིལ་འཁོར་དུ་འཇུག་པའི་སྐོར་དང་བྱིས་པ་ལྟར་འཇུག་པའི་དབང་བདུན་དང༌། མཆོག་དབང་གོང་མ་གསུམ་གོང་ཆེན་གསུམ། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་མཐའ་རྟེན་དང་བཅས་པ་མཐའ་དག་རྒྱུད་ཀྱི་རྒྱལ་པོའི་དགོངས་པ་བཞིན་རྒྱུད་དོན་མཐའ་ཆོད་པའི་གོ་བ་ཡོངས་སུ་རྫོགས་པ་སྟེར་བར་མཛད་དོ། །
དེའི་མཇུག་ཏུ་དུས་ཀྱི་འཁོར་ལོའི་བརྒྱུད་འདེབས་དང་སྒྲུབ་ཐབས་ཆོག་བསྒྲིགས་མ་གསར་རྩོམ་བཅས་ཀྱི་ལྗགས་ལུང་གནང༌། འདི་ནས་བཟུང་ཆོས་འདིའི་རྒྱུན་མི་ཉམས་པར་བྱ་བའི་སླད་དུ་དགོངས། རྣམ་རྒྱལ་གྲྭ་ཚང་གི་གྲྭ་པ་སུམ་ཅུ་སོ་ལྔ་སྐོར་ཆོ་ག་ལེགས་པར་འཛིན་འཇུག་པ་གནང་སྟེ་ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་ལ་དཔལ་དུས་ཀྱི་འཁོར་ལོའི་བདག་མདུན་བུམ་སྒྲུབ་སོགས་སྔོན་དུ་འགྲོ་བའི་བདག་འཇུག་གི་ཆོ་ག་ཡོངས་རྫོགས་དང༌། ལོ་ལྟར་ནག་པ་ཟླ་བའི་ཚེས་བདུན་ནས་བཟུང་རྡུལ་ཚོན་གྱི་དཀྱིལ་འཁོར་ལེགས་པར་བཞེངས་ཏེ་དུས་ཆེན་ནས་བརྩམས་ཉིན་བདུན་གྱི་རིང་སྒྲུབ་མཆོད་རྒྱས་པར་བྱེད་པའི་སྲོལ་ཡང་འཛུགས་པར་མཛད་དོ། །ཞེས་གསུངས་པ་ལྟར་༸རྒྱལ་དབང་མཆོག་ནས་དུས་འཁོར་བརྒྱུད་འདེབས་དང༌། སྒྲུབ་ཐབས་སོགས་ལྗགས་རྩོམ་མཛད་ཅིང༌། ཆོས་རྒྱུན་འདི་ཉིད་མི་ཉམས་རྒྱུན་འཛིན་གྱི་སླད་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དུ་དུས་འཁོར་ཆོག་གྲྭ་གསར་འཛུགས་དང༌། ཟླ་བ་བྱུང་ངོ་ཅོག་གི་ཚེས་བརྒྱད་དང༌། ལྷག་པར་ལོ་ལྟར་ནག་པ་ཟླ་བའི་དུས་འཁོར་རྩ་རྒྱུད་གསུངས་པའི་དུས་ཆེན་ཁྱད་པར་ཅན་དང་སྟབས་བསྟུན་གྱི་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཚུགས་སྲོལ་འཛུགས་པར་མཛད་པས་དུས་དེ་ནས་བཟུང་ད་ལྟར་ཉམས་མེད་རྒྱུན་འཛིན་གྱིས་དེང་གི་སྐབས་སུ་ཡང་དཔལ་དུས་ཀྱི་འཁོར་ལོའི་གར་ཐིག་དབྱངས་གསུམ་དང་བཅས་པ་མ་ཉམས་པར་ལོ་ལྟར་དུས་འཁོར་སྒྲུབ་མཆོད་ཕྱག་ལེན་ཉམས་མེད་ཡོད་མུས་མ་ཟད། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་གཉིས་སྩལ་ཟིན་པའི་གསུང་ཞབས་ཀྱང་ལྷག་བློ་ཆེར་བསྐྱེད་ཀྱིས་བསྟན་པའི་མིག་རྒྱན་དུ་གྱུར་པ་ཞུས་པ་འདི་ལྟར་ཡིན་ལ། སྐབས་དེར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ལ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་ཆོག་གཞུང་ཉམས་བཞེས་ཀྱི་རྒྱུན་གསར་འཛུགས་མཛད་པས་དུས་འཁོར་འདི་ཉིད་གྲྭ་ཚང་འདིའི་ཐུན་མོང་མ་ཡིན་པའི་རྒྱུན་གྱི་ཕྱག་ལེན་ཞིག་ཏུ་གྱུར་པས་ན་གྲྭ་ཚང་འདི་ཉིད་ལ་དུས་འཁོར་གྲྭ་ཚང་ཞེས་ཀྱང་བརྗོད་སྲོལ་བྱུང་ཞིང༌། དུས་འཁོར་སྒྲུབ་མཆོད་ཚུགས་རྒྱུའི་དཀྱིལ་འཁོར་བྲི་སྒྲུབ་ཀྱི་ས་ཆོག་དང་ཉེ་བར་སྔོན་ནས་རྒྱལ་སྲས་རིན་པོ་ཆེ་གོང་མའི་ཕྱག་སྲོལ་དང༌། ལོ་སྔོན་མ་ཞྭ་ལུ་ནས་བུ་སྟོན་ཐམས་ཅད་མཁྱེན་པའི་ཕྱག་བཞེས་ཀྱི་རྒྱུན་ནས་ལེགས་ཆ་བླངས་པ་དང་གུང་བསྒྲིགས་ཏེ་གཞུང་ཆེན་མོ་དང་བསྟུན་པའི་བཟོ་བཅོས་ལེགས་པར་མཛད་པའི་གར་ལའང་གཟིགས་རྟོག་གནང་ཞེས་མཛད་རྣམ་དཔག་བསམ་སྙེ་མར་གསལ་བ་ལྟར་ན། ད་ལྟའི་ཕྱག་ལེན་དུ་ཡོད་པའི་གྲྭ་ཚང་གི་དཔལ་དུས་ཀྱི་འཁོར་ལོའི་ས་གར་དང་མཆོད་གར་གཉིས་ཀྱི་ཕྱག་སྲོལ་འདི་ཉིད་རྒྱལ་སྲས་རིན་པོ་ཆེའི་ཕྱག་སྲོལ་ཐོག་ཞ་ལུ་ནས་བུ་སྟོན་གྱི་ཕྱག་བཞེས་ནས་ལེགས་ཆ་བླངས་ནས་གསར་བསྒྲིགས་མཛད་པ་ཞིག་ཡིན་འདུག
དེ་བཞིན་མཛད་རྣམ་དཔག་བསམ་སྙེ་མ་ལས། སྔ་སོར་རྣམ་རྒྱལ་གྲྭ་ཚང་དུ་དུས་འཁོར་ཆོག་གྲྭ་གསར་ཚུགས་སྐབས་དང༌། རྒྱུད་སྡེ་གཞན་གྱི་སྒྲུབ་གྲྭ་ཁག་ཚུགས་དུས་བཅས་ལ་དམིགས་པ་ཡིད་ལ་ཇི་ལྟར་བྱ་ཚུལ་གྱི་གནད་དོན་དང༌། ཕྱག་ལེན་སྐོར་བཀའ་སློབ་ཞིབ་མོར་ཕེབས་ཏེ། དེ་ཚོ་སེམས་ལ་ལེགས་པར་བཞག་ན་བླ་མ་འདིའི་ཕྱག་ལེན་གྱི་རྒྱུན་ཡིན་ཚུལ་བརྗོད་ཆོག་པ་ཡོང་ཕེབས་པ་དང༌། གཞན་ཡང་དེ་སྔ་པོ་ཏ་ལ་རང་དང་སེར་འབྲས་སོགས་སུ་ཕེབས་དུས་བཅས་ལ་རེས་དགའ་ས་ཡུལ་འདི་ཞེས་བྱ་བར་བླ་མ་འདིས་ཆོས་འཆད་ཉན་འདི་བྱས། འདི་སྐབས་འཁོར་སློབ་འདི་འདྲ་ཡོད་ཟེར་བ་སོགས་ཡོང་རྒྱུ་ཡིན་འདུག་ཅེས་ཕེབས་སྒོ་ཅི་རིགས་ཀྱང་བྱུང་སྣང་ཞེས་འཁོད་པ་ལྟར་གྲྭ་ཚང་གི་སྐུ་ཞབས་རྣམས་ལ་རྒྱུན་གྱི་ཕྱག་ལེན་དང༌། དམིགས་པ་ཡིད་ལ་བྱེད་ཚུལ་གྱི་གནད་སོགས་ལ་རྗེས་བརྩེའི་ལམ་སྟོན་གྱི་བཀའ་སློབ་ནང་མའི་ཚུལ་དུ་ཡང་ཡང་ཕེབས་ཡོད་འདུག
དེ་འབྲེལ་སྐབས་དེར་རྩེ་དྲུང་ ༡༧༥ དང༌། ཤོད་དྲུང་ ༡༧༥ ཡོད་པ་ལྟར་གྲྭ་ཚང་གི་གྲྭ་གྲངས་ཀྱང་ ༡༧༥ གྲངས་བཅད་མཛད་ཅིང༌། ལྕགས་ལུག་ཕྱི་ལོ་ ༡༧༥༡ ལོར་རྩེ་རྣམ་རྒྱལ་གྲྭ་ཚང་ལ་སྔར་ཡོད་གྲྭ་གྲངས་ ༡༡༠ ཐོག ༦༥ སྤར་བ་གནང་ཞིང༌། ཆུ་སྤྲེལ་ཕྱི་ལོ་ ༡༧༥༢ ལོར་༸རྒྱལ་དབང་སྐུ་ཕྲེང་བདུན་པས་རྩེ་རྣམ་རྒྱལ་གྲྭ་ཚང་དུ་དུས་འཁོར་ས་གར་དང་མཆོད་གར་གསར་འཛུགས་གནང་ཚུལ་དུང་དཀར་ཚིག་མཛོད་དུ་གསལ་ལ། ཕྱི་ལོ་ ༡༧༥༡ ལོར་༸རྒྱལ་དབང་བསྐལ་བཟང་རྒྱ་མཚོ་མཆོག་ནས་ཆབ་སྲིད་ཀྱི་ཐུགས་འགན་བདག་གིར་བཞེས་ཏེ་ཞབས་ཞུར་བོད་གཞུང་བཀའ་ཤག་གསར་འཛུགས་བསྐྱངས་པ་དང་ཆབས་ཅིག་གྲྭ་ཚང་གི་སྐུ་ཞབས་རྣམས་ལའང་གཟིགས་བཟོས་སུ་གཞུང་ཞབས་རྩེ་སྐོར་གྱི་གོ་གནས་མཐོ་དམའ་རིམ་པ་མང་པོ་སྩལ།
དུས་དེ་ནས་བཟུང་༸རྒྱལ་བའི་ཆོས་ཕྱོགས་ཀྱི་ཞབས་ཞུ་དང༌། རང་གཞུང་གི་བསྟན་སྲིད་ཞབས་རིམ་བཀའ་འབྲེལ་དུས་ཐོག་སྨིན་སྒྲུབ་མི་ལོ་བརྒྱ་ཕྲག་ཁ་ཤས་རིང་གཟེངས་སུ་ཐོན་པར་ཞུས་ཤིང༌། བཤད་སྒྲུབ་ལས་གསུམ་གྱི་མཛད་བཟང་ཡར་ཟླར་རྒྱས་བཞིན་པས། ༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་མཆོག་གིས། ཇི་སྐད་དུ། གསང་ཆེན་རྣལ་འབྱོར་དབང་གི་རྒྱལ་པོ་ལ། །ཅི་དགར་སྤྱོད་མཛད་རྣམ་པར་རྒྱལ་བའི་སྡེ། །མི་ཉམས་རྒྱས་ཤིང་མདོ་སྔགས་བསྟན་པའི་གནད། །ཚུལ་བཞིན་སྤྱོད་པའི་བསྟན་འཛིན་འཕེལ་བར་ཤོག །ཅེས་ཐུགས་སྨོན་མཚམས་སྦྱོར་གྱི་བཀའ་ཡིག་ཀྱང་ལྗགས་རྩོམ་གསོལ་སྩལ་གནང༌།
༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དཔག་བསམ་སྙེ་མར་ཕྱི་ལོ་ ༡༧༥༣ བོད་ཆུ་བྱ་ལོར། གོང་མ་ཆེན་པོའི་བཀའ་ཕེབས་བཞིན་འཆམ་གྱི་སློབ་དཔོན་དུ་བཀྲ་ཤིས་ལྷུན་པོ་ནས་དཀའ་ཆེན་བློ་བཟང་འཕྲིན་ལས་དང༌། རབ་འབྱམས་པ་བློ་བཟང་དགེ་འདུན། གར་འཆམ་གཉིས་ཀའི་སློབ་དཔོན་དུ་རྣམ་རྒྱལ་གྲྭ་ཚང་གི་གྲྭ་པ་དགེ་སློང་སྐལ་བཟང་སྟོབས་ལྡན་དང༌། སྐལ་བཟང་ཚེ་དབང༌། གར་གྱི་སློབ་དཔོན་དུ་ཞ་ལུ་བ་དགེ་སློང་རིན་ཆེན་བརྩོན་འགྲུས་དང༌། རིན་ཆེན་མཆོག གྲྭ་ཚང་གསར་པའི་དབུ་མཛད་དུ་བློ་གླིང་རབ་འབྱམས་པ་དཔལ་བཟང་བཟོད་པ། བྱང་འདྲེན་དུ་རྒྱུད་སྨད་པ་དོན་ཡོད་ལེགས་ལྡན། སྨིན་པར་འབྲས་སྤུངས་སྨན་སྦྱིན་པ་ཀུན་དགའ་མགོན་སྐྱབས་དང༌། ཉི་མ་ཐང་པ་ངག་དབང་སྐལ་བཟང་བཅས་པེ་ཅིང་དུ་འགྲོ་རྒྱུར་ཐོན་ཕྱག་གནང་སྦྱིན་བཟང་པོ་དང༌། འགྲོ་འདུག་སོགས་སྤྱོད་ལམ་བག་ཡོད་བྱེད་དགོས་པའི་ཞལ་ཏའང་གནང་ཞེས། གསལ་བ་ལྟར་སྐབས་དེར་བཀྲ་ཤིས་ལྷུན་པོར་འཆམ་གཙོ་བོ་དང༌། ཞ་ལུར་གར་གཙོ་བོ་ཡིན་པ་དང༌། རྣམ་རྒྱལ་གྲྭ་ཚང་དུ་གར་འཆམ་གཉིས་ཀ་ཡོད་པ་བཅས་མཚོན་པས་སླད་བོད་ཀྱི་གར་འཆམ་ལ་ཞིབ་འཇུག་གནང་མཁན་ཚོར་དཔྱད་གཞི་ཁུངས་ལྡན་ཞིག་ཀྱང་ཡོང་སྲིད་སྙམ་ལ། ཆུ་བྱ་ཕྱི་ལོ་ ༡༧༥༣ ལོར་༸རྒྱལ་དབང་བདུན་པ་ཆེན་པོས་རྣམ་རྒྱལ་གྲྭ་ཚང་དུ་དུས་འཁོར་ས་གར་མཆོད་གར་གཏན་འཛུགས་གནང་ཞེས་དུང་དཀར་ཚིག་མཛོད་དུ་འཁོད་དོ།།
སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དུ་ཐོག་མར་༸རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོའི་བཀའ་དགོངས་ལྟར་གཙང་ལྗོངས་བཀྲ་ཤིས་ལྷུན་པོ་ནས་གར་འཆམ་གྱི་དགེ་རྒན་སྐོང་འགུགས་ཀྱིས་གྲྭ་ཚང་གི་སྐུ་ཞབས་རྣམས་ལ་གར་འཆམ་སློབ་ཁྲིད་གནང་སྐབས། སློབ་ཁྲིད་བྱེད་འདོད་དེ་ཙམ་མེད་ཀྱང་༸རྒྱལ་དབང་མཆོག་གི་བཀའ་དགོངས་ཡིན་སྟབས་མ་བསླབས་ཐབས་མེད་ཀྱིས། གར་འཆམ་འགའ་ཞིག་གཞུང་དང་མི་མཐུན་པ་སློབ་ཁྲིད་གནང༌། དུས་ཡུན་གང་འཚམས་སོང་རྗེས་གྲྭ་ཚང་གི་གར་འཆམ་དགེ་རྒན་བཀྲ་ཤིས་ལྷུན་པོར་གདན་ཞུས་ཀྱིས་གར་འཆམ་སློབ་ཁྲིད་གནང་སྐབས་ཀྱང་གྲྭ་ཚང་གི་གར་འཆམ་དགེ་རྒན་ནས་ཀྱང་སྔར་ལྟར་གཞུང་དང་ཅུང་མི་མཐུན་པ་རེ་སློབ་ཁྲིད་གནང་བར་བརྟེན། སྔར་ཚུར་བསླབས་པ་ལས་ལྡོག་སྟེ་བསླབས་པས་བཀྲ་ལྷུན་དུ་གར་འཆམ་རང་འཇགས་གཞུང་དང་མཐུན་པ་བྱུང་བ་དང༌། དེ་རྗེས་གྲྭ་ཚང་གི་གར་འཆམ་དག་ཀྱང་གཞུང་ལུགས་དང་མཐུན་པ་བྱུང་ཚུལ་རྒན་རབས་དག་གི་ངག་རྒྱུན་གསུང་སྒྲོས་སུ་འདུག་ཀྱང་འདི་སྐོར་བྱུང་རབས་དེབ་ཐེར་ཁག་ཏུ་གསལ་བ་མ་མཇལ་བས་སྐབས་འདིར་དཔྱད་གཞིའི་ཚུལ་དུ་བཀོད་པ་ལགས་སོ།།
མཛད་རྣམ་དཔག་བསམ་སྙེ་མ་ལས། དེ་ནས་རྣམ་རྒྱལ་གྲྭ་ཚང་ནས་གྲྭ་གྲངས་སུམ་ཅུ་སྐོར་ལ་རྒྱུད་སྡེ་ཁག་གི་དཀྱིལ་འཁོར་བྲི་ཐིག་གསར་སློབ་གྱིས་ཤིག་པའི་བཀའ་ཕེབས་བཞིན་གཟིམ་ཆུང་བཀའ་གདམས་འཁྱིལ་བར་བདེ་གསང་འཇིགས་གསུམ་ཚེ་དཔག་མེད་མི་འཁྲུགས་པ་ཐུགས་རྗེ་ཆེན་པོ་སོགས་ཀྱི་དཀྱིལ་འཁོར་རྡུལ་ཚོན་གྱིས་བཞེངས་པར་གཟིགས་རྟོག་ལ་ཕེབས། དཀྱིལ་འཁོར་རེ་རེ་བཞིན་གྱི་ཐིག་རྩའི་ཚིག་དོན་གྱི་བཤད་པ་ངག་ཐོག་ནས་རྒྱུགས་བཞེས་ཏེ་ཚུལ་བཞིན་བྱུང་མིན་ལ་སྐྱོན་སེལ་དང༌། གྲྭ་པ་རྣམས་ལ་སླད་ནས་ཀྱང་སློབ་སྦྱོང་ཕུལ་དུ་ཕྱིན་པ་བྱས་ནས་གསང་སྔགས་ཀྱི་བསྟན་རྒྱུན་ལ་ཕན་པ་བྱེད་དགོས་པའི་བསླབ་བྱ་ཞལ་གདམས་བྱ་དགའ་སོགས་སྩལ། དེ་ནས་ཚོམས་ཆེན་གསར་པར་མཆོད་གཏོར་སྤྱན་གཟིགས་སོགས་རྒྱས་པ་བཤམས་ཏེ་རྣམ་རྒྱལ་གྲྭ་ཚང་གི་ཚོགས་དབུར་ཕེབས། ལྷ་མོ་གཙོ་གྱུར་གྱི་ཆོས་སྲུང་སྤྱིའི་བསྐང་བ་འཕྲིན་བཅོལ་རྒྱས་པ་ཞག་བདུན་རིང་གནང་ཞེས་སོགས་འཁོད་པ་ལྟར་༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་མཆོག་གིས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ལ་རི་བོ་དགེ་ལུགས་པའི་ཡི་དམ་གསང་བདེ་འཇིགས་གསུམ་གྱི་ཕྱག་ལེན་གསར་འཛུགས་དང༌། ལྷག་པར་དཀྱིལ་འཁོར་བྲི་ཐིག་ལ་གཟིགས་རྟོག་མཛད་ཅིང༌། རྒྱུད་སྡེ་སོ་སོའི་དཀྱིལ་འཁོར་རེ་རེ་བཞིན་གྱི་ཐིག་རྩའི་ཚིག་དོན་གྱི་བཤད་པ་སོགས་ལ་༸རྒྱལ་དབང་རང་ཉིད་ནས་རྒྱུགས་བཞེས་མཛད་དེ་བསྲེ་ལྷད་བྲལ་བའི་བཞེད་སྲོལ་རྨད་དུ་བྱུང་བ་འཛུགས་པ་སོགས་བཀའ་དྲིན་དཔེ་མེད་ཀྱིས་བསྐྱངས་གནང་མཛད།
ཆུ་ཕོ་བྱི་བའི་ ༼ཕྱི་ལོ་ ༡༧༣༢༽ གནམ་ལོ་གསར་ཚེས་ཀྱི་སྲིད་གསུམ་བདག་མོའི་གཏོར་སྐྱོང་རྟེན་འབུལ་མངའ་གསོལ། དེ་ནས་ཟླ་བ་བཞིའི་རིང་སྐུ་མཚམས་དམ་པར་བཅད་དེ་དཔལ་གསང་བ་འདུས་པའི་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་མཛད་པ་ན། ཐ་མལ་སྣང་ཞེན་གྱི་རྣམ་པར་རྟོག་པ་སྐད་ཅིག་ཙམ་ཡང་མངོན་དུ་འགྱུར་བའི་སྐབས་མེད་པར་བདེ་སྟོང་གཉིས་སུ་མེད་པའི་རྡོ་རྗེའི་རྣལ་འབྱོར་ལ་གཅིག་ཏུ་གཞོལ་བས། དག་པ་རབ་འབྱམས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པའི་གཟིགས་མོར་འབྱམས་སུ་ཀླས་པར་གྱུར་ཅིང༌། གྲངས་བསྙེན་ཡང་རྫོགས་པར་མཛད་དེ། ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་པོ་ཏ་ལའི་རྣམ་རྒྱལ་གྲྭ་ཚང་གི་འདུ་ཁང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྐུ་བརྙན་ཐོག་ཚད་མ་ཞིག་བཞེངས་ན་ལེགས་པའི་མཚན་མ་བྱུང་ཞེས་བཀའ་ཕེབས་པ་ལྟར་གསར་བསྐྲུན་ལེགས་པར་གྲུབ་རྗེས་ཆ་ཚད་གཟུངས་རབ་གནས་སོགས་ཚུལ་མཐུན་བྱུང་བར་དགྱེས་པ་ཆེན་པོ་མཛད། ཅེས་གསལ་བ་ལྟར་གམ་བཅར་རྣམ་རྒྱལ་གྲྭ་ཚང་གི་འདུ་ཁང་དུ་བཞུགས་སུ་གསོལ་བའི་དཔལ་འཇིགས་བྱེད་ཆེན་པོའི་སྐུ་བརྙན་ཐོག་ཚད་མ་འདི་ཉིད་༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་མཚན་ལྟས་ལེགས་ཤིང་བཀའ་ཕེབས་ལྟར་གསར་བཞེངས་ཞུས་པའི་བྱིན་ཅན་གྱི་རྟེན་ཁྱད་དུ་འཕགས་པ་ཞིག་ལགས་པ་བཅས་སོ།། །།
ཇ༽ ༸རྒྱལ་བ་འཇམ་དཔལ་རྒྱ་མཚོའི་སྐུ་དུས་ཀྱི་ལོ་རྒྱུས།
དེ་ཡང་༸གོང་ས་སྐུ་ཕྲེང་བརྒྱད་པ་༸རྒྱལ་བ་འཇམ་དཔལ་རྒྱ་མཚོ་མཆོག་ནི། གཙང་ཐོབ་རྒྱལ་ལྷ་རི་སྒང་ཞེས་པར་ཡབ་བསོད་ནམས་དར་རྒྱས་དང༌། ཡུམ་ཕུན་ཚོགས་དབང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ས་སྟག་ཕྱི་ལོ་ ༡༧༥༨ ལོར་སྐུ་བལྟམས་ཤིང༌། ༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་འཁྲུལ་བྲལ་ཡང་སྤྲུལ་དུ་ངོས་འཛིན་མཛད་དེ། ཕོ་བྲང་ཆེན་པོ་པོ་ཏ་ལར་༸ཞབས་སོར་བཀྲ་ཤིས་ཀྱི་རེ་ཁ་མངོན་པར་འཁོད་སྐབས་སེར་སྦྲེང་དང༌། བྲོ་པ། གཞས་མ་སོགས་ཀྱིས་མཆོད་སྤྲིན་གྲངས་མེད་པས་སྤྱན་དྲངས། རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱིས་སེར་སྦྲེང་གིས་བསུས་ཤིང༌། གཟིམ་ཆུང་ཉི་འོད་ལེགས་འཁྱིལ་དུ་༸ཞབས་སོར་འཁོད་རྗེས་བཀའི་འཕྲིན་ལས་པ་དེ་མོ་རྒྱལ་ཚབ་ནོ་མིན་ཧན་དང༌། བཀའ་བློན། མདའ་དཔོན། རྣམ་རྒྱལ་གྲྭ་ཚང་གི་གྲྭ་སློབ། གདན་ས་གསུམ་གྱི་བླ་མ་ལས་སྣེ། གཞུང་སའི་དྲུང་ན་སྤྱོད་པ་སེར་སྐྱ་སོགས་སྐྱེ་བོ་བརྒྱ་ཕྲག་བརྒལ་བ་ཕེབས་བསུར་འབྱོར་བར་མཇལ་ཕྱག་གནང་བ་དང༌། དེ་རྗེས་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནས་གསུང་བསྐང་བ་རྣམས་སྦྲན་ཏེ་རྣམ་པར་རྒྱལ་བའི་ཚེ་ཆོག་དང་འབྲེལ་བའི་ཞབས་བརྟན་གནད་སྨིན་བསྒྲུབས། ༸རྒྱལ་དབང་མཆོག་ནས་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ལ་གཞི་རྒྱ་ཆེ་བའི་ཉམས་གསོ་མཛད་དེ་ལེགས་གྲུབ་ཟིན་རྗེས། ཁྱམས་རྭ་ཆེན་མོར་༸རྒྱལ་དབང་མཆོག་གི་རྡོ་རྗེ་སློབ་དཔོན་དང༌། གསུང་རོགས་པ་ཡོངས་འཛིན་རིན་པོ་ཆེ། རྭ་སྒྲེང་ནོ་མིན་ཧན། མཚན་ཞབས་བླ་མ། གམ་བཅར་གྲྭ་ཚང་ཚོགས་ཡོངས། ཡོངས་འཛིན་དགེ་སློང་བཅས་ཚོགས་པ་ཉིས་བརྒྱ་ཉི་ཤུ་སྐོར་ནས། དམ་ཚིག་སེམས་དཔའ་རྟེན་བརྟེན་པ་རྣམས་ལ། ཡེ་ཤེས་པ་དངོས་སུ་བསྟིམ་ནས་ཇི་སྲིད་འབྱུང་བ་ཆེན་པོ་བཞིའི་གནོད་པས་མ་ཞིག་པ་དེ་སྲིད་དུ་ཡེ་ཤེས་པ་རྣམས་དམ་ཚིག་པ་དང་འདུ་འབྲལ་མེད་པར། སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ཅིང་རབ་ཏུ་གནས་པའི་ཆོ་ག་སྦྱོར་དངོས་རྗེས་གསུམ། ཁ་སྐོང་ཞི་རྒྱས་ཀྱི་སྦྱིན་སྲེག་དང་བཅས་པ་ཉིན་གྲངས་གསུམ་རིང་བཀའ་དྲིན་བསྐྱངས་པ་སོགས་ཀྱི་ཆོས་སྲིད་ཀྱི་མཛད་པ་སོ་སོར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་གསུང་ཞབས་ཀྱི་ཞབས་ཞུ་གཟེངས་སུ་ཐོན་པ་བསྒྲུབས།
༸རྒྱལ་མཆོག་འཇམ་དཔལ་རྒྱ་མཚོ་མཆོག་ནས་ཀྱང༌། འོན་རྒྱལ་སྲས་རིན་པོ་ཆེ་དང༌། རྭ་སྒྲེང་ཁྲི་ཆེན། སེ་འབྲས་དགའ་གསུམ་གྱི་ཆོས་རྗེ་རྣམ་པ། སྤྲུལ་སྐུ་ཁག དབོན་ཆོས་མཛད། གུང་མི་དྲག གམ་བཅར་རྣམ་རྒྱལ་གྲྭ་ཚང་དང༌། རྒྱུད་སྨད་ཚོགས་ཡོངས། ནང་འཁོར་ཞབས་གྲས་སོག་རིགས་རྣམས་ཀྱིས་མཚོན་རྒྱ་ཧོར་བོད་གསུམ་གྱི་སེར་སྐྱ་སུམ་སྟོང་བརྒྱད་བརྒྱ་ཙམ་གྱི་དབུས་སུ་དབང་དངོས་གཞི་མཐའ་རྟེན་དང་བཅས་པ་གསུང་བཤད་གུང་འགྲིག་ཅིང༌། ཆད་ལྷག་གི་སྐྱོན་གྱིས་དབེན་པ་ལེགས་པར་སྩལ། དབང་དངོས་གཞི་ཆུ་ཅོད་པན་གྱི་དབང་རྗེ་རང་ཉིད་ཀྱིས་ཕྱག་བསྟར་དུ་ཚོགས་པ་ཚང་མར་རེ་རེ་བཞིན་དུ་བསྐྱངས་པར་སྐུ་ངལ་གྱི་ཆ་ཕྲ་མོ་ཙམ་མ་བཞེས་པར་མ་ཟད། དུས་ཐུང་ངུ་ལ་དེ་དག་ཐམས་ཅད་མྱུར་བར་གྲུབ་པས་འདི་ལྟ་བུའི་མཛད་པ་ནི་ཐམས་ཅད་མཁྱེན་པའི་རྫུ་འཕྲུལ་ལོ་ཞེས་ཤེས་ལྡན་ཚང་མས་མགྲིན་གཅིག་ཏུ་གླེང༌། ཞེས་གསུང་རྣམ་དུ་འཁོད་པ་ལྟར་གྲྭ་ཚང་གི་སྐུ་ཞབས་དང་བཅས་པར་དབང་ལུང་མན་ངག་དང་བཅས་པའི་གདམས་པ་མང་དུ་སྩལ་ཞིང༌། རྗེས་སུ་འཛིན་པ་དང༌། ༸སྐྱབས་མགོན་ཆེན་པོའི་གསུང་ཆོག་ཞབས་ཕྱི་རྭ་སྒྲེང་ཁྲི་ཆེན། ནང་མ་མཚན་ཞབས། གྲྭ་ཚང་ཚོགས་ཡོངས་བཅས་ནས་ལེགས་པར་མཛད་ཅེས་མཛད་རྣམ་འཛམ་གླིང་ཐ་གྲུ་ཡངས་པའི་རྒྱན་དུ་འཁོད་པ་ལྟར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་ཀྱང་བསྟན་སྲིད་སྐྱེ་འགྲོ་སྤྱི་དང༌། ཡང་སྒོས་༸རྒྱལ་བའི་གསུང་ཞབས་ཀྱི་ཞུ་སྒོ་མཐའ་དག་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གྱུར་པ་ཞུས།
དེ་བཞིན་ཡོངས་འཛིན་པཌཎི་ཏ་ཆེན་པོ་དེ་ཉིད་ཀྱི་དུས་མཆོད་ལ་ཚེ་མཆོག་གླིང་ནས་རྒྱུ་སྦྱར་ཏེ་༸སྐྱབས་མགོན་ཆེན་པོ་ཉིད་གསུང་མཆོག་ཞབས་ཕྱི་གྲྭ་ཚང་དུས་འཁོར་བ་ཆོག་གྲྭ་རྣམས་དང་བཅས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཞལ་ཕྱེ་ཕྱི་ནང་གསང་བའི་མཆོད་པ་སྔོན་དུ་འགྲོ་བས། བདག་ཉིད་འཇུག་ཅིང་དབང་ལེན་པའི་ཆོ་ག་རྣམས་ཐུགས་ཉམས་སུ་བཞེས་ཤིང༌། བླ་མ་ཉིད་དཀྱིལ་འཁོར་གྱི་གཙོ་བོར་བསྐྱེད་ནས་དེའི་མདུན་དུ་རྣམ་ཐར་ཆེན་མོའི་བཀའ་རྩོམ་ཡང་རྫོགས་པར་མཛད་ཚུལ་གསུང་རྣམ་དུ་གསལ་བ་བཅས་སོ།། །།
ཉ༽ ༸རྒྱལ་བ་ལུང་རྟོགས་རྒྱ་མཚོའི་སྐུ་དུས་ཀྱི་ལོ་རྒྱུས།
དེ་ཡང་༸གོང་ས་སྐུ་ཕྲེང་དགུ་པ་༸རྒྱལ་བ་ལུང་རྟོགས་རྒྱ་མཚོ་མཆོག་ནི། བོད་རབ་བྱུང་བཅུ་གསུམ་པའི་ཤིང་གླང་ཕྱི་ལོ་ ༡༨༠༥ བོད་ཟླ་ ༡༢ ཚེས་ ༡ ཉིན་མདོ་ཁམས་ལྡན་ཆོས་འཁོར་དགོན་གྱི་ཉེ་འགྲམ་དགོན་དཔོན་ཚང་གི་ཡབ་བསྟན་འཛིན་ཆོས་སྐྱོང་དང༌། ཡུམ་དོན་གྲུབ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཤིང༌། ༸རྒྱལ་མཆོག་ལུང་རྟོགས་རྒྱ་མཚོའི་རྣམ་ཐར་དད་པའི་ཡིད་འཕྲོག་ལས། རྗེ་འཇམ་དཔལ་རྒྱ་མཚོ་དེ་ཉིད་ནི། མངོན་པར་ཤེས་པའི་ཡོན་ཏན་ཐོགས་པ་མེད་པར་མངའ་བ་ཞིག་ཡིན་པ་གོར་མ་ཆག་སྟེ། རྗེ་འདི་མདོ་ཁམས་པ་རྣམས་ལ་ཤིན་ཏུ་མཉེས་མཉེས་མཛད་ཅིང༌། སྐད་ཀྱང་ཁམས་སྐད་གཟེངས་མཐོན་པོར་ཐུགས་ཞེན་ཆེ་བ་དང༌། གཟིམ་འགག་དང༌། རྣམ་རྒྱལ་གྲྭ་ཚང་གི་གསུང་བཟང་པ་ཡང་ཕལ་ཆེར་ཁམས་པ་རང་ལ་བགྱིད་འཇུག་པ་འདི་ལ་དཔགས་ན་སྐུ་སྐྱེ་ཁམས་ཀྱི་མི་རིགས་སུ་བཞེས་པའི་མཚན་ལྟས་སུ་མངོན་ཞེས་གསལ་བ་ལྟར་༸རྒྱལ་བ་ལུང་རྟོགས་རྒྱ་མཚོའི་སྐུ་དུས་སུ་གྲྭ་ཚང་གི་གསུང་བཟང་པ་རྣམས་དང༌། གཟིམ་འགག་ཕལ་མོ་ཆེ་ཁམས་པ་ཡིན་པར་གསལ། གཞན་ཡང་དཔལ་ལྷ་ལྕོག་ཏུ་རིག་པ་འཛིན་པའི་སྡེ་རྣམ་རྒྱལ་གྲྭ་ཚང་པ་དང་ལྷན་ཅིག་དཔལ་ལྡན་སྲིད་གསུམ་བདག་མོར་བསྐང་བསྐུལ། མཆོད་བསྟོད། གཏང་རག་མངའ་གསོལ། ཚོགས་འཁོར་བཅས་ཀྱིས་གཟབ་གསོལ་བཀའ་དྲིན་བསྐྱངས་ཤིང་མཉེས་གཤིན་པའི་བཀའ་ཡང་མང་དུ་སྩལ་ལུགས་གསལ།
༸སྐྱབས་མགོན་མཆོག་རབ་བྱུང་གི་སྡོམ་བཞེས་ལེགས་འབུལ་ཆེད་གཞུང་ས་མཆོག་ནས་རྣམ་རྒྱལ་མའི་ཚེ་ཆོག་གི་སྒོ་ནས་ཞབས་བརྟན་འབུལ་གནང་ལ། རྣམ་རྒྱལ་གྲྭ་ཚང་གི་རྡོར་སློབ། དབུ་མཛད་སོགས་གསུང་བཟང་པ་ལྔ་བཅུ་དང༌། ཡོངས་འཛིན་ཁྲི་རིན་པོ་ཆེ་ནས་མཌཎལ་གསོལ་འདེབས་དང་བཅས་༸སྐྱབས་མགོན་༸རྒྱལ་དབང་མཆོག་སོགས་ཐམས་ཅད་ཐུགས་འདུན་རྩེ་གཅིག་གིས་བདེན་ཚིག་དང༌། ཟང་ཟིང་གི་མཆོད་པའི་སྤྲིན་ཕུང་རྒྱ་ཆེ་སྤྲོས། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ནས་ཀྱང༌། ༸གོང་ས་༸སྐྱབས་མགོན་ཆེན་པོར་བཀྲས་ལྷུན་དུས་འཁོར་སློབ་དཔོན་དང་རྣམ་རྒྱལ་གྲྭ་ཚང་པ་ཉི་ཤུ་རྩ་བདུན་རོགས་སུ་སྦྲན་ཏེ་མདོ་ལུགས་ཀྱི་ཞབས་བརྟན་དང་འབྲེལ་བར་དངོས་བཤམས་ཀྱི་མཆོད་སྤྲིན་ཡང་གཟབ་པར་མཛད་ལ། ལྷག་པར་ཆོས་ཀྱི་རྗེ་ཡོངས་འཛིན་རྣམ་གཉིས་དང༌། སེམས་དཔའ་སྤྲུལ་པའི་སྐུ། སེ་འབྲས་ཀྱི་བླ་མ་ལས་སྣེ། གམ་བཅར་རྣམ་པར་རྒྱལ་བའི་གྲྭ་ཚང་འདུས་སྤྱི་བཅས་སོ་སོ་ནས་ཀྱང་ཞིང་ཁམས་རྒྱ་མཚོའི་བཀོད་པ་དང༌། སྐུ་གསུང་ཐུགས་རྟེན་བཅས་བཏེགས་ཏེ་མགྲོན་བརྒྱུད་ཀྱི་ཞབས་པད་བསྐལ་པར་བརྟན་གསོལ་གྱི་གདུང་བའི་གསོལ་འདེབས་ཞུས་པར། དཀོན་མཆོག་ལ་གསོལ་བ་བཏབ་ན་དགའ་མོ་ཨེ་ཡོང༌། མགྱོགས་པོ་མཇལ་ཡོང་ཞེས་དགོངས་པ་ཅན་གྱི་གསུང་ཐམས་ཅད་ལ་ཕྱོགས་མཚུངས་སུ་ཕེབས་ཚུལ་སོགས་རྣམ་ཐར་དད་པའི་ཡིད་འཕྲོག་ཏུ་གསལ་ཞིང༌། དགུང་ལོ་བཅུ་བཞེས་པ་ན་ཚོད་ལྡན་ཞེས་པ་རབ་བྱུང་བཅུ་བཞི་པའི་ཤིང་ཕག་ཕྱི་ལོ་ ༡༨༡༥ ལོའི་དབོ་ཟླའི་ཚེས་བཅུ་དྲུག་ཉིན་སྐུ་ཞི་བར་གཤེགས་པའོ།། །།
ཏ༽ ༸རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོའི་སྐུ་དུས་ཀྱི་ལོ་རྒྱུས།
༸རྒྱལ་མཆོག་ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་ངོ་མཚར་ནོར་བུའི་ཕྲེང་བར། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་འཁོད་པ་འདི་ལྟར། ས་སྟག་ཟླ་བ་གསུམ་པའི་ནང་དཀའ་བཅུ་གྲགས་པ་ཆོས་གྲགས་ཟེར་བ་འབྱོར་སྐབས། དེར་ཡོད་ངོ་ཤེས་ཚང་མས་དཀའ་བཅུ་ཞེས་འབོད་པ་ལས་ཆོས་མིང་ངོ་མ་ཇི་ཟེར་སུས་ཀྱང་མ་ཤེས་རུང༌། ཁྱེའུ་ནས་གཟིགས་མ་ཐག་གྲགས་པ་ཆོས་གྲགས་ཞེས་ལན་ལྔ་བོས་པར་ཁྱེའུའི་གམ་དུ་སྡོད་མི་སྔགས་རམས་པ་བློ་བཟང་ཚེ་དབང་དང༌། སྐུ་ཞང་བློ་བཟང་བདེ་བ། ཡུམ་བཅས་ནས་གྲགས་པ་ཆོས་གྲགས་སུ་རེད་ཞུས་པར་ཁོ་པར་མཛུབ་མོ་བཙུགས་ཤིང༌། ཁོ་པའི་ཕྲེང་བ་དེ་ཕྱག་གིས་འཛིན་ནས་མཎི་ཕྲེང་སྐོར་གཅིག་གསུངས་པ་དང༌། གཞན་ཡང་འཇམ་དབྱངས་དང༌། ཕྱག་རྡོར་གྱི་གཟུངས་བཅས་ཐོལ་བྱུང་དུ་གསུང་བར་མཛད་སྣང་སྟེ། དེས་ན་དཀའ་བཅུ་གྲགས་པ་ཆོས་གྲགས་ཟེར་བ་འདི་ནི། སྔ་དུས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་འཇམ་དཔལ་རྒྱ་མཚོ་ཞལ་བཞུགས་སྐབས་རྣམ་རྒྱལ་གྲྭ་ཚང་གི་གསུང་བཟང་པ་དྲག་གྲས་ཡིན་པར་སྣང་ལ། དེར་བརྟེན་༸རྒྱལ་བ་མཆོག་ནས་ཀྱང་གཟིགས་པ་ཆེ་གྲས་སུ་བསྐྱངས་པ་དང༌། རྗེས་སོར་༸རྒྱལ་བ་དེ་ཉིད་མྱ་ངན་ལས་འདས་ཚུལ་བསྟན་རྗེས་གྲྭ་ཚང་ནས་དགོངས་ཞུས་ཀྱིས་ཕ་ཡུལ་དུ་ལོག་ནས་གཞིས་དགོན་དུ་བསྡད་མུས་ལས། ད་ལམ་༸རྒྱལ་བའི་མཆོག་སྤྲུལ་གྱི་དོགས་གནས་ཆེ་ཚུལ་གླེང་བརྗོད་ལ་བརྟེན་ཆེད་དམིགས་ཀྱིས་མཇལ་བར་བཅར་བ་ན། དམ་པ་མཆོག་ནས་ཀྱང་སྔོན་གནས་རྗེས་དྲན་བསྙེལ་བ་མི་མངའ་བའི་ཆོས་ཉིད་གསལ་པོར་བསྟན་པའི་ཚུལ་གསུང་རྣམ་དུ་འཁོད་པ་ལྟར། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་རྣམས་དམིགས་བསལ་ལས་སྨོན་དང༌། ཐུགས་འདྲིས། རྗེས་འཛིན་གཟིགས་བསྐྱངས་སོགས་ཀྱི་དབང་ལས་༸རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་མཆོག་དགུང་ལོ་གཉིས་ལ་ཕེབས་སྐབས་ནས་༸རྒྱལ་བ་སྐུ་ཕྲེང་བརྒྱད་པའི་སྐུ་དུས་ཀྱི་གྲྭ་ཚང་གི་གསུང་ཞབས་པ་སྔོན་གནས་རྗེས་དྲན་གྱི་ཐུགས་དྲན་གསོས་ཚུལ་གསུང་རྣམ་དུ་གསལ་ལོ།།
ཡང་གསུང་རྣམ་དེ་ཉིད་ལས། ཚེས་དྲུག་ཉིན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཚོགས་ཡོངས་ཞབས་བརྟན་ལེགས་འབུལ་གྱི་མཇལ་ཁར་བཅར་རྒྱུ་ཉི་འོད་གོ་ཡུལ་ཤོམས་ཁྱད་ཚེས་ལྔ་ཉིན་བཞུགས་ཁྲིའི་ཞལ་སྔོན་ཕན་ལྷ་གཟིགས་སུ་ཡོད་པ་ཤར་གཟིགས་སུ་སྤོས་པར། དེ་སྔོན་ཉི་འོད་བྱང་བརྒྱུད་ལྕགས་ཁྲའི་མདུན་སྐུ་རྒྱབ་ཡོལ་བ་སོགས་ཀྱིས་སྒྲིབ་པ་འདི་ཉིན་ཡོལ་བ་བསལ་བས་ཤོད་གྲྭ་ཁང་སྦུག་གི་རྟེན་གཙོ་ཐུབ་དབང་སོགས་གསལ་ལེར་གཟིགས་པས་དེ་ཕྲལ་ལྕགས་ཁྲའི་འཁྲིས་དེ་གར་བཞུགས་ཏེ་སྙན་ཤལ་ཆེ་ལེགས་ཤིག་ཁྱེར་ཤོག་གསུངས་ནས་སྲབ་འཇམ་ཡང་པ་སོགས་དང༌། སྣ་ཚོགས་དབང་པོ་སོགས་ཀྱི་ཐུགས་སྨོན་དང་བཅས་ལྕགས་ཁྲའི་སེང་དབར་ནས་ཕྱག་གིས་རྒྱང་འབུལ་གནང་བ་ཐུགས་འདོད་ལྟར་མ་སླེབས་པས་དཀོན་གཉེར་བོས་ནས་སྙན་ཤལ་དེ་ཇོ་བོའི་གཙུག་ཏོར་རང་ལ་སླེབས་པ་ཕུལ་ཞེས་གསུངས་པ་ལྟར། ཁོ་པས་ཀྱང་ཤུགས་བསྐྱེད་དེ་ཕུལ་བར་དགོངས་བཞེད་ལྟར་སྣེ་གཅིག་གཙུག་ཏོར་ལ་འཁོན་ཏེ་སྙན་གཡས་ཀྱི་དྲང་ཐད་ཁོ་ནར་འཕྱང་སྟབས་སུ་འཁོད་པས་ཤིན་ཏུ་མཉེས་ཏེ། ཐུབ་དབང་གི་བསྟོད་པ་སྐབས་གསུམ་པ་དང༌། འཇམ་དབྱངས་ཀྱི་བསྟོད་པ་གང་བློ་མ་བཅས་གསུང་དཔང་ཆེར་བསྟོད་ནས་གསུང་བར་མཛད།
དེའི་སང་ཉིན་རྣམ་རྒྱལ་གྲྭ་ཚང་སློབ་དཔོན། ལས་སྣེ། གྲྭ་དམངས་བཅས་ནས་མཇལ་ཁའི་ཐོག་དངོས་འབུལ་དང་བཅས་མདོ་ལུགས་ཀྱི་སྒོ་ནས་ཞབས་བརྟན་རྒྱས་པར་ཕུལ་བར་དགྱེས་ཉམས་ཆེན་པོའི་སྒོ་ནས་ཞལ་འདོན་མཐའ་དག་ལྷན་ཅིག་ཏུ་གསུངས་ཤིང༌། གྲྭ་དམངས་སྤྱིར་བཀའ་དང་འཚམས་འདྲི་ཡང་ཕེབས། མཇལ་ཁ་གྲོལ་ནས་ཀྱང་སྐུ་བཞེངས་ཕྲལ་མར་མི་གནང་བར་སྤྲོ་ཉམས་ཀྱིས་ངང་བཞུགས་མཛད་དེ་ངའི་ཁྲི་འདི་ཁྲི་ཕེབས་བར་འདི་ག་རང་དུ་བཞོག་ཅེས་གསུངས། ད་ལམ་རྣམ་གྲྭའི་ཞབས་བརྟན་འདི་བཞིན་མདོ་ལུགས་གསུང་ཆོག་གི་ཞབས་བརྟན་འབུལ་མིའི་ཐོག་མའང་ཡིན་ཞེས་ཤིན་ཏུ་མཉེས་ཚོར་ཆེ་བར་མཛད། ཅེས་གསལ་བ་ལྟར་གྲྭ་ཚང་གི་ལས་སློབ་འདུས་མང་དང་བཅས་པར་ཐུགས་མཉེས་ཤིན་ཏུ་ཆེ་བར་མཛད་པ་མ་ཟད། ༸རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོར་མདོ་ལུགས་ཀྱི་བརྟན་བཞུགས་འབུལ་མི་ཐོག་མའང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཡིན།
ཡང་གསུང་རྣམ་དེ་ཉིད་ལས། གཟིམ་ཆུང་དུ་དམ་ཞུ་ཐོག་མར་གནང་སྐབས་གསང་སྔགས་བྱང་ཆུབ་གླིང་པས་ལྗོན་འབྲས་གཙང་ལྡན་གྱི་ཕུད་ཕུལ་བའང་སྟབས་སུ་འགྲིག་པར་གྱུར་པ་ནི། སྐྱེ་རྒུ་རྣམས་ལ་ཕན་བདེའི་འབྲས་བུ་བཟང་པོ་ཆད་པ་མེད་པར་སྩོལ་བའི་ལྟས་དང༌། དེ་མཚུངས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་པའི་གྲྭ་རིགས་ཤིག་ནས་དུས་འཁོར་གྱི་ཆོ་གའི་རྒྱུགས་ཕུལ་བའང་གསང་ཆེན་བླ་མེད་རྡོ་རྗེ་ཐེག་པའི་ཆོས་ཀྱི་དགའ་སྟོན་རྒྱ་ཆེར་འགྱེད་པའི་རྟེན་འབྲེལ་དུ་མངོན། ཞེས་དང༌། ཡང་རིག་གནས་སློབ་གྲྭ་བ་བཟོད་པ་རྒྱ་མཚོ་དང༌། གཏམ་སྙན་ཚུལ་ཁྲིམས་སྙན་གྲགས་གཉིས་ནས་སྦྱངས་འབྲས་ལི་ཐོའི་རེ་མིག་ཕུལ་བ་དང༌། གྲྭ་ཚང་གི་གྲྭ་རིགས་ཡོན་ཏན་ཆོས་འཕེལ་ནས་དུས་འཁོར་ཆོ་གའི་རྒྱུགས་འབུལ་ཞུས་པ་བཅས་ལ་ཕྱག་དབང་དང་གནང་སྦྱིན་སྩལ་ཞེས་གསལ་བ་ལྟར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དུས་འཁོར་ཆོག་གྲྭ་བ་རྣམས་དང༌། སྐུ་ཞབས་བྱིངས་བཅས་ནས་ཐུན་མོང་མ་ཡིན་པ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོ་དང༌། ཡི་དམ་གསང་བདེ་འཇིགས་གསུམ་གྱི་ཆོག་གཞུང་བློ་འཛིན་མཛད་པ་རྣམས་ཐོག་མར་རང་རང་གི་དགེ་རྒན་དང༌། དེ་རྗེས་དབུ་ཆོས་རྣམ་གསུམ། ཚོགས་གཞུང་དང༌། མཐའ་མའི་བློ་རྒྱུགས་༸རྒྱལ་དབང་མཆོག་ཉིད་ལ་འབུལ་བཞེས་མཛད་པའི་ཕྱག་སྲོལ་དེ་བཞིན་༸རྒྱལ་མཆོག་ཚུལ་ཁྲིམས་རྒྱ་མཚོའི་སྐུ་དུས་ནས་ཡོད་པ་ཤེས་རྟོགས་ཐུབ་པ་ཞིག་ཡིན།
མཛད་རྣམ་ངོ་མཚར་ནོར་བུའི་ཕྲེང་བ་ལས། ༼ཆུ་རྟ་ཕྱི་ལོ་ ༡༨༢༢༽ ཚེས་བཅུ་གཟིམ་ཆུང་ཉི་འོད་དུ་བསྟན་སྲུང་དམ་ཅན་རྒྱ་མཚོར་གཟབ་གསོལ་ཆེན་མོ་བསྐྱང་རྒྱུར་དེ་གོང་ནས་ཆོས་སྲུང་རྣམས་ཀྱི་སྐུ་ཐང་དང་མཆོད་རྫས། སྤྱན་གཟིགས་སོགས་བཟང་ཞིང་ཚར་དུ་དངར་བ་འདུ་མཛད་པའི་ཐོག སྐུ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་པའི་འདུས་པ་ཚོགས་ཡོངས་ཀྱི་དབུར་ཕེབས་བསྐྱོད་ཀྱིས་བསྟན་སྲུང་རྒྱ་མཚོར་རྒྱལ་བསྟན་སྤྱི་དང༌། བྱེ་བྲག་ཞྭ་སེར་གྱི་བསྟན་པ། གནམ་བསྐོས་དགའ་ལྡན་ཕོ་བྲང་པའི་ལུགས་གཉིས་ཀྱི་ཆབ་སྲིད་དང༌། བོད་ལྗོངས་ཕན་བདེའི་ལེགས་ཚོགས་ཡར་ཟླ་ལྟར་འཕེལ་བ་སོགས་ཀྱི་འཕྲིན་བཅོལ་ཐུགས་བསྐྱེད་རྒྱ་ཆེར་བསྐྱངས། དེ་ཡང་སྔོན་ཕན་འདི་རིགས་ཀྱི་ཚོགས་དབུར་ཕེབས་མ་མྱོང་ནའང་ཕྱག་ཌཾ། ཕྱག་དྲིལ་འཁྲོལ་མཚམས་དང༌། ནང་མཆོད་འབུལ་མཚམས། སྔགས་ཀྱི་ཕྱག་རྒྱ་སོགས་ལན་རེ་གཉིས་ཞུས་པ་ཁོ་ནས་དེ་དང་དེར་འཆུགས་མེད་དུ་བཀའ་དྲིན་ཆེ་བར་གྱུར། ཞེས་འཁོད་པ་ལྟར་༸རྒྱལ་མཆོག་ཚུལ་ཁྲིམས་རྒྱ་མཚོ་མཆོག་ཆོས་ཕྱོགས་ཀྱི་མཛད་སྒོ་དང༌། གྲྭ་ཚང་གི་ཚོགས་མགོན་བཅས་སུ་ཕེབས་ཐེངས་ཐོག་མ་འདི་ཉིད་ཡིན་འདུག
ཡང་དེ་ཉིད་ལས། ཚེས་ཉེར་དྲུག་ཉིན་སེ་འབྲས་སྤྱི་སོ་ནས་འཆར་ཅན་ལྔ་མཆོད་ཀྱི་དཀར་ཕུད་དང༌། འཁུར་ཕུད་འབུལ་བཞེས། སེ་འབྲས་བླ་མ་ལས་སྣེ་སོགས་དང༌། སེ་རའི་ཚོགས་ཆེན་དགེ་སྐོས་གསར་རྙིང་གཉིས། རྣམ་རྒྱལ་གྲྭ་ཚང་གི་སློབ་དཔོན་དབུ་ཆོས། ལས་སྣེ། གྲྭ་དམངས་བཅས་ལ་མཇལ་ཕྱག་སྩལ། ཚེས་ཉེར་བརྒྱད་ཉིན་རྣམ་གྲྭའི་དབུ་མཛད་རྙིང་པ་རྒྱ་མཚོ་དོན་ལྡན་དགོངས་པ་འཁྲོལ་ཚབ་གསར་པ་དགེ་སློང་བློ་བཟང་བསྟན་པར་བསྐོ་གཞག་སྩལ་བའི་བཀའ་བསྒྱུར་མཇལ་དར་ཕུལ། ཚེས་ལྔ་ནས་སྐུ་མཚམས་བཅད་རྒྱ་བཀའ་དྲིན་ཆེ་རྒྱུར་དྲུང་ཇའི་རྒྱབ་ཏུ་ཞབས་པད་རྣམས་དང༌། ནང་མ་མཁན་སྡེ་ཆེ་ཆུང༌། ལས་ཚན་པ་ཡོངས་བཅད་རྒྱའི་ཁོངས་སུ་མེད་པ་རྣམས་ཀྱི་མཇལ་དར་འབུལ་བཞེས་དང༌། རྣམ་གྲྭའི་དབུ་མཛད་ལ་གསར་མཇལ་ཀྱང་བཀའ་དྲིན་ཆེ་ཞིང་སྒྲིག་ཁྲིམས་འདོན་དབྱངས་སོགས་ཡར་ལྡན་དགོས་པའི་བཀའ་སྩལ། ཞེས་གསལ་བ་ལྟར་༸རྒྱལ་དབང་མཆོག་ནས་གྲྭ་ཚང་གི་སྒྲིག་ཁྲིམས་དང༌། འདོན་རྟ་དབྱངས་སོགས་ཀྱི་ཞུ་སྒོ་ཁག་ཡར་ལྡན་དགོས་པའི་རྗེས་བརྩེའི་ལམ་སྟོན་གྱི་བཀའ་སློབ་༸རྒྱལ་དབང་གོང་མ་རྣམས་དང་མཚུངས་པར་སྩལ།
ཚེས་ཉེར་དགུའི་ཉིན་གསོལ་ཚིགས་སྔ་ཐོན་གྱིས་ཤོད་གཟིམ་ཆུང་རིག་གནས་ཀུན་གསལ་དུ་ཞབས་སོར་བཀོད་ནས་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་པའི་ལོ་མཇུག་དགུ་གཏོར་ཆེན་མོའི་འཆམ་གྱི་རིམ་པར་སྤྱན་རས་ཀྱི་གཟིགས་པ་ལེགས་པར་དབབ་ཅིང༌། སྐྱེ་བོའི་ཚོགས་ཆེན་པོ་སའི་དྲེག་པ་ལྟར་འཁོད་པ་རྣམས་ལ་ཞལ་མཇལ་གྱི་སྐལ་བཟང་དང་འདི་ཕྱིར་དགེ་བའི་སྐྱབས་འཇུག བསྟན་སྲིད་བདེ་རིམ་དུས་ཀྱི་གཏོར་ཆེན་སོགས་གནད་དུ་སྨིན་པའི་ཐུགས་སྨོན་སོགས་ཡང་དག་པར་བསྐྱངས་སོ། །ཞེས་གསུང་རྣམ་དུ་གསལ་བ་ལྟར་སྙན་གྲགས་ཅན་གྱི་རྩེ་དགུ་གཏོར་ཆེན་མོའི་འཆམ་གཟིགས་དང་ཐུགས་སྨོན་མཛད།
གཞན་ཡང་སྐུ་བཅར་ལྕགས་ལ་ཆོས་མཛད་ལ་གཟིམ་དཔོན་བསྐོ་གཞག་དང༌། གྲྭ་ཚང་གི་གྲྭ་རིགས་བློ་བཟང་ཤེས་རབ་ལ་མཁན་སྡེ་ཆེ་ཁའི་གོ་གནས། རྣམ་གྲྭ་འཇམ་དཔལ་ཆོས་འབྱོར་ལ་གཟིམ་འགག རྣམ་གྲྭ་བློ་བཟང་རབ་བརྟན་ལ་གྲྭ་ཚང་སློབ་དཔོན་གསར་པ་བཅས་བསྐོ་གཞག་སྩལ་བ་རྣམས་ཀྱི་གསར་མཇལ་སྩལ་ཞེས་གསལ་བ་ལྟར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོའི་སྐུ་དུས་སུ་ཡང་གྲྭ་ཚང་གི་སྐུ་ཞབས་རྣམས་ཀྱི་མཛད་རྗེས་ལ་གཞིགས་པས་ཆོས་སྲིད་གཉིས་ཀའི་གོ་གནས་མཐོ་དམའ་རིམ་པ་མང་པོ་སྩལ་ལུགས་གསལ་ཞིང༌། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་རྣམས་ལ་ཆོས་སྲིད་གཉིས་དང༌། ལྷག་པར་བྱས་རྗེས་ལ་གཞིགས་པས་ཆབ་སྲིད་ཀྱི་གོ་གནས་སྩལ་སྲོལ་འདི་ནི་༸རྒྱལ་དབང་ལྔ་པ་ཆེན་པོའི་སྐུ་དུས་སུ་སྡེ་སྲིད་བཞི་པར་རྣམ་གྲྭའི་གཉེར་པ་བློ་བཟང་སྦྱིན་པ་བསྐོ་གཞག་གནང་ཞིང༌། དེ་རྗེས་༸རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་ཕྱི་ལོ་ ༡༧༥༡ ལོར་བོད་གཞུང་བཀའ་ཤག་གསར་འཛུགས་དང༌། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཡང་དེ་མཚུངས་བར་ལམ་ཉམས་ཐོར་དུ་གྱུར་པ་དེ་ཉིད་བསྐྱར་གསོ་གནང་བ་ནས་བཟུང་བསྐོ་གཞག་གནང་ལམ་དུ་གྱུར་པ་ཞིག་ཡིན་འདུག། །།
ཐ༽ ༸རྒྱལ་བ་མཁས་གྲུབ་རྒྱ་མཚོའི་སྐུ་དུས་ཀྱི་ལོ་རྒྱུས།
༸རྒྱལ་བ་མཁས་གྲུབ་རྒྱ་མཚོའི་རྣམ་ཐར་ངོ་མཚར་ལྷའི་རོལ་མོ་དབྱངས་ཅན་རྒྱུད་དུ་སྙན་པའི་ཏབམུ་ར་ལས། རྣམ་གྲྭ་སློབ་དཔོན་ངག་དབང་གྲགས་པ་ལ་སྐུ་བཅར་མཆོད་དཔོན་མཁན་པོ་བསྐོ་གཞག་བསྐྱངས་པའི་བཀའ་སྒྱུར་མཇལ་དར་འབུལ་བཞེས་དང༌། ཚེས་གསུམ་ཉིན་རྣམ་གྲྭ་སློབ་དཔོན་གསར་པ་དགེ་སློང་བློ་བཟང་བདེ་ཆེན་ལ་བསྐོ་གཞག་སྩལ་ཞེས་དང༌། གཞན་ཡང༌། ༼ཤིང་ཡོས་ཕྱི་ལོ་ ༡༨༥༥ ལོའི་༽ ཟླ་བ་བཅུ་གཉིས་པའི་ཚེས་ཉི་ཤུ་སྐོར་ལ་སྐུ་བཅར་མཆོད་དཔོན་རྙིང་པ་དགོངས་ཁྲོལ་ཞུས་ཚབ་གསར་པ་གྲྭ་ཚང་དབུ་མཛད་བློ་བཟང་དོན་གྲུབ་ལ་བསྐོ་གཞག་སྩལ་ཅིང༌། དབུ་མཛད་གསར་པ་གསུང་བཟང་སྐད་བསྡུར་གྱི་ཐོག་ནས་དགེ་སློང་ངག་དབང་འབྱུང་གནས་ལ་བསྐོ་གཞག་སྩལ་བ་བཅས་ཀྱི་བཀའ་སྒྱུར་མཇལ་དར་འབུལ་བཞེས་དང༌། གསར་མཇལ་ཡང་རིམ་པར་སྩལ། ཞེས་གསལ་བ་ལྟར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོའི་སྐུ་དུས་སུ་རྣམ་གྲྭ་སློབ་དཔོན་ངག་དབང་གྲགས་པ་སྐུ་བཅར་མཆོད་དཔོན་མཁན་པོ་དང༌། རྣམ་གྲྭ་དགེ་སློང་བློ་བཟང་རིན་ཆེན་སློབ་དཔོན། གྲྭ་ཚང་གི་དབུ་མཛད་བློ་བཟང་དོན་གྲུབ་ སློབ་དཔོན་རྙིང་པ་དགོངས་ཞུས་ཚབ་གསར་དང༌། གསུང་བཟང་པ་སྐད་བསྡུར་གྱི་ཐོག་ནས་དགེ་སློང་ངག་དབང་འབྱུང་གནས་སྐབས་དེའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དབུ་མཛད་བཅས་སུ་བསྐོ་གཞག་དང༌། ༸རྒྱལ་དབང་མཆོག་ནས་གསར་མཇལ་སྩལ་སྨིན་བྱུང་བ་གསུང་རྣམ་དུ་གསལ།
གཞན་ཡང་༸རྒྱལ་བ་མཁས་གྲུབ་རྒྱ་མཚོའི་རྣམ་ཐར་ངོ་མཚར་ལྷའི་རོལ་མོ་དབྱངས་ཅན་རྒྱུད་དུ་སྙན་པའི་ཏམ་བུ་ར་ལས། ༸རྒྱལ་དབང་མཆོག་ལ་གྲྭ་ཚང་ནས་གཟིམ་ཆུང་ཉི་འོད་དུ་བཅོམ་ལྡན་འདས་བདེ་མཆོག་ཚེ་ལྷ་དཀར་པོའི་སྒོ་ནས་སྐུ་ཚེའི་ཚེ་སྒྲུབ་གནད་སྨིན་ཞུས་པའི་སྐུ་ཚེའི་ཚེ་རྫས་བཅས་ཕུལ་ཏེ། ༸ཞབས་པད་ཡུན་བརྟན་གྱི་རྟེན་འབྲེལ་མཛད་པ་དང༌། གྲྭ་ཚང་གི་ཞལ་གྲངས་བརྒྱ་ཐམ་པ་ནས་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས་ཤིང༌། ༸རྒྱལ་དབང་མཆོག་ཀྱང་བརྒྱད་གཏོར་གྱི་ཚོགས་དབུར་ཆིབས་སྒྱུར་དང༌། དབྱར་མཇལ་སྔར་སྲོལ་ལྟར་བསྐྱངས་ཤིང༌། གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ཕྱག་ལེན་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་ས་གར་དང་མཆོད་གར་ལ་ཐུགས་ཞིབ་ཕེབས་བསྐྱོད་མཛད་པ་དང༌། ༸རྒྱལ་བ་མཁས་གྲུབ་རྒྱ་མཚོ་ཉིད་ནས་བོད་ཤིང་འབྲུག་ཕྱི་ལོ་ ༡༨༤༤ ལོའི་ཟླ་བ་ ༥ ཚེས་ ༢ ལ་ཕོ་བྲང་རྩེར་༸སྐྱབས་མགོན་མཆོག་གི་འཁྲུངས་གསོལ་དགྲ་ལྷ་དཔང་བསྟོད་གསར་དུ་བཙུགས་པའི་རྣམ་གྲྭའི་ཚོགས་དབུས་སུ་༸སྐྱབས་མགོན་རྒྱལ་ཚབ་མཆོག་དང༌། ཡོངས་འཛིན་རིན་པོ་ཆེ་རྣམ་གཉིས་ཚོགས་ཐེངས་གསུམ་གྱི་རིང་ཕེབས་བསྐྱོད་མཛད་ཚུལ་གསུང་རྣམ་དུ་གསལ་བ་བཅས་སོ།། །།
ད༽ ༸རྒྱལ་བ་འཕྲིན་ལས་རྒྱ་མཚོའི་སྐུ་དུས་ཀྱི་ལོ་རྒྱུས།
དེ་ཡང་༸རྒྱལ་བ་འཕྲིན་ལས་རྒྱ་མཚོའི་རྣམ་ཐར་དྭངས་ཤེལ་མེ་ལོང་ལྟར་ན། ༸གོང་ས་སྐུ་ཕྲེང་བཅུ་གཉིས་པ་༸རྒྱལ་བ་འཕྲིན་ལས་རྒྱ་མཚོ་མཆོག་ནི་རབ་བྱུང་བཅུ་བཞི་པའི་མེ་འབྲུག་ལོ་སྟེ་ཕྱི་ལོ་ ༡༨༥༦ ལོར་དབུ་རུ་ལྷོ་ཕྱོགས་དང་འདབས་འབྲེལ་དུ་ཡོད་པའི་ལྷོ་ཁ་འོལ་ཁ་རྫིང་ཕྱིའི་འབན་སྦག་འབྲོག་ཉང་ཚང་དུ་ཡབ་ཕུན་ཚོགས་ཚེ་དབང་དང༌། ཡུམ་ཚེ་རིང་སྒྲོལ་མ་གཉིས་ཀྱི་སྲས་སུ་ཞབས་རྡོ་རྗེ་སྐྱིལ་ཀྲུང་དང་ཕྱག་གཉིས་ལྟེ་བའི་ཐད་དུ་མཉམ་བཞག་སོགས་ལྟས་བཟང་དུ་མ་དང་བཅས་སྐུ་བལྟམས་ཤིང༌། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་༸རྒྱལ་དབང་མཆོག་གསེར་ཁྲི་མངའ་གསོལ་དང༌། རབ་བྱུང་གི་མཚན་བཞེས་སོགས་ཀྱི་ཞབས་བརྟན་གསོལ་འདེབས་འབུལ་བཞེས་དང༌། བཀྲ་ཤིས་རྟེན་འབྲེལ་གྱི་ཞུ་སྒོ་མཐའ་དག་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་སྤྲོས་ཤིང༌། ༸རྒྱལ་དབང་མཆོག་ཀྱང་གནམ་ལོའི་རང་ཞལ་གསར་དུ་བཞད་པའི་དགའ་སྟོན་གྱིས་མཚོན། བརྒྱད་གཏོར་ཆེན་མོ་དང༌། ལྔ་མཆོད་ཆེན་མོ། དཔལ་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད། ཚེས་གཏོར་ལྷ་མོའི་གཟབ་གསོལ་སོགས་ལ་༸རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་མཛད་སྲོལ་ལྟར་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་དང༌། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཞལ་འདོན་སྔགས་ཆོག་གི་སྐོར་རྣམས་ཀྱང་ཐུགས་སུ་ཆུད་པར་མཛད་ཚུལ་མཛད་རྣམ་དུ་གསལ་ཞིང༌། ཤིང་གླང་ ༼ཕྱི་ལོ་ ༡༨༦༥༽ ཧོར་ཟླ་བཅུ་གཅིག་པའི་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་ནས་བཟུང་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་དྲུག་བར་ཡི་དམ་ལྷའི་རྣལ་འབྱོར་ལས་མི་འདའ་བའི་བཅད་རྒྱ་དམ་པོར་མཛད། དེ་སྐབས་༸རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པའི་སྐུ་དུས་སུ་རྣམ་གྲྭ་དབུ་མཛད་བློ་བཟང་རིན་ཆེན་མཆོད་དཔོན་དུ་བསྐོ་གཞག་སྩལ་བ་༸རྒྱལ་བ་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོའི་སྐུ་དུས་སུ་སྐུ་བཅར་མཆོད་དཔོན་བློ་བཟང་དོན་གྲུབ་གློ་བུར་དུ་ཚེ་མ་ཟིན་པས། ཟླ་བ་བཅུ་གཉིས་པའི་ཚེས་ལྔ་ཉིན་རྣམ་གྲྭ་སློབ་དཔོན་ངག་དབང་འབྱུང་གནས་ལ་མཆོད་དཔོན་མཁན་པོ་གསར་པའི་བཀའ་བསྒྱུར་དང༌། ཚེས་བཅུ་གཅིག་ཉིན་གསར་མཇལ་ཞུས་ཏེ་ཐུགས་དམ་ཞལ་འདོན་གྱི་ཞབས་ཞུ་སོགས་ལེགས་སྒྲུབ་ཞུས་ཚུལ་མཛད་རྣམ་དུ་གསལ་བ་བཅས་སོ།། །།
ན༽ ༸རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་སྐུ་དུས་ཀྱི་ལོ་རྒྱུས།
ཕོ་བྲང་པོ་ཏ་ལའི་གྲྭ་ཁང་གསང་སྔགས་དགའ་ཚལ་ནི་ཐོག་མར་༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ་བསྐྲུན་པ་ཞིག་སྟེ། ༸རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་ལས། ༸རྒྱལ་དབང་ལྔ་པ་ཆེན་པོ་མཆོག་དགུང་ལོ་ ༣༣ པ་ས་གླང་ཕྱི་ལོ་ ༡༦༤༩ ཟླ་བ་ ༥ པའི་ནང་དུ་གསང་སྔགས་དགའ་ཚལ་སྦུག་གི་གཙང་ཁང་དུ། ནག་པོ་སྐོར་གསུམ། ཕུར་པ། དམག་ཟོར་མ། རྣམ་སྲས། གུར་ཞལ། བེག་རྩེ། བསྟན་མ་ཁང་དུ་དུང་སྐྱོང་རྒྱལ་མོ་རྣམས་ཀྱི་སྐུ་བརྙན་རྣམས་བཞེངས་ཞེས་གསལ་ལ། དེ་རྗེས་༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐུ་དུས་སུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་འདི་ཉིད་གཞི་རྒྱ་ཆེ་རུ་བཏང་ནས་གྲྭ་ཚང་དང་མགོན་ཁང་བཅས་ཁག་གཉིས་སུ་ཉམས་གསོ་མཛད་དོ།།
རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་ཕྱི་ལོ་ ༡༩༢༢ ལོ་སྟེ། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གིས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་འདི་ཉིད་སླར་ཡང་ཉམས་གསོ་རྒྱས་སྐྲུན་རྒྱ་ཆེ་མཛད་པ་ནི། ཕྱི་ལོ་ ༡༩༢༢ ཙམ་ལ་༸གོང་ས་སྐུ་ཕྲེང་བཅུ་གསུམ་པས་ད་ལྟའི་གྲྭ་ཁང་དེ་བསྐྱར་སྐྲུན་གནང་ནས་སྒོ་འཕྱོར་ཀ་བཞི་དང༌། གཡས་གཡོན་གྱི་སྐྱ་ལྡེབས་སུ་སྲིད་པ་འཁོར་ལོ་སོགས་ཀྱི་ལྡེབས་རིས་ཡོད་ཅིང༌། གྲྭ་ཁང་གཟིམ་སྒོ་ནུབ་བལྟ་ཤིང་བརྐོས་དཀྲོལ་དུ་མས་བརྒྱན་པ་དེའི་ནང་འདུ་ཁང་ཀ་རིང་བཞི་དང༌། ཀ་ཐུང་ཉི་ཤུ་ཐམ་པ། རབ་གསལ་ཤར་བལྟ་དང༌། སྒེའུ་ཁུང་ལྷོ་བལྟའི་དབུས་ཀྱི་བཞུགས་ཁྲི་དེ་ཉིད་༸རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ནས་བརྒྱུད་པའི་སྐུ་ཕྲེང་རིམ་པའི་བཞུགས་ཁྲི་བྱིན་ཅན་ཞིག་ཡིན། དེའི་གཡོན་ངོས་སྐུ་རྒྱུ་དངུལ་ལས་གྲུབ་པའི་༸རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་དང༌། སྐུ་རྒྱུ་གོང་བཞིན་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་མཆོག་གི་འདྲ་སྐུ་མི་ཚད་མ། དེའི་འགྲམ་དུ་ཕུར་ཚ་ལས་གྲུབ་པའི་༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་འདྲ་སྐུ་གཅིག དེའི་འགྲམ་དུ་གསེར་ཟངས་ལས་གྲུབ་པའི་༸རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་འདྲ་སྐུ་གཅིག ཕྱི་ལོ་ ༡༩༥༢ ལོར་བཞེངས་པའི་སྐུ་རྒྱུ་རྒྱ་དངུལ་ལས་གྲུབ་པའི་རྗེ་བཙུན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྐུ་བརྙན་མི་ཚད་མ། བཞུགས་ཁྲིའི་གཡོན་ངོས་སུ་སྐུ་རྒྱུ་འཇིམ་པ་ལས་གྲུབ་པའི་ཡི་དམ་གསང་བདེ་འཇིགས་གསུམ་གྱི་སྐུ་བརྙན། དེའི་འགྲམ་དུ་འཇིམ་པ་ལས་གྲུབ་པའི་ཐུབ་དབང་མི་ཚད་མ་གཅིག ནུབ་ངོས་སུ་འཇིམ་པ་ལས་གྲུབ་པའི་ལྟུང་བཤགས་སོ་ལྔའི་སྐུ་དང༌། དྲ་མིག་ནང་གསུང་རྟེན་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་ཚང༌། ཤར་ངོས་ཀྱི་མཆོད་གཤོམ་ནང་རྟེན་གཙོ་སྐུ་རྒྱུ་དངུལ་ལས་གྲུབ་པའི་གནས་བཅུ་དང་ཐུབ་དབང་སྐུ་ཚད་ཁྲུ་དོ་མ་ཟིན་ཙམ་དང༌། དེའི་གཡས་གཡོན་དུ་འཇིམ་པའི་འཕགས་པའི་གནས་བརྟན་བཅུ་དྲུག་བཅས་བཞུགས་སུ་གསོལ་ཡོད།
སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་གྲྭ་ཁང་གཟིམ་སྒོ་ནུབ་བལྟ། སྒོ་འཕྱོར་ཀ་བཞི། འདུ་ཁང་ཀ་རིང་བཞི་དང༌། ཀ་ཐུང་ཉི་ཤུའི་རྒྱ་ཁྱོན་ཅན་ལ་ཤིང་བརྐོས་དུ་མས་ལེགས་པར་བརྒྱན་པ་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་ཉིས་བརྒྱ་ལྔ་བཅུ་ཙམ་ཡོད་པའི་རྩིག་ངོས་ལྡེབས་རིས་ཀྱི་དབུས་སུ་ཆོས་སྐུ་ཀུན་ཏུ་བཟང་པོ་དང༌། གཡས་སུ་ལོངས་སྐུ་རྡོ་རྗེ་འཆང༌། དེའི་གཡས་སུ་སྤྲུལ་སྐུ་དགའ་རབ་རྡོ་རྗེ། རྡོ་རྗེ་སེམས་དཔའ། སློབ་དཔོན་ཤྲི་སིངྷ༌། ཨོ་རྒྱན་ཟ་ཧོར་མར་གྲུབ་པའི་རྗེ་འབངས་ཉེར་ལྔས་བསྐོར་བ། རིག་འཛིན་ཆེན་མོ་རྣམ་བརྒྱད། རྟ་མགྲིན་གཙོ་འཁོར་ལྔ་བཅས་མགོན་ཁང་སྒོའི་གཡས་དང་པོ་ནས་གཡས་བཅུ་གཉིས་བར་བོད་ཀྱི་ཆོས་ལུགས་གྲུབ་མཐའ་རིས་མེད། དེ་ཡང་ཐོག་མར་རྙིང་མའི་ལྷ་ཚོགས་དང༌། བླ་སྐུ་ཁག འོག་ཏུ་རྙིང་མའི་སྲུང་མ་བཅས་ཀྱི་སྣང་བརྙན། གཡོན་དྲུག་པ་ནས་གཡོན་དགུ་པ་བར། རི་བོ་དགེ་ལྡན་པའི་གྲུབ་མཐའི་ལྷ་ཚོགས་དང༌། བླ་སྐུ། འོག་ཏུ་ཆོས་སྲུང་བཅས་ཀྱིས་བསྐོར་བ། གཡོན་བཅུ་པ་ནས་བཅུ་གཅིག་པའི་བར། སྟེང་དུ་དཔལ་ས་སྐྱ་པའི་བླ་སྐུ་ཁག་དང༌། དཀྱིལ་དང་འོག་བཅས་པར་ས་སྐྱའི་ཆོས་ལུགས་ཀྱི་ཆོས་སྲུང༌། གཡོན་བཅུ་གཉིས་པར་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་སྲུང་མ་ལྕམ་སྲིང་དང༌། མགོན་ཁང་སྦུག་གི་ལྡེབས་རིས་སུ་སྔ་འགྱུར་རྙིང་མའི་བཀའ་བརྒྱུད་ཀྱི་ལྷ་ཚོགས་དང་སྲུང་མ་བཅས་ཀྱིས་བསྐོར་བ། འདུ་ཁང་སེང་གཡབ་སྟེང༌། དུས་གསུམ་སངས་རྒྱས། ཡི་དམ་གསང་བདེ་འཇིགས་གསུམ། འཕགས་མཆོག་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང༌། ཤར་ངོས་ཇོ་རྔོག་འབྲོམ་གསུམ་དང༌། ༸རྒྱལ་མཆོག་སྐུ་ཕྲེང་ན་རིམ་གྱི་སྣང་བརྙན། ནུབ་ངོས་རྗེ་ཡབ་སྲས་གསུམ་དང༌། འདུ་ཁང་བྱང་ངོས་སུ་༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་མཛད་རྣམ་མདོར་བསྡུས། ཤར་ངོས་སུ་མགོན་པོ་ཕྱག་དྲུག རྡོ་རྗེ་གྲགས་ལྡན། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། ཆོས་རྒྱལ། དཔལ་ལྷ། ཁྱབ་འཇུག རྟ་མགྲིན་གསང་སྒྲུབ། དམ་ཅན་རྡོ་རྗེ་ལེགས་པ། ནུབ་ངོས་སྒོ་རྒྱབ་ཏུ་ཕུར་པའི་ལྷ་ཚོགས་ཀྱི་དཀྱིལ་འཁོར་བཞུགས་ལ། སྒོ་འཕྱོར་འོག་ཏུ་རྒྱལ་ཆེན་རིགས་བཞི་དང༌། སྲིད་པ་འཁོར་ལོའི་རྒྱུད་རིམ་དང་བཅས་པ་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་གསང་སྔགས་ཀྱི་ལྷ་ཚོགས་དང་བླ་བརྒྱུད་ཀྱི་སྐུ་བརྙན་ཆོས་སྲུང་བཅས་ལོ་རྒྱུས་མི་སྣའི་རང་བཞིན་དང་ཆ་ལུགས་རྣམས་ཉམས་འགྱུར་ལྡན་པའི་སྒོ་ནས་བཀོད་བྲིས་མཛད་ཡོད།
དུང་དཀར་ཚིག་མཛོད་ལས་ཀྱང༌། གྲྭ་ཚང་གི་འདུ་ཁང་ལྡེབས་རིས་ནི། ཚོམས་ཀྱི་རྩིག་ཞལ་གཡས་གཡོན་དང༌། མགོན་ཁང་སྦུག སེང་གཡབ་བཅས་སུ་ས་དགེ་རྙིང་གསུམ་གྱི་བླ་མ་དང༌། ཡི་དམ་ཆོས་སྲུང་རྣམས་ཀྱི་ལྡེབས་རིས་མཛེས་ཤིང་གཉན་པས་ཁེངས་ཡོད། ཚོམས་ཆེན་གྱི་སྒོའི་ཕྱི་ལོག་གཡས་གཡོན་དུ་རྒྱལ་ཆེན་སྡེ་བཞི། ཆོས་རྒྱལ་སྐུ་ལྔ། དྲག་པོ། རྡོ་རྗེ་གྲགས་ལྡན་གཙོ་འཁོར། ཙིའུ་དམར་འཁོར་བཅས། བདེ་ཡངས་ནུབ་ཀྱི་རྡོ་སྐས་སྒོའི་གཡས་གཡོན་ལ་རྒྱལ་ཆེན་བཞི་དང༌། བྱང་ཆེན་ཐར་ལམ་ཤར་མའི་སྒོ་འཕྱོར་དུ་རྒྱལ་ཆེན་བཞི་དང༌། བསྟན་མ། བྱང་ཆེན་ཐར་ལམ་ནུབ་མའི་སྒོ་འཕྱོར་དུ་རྒྱལ་ཆེན་བཞི། ལྕམ་སྲིང༌། རྡོ་རྗེ་གྲགས་ལྡན་བཅས་ཀྱི་ལྡེབས་རིས་བཞུགས་ཞེས་གསལ་བ་ལྟར་རོ།།
གྲྭ་ཁང་གསང་སྔགས་དགའ་ཚལ་ལམ་ཕན་བདེ་ལེགས་བཤད་གླིང་ནི། ༸རྒྱལ་བ་སྐུ་ཕྲེང་གཉིས་པ་རྗེ་དགེ་འདུན་རྒྱ་མཚོའི་མཛད་པ་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་ལ། ཐོག་མར་ཆོས་འཁོར་རྒྱལ་དུ་ཕྱག་བཏབ་ཅིང༌། ༸རྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་དགུང་ལོ་ཉེར་དྲུག་ཏུ་ཕེབས་པ་བོད་རབ་བྱུང་བཅུ་པའི་ས་འབྲུག་ཕྱི་ལོ་ ༡༥༦༨ ལོར་དཔལ་ལྡན་འབྲས་སྤུངས་སུ་ཕན་བདེ་ལེགས་བཤད་གླིང་གསར་འཛུགས་མཛད། ཤིང་ཁྱི་ཕྱི་ལོ་ ༡༥༧༤ ལོ་སྟེ་༸རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་དགུང་གྲངས་སོ་གཅིག་ཐོག་ཨལ་ཐན་ཆོས་ཀྱི་རྒྱལ་པོའི་སྐུ་ཚེའི་བར་ཆད་ཞི་ཆེད་དུ་བྱ་རྒྱུད་རིགས་ཀྱི་གཙུག་ཏོར་རྣམ་རྒྱལ་མའི་ཆོ་ག་འཛུགས་གནང་མཛད་པར་བརྟེན། དེ་ནས་བཟུང་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ཞེས་༸རྒྱལ་མཆོག་སྐུ་ཕྲེང་ན་རིམ་གྱི་སྐུ་བཅར་གྲྭ་ཚང་ཞིག་ཏུ་གྱུར། བོད་རབ་བྱུང་བཅུ་གཅིག་པའི་ཤིང་བྱ་ཕྱི་ལོ་ ༡༦༤༥ ལོར་༸རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་གིས་བོད་གངས་ཅན་ལྗོངས་ཀྱི་ཆོས་སྲིད་ཀྱི་དགོས་མཁོ་དང་བསྟུན་ཕོ་བྲང་ཆེན་པོ་པོ་ཏ་ལར་ཕོ་བྲང་བསྐྱར་སྐྲུན་མཛད་སྟེ། དཔལ་ལྡན་འབྲས་སྤུངས་ནས་བོད་གཞུང་དགའ་ལྡན་ཕོ་བྲང་དང་བཅས་པ་རི་བོ་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཆེན་པོ་ཕོ་བྲང་པོ་ཏ་ལར་གནས་སྤོས་གནང་བས་རྩེ་རྣམ་རྒྱལ་གྲྭ་ཚང་ཞེས་ཡོངས་སུ་གྲགས་པའི་མཚན་འདི་ནས་ཐོགས་པར་གྱུར།
རྩེ་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནི་ཕོ་བྲང་དཀར་དམར་གཉིས་ཀྱི་ནུབ་ངོས་འདེབས་སྦྱར་དུ་ཆགས་ཤིང༌། དེ་ཡང་ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཕོ་བྲང་པོ་ཏ་ལ་གསར་སྐྲུན་སྐབས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་གྲྭ་ཤག་གནས་ཡུལ་དང་བཅས་པ་ལྕགས་རི་ཆེན་པོ་གཅིག་གི་ནང་ཁོངས་སུ་ཡོངས་སུ་ཚུད་པ་སྔར་གྱི་པོ་ཏ་ལའི་བཀོད་དབྱིབས་ཀྱི་ཁུངས་བཙན་ལྡེབས་རིས་རྙིང་ཁུངས་ལས་རྟོགས་ནུས་ཤིང༌། དེ་རྗེས་༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་དང༌། ས་སྐྱོང་བསོད་ནམས་རབ་བརྟན། ༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བཅས་ཀྱི་སྐུ་དུས་སུ་ཕོ་བྲང་དཀར་པོ་དང༌། ཕོ་བྲང་དམར་པོ་སོགས་རྒྱ་བསྐྱེད་གནང་སྐབས་དང༌། ༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་སྐུ་དུས་སོ་སོར་དུས་བསྟུན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་རྣམས་ཀྱི་ཞལ་གྲངས་ཀྱང་སྤར་ཆ་གནང་བས་བཞུགས་ཡུལ་རིམ་བཞིན་རྒྱ་བསྐྱེད་རིམ་པར་མཛད་པས་ད་ལྟའི་འདྲེན་བྱེད་ཀྱི་ཡུལ་དུ་གྱུར་པའི་རྒྱ་ཁྱོན་ཏེ་ལྕགས་རི་ཆེན་པོའི་ནང་ཁོངས་སུ་མ་ཆུད་པའི་བཟོ་དབྱིབས་འདི་ལྟར་ཆགས་པ་ཡིན།
སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་ལོ་རེ་རེ་སྨིན་སྒྲུབ་ཞུ་བཞིན་པའི་གཏོར་སྒྲུབ་དང་སྒྲུབ་མཆོད་ཁག་ནི་འདི་ལྟ་སྟེ། ལོ་ཧྲིལ་པོའི་ནང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་མ་གཅིག་དཔལ་ལྡན་དམག་ཟོར་རྒྱལ་མོ་དང༌། ས་ལུགས་མགོན་པོ་གུར་ཞལ་ལྕམ་གསུམ་དང༌། མགོན་པོ་ཕྱག་དྲུག་སོགས་ཀྱི་དུས་གཏོར་དང༌། ཐུན་མོང་མ་ཡིན་པ་དཔལ་དུས་ཀྱི་འཁོར་ལོ། རྙིང་ལུགས་དཔལ་ཆེན་རྡོ་རྗེ་གཞོན་ནུ། ཡི་དམ་གསང་བདེ་འཇིགས་གསུམ་བཅས་ཀྱི་སྒྲུབ་མཆོད་རེས་འཁོར་གྱིས་སྨིན་ཚུགས་ཞུ་བཞིན་པ་དང༌། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་དུས་སྐབས་༸གོང་ས་ལྔ་པ་ཆེན་པོས་བྱང་བདག་རིག་འཛིན་ངག་གི་དབང་པོ་དང༌། ཟུར་ཆོས་དབྱིངས་རང་གྲོལ། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་སོགས་བསྟེན་ནས་རྣམ་རྒྱལ་གྲྭ་ཚང་དུ་གོང་གསལ་སྒྲུབ་མཆོད་ཁག་གི་ཕྱག་ལེན་ཉམས་བཞེས་མཛད་མུས་མ་ཟད་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པའི་སྐབས་གཏེར་སྟོན་བསོད་རྒྱལ་གྱི་ཕྱག་བཞེས་ལྟར་ཕུར་པ་ཡང་སྙིང་སྤུ་གྲིའི་སྒྲུབ་མཆོད་དང༌། སྨན་སྒྲུབ། རབ་གནས་སོགས་དང༌། ལྷ་མགོན་ཆོས་གསུམ་གྱི་གཏོར་སྒྲུབ་ཚུགས་ནས་བོད་ཟླ་ ༡༢ ཚེས་ ༢༣ ནས་ ༢༩ བར་ཆོས་རྒྱལ་སོགས་ཀྱི་སྒོ་ནས་གཏོར་རྒྱག་ཐོག་ཞྭ་ནག་གིས་འཆམ་བརྒྱབ་ནས་གཏོར་བཟློག་སོགས་གནང་མུས་ཡོད།
དེ་ཡང་ལོ་རེའི་བོད་ཟླ་ ༡༢ ཚེས་ ༢༣ ནས་ ༢༩ བར་ཕོ་བྲང་པོ་ཏ་ལའི་ཉི་འོད་ཤར་དགའ་ལྡན་སྣང་གསལ་དུ་སྒྲུབ་པ་ཚུགས་ཤིང༌། ཚེས་ ༢༩ ཉིན་བདེ་ཡངས་ཤར་དུ་རྩེ་དགུ་གཏོར་གར་འཆམ་འཁྲབ་པ་དང༌། ཧོམ་སྲེག ཕྱི་དྲོ་དགུ་གཏོར་གྱི་གཏོར་ཟོར་འཕེན་པ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་གཟབ་རྒྱས་སྤེལ་སྲོལ་ཡོད་ལ། དགུ་གཏོར་གྱི་འཆམ་གཞུང་འཁྲབ་སྐབས་མགོན་པོ་ཚེ་རིང་གཅིག་དང༌། ཤ་བ་གཅིག ཆོས་རྒྱལ་བརྒྱད། ཆོས་རྒྱལ་འཁོར་དྲེགས་ཕོ་མོ་བརྒྱད་རེ། ཧྭ་ཤང་གཉིས། ཨ་ཙ་ར་གཉིས། དུར་བདག་བཞི། ཞྭ་ནག་བཞི་བཅས་འཆམ་གཞུང་ཆ་ཚང་གི་འཆམ་སྣ་འཁྲབ་སྲོལ་ཡོད་ཅིང༌། གོང་སྨྲས་ཀྱི་འབག་ཆས་འདི་དག་ད་ལྟའང་ད་དུང་ཕོ་བྲང་པོ་ཏ་ལར་འཐུས་ཚང་སྐྱོན་མེད་དུ་ཉར་ཚགས་བྱས་ལུགས་གསལ་ལ་རྒྱས་པ་གཞན་ལས་རྟོགས་པར་བྱའོ།།
ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༧ ཉིན་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཐའ་ཀླས་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་སླད་གྲྭ་ཚང་འདི་ཉིད་ཀྱི་མཚན་སྒྲ་དང་འབྲེལ་ཞིང་རྟེན་འབྲེལ་ཁྱད་པར་ཅན་ལ་དགོངས་ནས་གཙུག་ཏོར་རྣམ་པར་རྒྱལ་མའི་སྒོ་ནས་གཟིམ་ཆུང་བརྟན་བཞུགས་བསྟར་འབུལ་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྣམས་དང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་ཕན་ཚུན་དབར་ཐུགས་འདྲིས་ཆེ་སྐོར་སོགས་བཀའ་སློབ་སྩལ་བའི་ཁྲོད་ནས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཀྱི་འབྲེལ་ཡོད་རྣམས་འདིར་ལུང་འདྲེན་ཞུས་པ་གཤམ་གསལ།
༸རྒྱལ་མཆོག་སྐུ་གོང་མའི་སྐབས་སུ་ཡང་ཕན་ཚུན་ཐུགས་འདྲིས་ཤིན་ཏུ་ཆེ་ལ། གཙོ་བོ་སྐབས་དེར་གསོལ་གཟིམ་མཆོད་གསུམ་ཞེས་ཡོད་ཀྱང༌། གཟིམ་གཡོག་དང་མཆོད་གཡོག་སོགས་ལ་མཚོན་ན། རྒྱ་དམག་ལྷ་སར་འབྱོར་ནས་སྐུ་མདུན་སྐུ་གོང་མ་རྒྱ་གར་དུ་ཉེན་གཡོལ་ལ་ཆིབས་སྒྱུར་གནང་སྐབས་གྲྭ་ཚང་ལ་སྤྲུལ་པ་རྒན་གཞོན་གཉིས་ཡོད་པ་ལས་སྤྲུལ་པ་རྒན་པ་སྐབས་དེར་སྐུ་གོང་མའི་གཟིམ་གཡོག་ཡིན་ཅིང༌། ང་ཆུང་ཆུང་གི་སྐབས་སུ་སྤྲུལ་པ་རྒན་པ་བཞུགས་ཡོད་ཅིང༌། སྐབས་དེར་ཁོང་གྲྭ་ཚང་གི་མཚན་ཐོ་དང་པོ་རེད། ཁོང་ནི་གདོང་གི་ཤ་མདོག་ཧ་ཅང་ནག་ལ། མིག་ལ་སྔོ་རིས་ཡོད་པ་ཞིག་ཡོད། ༸གོང་ས་སྐུ་གོང་མར་ཕྱག་དངུལ་ཊམ་དཀར་སྲང་ལྔ་བཅུ་ཙམ་ཡོད་པའི་དངུལ་ཁུག་ཅིག་ཡོད་པ་དེ་གཟིམ་གཡོག་གི་ཨམ་ཕྲག་ནང་དུ་འཁྱེར་ཏེ་ནོར་གླིང་ནས་བྲོས་བྱོལ་དུ་ཕེབས་སྐབས་ཨམ་ཕྲག་ནས་དངུལ་ཁུག་དེ་ལམ་བར་བོར་བརླག་ཏུ་སོང་བ་ཤེས་འཕྲལ་ཕྱིར་ལོག་ཏུ་འཚོལ་བར་ཕེབས་ཏེ་སྟབས་འཁེལ་ནས་དངུལ་ཁུག་དེ་རྙེད་པ་སོགས་ཧ་ཅང་ནང་ཚགས་ཡིན་པའི་གནས་ཚུལ་དེ་འདྲ་ཡོད།
ཡང་༸གོང་ས་སྐུ་གོང་མ་ཞལ་འདོན་གནང་སྐབས་མི་གཞན་གྱིས་མ་མཁྱེན་པའི་ཐོག་ནས་ཕུར་པ་གསུང་གི་ཡོད་པ་སྔར་དགོན་པ་གསར་སྐུ་གོང་མས་གསུང་གི་འདུག་ཅེས་དངོས་གྲུབ་མཆོག་བརྙེས་ཀྱིས་ང་ལ་གསུངས་བྱུང༌། སྤྱིར་བཏང་ཡོངས་གྲགས་སུ་འཇིགས་བྱེད་དཔའ་གཅིག་དང༌། ཡོངས་གྲགས་མངོན་གསལ་མེད་པར་གཙོ་བོ་ཕུར་པ་ཞལ་འདོན་གནང་གི་ཡོད། དེ་ཡང་སྤྱན་གསལ་གླིང་གའི་དཀོན་གཉེར་ཡིན་པ་གྲྭ་ཚང་གི་སྐུ་ཞབས་བྱམས་པ་འབྱུང་གནས་ཀྱིས་ཞལ་འདོན་གྱི་ཞབས་ཕྱི་ཞུས་ཏེ་བདག་བསྐྱེད་སྐྱོར་དགོས་ཀྱི་ཡོད། བྱམས་པ་འབྱུང་གནས་ང་གཉིས་རྩེད་མོ་རྩེས་ནས་ངོ་ཤེས་ཧ་ཅང་འདྲིས་པོ་ཞིག་ཡིན། བྱམས་པ་འབྱུང་གནས་ཀྱིས་སྐད་ཆ་ཤོད་སྐབས་ཁ་ནས་མཆིལ་མ་མང་པོ་འཐོར་ཞིང་གདོང་པའང་འབར་ཚགས་ཤིག་ཡོད། སྙིང་རྗེ་མི་ཧ་ཅང་ཡག་པོ་ཡོད། བྱམས་པ་འབྱུང་གནས་འཁྲིས་སུ་བསྡད་ནས་ཞལ་འདོན་སྐྱོར་གྱི་ཡོད། སྐུ་གོང་མ་རང་ཉིད་ཕྱག་རྩོམ་མཛད་པ་དང༌། བཀའ་ཡིག་སྩལ་གནང་བ། ལྷག་པར་བསྔོ་རྟེན་ཕུལ་འབྱོར་སོགས་ཀྱི་བྱུང་འཛིན་ཚང་མ་ཕྱག་བྲིས་ཕྱག་བསྟར་མ་འཕྲལ་འཕྲལ་དུ་གནང་གི་ཡོད་པས་རྩ་བ་ཕྱག་བྲིས་གནང་ནས་བཞུགས་བཞིན་དུ་བྱམས་པ་འབྱུང་གནས་ཀྱིས་བདག་བསྐྱེད་སྐྱོར་བ་དང༌། སྐབས་མཚམས་སོ་སོའི་དབུ་བསྐུལ་རྣམས་སྐུ་གོང་མ་རང་ཉིད་ནས་བསྐྱོན་པ་གནང་གི་ཡོད་ལ། ཞལ་འདོན་གྱི་དབུ་བསྐུལ་སྐྱོན་རྒྱུ་དང་ཌ་དྲིལ་དཀྲོལ་རྒྱུ་སོགས་གཏན་ནས་ནོར་གྱི་མ་རེད་ཅེས་གསུང་གི་འདུག དེ་ལྟར་སྐུ་གོང་མ་དང་གྲྭ་ཚང་གི་སྐུ་ཞབས་རྣམས་ཧ་ཅང་འདྲིས་པོ་རེད་འདུག
ཡང་སྐབས་དེའི་གྲྭ་ཚང་གི་དབུ་མཛད་འཕྲིན་ལས་ལགས་སུ་ནོར་གླིང་སྤྱན་གཟིགས་ཁང་གི་ཤྭ་བས་བརྡུངས་རྗེས་རང་སྐད་ཡག་པོ་ཞིག་མི་ཐོན་པར་གྱུར་པས་དབུ་མཛད་འཕྲིན་ལས་ལགས་ནས་སྐུ་མདུན་སྐུ་གོང་མར་ད་ཆ་རང་སྐད་ཡག་པོ་ཞིག་ཡོང་གི་མི་འདུག་པས་དབུ་མཛད་དགོངས་པ་གནང་རོགས་ཞེས་ཞུས་པར། སྐུ་གོང་མས་ང་ལ་ཁྱོད་རང་གི་སྐད་དེས་འགྲིགས་ཀྱི་འདུག་པས་ཁྱད་པར་གང་ཡང་མེད། དབུ་མཛད་ཀྱི་དགོངས་པ་ཡོང་གི་མ་རེད་ཅེས་གསུངས་འདུག དེ་ལྟར་གྲྭ་ཚང་གི་སྐུ་ཞབས་དང་ཧ་ཅང་གི་ཉེ་པོ་རེད་འདུག
དེ་རྗེས་༸རྒྱལ་མཆོག་སྐུ་གོང་མ་རྒྱ་ནག་ཏུ་ཕེབས་ཤིང༌། མཆོད་ཟུར་ལགས་ཀྱིས་ངོས་ལ་གསུངས་པར། སྐུ་གོང་མ་རྒྱ་ནག་ནས་བོད་དུ་ཕྱིར་ཕེབས་གནང་སྐབས་གྲྭ་ཚང་གི་སྐུ་ཞབས་རྣམས་ལ་ལག་རྟགས་སྤྲོད་རྒྱུ་ཞིག་མེད་ན་འགྲིགས་ཀྱི་མ་རེད་ཅེས་ཙན་དན་གྱི་ཕྲེང་བ་ཆེད་དུ་སྤུས་གཟིགས་གནང་སྟེ་ལྷ་སར་ཕེབས་མ་ཐག་གྲྭ་ཚང་གི་སྐུ་ཞབས་རྣམས་ལ་ཕྱག་ཕྲེང་གི་སྐུ་འགྱེད་ཕུལ་ཡོད། སྐབས་དེའི་ཕྱག་ཕྲེང་ནི་སྐུ་ཞབས་བགྲེས་པ་རྣམས་ཀྱིས་བསྣམས་ཕེབས་པའི་ཙན་དན་གྱི་ཕྱག་ཕྲེང་དེ་ཡིན། དེ་ལྟར་སྐུ་གོང་མ་དང་གྲྭ་ཚང་གི་སྐུ་ཞབས་རྣམས་ཧ་ཅང་ཐུགས་ཉེ་པོ་རེད་འདུག་ཅེས་བཀའ་སྩལ་ཏོ།།།།
པ༽ ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་སྐུ་དུས་ཀྱི་ལོ་རྒྱུས།
༡༽ རྣམ་རྒྱལ་གྲྭ་ཚང་དུ་གསར་ཞུགས་བྱེད་ཚུལ།
སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དུ་བཅའ་ཡིག་ནང་གསལ་ལོ་ཚད་ལོན་རྗེས་གྲྭ་ཚང་གི་སྐུ་ཞབས་ཤིག་གི་གྲྭ་གཡོག་དང༌། དགེ་ཕྲུག་བྱེད་ཞོར་རིག་གནས་སློབ་སྦྱོང་བྱེད་པ་དང༌། འཇིགས་བྱེད་དང༌། མགོན་པོ། ལྷ་མོ། གུར་ཞལ་སོགས་དཔེ་ཆ་ཁག་བློ་འཛིན་ཟིན་རྗེས་རྣམ་གྲྭའི་སྒྲིག་ཁོངས་སུ་ཞུགས་རྒྱུར་བགྲེས་སོང་གཉིས་ལ་དཔེ་ཆ་རྒྱུགས་སྤྲོད་དང༌། དགེ་རྒན་ནས་དགེ་བསྐོས་ལ་སྒྲིག་ཁོངས་སུ་ཞུགས་རྒྱུའི་སྙན་སེང་ཞུས་དོན་དགེ་བསྐོས་ཀྱིས་མཆོད་དཔོན་མཁན་པོ་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཐེངས་གསུམ་ཞུ་སྲོལ་ཏེ། དང་པོ་དཔེ་ཆ་རྒྱུགས་སྤྲོད་ཀྱི་སྙན་ཞུ་དང༌། གཉིས་པ་འདིང་བ་རྒྱག་ཆོག་པའི་སྙན་ཞུ། གསུམ་པ་དངོས་སུ་ཚོགས་བསྐྱོད་ཆོག་པའི་སྙན་ཞུ་བཅས་ཞུ་དགོས་པ་དང༌། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འཁྲོལ་རྗེས་མཆོད་དཔོན་མཁན་པོས་དགེ་བསྐོས་ལ་བརྡ་སྤྲད། དགེ་བསྐོས་ནས་དགེ་རྒན་ལ་ལན་བཏང་བ་འབྱོར་རྗེས་དངོས་སུ་ཚོགས་ལ་བསྐྱོད་ཆོག་ཅིང༌། སྤྱི་འགྲེའི་འགྱེད་ཕོགས་སོགས་ཀྱང་ལེན་རྒྱུ་ཡོད་པ་དེ་ནས་བཟུང་སྐུ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གི་སྒྲིག་གྲྭ་ངོ་མར་བརྩི་བ་ཡིན།
༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་ལྕགས་ལུག་ཕྱི་ལོ་ ༡༧༥༡ ལོར་བོད་གཞུང་བཀའ་ཤག་གསར་འཛུགས་དང་བཅས་སྐབས་དེའི་གཞུང་ཞབས་སུ་རྩེ་དྲུང་ ༡༧༥ དང༌། ཤོད་དྲུང་ ༡༧༥ གཏན་འབེབས་མཛད་པ་དང༌། དེ་མཚུངས་ལོ་དེར་རྣམ་རྒྱལ་གྲྭ་ཚང་དུའང་སྔར་ཡོད་སྐུ་ཞབས་ཞལ་གྲངས་ ༡༡༠ ཐོག ༦༥ སྤར་ཆ་གནང་སྟེ་ཞལ་གྲངས་ ༡༧༥ གྲངས་བཅད་ཀྱིས་རྒྱ་ཆེར་བཏང་གནང་བ་དང༌། ས་ཕག་ཕྱི་ལོ་ ༡༩༥༩ ལོའི་གོང་དུ་གྲྭ་གྲངས་ ༡༧༤ དང༌། ༸གོང་ས་༸སྐྱབས་མགོན་ཆེན་པོས་དབུས་པས་ཞལ་གྲངས་ ༡༧༥ ཡོད། གྲྭ་ཚང་འདི་ཉིད་ཐོག་མར་༸རྒྱལ་མཆོག་སྐུ་ཕྲེང་གཉིས་པ་རྗེ་དགེ་འདུན་རྒྱ་མཚོས་ཕྱག་བཏབ་པ་ནས་བཟུང་༸རྒྱལ་མཆོག་རིམ་བྱོན་རྣམས་ནས་ཐད་ཀར་བཀོད་འདོམས་གནང་སྲོལ་ཡོད་ལ། མཚན་རྒྱུགས་དཔེ་ཆ་བློ་རྒྱུགས་འབུལ་བཞེས་དང༌། གཟུགས་གཞི་རྒྱུག་ཚད་ལོན་ནའང་སྐུ་ཞབས་ཞལ་གྲངས་ ༡༧༥ གཏན་འབེབས་མཛད་ཡོད་པས་སྒྲིག་ཁོངས་ཞུགས་བྱ་རྒྱུར་ཚུད་དཀའ་ཞིང༌། སྐུ་ཞབས་གཅིག་སྐུ་ཚེ་མ་ཟིན་ན་དེ་ཚབ་གསར་བཅུག་ཆོག་པ་ལས་དེ་མིན་ཞལ་གྲངས་ ༡༧༥ ལས་བརྒལ་བ་འཇུག་བཞེས་མི་ཆོག གལ་ཏེ་ས་མིག་སྟོང་པ་ཐོན་རུང་གསར་ཞུགས་བྱེད་མི་ཕྱག་དཔེ་བློ་འཛིན་ཟིན་སྟེང་གཟུགས་གཞི་རྒྱུག་ཚད་ལོན་ནས་སྒུག་སྡོད་མང་བའི་སྐབས་མཚན་གཞུང་ལྷན་རྒྱས་ཁང་དུ་འབུལ་ལམ་ཞུས་ཏེ་རྒྱན་རྒྱག་གི་ལམ་ནས་འཇུག་བཞེས་གནང་སྲོལ་ཡོད། རྩེ་ཤོད་དྲུང་སྐོར་གྱི་ཞལ་གྲངས་ ༡༧༥ གཏན་འབེབས་ལྟར་གྲྭ་ཚང་གི་སྐུ་ཞབས་རྣམས་ཀྱི་ཞལ་གྲངས་ཀྱང་དེ་མཚུངས་ ༡༧༥ ཡིན་ནའང༌། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐབས་གཞུང་ཞབས་པའི་གྲངས་ཚད་ལའང་འགྱུར་བ་ཆེན་པོ་ཕྱིན་ཡོད།
གྲྭ་ཚང་གི་ཁོངས་སུ་འཛུལ་ཞུགས་གནང་འདོད་མཆིས་རིགས་རྣམས་ནས་ཐོག་མར་རྣམ་རྒྱལ་གྲྭ་ཚང་དུ་སྒྲིག་ཞུགས་མ་གནང་གོང་སྐུ་ཞབས་ཤིག་གི་གྲྭ་གཡོག་དང་དགེ་ཕྲུག་བྱེད་རིང་
སྒྲིག་ཞུགས་བྱ་རྒྱུའི་མཚན་རྒྱུགས་ཕྱག་དཔེ་བློ་འཛིན་བྱེད་དགོས་པ་དང༌། མཚན་རྒྱུགས་ཕྱག་དཔེ་རྣམས་བློ་འཛིན་ཟིན་རྗེས་གཟུགས་གཞི་རིང་ཐུང་ལ་རྒྱུག་ཚད་རྒྱག་ཆོག་པའི་སྙན་ཞུ་ཕུལ་རྗེས། གསར་བཞུགས་བྱེད་མི་རྣམས་ལྷན་རྒྱས་ཁང་དུ་འབོད་འགུགས་ཀྱིས་གཟུགས་པོའི་རིང་ཐུང་རྒྱུག་ཚད་བསྐྱོན་སྐབས་རྟ་མགོའི་གཟུགས་ཅན་གྱི་ཨང་གྲངས་བཀོད་པའི་རྒྱུག་པའི་མདུན་དུ་ལྷམ་ཕུད་པའི་རྒྱུག་ཚད་དེང་གི་ཕི་ཊི་བཞི་ལོན་ངེས་བྱུང་ན་ལས་དེ་མིན་འཛུལ་ཞུགས་མི་ཆོག རྒྱུག་ཚད་ལོན་ངེས་བྱུང་ཡང་ས་མིག་ལྟར་སྒྲིག་ཞུགས་སྐབས་མཚན་ཐོ་རྒན་རིམ་བཞིན་རྒྱན་རྒྱག་གནང་སྲོལ་ཡོད་པ་དང༌། དེ་རྗེས་མཚན་རྒྱུགས་འབུལ་བཞེས་གནང༌། བློ་རྒྱུགས་འཕྲོད་རྗེས་མཆོད་དཔོན་མཁན་པོས་གཟིམ་ཆུང་དུ་༸རྒྱལ་དབང་མཆོག་གི་གཟིམ་ཆུང་འགག་ཏུ་མཚན་རྒྱུགས་ཕྱག་དཔེ་རྒྱུགས་འབུལ་ཞུ་ཆོག་པའི་སྙན་སེང་དང་བཅས་རྒྱུགས་འབུལ་ཞུ་དགོས། དེ་ཡང་རྒྱུགས་འབུལ་ཞུ་བའི་ཚེས་ཆ་དགེ་བསྐོས་རྒྱུད་བརྡ་ལན་གྱིས་༸རྒྱལ་བའི་གཟིམ་ཆུང་ནུབ་རྒྱུད་ཀྱི་གཟིམ་སྒོའི་འགག་ཏུ་གཞུང་ཞབས་རྣམས་དྲུང་ཇ་ཚོགས་བཞེས་གནང་རིང་དཔེ་རྒྱུགས་འབུལ་ལམ་ཞུ་དགོས་ཤིང༌། རྒྱུགས་འབུལ་ལེགས་གྲུབ་ཟིན་མཚམས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་རྣམས་ཀྱི་ན་བཟའ་གྲྭ་ཆས་ཏེ་རྩེ་ཐེར་གྱི་ཤམ་ཐབས་དང༌། སྐུ་གཟན། གོས་ཆེན་སེར་ཤ་མའི་སྟོད་འགག སངས་རྒྱས་སྐུ་ཤའི་གོས་ཆེན་གྱི་རས་ཟོམ། གོས་ཆེན་གྱི་ཆབ་བླུགས་ཆབ་འགོ་དངུལ་ལས་གྲུབ་པ། རྔུལ་ལེན་གྲུ་རྩེ་ལི་ཧང༌། ཞྭ་མོ་རྩེ་ཞྭ། འབུ་རས་དམར་པོའི་སྨད་གཡོག་བཅས་ཆ་ཚང་གསོལ་སྩལ་གནང་ལམ་ཡོད། མཚན་རྒྱུགས་འབུལ་བཞེས་གྲུབ་ཀྱང་གྲྭ་ཚང་གི་གདིང་རྒྱག་མ་ཟིན་བར་གྲྭ་ཆས་དཀྱུས་མ་ལས་གྲྭ་ཚང་གི་གྲྭ་ཆས་གྱོན་མི་ཆོག་པ་དང༌། གདིང་རྒྱག་བྱས་ཉིན་ནས་བཟུང་གྲྭ་ཚང་གི་གྲྭ་ཆས་གྱོན་ཆོག་ཅིང༌། གདིང་རྒྱག་ཉིན་ཟླ་གམ་དང༌། གདིང་བ། རྩེ་ཞྭ་གསུམ་པོ་ཆབ་རིལ་གྱིས་དཔུང་སྟེང་ཐོག་བསྣམས་ནས་ཚོགས་གཞུང་གི་གྲལ་མཇུག་ཏུ་གསར་ཞུགས་བྱ་མིའི་གདིང་རྒྱག་བྱེད་ཅིང༌། རང་ཉིད་ནས་ཕོར་རས་གྲུ་རྩེ་དམར་པོའི་ནང་བསྒྲིལ་བའི་ཚོགས་ཕོར་དང༌། གོས་ཆེན་གྱི་རྩམ་ཁུག་ཆུང་ཆུང་བཅས་མཉམ་འཁྱེར་ཐོག་ཚོགས་ཁང་ནང་༸གོང་ས་མཆོག་གི་བཞུགས་ཁྲིར་སྐུ་ཕྱག་ཕུལ་རྗེས་གསར་ཞུགས་བྱེད་མིའི་གདིང་རྒྱག་གྲལ་མཇུག་ཏུ་བརྒྱབ་པའི་ཐོག་སྡོད་དགོས། གདིང་རྒྱག་ཟིན་རྗེས་ནས་གསར་ཞུགས་རྣམས་ཟླ་དྲུག་རིང་ཕྱག་བདེ་རྒྱུགས་མི་དགོས་ཤིང༌། དེ་བྱིངས་གསར་ཞུགས་ཁག་གཉིས་སུ་བགོས་ཏེ་ཁག་གཅིག་གིས་ཟླ་སྟོད་དང༌། ཁག་གཅིག་གིས་ཟླ་སྨད་དུ་ཕྱག་བདེ་རྒྱུགས་སྲོལ་ཡོད། རྣམ་རྒྱལ་གྲྭ་ཚང་གི་གྲྭ་གཡོག་དང༌། མཚན་རྒྱུགས་དཔེ་ཆ་ལྟ་མཁན་བརྒྱ་ཆ་ ༩༩ ཙམ་གདན་ས་སེ་འབྲས་གཉིས་ཀྱི་གྲྭ་པ་ཡིན་ལ། དེ་དག་རྩེ་རྣམ་རྒྱལ་གྲྭ་ཚང་ཁོངས་སུ་མ་འཛུལ་བར་རྩེ་ཕོ་བྲང་པོ་ཏ་ལར་སྡོད་རིང་རྒྱུན་དུ་གྱོན་གོས་ཕྱུ་པ་གྱོན་པ་ལས་གྲྭ་ཆས་གྱོན་སྲོལ་མེད།
༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་རྗེས་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ་དང༌། སྲིད་སྐྱོང་སྟག་བྲག་རྣམ་གཉིས་ཀྱི་སྐུ་དུས་སུ་གྲྭ་ཚང་དུ་སྒྲིག་འཛུགས་བྱེད་མཁན་དེ་ཙམ་མ་བྱུང་བར་བརྟེན་མཐར་གྲྭ་ཚང་ནས་སྐུ་བཅར་མཆོད་དཔོན་མཁན་པོ་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོར་༸སྙན་སེང་ཞུས་ཏེ་རྩེ་ཡིག་ཚང་ལས་ཁུངས་ཀྱིས་གཞིས་དགོན་ཁག་ཏུ་བཀའ་རྒྱ་གནང་དོན། དགེ་འདུན་པ་གཟུགས་དཔྱད་བཟང་ཞིང༌། ཆོ་ག་ཕྱག་ལེན་གྱི་གསུང་གདངས་ལེགས་པ་རྣམས་ཚེས་གྲངས་དུས་བཀག་ཐོག་རྩེ་ཡིག་ཚང་འགག་དུ་བཅར་དགོས་བཀའ་རྒྱ་གནང་སྟེ། ཚོགས་ཞུགས་འོས་མི་རྣམས་རྩེ་ཡིག་ཚང་འགག་ཏུ་འབྱོར་ཉིན་གྲྭ་ཚང་གི་སློབ་དཔོན་དང༌། དབུ་མཛད་རྣམ་གཉིས་ཀྱིས་གསུང་སྐད་ཕྱག་དཔེ་སོགས་རྒྱུགས་བཞེས་འདེམས་སྒྲུག་གནང་སྟེ་དང་ཐོག་མཚན་རྒྱུགས་རྒྱུགས་སྤྲོད་ཞུ་མི་དགོས་པར་གདན་ས་གཞིས་དགོན་ཁག་ནས་གྲྭ་འཕྱགས་མང་པོ་བསྐྱོན་ཏེ་གྲྭ་ཚང་བརྒྱུད་སྒྲིག་ཞུགས་ཆོག་པ་གནང༌། འོན་ཀྱང་སྒྲིག་ཞུགས་ཟིན་རྗེས་རིམ་པས་རྒྱུགས་འབུལ་ཆ་ཚང་ཞུ་དགོས་སྟབས་རྗེས་སུ་ཕྱིར་ལོག་གནང་མཁན་ཡང་མི་ཉུང་བ་ཞིག་བྱུང་ཡོད་འདུག
དེ་ཡང་རྭ་སྒྲེང་རྒྱལ་ཐོག་སྐབས་ལྷོ་ཁ་རྩེད་ཐང་རྩེ་ཚོགས་པ་ནས་སྐུ་ཞབས་ཐུབ་བསྟན་རིན་ཆེན་ལགས་དང༌། ལྷ་ལྡན་ཀུན་བདེ་གླིང་ནས་སྐུ་ཞབས་ཐུབ་བསྟན་གྲགས་པ་ལགས་རྣམ་གཉིས་གྲྭ་འཕྱགས་བསྐྱོན་པའི་གྲས་ཡིན་འདུག་ལ། རྗེས་སུ་ཐུབ་བསྟན་གྲགས་པ་ལགས་ནས་གྲྭ་ཚང་གི་དུས་འཁོར་དབུ་མཛད་དང༌། སྐུ་ཞབས་ཐུབ་བསྟན་རིན་ཆེན་ལགས་ནས་གར་དཔོན་གྱི་མཛད་ཁུར་བཞེས་པ་མ་ཟད། སྐུ་ཞབས་ཐུབ་བསྟན་རིན་ཆེན་ཆེན་ལགས་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ཐུབ་པ་བྱུང་སྟེ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ཕྱག་ལེན་གྱི་ཁྲོད་ནས་གར་འཆམ་གྱི་ཕྱག་ལེན་རྒྱ་གར་ནང་མུ་མཐུད་འཛིན་སྐྱོང་སྤེལ་གསུམ་གནང་ཐུབ་པ་སོགས་ཐུགས་ཕན་ཧ་ཅང་གསོས་པོ་བྱུང་འདུག
དེ་བཞིན་སྟག་བྲག་རྒྱལ་ཐོག་སྐབས་སུའང་ཞལ་གྲངས་ ༡༨ ཙམ་གྲྭ་འཕྱགས་བསྐྱོན་དགོས་བྱུང་བ་ལས། ལྷ་ས་རྨེ་རུ་དགོན་གྱི་བྱམས་པ་དབང་འདུས་ལགས་དང༌། འཕན་པོ་དགའ་ལྡན་ཆོས་འཁོར་གྱི་བསྟན་འཛིན་རབ་རྒྱས་ལགས། འོན་ཆོས་སྡིངས་བླ་བྲང་གི་བློ་བཟང་བསམ་གྲུབ་ལགས། འཕན་པོ་ནཱ་ལེདྲན་དགོན་པའི་རྡོ་རྗེ་ཚེ་རྒྱལ་ལགས་དང༌། རིན་ཆེན་ཆོས་འབྱོར་ལགས། རིན་ཆེན་རྡོ་རྗེ་ལགས་བཅས་དང༌། ཡར་ཀླུངས་རི་བོ་ཆོས་གླིང་གི་ངག་དབང་ཚུལ་ཁྲིམས་ལགས། སེ་ར་སྔགས་པ་གྲྭ་ཚང་གི་བསྟན་འཛིན་དགེ་འདུན་ལགས། གྲིབ་ཚེ་མཆོག་བསམ་གཏན་གླིང་གི་དཔལ་ལྡན་བསྟན་འཛིན་ལགས། འཕྱོངས་རྒྱས་རི་བོ་བདེ་ཆེན་གྱི་བློ་བཟང་བཤད་སྒྲུབ་ལགས་དང༌། བློ་བཟང་བསྟན་པ་ལགས། བློ་བཟང་ཟླ་བ་ལགས་བཅས་དང༌། ལྷ་ལྡན་བཞི་སྡེ་བསམ་གཏན་གླིང་གི་ཐུབ་བསྟན་ཚེ་རིང་ལགས། འབྲས་སྒོ་མང་གྲྭ་ཚང་གི་དགེ་འདུན་ཉི་མ་ལགས། སེར་བྱེས་བློ་བཟང་རིན་ཆེན་ལགས། འབྲས་བློ་གླིང་བློ་བཟང་ཤེས་རབ་ལགས། འབྲས་སྤུངས་བདེ་ཡངས་གྲྭ་ཚང་གི་རྣམ་རྒྱལ་ཤེས་རབ་ལགས་སོགས་ཞལ་གྲངས་ ༡༨ ཙམ་ཐེངས་གཅིག་ལ་གྲྭ་འཕྱགས་ཀྱི་ལམ་ནས་རྣམ་རྒྱལ་གྲྭ་ཚང་དུ་གསར་འཇུག་གནང་དགོས་བྱུང་འདུག
གཞན་ཡང་རྩེ་གཟིམ་འགག་གི་འོས་འགྲོར་ཁམས་ཕྱོགས་ནས་ཕེབས་པའི་སྐུ་ཞབས་ཤེས་རབ་བཟང་པོ་ལགས་དང༌། སྐུ་ཞབས་སྦྱིན་པ་རྒྱལ་མཚན་ལགས། བློ་བཟང་ཆོས་འཛིན་ལགས་བཅས་ཁོང་གསུམ་སྐབས་དེར་གཟིམ་འགག་ངོ་མར་དངོས་སུ་མ་ཚུད་ཀྱང་ཕ་ཡུལ་དུ་ཕྱིར་ལོག་གནང་མི་དགོས་པར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་འབྲེལ་དམིགས་བསལ་ཐོག་གྲྭ་ཚང་གི་སྒྲིག་ཁོངས་སུ་འཇུག་བཞེས་གནང་འདུག དེ་རྗེས་མི་རིང་བར་འཕན་པོ་དགའ་ལྡན་ཆོས་འཁོར་ནས་༸གོང་ས་༸སྐྱབས་མགོན་ཆེན་པོར་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་སྐུ་ཞབས་བསྟན་འཛིན་ཐོགས་མེད་ལགས་དང༌། སྐུ་ཞབས་ཚུལ་ཁྲིམས་ཡེ་ཤེས་ལགས་རྣམ་གཉིས་མི་བབས་དང༌། གཟུགས་བྱད། དམིགས་བསལ་གསུང་སྐད་ལེགས་པར་བརྟེན་གྲྭ་འཕྱགས་བསྐྱོན་ཏེ་གྲྭ་ཚང་གི་སྒྲིག་ཁོངས་སུ་འཇོག་གནང་མཛད་པ་ལས། བསྟན་འཛིན་ཐོགས་མེད་ལགས་བཙན་བྱོལ་དུའང་ཕེབས་འབྱོར་ཐུབ་པ་བྱུང་ཞིང༌། གསུང་སྐད་བཟང་བས་དབུ་མཛད་ལ་ཐུགས་རེ་ཤིན་ཏུ་ཆེ་ཡང་སྐྱ་སར་བབས། འོན་ཀྱང་རྟེན་མདོས་བཞེངས་སྐྲུན་གྱི་ལག་རྩལ་ལ་བྱང་ཆུབ་པས་ཁོང་གིས་བཞེངས་པའི་རྟེན་མདོས་ཀྱི་རིགས་༸རྒྱལ་བའི་གཟིམ་ཆུང་དང༌། བོད་ཀྱི་དཔེ་མཛོད་ཁང་སོགས་སུ་ད་ལྟའང་མཇལ་རྒྱུ་ཡོད་པ་བཅས་སོ།། །།
༢༽ རྣམ་གྲྭའི་ལས་སྣེ་དང་སྐུ་ཞབས་རྣམས་ཀྱི་མཚན་གནས།
སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་རྣམ་པར་མཚན་གནས་གང་དག་ཡོད་པ་ནི། སྤྱིར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དབུ་ཁྲིད་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང༌། དེ་འོག་སྐུ་བཅར་གསོལ་གཟིམ་མཆོད་གསུམ་ལས་སྐུ་བཅར་མཆོད་དཔོན་མཁན་པོས་གནང་བ་དང༌། མཆོད་དཔོན་ཟུར་པར་མཁན་ཆེའི་དབུ་གནས་དང༌། སྡེ་ཟུར་ཐུབ་བསྟན་ཟླ་བ་ལགས་སུ་དམིགས་བསལ་མཁན་ཆུང་གི་གོ་གནས་སྩལ་ཡོད་འདུག་ལ། ལས་སྣེ་གཞན་རྣམས་ལ་ལས་ཚན་པའི་གོ་གནས་དང༌། རྣམ་གྲྭ་སྐུ་ཞབས་བྱིངས་དཀྱུས་རྣམས་ལ་གཞུང་ཞབས་རྩེ་དྲུང་དཀྱུས་མའི་གོ་གནས་དང་གཅིག་མཚུངས་ཀྱི་མཚན་གནས་ཡོད་ཅིང༌། གྲྭ་ཚང་གི་དབུ་ཁྲིད་མཐོ་ཤོས་སྐུ་བཅར་མཆོད་དཔོན་མཁན་པོ་དང༌། དེ་འོག་སློབ་དཔོན་ལགས་བཅས་ནས་ཐུགས་འགན་གཙོ་བཞེས་གནང་གི་ཡོད།
དེ་ཡང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ལས་སྣེ་རྣམས་ནི། ༡ སྐུ་བཅར་མཆོད་དཔོན་མཁན་པོ་དང༌། ༢ སློབ་དཔོན། ༣ སྡེ་པ་ཁྲི་པ། ༤ སྡེ་ཟུར་རྣམ་པ། ༥ དགེ་བསྐོས། ༦ དབུ་མཛད། ༧ སྤྱི་པ། ༨ བཀྲས་ཁང་ཕྱག་མཛོད། ༩ བགྲེས་སོང་རྣམ་གཉིས། ༼ལ་ལར་བགྲེས་སོང་སྤྱི་པ་ཞེས་གཅིག་ཏུ་འཁོད།༽ ༡༠ དྲུང་ཡིག་སྐུ་ཞབས་གཅིག ༡༡ ལག་སྐྱེལ་མཁན་ཆབ་རིལ་གཅིག་བཅས་ལས་སྣེ་དེ་དག་ལྷན་རྒྱས་ཁང་དུ་གཏན་བཙུགས་ཡོད་ཀྱང༌། སྡེ་ཟུར་ནི་གྲྭ་ཚང་གི་ལྷན་རྒྱས་ཁང་ལ་ཕེབས་རྒྱུ་ལས་དེ་མིན་དམིགས་བསལ་གྱི་ཕྱག་ལས་མེད་ཅིང༌། སྐུ་ཞབས་རྣམ་པའི་མཚན་ཐོ་འབྱོར་རིམ་བཞིན་ལོ་གཅིག་རིང་དགེ་བསྐོས་རེས་མོས་ཀྱིས་གནང་དགོས་པ་དང༌། དགེ་བསྐོས་ལགས་ཉིན་ལྟར་ཚོགས་གཞུང་ལ་ཕེབས་དགོས་ཀྱང་གནད་དོན་གལ་ཆེའི་སྐབས་ལྷན་རྒྱས་ཁང་ལ་ཕེབས་དགོས་རིགས་ལ་བང་ཆེན་འབྱོར་ཚེ་དགེ་བསྐོས་ལགས་ཚོགས་གཞུང་ནས་ཐད་ཀར་ཕེབས་ཀྱང་འགྲིག་པ་ཡིན།
ཕྱི་ལོ་ ༡༩༥༩ ལོར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ལས་སྣེ་སྐུ་བཅར་མཆོད་དཔོན་མཁན་པོ་ཐུབ་བསྟན་བསོད་ནམས་ལགས་དང༌། སློབ་དཔོན་ཐུབ་བསྟན་བདེ་གཤེགས། དབུ་མཛད་ཐུབ་བསྟན་ཕྱོགས་གླང་བཅས་ཡིན་ཅིང༌། ཁོང་རྣམ་པས་ཆོས་ལུགས་བྱེད་སྒོ་ཁག་ལ་འགན་འཁུར་བྱེད་དགོས་པ་མ་ཟད། སྐུ་བཅར་མཆོད་དཔོན་མཁན་པོ་མཆོག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་ལུགས་མཛད་སྒོ་ཁག་གི་ནང་དུའང་ཞུགས་དགོས་པ་དང༌། རྣམ་རྒྱལ་གྲྭ་ཚང་གི་དོན་གནད་ཆེ་ཕྲ་མཐའ་དག་མཆོད་དཔོན་མཁན་པོ་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོར་སྙན་སེང་ཞུ་དགོས།
ཕྱི་ལོ་ ༡༩༥༩ ལོར་བགྲེས་སོང་གཉིས་ནི་བསྟན་པ་ཚེ་རིང་དང༌། འཇམ་དཔལ་མཁས་གྲུབ་གཉིས་དང༌། སྤྱི་པ་ཐུབ་བསྟན་དངོས་གྲུབ་དང༌། དགེ་བསྐོས་ཐུབ་བསྟན་ལྷུན་གྲུབ་བཅས་ཡིན་པ་ཁོང་རྣམ་པས་ཆོས་ཁྲིམས་ཀྱི་འགན་འཁུར་གནང་དགོས་ཤིང༌། སྤྱི་པ་ལགས་ཞེས་དགེ་བསྐོས་འཕོས་རྗེས་ལོ་གཅིག་རིང་གྲྭ་ཚང་ལྷན་རྒྱས་ཁང་གི་ལས་ཁུངས་ལ་ལྟ་རྟོག་དང༌། གྲྭ་ཚང་ལྷན་རྒྱས་ཁང་གི་བཅའ་དངོས་ཉར་ཚགས་གནང་རྒྱུའི་འགན་ཁུར་ཆ་ཚང་སྐུ་ཞབས་སྤྱི་པས་གནང་དགོས་པ་ཡིན།
རྩེ་རྣམ་རྒྱལ་གྲྭ་ཚང་གི་དུས་འཁོར་སློབ་དཔོན་དང༌། དབུ་མཛད་ཅེས་སྐུ་ཞབས་གཉིས་ཡོད། ལོ་ལྟར་ཟླ་བ་གསུམ་པའི་ནང་རྩེ་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་སུ་དུས་འཁོར་གྱི་སྒྲུབ་མཆོད་ཚོགས་སྐབས་སློབ་དཔོན་གྱི་བྱེད་སྒོ་ཆོ་ག་ཕྱག་ལེན་དང༌། དབུ་མཛད་ཀྱིས་ཞལ་འདོན་སྐུལ་རྒྱུའི་འགན་འཁུར་བཞེས་དགོས། ལྷག་པར་ཟླ་བ་གསུམ་པའི་ཚེས་འགོར་ས་གར་མཆོད་གར་ཞེས་དུས་འཁོར་སྒྲུབ་མཆོད་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་དང༌། ཚེས་ ༡༥ ནས་ ༣༠ བར་སྒྲུབ་མཆོད་ཚོགས་དགོས། ཚེས་ ༡༥ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིན་གང་ཚོགས་མགོན་དུ་ཕེབས་སྲོལ་འདུག ཚོགས་བཞུགས་དགེ་འདུན་ལྔ་བཅུ་ང་དགུ་དང༌། ༸གོང་ས་༸སྐྱབས་མགོན་ཆེན་པོས་དབུས་ཞལ་གྲངས་དྲུག་ཅུ་ཡོད་པའི་གྲངས་ཚད་དེ་ནས་འཕར་ཆག་མི་ཆོག་ཅིང༌། འདི་དག་གི་ཆུ་སྤྲེལ་ཕྱི་ལོ་ ༡༧༥༢ ལོར་༸རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་རྣམ་རྒྱལ་གྲྭ་ཚང་དུ་དུས་འཁོར་སྒྲུབ་མཆོད་གསར་འཛུགས་དང༌། ཆུ་བྱ་ཕྱི་ལོ་ ༡༧༥༣ ལོར་དུས་འཁོར་ས་གར་དང་མཆོད་གར་གསར་འཛུགས་བཀའ་དྲིན་བསྐྱངས་པའི་རྒྱུན་འཛིན་གྱི་དུས་འཁོར་ཆོག་གྲྭ་བ་རྣམས་ཡིན།
སྡེ་པ་ཁྲི་པ་ངག་དབང་བསྟན་པ་དང༌། བཀྲས་ཁང་ཕྱག་མཛོད་བློ་བཟང་དགེ་ལེགས། གྲྭ་ཚང་གི་ཕྱག་མཛོད་རྒྱལ་མཚན་ལགས་སམ་ཐུབ་བསྟན་འོད་ཟེར་བཅས་ནས་སྔར་ལམ་ལྟར་དཔལ་འབྱོར་དོ་དམ་གྱི་ཕྱག་ལས་གནང་མཁན་ཡིན་ལ། ཕྱི་ལོ་ ༡༩༥༩ ལོར་བོད་དུ་དུས་འགྱུར་མ་བྱུང་གོང་དུ་སྐུ་ཞབས་འབྱུང་གནས་ལགས་སྡེ་པ་ཁྲི་པའི་མཛད་འཁུར་བཞེས་ཡོད་ཅིང༌། དེ་ཡང་སྡེ་པ་ཁྲི་པའི་འགན་འཁུར་བྱ་རིམ་སྟེ་གྲྭ་གཡོག་དང་གྲྭ་དཀྱུས་བྱས་རྗེས་རང་ལོ་ ༣༤ ནས་གྲྭ་ཚང་གི་དངུལ་གཉེར་ལོ་དྲུག་གནང༌། དེའི་རིང་ལས་འགན་ལེགས་སྒྲུབ་ཐུབ་མུས་སུ་དངུལ་གཉེར་འཕོས་ནས་གྲྭ་ཚང་ཕྱག་མཛོད་ཀྱི་ལས་འགན་ལོ་ལྔ་འཁུར་བ་དང༌། དེ་རྗེས་བཀྲས་ཕྱག་ལོ་ལྔ་གནང༌། བཀྲས་ཕྱག་གིས་སྨོན་ལམ་ཆེན་མོའི་སྐབས་སུ་ཇ་ཐུག་གཏོང་ཕྱོགས་ཀྱི་འགན་འཁུར་ཞུ་དགོས།
ཕྱི་ལོ་ ༡༩༥༦ ལོར་གྲྭ་ཚང་གི་སྡེ་པ་ཁྲི་པ་ནོར་བུ་ཚེ་རིང་ལགས་ལས་ཡུན་རྫོགས་རྗེས་སྡེ་པ་ཁྲི་པར་འབྱུང་གནས་ལགས་བསྐོ་གཞག་དགོས་པའི་བཀའ་ཕབ་རྗེས་གཟའ་སྐར་ཚེས་ཆ་བཟང་བ་དང་བསྟུན་དྲུང་ཇའི་སར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་བསྒྱུར་མཇལ་དར་འབུལ་དགོས་པ་དང༌། དེ་ནས་ཕྱིར་ལོག་གིས་བཀྲ་ཤིས་ཁང་གསར་ཁོངས་ཀྱི་སྡེ་ཁག་སོ་སོས་སྡེ་པ་ཁྲི་པར་མཇལ་དར་གཏོང་སྲོལ་འདུག
སྡེ་པ་ཁྲི་པའི་གསར་མཇལ་ཞུ་སྐབས། ཚེས་ཆ་དང་བསྟུན་རྩེ་འགག་བརྒྱུད་གཞེས་བརྡ་ཞུ་དགོས། དེ་ལྟར་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་རང་ཉིད་གོས་སྟོད་སོགས་རྩེ་དྲུང་གི་ཆ་ལུགས་གཟབ་མཆོར་སྤྲས་ནས་རྩེ་ཕོ་བྲང་ནུབ་རྒྱུད་ཉི་འོད་ཕུན་ཚོགས་འདོད་འཁྱིལ་གྱི་བཞུགས་ཁྲིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་སོར་འཁོད་འཕྲལ་དྲུང་ཇའི་མཛད་སྒོ་དང་བསྟུན་ཕྱག་འཚལ་དང་འབྲེལ་མཌཎལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་ལས་ཚན་པའི་གདན་ཐོབ་སྟག་གདན་ཐོག་གྲལ་འཁོད་བྱས། གསོལ་ཐབ་ནས་གསེར་ལྡིར་ནང་༸གོང་ས་༸སྐྱབས་མགོན་ཆེན་པོའི་གསོལ་ཇ་ཕེབས་པ་མགྲོན་ཆེའི་བརྡ་དང་བསྟུན་གསོལ་གཞོན་ནས་གསོལ་ཇ་མ་བཏེགས་གོང་རང་ཉིད་ཡར་ལངས་ནས་གསོལ་ཆེས་གསེར་ལྡིར་ནང་གི་གསོལ་ཇ་ཐིག་ཙམ་ཞིག་ཕོར་པའི་ནང་བླུགས་པ་བཟེད་ནས་དུག་སེལ་ཞུས་རྗེས་ཕྱག་གསུམ་འཚལ་ནས་རང་གནས་སུ་འཁོད། གསོལ་ཐབ་པས་གསོལ་འབྲས་ཕེབས། མགྲོན་ཆེས་སྲུང་མདུད་ཞུས་ཏེ་གཡོགས་འཕྲལ་གཟིམ་འགག་གི་ལངས་བརྡ་བཏང་མཚམས་ཕྱིར་ལོག་འགག་གི་ལས་གདན་ཐོག་འཁོད། བསྐྱར་དུ་དྲུང་ཇ་གཉིས་པ་ཕེབས་རྗེས་མཛད་སྒོ་གྲོལ།
དེ་ནས་རང་ཤག་ཏུ་ལོག་འཕྲལ་ཡོངས་འཛིན་རྣམ་གཉིས་དང༌། མཁན་དྲུང་ ༼དྲུང་ཡིག་ཆེ་མོ།༽ རྣམ་པ་སོགས་ཀྱི་སྐུ་ཚབ། རང་གི་དགའ་ཉེ་སོགས་ནས་རྟེན་མཇལ་གནང་བ་རིམ་བཞིན་ཞུས། དེ་ནས་འབྲས་སྤུངས་བཀྲ་ཤིས་ཁང་གསར་དུ་ཁྲི་འདོན་བྱེད་པར་འགྲོ་དགོས་ཤིང༌། དེའི་ཉིན་སྡེ་པ་ཁྲི་པས་རྣམ་གྲྭའི་འདུས་ཚོགས་ལ་བསྙེན་བཀུར་གཟབ་རྒྱས་ཉིན་འཁྱོངས་ཤིག་ཞུ་སྲོལ་ཡོད། སྡེ་པ་རང་ཉིད་ན་བཟའ་འཕྱར་གྲྭ་ཆབ་སྟོད་དང༌། ཞྭ་མོ་སྒ་སྦུག བཀྲས་ཁང་ཕྱག་མཛོད་དང༌། གྲྭ་ཚང་གི་ཕྱག་མཛོད་གཉིས་ནས་རྟ་ཞྭ་བཅས་གྱོན་དགོས་ཤིང༌། སྡེ་པར་གྲྭ་ཚང་མཁན་པོས་མཇལ་དར་ནང་མཛོད་དང༌། བཀྲས་ཕྱག་དང་གྲྭ་ཚང་ཕྱག་མཛོད་ཀྱིས་ཨ་ཤེ བྱིངས་ལས་སྣེ་ཚང་མས་ཟུབ་ཕྱི་རེ་བཅས་གཡོགས་ཤིང༌། གྲྭ་ཚང་འདུ་ཁང་ལ་མཆོད་མཇལ་ཞུས་ནས་ཕྱིར་ཐོན་སྐབས་མདུན་སྒོའི་མདུན་ལྷ་བསང་བཏང་བ་དང༌། ཇུས་དཀར་གྱི་ཞྭ་མོ་དང་འགོ་སྣམ་དཀར་རྐྱང་གི་ཕྱུ་པ་གྱོན་པའི་འབྲོམ་ཐོད་ལགས་ཀྱིས་སྲིད་པ་ཧོའི་ཐང་ཀའི་རྒྱབ་ཡིག་བཀླགས། རྡོ་རིང་ནང་མ་ནས་རྟ་བཞོན་དགོས། སྡེ་པའི་རྟ་ཆས་གསེར་སྒ་སྒ་འཁོར་རང་འགྲིག་རྔ་དོམ་ཉིས་བརྩེགས་རྒྱག་དགོས་ལ་རྟ་ཁྲིད་པ་ཞིག་ཀྱང་ཡོད།
དེ་བཞིན་མགྲོན་གཉེར་མི་གཉིས་ ༼རྡོ་ཕོ་བྲང་གཞིས་སྡོད་དང་བསམ་གྲུབ་བདེ་ཆེན་གཞིས་སྡོད་ནས་བྱེད་དགོས།༽ དང་རྣམ་རྒྱལ་གྲྭ་ཚང་གི་གཞིས་ཀ་ཁག་གི་འཐུས་ཚབ་བཅས་རྟ་ཧྲག་སུམ་ཅུ་སྐོར་ཡོད། དེ་ནས་འབྲས་སྤུངས་དགོན་གཤམ་དན་བག་རིན་ཆེན་སྒང་དུ་སླེབས་སྐབས་དན་བག་སྤྱི་སོ་དང༌། རྣམ་རྒྱལ་གྲྭ་ཚང་གི་གཞིས་འོག་མི་སེར་ནས་ལམ་གྱི་གཡས་གཡོན་དུ་རྡོ་བསྟར་སྒྲིག་པ་དང༌། དཀར་ཐིག་བཏབ་པ། བཀྲ་ཤིས་ཁང་སྒོ་འགྲམ་དུ་བཀྲ་ཤིས་པའི་རྟེན་འབྲེལ་མཚོན་བྱེད་གྲོ་སོ་ཕྱེ་མར་དང་དེ་བཞིན་ལྕི་བ་དང་ཆུ་བན་རང་ཁེངས་བཅས་བཞག་སྲོལ་ཡོད།
ཁང་པའི་ནང་སླེབས་རྗེས་སྡེ་པ་ཁྲི་པར་བཞུགས་ཁྲི་མཐོ་ཚད་དང༌། ཕྱག་མཛོད་གཉིས་ལ་ཁྲི་ཆུང་རེ་རྒྱག་སྲོལ་ཡོད་འདུག ཁྲི་ཕྱག་ཟུང་ཁྲི་སྟེང་དུ་བཞུགས་རྗེས་སྡེ་པ་རྙིང་པས་གསར་པར་དམ་ཕྲུག་རྩིས་སྤྲོད་བྱེད་ཅིང༌། དམ་ཕྲུག་དེ་དག་ནི་སྔར་བོད་གཞུང་དགའ་ལྡན་ཕོ་བྲང་པའི་སྡེ་སྲིད་རིམ་པའི་དམ་ཕྲུག་ཡིན་ཅིང༌། སེལ་ཐམ་ནི་སྡེ་པ་སོ་སོས་གསར་པ་རེ་སྤྲུག་དགོས། སྐབས་དེར་གྲོ་འབྲས་གཏོང་བ་སོགས་གཞི་རྒྱ་ཆེ་བའི་སྟོན་ཆེན་གཤོམ་དགོས་པ་དང༌། གཞིས་ཀ་ཁག་ལ་དཀར་སྤྲོ་བཤམས་རྗེས་མཛད་སྒོ་གྲོལ་ནས་ཞལ་ལག་གཏོང་དགོས། དེ་རྗེས་ཚོམས་ཆེན་ཤར་མའི་ནང་གཞིས་སྡོད་ཁག་དང་སྡེ་ཕྱག་གསུམ་བཅས་མཉམ་དུ་འཚོགས་ནས་སྡེ་པ་ཁྲི་པས་རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་ ༡༧༥ ཡི་གྲལ་འགོར་དཔལ་ལྡན་ལྷ་མོ་བཞུགས་ཡོད་ཅིང༌། ཡེ་ཤེས་ཀྱི་སྤྱན་ལ་གསལ་སྒྲིབ་མེད་པས་ཚང་མས་ངོ་ལྐོག་མེད་པར་ལྷག་བསམ་རྣམ་དག་གིས་གཏོང་རྩ་མཆོད་རྒྱུན་ཉམས་ཆག་མེད་པ་ཞུ་དགོས་སྐོར་སོགས་བཤད་རྗེས་ཚོགས་འདུ་གྲོལ། དེ་ནས་རྒྱ་ཆེ་གཟབ་རྒྱས་ཀྱི་གསོལ་སྟོན་ཉིན་གསུམ་གཏོང་དགོས་པ་དང༌། སྐབས་དེར་འབྲས་སྤུངས་བླ་སྤྱི་སོགས་འབྲེལ་ཡོད་ཁག་ནས་རྟེན་འབྲེལ་གྱི་མཇལ་དར་སྩལ་སྲོལ་ཡོད། འབྲས་སྤུངས་གྲྭ་ཁང་ཁག་ལ་མཆོད་མཇལ་དུ་ཕེབས་སྐབས་ཕེབས་བཞུ་སྟོན་པ་སོགས་སྣེ་ལེན་གང་གཟབ་གནང་སྲོལ་ཡོད།
ཕྱག་མཛོད་གཉིས་ནས་རྣམ་རྒྱལ་གྲྭ་ཚང་དུ་ཕྱིར་ལོག་གིས་སྡེ་པ་ཁྲི་པ་དང༌། ཞབས་གྲས་གཉིས་གསུམ་ཞིག་འབྲས་སྤུངས་བཀྲ་ཤིས་ཁང་གསར་དུ་སྡོད་དགོས་པ་དང༌། རྒྱུན་གཏན་འབྲས་སྤུངས་བླ་སྤྱི་དང་མཉམ་དུ་ཚོགས་དགོས་པ་མ་ཟད། འབྲས་སྤུངས་ཚོགས་ཆེན་གྱི་མང་ཇའི་དོ་དམ་ཡང་བྱེད་དགོས་ཀྱི་འདུག སྐབས་དེར་སྡེ་པ་ཁྲི་པ་རྩིས་སྤྲོད་བྱེད་སྟངས་ཐད་རྩེ་ཡིག་ཚང་ལས་ཁུངས་ནས་སྤྲོད་དཔང་མཁན་དྲུང་ཏཱ་བླ་མ་དང༌། ལས་བྱ་རྩེ་དྲུང་གཅིག་ཕེབས་ནས་སྡེ་པ་ཁྲི་པ་གསར་པ་འབྱུང་གནས་ལགས་ཀྱིས་ཁྲི་པ་རྙིང་པ་ནོར་བུ་ཚེ་རིང་ལགས་ཀྱི་མདུན་ནས་རྩིས་ལེན་བྱེད་སྐབས་འབྲུ་ལག་གཤོར་རུའི་ཁལ་ཁྲི་གཉིས་དང༌། དངུལ་ཊམ་རྡོ་ཁྲི་གསུམ། ཕྱུག་རིགས་སུམ་སྟོང་ལྷག་ཙམ་དང༌། དེ་བཞིན་གཞིས་ཀ་ཁག་སྟེ། རྡོ་ཕོ་བྲང་གཞིས་དང༌། གཞིས་ཀ་ཤར། བསམ་གྲུབ་བདེ་ཆེན། ཟུར་ཁང་ཕུན་ཚོགས་གླིང༌། ཚལ་སྣ་གཞིས། མཉེས་ཐང་གཞིས། གང་བ་གཞིས། རྭ་མོ་ཆེ་གཞིས། སེར་མ་གཞིས། གྲམ་གཞིས། སྨོན་མཁར་གཞིས། ཕུ་ཤར་གཞིས། འཕན་པོ་ལྕང་ལོ་ཅན། ཞོག་གྲྭ་ཚང་གཞིས། འབྲོམ་ཐོད་གཞིས། རིན་ཆེན་ཚལ་གཞིས་སོགས་གཞིས་ཁག་བཅུ་དྲུག་གི་སྐམ་ཆས་ཀྱིས་མཚོན་ཕྱི་ནང་སྣོད་བཅུད་ཡོངས་རྫོགས་རྩིས་ལེན་གནང༌།
སྡེ་པ་ཁྲི་པའི་ལས་འགན་ནི་གྲྭ་ཚང་གི་གཞིས་མ་ལག་བཅུ་གསུམ་གྱི་དབུ་འཛིན་དང༌། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེ་མོའི་སྐབས་དང༌། ཚོགས་མཆོད་སེར་སྦྲེང་བཅས་ལ་སྤྱི་ཁྱབ་པ་གནང་དགོས་ཤིང༌། རྣམ་ཀུན་བཞུགས་གནས་དང་ལས་ཁུངས་འབྲས་སྤུངས་བཀྲ་ཤིས་ཁང་གསར་དུ་གནང་བཞིན་ཡོད་ལ། སྡེ་པ་ཁྲི་པས་རྒྱུན་གཏན་བོད་གཞུང་གི་མཛད་སྒོ་ཁག་ལ་རིམ་པ་བཞི་པའི་གནས་བབ་ཀྱི་ཐོག་ནས་ཞུགས་དགོས་ལ། ལོ་ལྟར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྤྱི་ཁྱབ་ ༼རིམ་བཞི་གཅིག རྩེ་མགྲོན་གཅིག ལྷ་ས་གཉེར་ཚང་བ་གཅིག སྡེ་པ་ཁྲི་པ།༽ ཀྱི་གྲས་སུ་འགྲོ་དགོས་ཤིང༌། འགྱེད་གཏོང་སྐབས་སྡེ་པ་ཁྲི་པ་ཀྲིག་ཅར་ཤིང་རྭའི་འགྱེད་གཏོང་སྤྱི་ཁྱབ་བྱེད་སྲོལ་འདུག འབྱུང་གནས་ལགས་སྡེ་པ་ཁྲི་པའི་ལས་འཁུར་བཞེས་རིང་ལོ་ཕྱུགས་ལམ་ལྷོངས་བྱུང་སྟབས་ལྷ་མིའི་མཆོད་རྒྱུན་གཏོང་སྒོ་ཁག་ལེགས་ཙམ་གཏོང་ཐུབ་པ་མ་ཟད། ལོ་རྒྱུན་རྫོགས་ནས་གསར་རྙིང་རྩིས་སྤྲོད་སྐབས་ཀ་ཀོར་གང་ཡང་མ་བྱུང་ཁར་འབྲུ་དངུལ་འབོར་ཆེ་ལྷགས་པ་རྣམས་རང་དགར་བེད་མ་སྤྱད་པར་གྲྭ་ཚང་སྤྱི་འཇོག་སོགས་ཇི་འགབ་སྤྲོད་དཔང་ཏཱ་བླ་མ་བརྒྱུད་༸གོང་ས་༸སྐྱབས་མགོན་ཆེན་པོར་སྙན་སེང་དགོངས་སྐོར་ཞུས་ནས་དམིགས་བསལ་གྱི་ལས་ཀ་ཁ་ཤས་བྱས་པ་གཤམ་གསལ།
༡༽ རྣམ་རྒྱལ་གྲྭ་ཚང་གི་སྐུ་ཞབས་ཞལ་གྲངས་ ༡༧༥ ལ་སྐུ་ཞབས་རེར་སྣམ་སེར་ཐིག་གི་ཁུག་མ་རེ་རེའི་ནང་སྐུ་འགྱེད་དངུལ་ཊམ་དཀར་ཤ་སྟག་རྡོ་ཚད་བརྒྱ་ཐམ་པ་རེ་དང༌། མཇལ་དར་ཨ་ཤེ་རེ་ཕུལ་བ་བསྡོམས་ཊམ་རྡོ་ ༡༨༠༠༠ ༢༽ རྣམ་རྒྱལ་གྲྭ་ཚང་གི་སྲུང་མ་དཔལ་ལྡན་ལྷ་མོའི་འདྲ་སྐུར་གསེར་སྦྱངས་རྡུང་མའི་དབུ་རྒྱན་དང་ཐུགས་རྒྱན་གསར་བཞེངས་ལ་གསེར་ཨ་སྒོར་ ༼གླང་ཆེན་རྟགས་ཅན།༽ ལྔ་བཅུ་ཐམ་པ་དང༌། འདོད་དཔལ་ཚག་པ་བྱམས་པ་ལགས་སུ་རྡུང་གླ་ཊམ་རྡོ་ ༡༠༠ ལྷག་ཙམ་ཕུལ། སྤུས་ཚད་ཐད་༸གོང་ས་༸སྐྱབས་མགོན་ཆེན་པོར་ཐེངས་གསུམ་སྤྱན་འབེབ་ཞུས་རྗེས་གཞི་ནས་ཐུགས་མགུ་ཞིང༌། གོང་གསལ་སྐུ་འགྱེད་འབུལ་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཚོགས་དབུར་གདན་ཞུས་ཀྱིས་༸ཞབས་སོར་འཁོད་ཅིང༌། དེ་ཉིན་ལྷ་མོའི་འདྲ་སྐུར་དབུ་རྒྱན་དང་ཐུགས་རྒྱན་ཕུལ་བ་དང༌། གྲྭ་ཚང་ལའང་བཀར་འཇུག་དངུལ་རྡོ་ཚད་སུམ་སྟོང་ཐམ་པ་བརྒྱབ་ཡོད།
༣༽ ཤིང་རྟ་ཕྱི་ལོ་ ༡༩༥༤ ལོར་མཁན་དྲུང་ལྷའུ་རྟ་ར་ཐུབ་བསྟན་བསྟན་དར་དང༌། རྩིས་དཔོན་ཤུད་ཁུད་པ་གཉིས་པ་གཉིས་རྒྱལ་རྩེར་ཆུ་ལོག་ཐོན་སྐབས་འཚོ་ཞིབ་ཏུ་ཕེབས་ཞོར་མངགས་ཞུས་གཙང་རུམ་གྱི་ཚོགས་གདན་ཆ་ཚང་གསར་ཉོ་བྱས་པར་ཊམ་རྡོ་ ༢༠༠༠ ལྷག་ཙམ་སྤྲད་པ། ༤༽ ཤིང་ལུག་ཕྱི་ལོ་ ༡༩༥༥ ལོར་སྨོན་ལམ་གཏོར་རྒྱག་སྐབས་གྲྭ་ཚང་སྐུ་ཞབས་ཁོངས་ནས་རྔ་རྡུང་མི་གྲངས་དྲུག་ཅུ་ཐམ་པར་གཟབ་གྱོན་རྒྱ་སེ་ཐེའུ་རྒྱ་སྨུག་གི་ཆབ་བླུགས་རེ་དང༌། སྦུབ་བསིལ་དཀྲོལ་མཁན་བརྒྱད་དང༌། དགེ་སློབ་དབུ་གསུམ་བཅས་ལ་རྒྱ་སེ་ཐང་འབྲུ་མའི་ཆབ་བླུགས་རེ་བཅས་སྤྱི་འཇོག་ཞུས། གོང་གསལ་སྤྱི་འཇོག་དེ་དག་འཇོག་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སེར་སྐྱ་དཔོན་རིགས་རྣམས་གདན་ཞུས་ཀྱིས་གསོལ་སྟོན་གཟབ་རྒྱས་བཤམས་པ་ཡིན།
༥༽ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལམ་རིམ་གསུང་ཆོས་ཤིག་བསྩལ་རྒྱུའི་འདུན་པ་ཞུས་པ་དེ་དག་མ་གྲུབ་ཀྱང༌། འཇིགས་བྱེད་དབང་ཆེན་དང་རྗེ་ཚེ་འཛིན་མའི་བཀའ་དབང་ཞིག་སྩལ་བའི་སྦྱིན་བདག་ཞུས་ཏེ་ནོར་གླིང་ཆོས་རྭའི་གཟིམ་ཆུང་དུ་བཀའ་དབང་ཚུགས་སྐབས་སྡེ་པ་ཁྲི་པས་ཞོགས་ལྟར་སྦྱིན་བདག་གི་གནས་བབ་ཐོག་ནས་སྤོས་སྣེས་དྲངས་ནས་གདན་ཞུས་རྗེས་བཞུགས་ཁྲིར་༸ཞབས་སོར་འཁོད་འཕྲལ་ཕྱག་དང་བཅས་མཌཎལ་རྟེན་གསུམ་འདེགས་འབུལ་རྗེས་གྲུབ་ཙེའི་གདན་ཐོག་འཁོད་དེ་བཀའ་དབང་ཞུས། སྐབས་དེའི་དབང་ཞུའི་དུས་ཡུན་ཉིན་བདུན་རིང་དབང་ཞུ་བ་སེར་སྐྱ་ཕོ་མོ་རྣམས་ལ་ཉིན་ལྟར་གསོལ་ཇ་ཕུལ་བ་དང༌། མཇུག་ཏུ་གཏང་རག་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཊམ་རྡོ་ ༣༠༠༠ ཙམ་གྱི་འབུལ་བ་ཕུལ། དབང་ཞུ་བ་ཆོས་གྲོགས་ཚོར་སྐུ་འགྱེད་དངུལ་སྲང་ལྔ་རེ་དང༌། གསོལ་ཚོགས་ཀྱང་ཕུལ་བ་སྐབས་དེར་མི་གྲངས་བཞི་སྟོང་ཙམ་འདུག
༦༽ རྟག་བརྟན་མི་འགྱུར་ཕོ་བྲང་གསར་བཞེངས་སྐབས་རྡོ་ཤིང་ཨར་ལས་ཡོངས་ལ་ཚེ་དབང་ཞིག་བསྩལ་རྒྱུའི་གསོལ་འདེབས་སྙན་ཞུ་ཕུལ་བ་བཞིན་ཆོག་མཆན་ཐོབ་པ་ལྟར་ལས་འུལ་མི་གྲངས་ ༢༠༠༠ ཙམ་ཡོད་པར་ཁ་ལག་དང༌། ཇ་ཆང་སོགས་ཀྱི་སྟོན་མོ་བཤམས་པ་དང༌། ༸གོང་ས་༸སྐྱབས་མགོན་ཆེན་པོར་དབང་ཡོན་མཚོན་བྱེད་འབུལ་བ་ཊམ་རྡོ་ ༢༠༠༠ ཙམ་ཞིག་ཕུལ་བ། ༧༽ ༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་འབྲེལ་ཕོ་བྲང་གསར་བཞེངས་ཀྱི་ལས་ཀ་བྱེད་མཁན་འགོ་དམག་རྣམས་ལ་སྟོན་མོ་བཤམས་དགོས་གསུངས་ཀྱང༌། སྐབས་འཕྲལ་སྣོད་ཆས་གྲ་འགྲིག་མིན་ལ་བརྟེན་དམག་སྒར་སོ་སོར་ལྟོ་དོད་ཊམ་རྡོ་ ༡༠༠ རེ་སྤྲད་པ་དང༌། དམག་དར་ལ་ཁ་བཏགས་རེ་གཡོགས་པ་ཡིན། དེ་བཞིན་རྡོ་ཤིང་ཨར་ལས་པར་འབྲུ་ཁལ་ ༡༠༠ ཐམ་པའི་ཆང་སྟོན་བཏང་བ་ཡིན།
༨༽ ༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་འབྲེལ་རྣམ་གྲྭའི་གཞིས་ཁོངས་མི་སེར་ལ་བུན་ཆག་བཏང་བ་དང༌། མི་སེར་ཁྲལ་རྐང་རེར་འབྲུ་ཁལ་ ༡༥ རེ་དང༌། རྐང་ཕྱེད་རེ་འབྲུལ་ཁལ་ ༥ རེ་སྤྲད་འབབ་བསྡོམས་འབྲུ་ཁལ་བདུན་སྟོང་སོང་ཞིང༌། དེའི་སྐབས་གཞིས་ཁག་སོ་སོའི་མི་སེར་ལ་ཇ་ཆང་དང་ཐུག་པ་སོགས་སྟེར། གོང་ལོའི་ས་ག་ཟླ་བར་ཊམ་རྡོ་སུམ་བརྒྱ་ཐམ་པའི་སྤྲང་འགྱེད་བཏང་བ་བཅས་གོང་གསལ་སྡེ་པ་ཁྲི་པ་འབྱུང་གནས་ལགས་ཀྱི་ལས་འགན་ཁག་ལེགས་གྲུབ་བྱུང་བའི་བདག་རྐྱེན་དུ་ཤག་དགེ་ཕྲུག་ཡེ་ཤེས་མཐར་ཕྱིན་ལགས་སུ་རྩེ་དྲུང་གི་གོ་མིང་ཐོག འཕན་པོ་གླང་རྫོང་བསྐོ་གཞག་སྩལ་བ་དང༌། སྡེ་པ་ཁྲི་པར་ཡང་མཁན་ཆུང་གི་གོ་མིང་བསྩལ་རྒྱུའི་འཆར་གཞི་ཕུལ་ནས་ཆོག་མཆན་ཐོབ་རན་མཚམས་དུས་འགྱུར་བྱུང་བ་བཅས་ཀྱི་མྱོང་ཚོར་དངོས་ཀྱི་ལོ་རྒྱུས་མདོར་བསྡུས་འདི་ཉིད་གྲྭ་ཚང་གི་ལོ་རྒྱུས་འབྲེལ་བས་སྐབས་འདིར་འཇུག་འགོད་ཞུས་པའོ།། །།
༣༽ གཟིམ་ཆུང་དང་བཅས་པར་གཏོང་དགོས་རྣམ་གྲྭའི་ཆོག་གྲྭ།
སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ནས་ཕོ་བྲང་པོ་ཏ་ལའི་༸རྒྱལ་བའི་གཟིམ་ཆུང་ཁག་དང༌། མཆོད་ཁང་ཁག་བཅས་སུ་མི་འགྲོའི་ཆོག་གྲྭ་བ་སྐོར་ནི། ཕོ་བྲང་པོ་ཏ་ལའི་བྱམས་ཁང་དུ་དུས་འཁོར་ཆོག་གྲྭ་བ་ཞལ་གྲངས་གཉིས་དང༌། བདེ་གསང་འཇིགས་གསུམ་གྱི་བློས་བསླངས་ཁང་དུ་ཆོག་གྲྭ་བ་ཞལ་གྲངས་བཞིས་བདེ་གསང་འཇིགས་གསུམ་གྱི་བདག་མདུན་བུམ་གསུམ་དང་བསྐང་གསོའི་གཏོར་འབུལ་བཅས་གསུངས་དགོས་ཤིང༌། གཟིམ་ཆུང་ནུབ་རྒྱུད་དུ་ཞལ་གྲངས་བཞིས་ཞལ་འདོན་དུ་ལྷ་མོ་དང་ཞལ་གཙོ་གྱུར་གྱི་སྲུང་སྤྱིའི་བསྐང་བཤགས། གསེར་སྡོང་ཡི་དམ་ལྷ་ཁང་དུ་ཞལ་གྲངས་གཉིས་ནས་བདེ་གསང་འཇིགས་གསུམ་གྱི་བདག་མདུན་བུམ་གསུམ་དང་བསྐང་གསོའི་གཏོར་འབུལ། ཕན་བདེ་ལྷ་ཁང་དུ་མགོན་པོ་བ་ཞལ་གྲངས་གཅིག་གིས་ཞལ་འདོན་དུ་ལྕམ་སྲིང་གཙོ་གྱུར་སྲུང་སྤྱིའི་བསྐང་བཤགས། དགྲ་ལྷ་ཁང་ནང་ཚེས་བཟང་དུས་བཟང་ནམ་ཡིན་ལ་ཞལ་གྲངས་བཞིས་དུང་རྒྱ་དང་བཅས་དགྲ་ལྷ་དཔང་བསྟོད་དང༌། རྟ་ཐུགས་དཀར་པོ་སོགས་ཚོགས་དུང་དང༌། གྲོལ་དུང༌། སྤྱན་འདྲེན་རྒྱ་གླིང་སོགས་ཀྱང་གཏོང་དགོས། གསེར་སྡོང་དགེ་ལེགས་འདོད་འཇོ་ཁང་གི་བར་ཐོག་ཏུ་ཞལ་གྲངས་གཉིས་ནས་སྲུང་སྤྱིའི་བསྐང་བཤགས་དང༌། གཏོར་མ་བརྒྱ་རྩ་སོགས་ཆད་མེད་སྨིན་སྒྲུབ་ཞུ་དགོས་པ་དང༌། དེ་ནི་༸རྒྱལ་དབང་བཅུ་གསུམ་པའི་ཐུགས་དམ་ཉམས་བཞེས་ཀྱི་ཞལ་འདོན་གྱི་གྲས་ཤིག་ཡིན།
གཞན་ཡང་འཕགས་པ་ལྷ་ཁང་ནང་གྲིབ་ཚེ་མཆོག་གླིང་ནས་ཆོ་ག་གསུང་མི་སྐུ་ཞབས་ཁ་ཤས་ཕེབས་དགོས་པའི་ཞལ་འདོན་གཙོ་བོ་གནས་བཅུ་དང༌། དུས་འཁོར་ལྷ་ཁང་ནང་ཆོ་ག་གཏོང་མཁན་གོང་དཀར་ཆོས་སྡེའི་ཞལ་གྲངས་བརྒྱད་ཀྱིས་དུས་འཁོར་གྱི་བདག་མདུན་བུམ་གསུམ་དང་བཅས་པ་གསུང་འདོན་གནང་དགོས་ཤིང༌། དེ་མིན་གྱི་མཆོད་ཁང་ཁག་ནང་ཆོ་ག་གཏོང་མཁན་དང་དཀོན་གཉེར་རྣམས་འབྲས་སྤུངས་སྔགས་པ་གྲྭ་ཚང་དང༌། ཆུ་ཤུར་ཐར་པ་གླིང༌། ཕུར་བུ་ལྕོག གསང་སྔགས་བྱང་ཆུབ་གླིང་སོགས་ནས་ཀྱང་ཕེབས་དགོས་ཤིང༌། ཆུ་ཤུར་ཐར་པ་གླིང་གི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགོན་ལྷག་ཅིག་ཡིན།
གཞན་ཡང་རྣམ་རྒྱལ་གྲྭ་ཚང་ནས་རྩེའི་ཕྱི་ལོགས་སུ་དཀོན་གཉེར་དང༌། མགོན་པོ་བ་ཁག་གཅིག་གཏོང་དགོས་པ་ནི། ནོར་གླིང་དུ་མགོན་པོ་བ་ཞལ་གྲངས་བཅུ་དང༌། ནོར་གླིང་མགོན་པོ་ཁང་དཀོན་གཉེར་ཞལ་གྲངས་གཅིག་གིས་ཉིན་ལྟར་དཔའ་བོ་གཅིག་པའི་བདག་བསྐྱེད་དང༌། སྲུང་སྤྱིའི་བསྐང་བཤགས། གཙོ་བོ་མགོན་པོ་ཕྱག་དྲུག་གི་བསྐང་བཤགས་གསོག་སྒྲུབ་དང༌། དགོང་དྲོ་འཕྲིན་བཅོལ་གཏོང་གནང་ཞུ་དགོས། འཁྲུངས་ལྷར་མགོན་པོ་བ་མི་གཅིག་གིས་འཇིགས་བྱེད་དཔའ་གཅིག་བདག་བསྐྱེད་དང༌། སྲུང་སྤྱིའི་བསྐང་འཕྲིན་ཐོག་༸རྒྱལ་དབང་རིམ་བྱོན་རྣམས་ཀྱི་འཁྲུངས་ལྷ་གསོལ་དགོས། སྐྱིད་ཚལ་ཀླུ་སྡིངས་སུ་མགོན་པོ་བ་མི་གཅིག་ཡོད་པ་ནས་འཇིགས་བྱེད་དཔའ་གཅིག་གི་བདག་བསྐྱེད་དང༌། སྲུང་སྤྱིའི་བསྐང་འཕྲིན་བཅས་ཀྱི་སྟེང་གཙོ་བོ་༸རྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་དང༌། སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་རྣམ་གཉིས་ཀྱི་འཁྲུངས་ལྷ་ལི་བྱིན་ཧ་ར་གསོལ་དགོས། དེ་བཞིན་རྫོང་རྒྱབ་ཀླུ་ཁང་དུ་དཀོན་གཉེར་མི་གཅིག་ཕེབས་དགོས་པ་དེས་སྲུང་སྤྱིའི་བསྐང་བཤགས་དང་ཀླུ་གཏོར་གཏོང་དགོས། གཞན་ཡང་ལྷ་ལྡན་རྗེ་འབུམ་སྒང་དུ་དཀོན་གཉེར་མི་གཅིག་ཕེབས་དགོས་པའི་ཞུ་སྒོ་ནི་རྒྱལ་བ་མི་འཁྲུག་པའི་ཆོ་ག་དང༌། སྲུང་སྤྱིའི་བསྐང་བཤགས། ནོར་གླིང་སྤྱན་བསལ་གླིང་ཁར་དཀོན་གཉེར་མི་གཅིག་དང༌། གྲུ་འཛིན་ཕོ་བྲང་ལ་དཀོན་གཉེར་མི་གཅིག རྟག་བརྟན་མི་འགྱུར་ཕོ་བྲང་དུ་དཀོན་གཉེར་མི་གཅིག སྦྱར་རག་བཀའ་འགྱུར་ལྷ་ཁང་དུ་དཀོན་གཉེར་མི་གཅིག འབྲས་སྤུངས་ཕོ་བྲང་དུ་སྐུ་ཞབས་བགྲེས་པ་ཞལ་གྲངས་བཞི་དང་གཞོན་པ་གཅིག་བཅས་ཕེབས་དགོས་པའི་ཞལ་འདོན་ནི་འཇིགས་བྱེད་དཔའ་གཅིག་གི་བདག་བསྐྱེད་དང༌། དཔལ་ལྡན་ལྷ་མོའི་བསྐང་བཤགས་གཙོ་གྱུར་གྱིས་སྲུང་སྤྱིའི་བསྐང་བཤགས། ལོ་ལྟར་བོད་ཟླ་ ༡༡ པའི་ནང་ཉི་ལོག་གི་ཞབས་བརྟན་ཆེད་སྐུ་ཞབས་འཕར་མ་ཁ་ཤས་འབྲས་སྤུངས་ཕོ་བྲང་ལྷ་མོ་ཁང་དུ་ཕེབས་དགོས་པ་བཅས་སོ།། །།
ཕྱི་ལོ་ ༡༩༥༩ ལོའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་པའི་རྒྱ་གླིང་པ།
༤༽ རྣམ་རྒྱལ་གྲྭ་ཚང་གི་ཡན་ལག་དགོན་པ་ཁག
༡ དེ་ཡང་ཐར་པ་གླིང་དགོན་ནི་ཆུ་ཤུར་རྫོང་ཆོས་ཕུ་ཤང་ཐར་པ་གླིང་གི་གྲོང་དབུས་སུ་གནས་ཤིང༌། དེ་ནི་ཕྱི་ལོ་ ༡༦༥༠ ལོར་༸རྒྱལ་དབང་ལྔ་པ་ཆེན་པོས་ཕྱག་བཏབ། ཐར་པ་གླིང་དགོན་པའི་ཕྱག་ལེན་ཐད་རྗེ་ཙོང་ཁ་པ་ཆེན་པོའི་གསང་འདུས་མི་བསྐྱོད་པ་དང༌། ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་རྒྱ་མཚོ། བདེ་མཆོག་དྲིལ་བུ་ལྷ། མི་འཁྲུག་ལྷ་དགུ་སོགས་གཏོང༌། དགེ་འདུན་ཞལ་གྲངས་ ༡༢༧ སྐོར་བཞུགས། དགོན་དེ་རྙིང་དགོན་ཡིན་པ་ལ་༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་དུས་དགེ་ལྡན་པར་བསྒྱུར་གནང་རྗེས་རྩེ་རྣམ་རྒྱལ་གྲྭ་ཚང་གི་གཞིས་དགོན་དུ་གྱུར། སྔོན་འདུ་ཁང་ཀ་བ་ ༢༢ ནང་རྟེན་གཙོ་ཐུབ་སྐུ་ཐོག་རྩེག་མ་སོགས་རྟེན་གསུམ་མང་དུ་བཞུགས། རིག་གསར་སྐབས་རྩ་གཏོར་སོང་བས་ཕྱི་ལོ་ ༡༩༨༩ ལོར་ཉམས་གསོ་ཞུས་རྗེས་ད་ལྟ་དགེ་འདུན་ཞལ་གྲངས་ ༦ བཞུགས་པ་དག་གིས་རི་བོ་དགེ་ལུགས་པའི་ཕྱག་བཞེས་མཛད་ཀྱི་ཡོད།
༢ གསང་སྔགས་བྱང་ཆུབ་གླིང་ནི་ཆུ་ཤུར་རྫོང་གི་ཉེ་འགྲམ་དུ་གནས་ཤིང༌། དེ་ནི་ཕྱི་ལོ་ ༡༦༥༡ ལོར་༸རྒྱལ་དབང་ལྔ་པ་ཆེན་པོས་ཕྱག་བཏབ། བཻ་སེར་ལས། ཆུ་ཤུར་ཁུལ་དུ་བོད་ཡུལ་གླིང་དགུའི་རྒྱལ་ཁམས་མི་མཐུན་རྒུད་པ་ཞི་ནས་ལེགས་ཚོགས་གོང་འཕེལ་གྱི་ཆེད་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་སྐུ་རིམ་ཁག་རྒྱ་ནག་ཏུ་ཆིབས་བསྐྱོད་རིང་ཆག་དོགས་ཀྱིས་དོན་དུ་ལྕགས་ཡོས་ལོར་ཚུགས་ཞེས་དང༌། བཀའ་བརྒྱད་གསང་བ་ཡོངས་རྫོགས་དང་སྤྱི་བཀའི་སྒྲུབ་འཕྲིན་ལག་ལེན་གང་ཅིར་ཕན་བདེ་ལེགས་བཤད་གླིང་དང་མཚུངས་པ་དགེ་འདུན་ཞལ་གྲངས་ ༡༡༠ སྐོར་བཞུགས་ཞེས་གསལ།
དེ་རྗེས་ཇུན་གར་དམག་གི་འགོ་གཙོ་ཚེ་རིང་དོན་གྲུབ་དང༌། གདུགས་དཀར། ཆོས་འཕེལ་བ་བཅས་ནས་སླད་ཕྱིན་གསང་སྔགས་རྙིང་མའི་ཆོས་ལུགས་བྱས་མི་ཆོག་པའི་ཁྲིམས་བསྒྲགས། སྨིན་གྲོལ་གླིང་གི་ལོ་ཆེན་དྷརྨ་ཤྲིའ་དང༌། རྡོ་རྗེ་འཛིན་པ་བློ་བཟང་བསྟན་པའི་རྒྱལ་མཚན་གདུང་སྲས་པདྨ་འགྱུར་མེད་རྒྱ་མཚོ་སོགས་ལྷ་ས་སྐྱིད་ཆུའི་འགྲམས་ངོགས་སུ་ཁྲིད་དེ་བཀྲོངས། གཞན་ཡང་ཇུན་གར་བས་དགེ་ལྡན་རིང་ལུགས་ཀྱི་གྲུབ་མཐར་བཀུར་སྟི་དང་དག་ཐེར་དུ་རློམས་ནས་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་སྒྲུབ་ཕུག་སྙན་གྲགས་ཅན་རྣམས་སྒོ་བརྩིགས་ནས་ཞལ་བས་བཀག་པ་དང༌། རྡོ་རྗེ་བྲག་དགོན་པ་དང༌། སྨོན་གྲོལ་གླིང༌། ཆུ་ཤུར་ཐར་པ་གླིང༌། གསང་སྔགས་བྱང་ཆུབ་གླིང་སོགས་རྙིང་ལུགས་ཀྱི་དགོན་སྡེ་མང་པོ་རྩ་གཏོར་ཤུལ་མེད་དུ་བཏང་བ་སོགས་བརྗོད་ལས་འདས་པ་མ་ཟད། ལྷག་པར་རིག་གསར་སྐབས་དགོན་གནས་འདི་དག་རྩ་གཏོར་སོང་བ་དང༌། ཕྱི་ལོ་ ༡༩༨༨ ཉམས་གསོ་ཞུས་རྗེས་དེང་དགེ་འདུན་ ༢༣ བཞུགས་པ་དག་གིས་རྙིང་ལུགས་ཕྱག་བཞེས་མཛད་བཞིན་པ་བཅས་སོ།།
༣༽ དར་པོ་གླིང་ནི། ལྷ་ལྡན་ཁྲོམས་གཟིགས་ཁང་གི་ཉེ་འགྲམ་ཤར་ངོས་སུ་གནས་ཤིང༌། དེ་ནི་དུས་རབས་བཅོ་ལྔ་པའི་ནང་༸རྒྱལ་མཆོག་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པས་ཕྱག་བཏབ་པ་ཞིག་ཡིན་ཅིང༌། སྔར་དར་པོ་གླིང་དུ་དགེ་བསྙེན་ཕྱིང་དཀར་བ་དང༌། དགྲ་ལྷ་ཁོག་ཞུགས་བྱེད་ལ། དར་པོ་གླིང་གི་ལྷ་མི་བ་ཞེས་ལྷ་གསོལ་མཁན་ཚོགས་པ་རྒྱ་ཆེ་ཙམ་ཞིག་ཀྱང་ཡོད། སྔར་འཛིན་བདག་རྩེ་རྣམ་རྒྱལ་གྲྭ་ཚང་ནས་གནང་སྲོལ་ཡོད་ཁར་མགོན་པོ་བ་མི་གཅིག་གིས་དུས་རྒྱུན་གྱི་གསོལ་མཆོད་རྣམས་གནང་གི་ཡོད་ཐོག་རྣམ་རྒྱལ་གྲྭ་ཚང་ནས་ལུང་ཞུ་སོགས་བྱེད་སྲོལ་ཡོད། རིག་གསར་སྐབས་དར་པོ་གླིང་གི་ནང་རྟེན་ཡོངས་རྫོགས་གཏོར་བཤིག་སོང་ཡང༌། འདུ་ཁང་ནང་དོལ་ཁང་བྱས་སྟབས་འདུ་ཁང་དང་ལྡེབས་རིས་ཉམས་མེད་གནས། དེང་ཀེའུ་ཚང་ནུབ་རི་ཁྲོད་ནས་བདག་འཛིན་གནང་མུས་ཐོག་དགེ་འདུན་གཉིས་བཞུགས་འཇགས་དང༌། ཤག་སྐོར་རྣམས་གྲོང་མི་གནས་སྡོད་བྱེད་མུས་དང༌། ཁྲོམ་གཟིགས་ཁང་གྲོང་ལྷན་ཁོངས་ཡིན་ནོ།།
༤༽ རྗེ་འབུམ་སྒང་ནི། གངས་ལྗོངས་ལྷ་ལྡན་གྲོང་ཁྱེར་གྱི་རྗེ་འབུམ་སྒང་དང༌། རྒྱ་འབུམ་སྒང༌། ཐལ་སྤུངས་སྒང༌། ས་སྦོག་སྒང་བཅས་སྒང་བཞིའི་ཡ་གྱལ་ཞིག་ཡིན་ལ། རྗེ་འབུམ་སྒང་ནི། གཙུག་ལག་ཁང་ནས་ར་མོ་ཆེར་འགྲོ་སའི་ལམ་གྱི་ཤར་ངོས་རྒྱུད་སྨད་གྲྭ་ཚང་གི་ནུབ་ངོས་སུ་གནས་ཤིང༌། ལྷ་ཁང་འདི་ནི་ཕྱི་ལོའི་དུས་རབས་བཅུ་བདུན་པ་སྟེ་༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་སུ་ཕྱག་བཏབ་གནང་མཛད། སྔོན་ལྷ་ཁང་འདི་ནི་རྣམ་རྒྱལ་གྲྭ་ཚང་ནས་འཛིན་སྐྱོང་གནང་ཞིང༌། སྔར་ལྷ་ཁང་འདིའི་རྟེན་གཙོ་རྗེ་ཙོང་ཁ་པའི་སྐུ་བརྙན་དང་དེའི་མཐའ་འཁོར་དུ་སྐུ་རྒྱུ་རྫ་ལས་གྲུབ་པའི་རྗེ་ཚེ་འཛིན་མའི་སྐུ་བརྙན་མཁྱིད་གང་ཙམ་འབུམ་ཐེར་གཅིག་ཡོད་པས་རྗེ་འབུམ་སྒང་ལྷ་ཁང་ཞེས་པའི་མཚན་ཡང་དེ་ནས་བྱུང༌།
གཞན་ཡང་ལྷ་ཁང་འདིའི་དབྱིབས་ནི་བློས་བསླངས་དཀྱིལ་འཁོར་གྱི་དབྱིབས་ཅན་ཕྱོགས་བཞིར་སྒོ་བཞི་དང་བཅས་རྟེན་དང་བརྟེན་པར་བཅས་པ་བཞུགས་སུ་གསོལ་ཡོད་ཀྱང་རིག་གནས་གསར་བརྗེའི་སྐབས་སྐུ་རྟེན་ཡོངས་རྫོགས་རྩ་གཏོར་བཏང་སྟེ། ལྷ་ཁང་ནང་གྲོང་ཁྱེར་བྱང་ཕྱོགས་ས་ཁུལ་གྱི་རྩམ་ཚོང་ཁང་བྱས་པ་དང་པར་ཁང་ནང་གྲོང་མིའི་སྡོད་ཁང་བྱས། ད་དུང་སྐུ་རྟེན་བཤིགས་པའི་འཇིམ་རོ་རྣམས་ལས་བཟོས་པའི་ས་ཕག་གི་སྤྱི་སྤྱོད་གསང་སྤྱོད་བརྒྱབ་པ་སོགས་བསམ་ཡུལ་འདས་པའི་བྱ་སྤྱོད་ལག་བསྟར་བྱས་ཡོད། དེང་སྐབས་སུའང་དེ་བཞིན་དུ་གནས་ཡོད་ལ། རྗེ་འབུམ་སྒང་དུ་དེང་སྐབས་གྲོང་ཁྱེར་ལྷ་ས་ཁྲེང་ཀོན་ཆུས་འབྲུ་རིགས་ཅུས་ཀྱི་མཛོད་ཁང་ལྔ་པ་དང༌། རྒྱའི་མཛོད་ཁང་བྱེད་མུས་ཡིན་ཅིང་ལྡེབས་རིས་ད་ལྟའང་བསྡད་ཡོད་སྐད་བཅས་སོ།།
༥༽ ཀླུ་སྡིངས་སྐྱིད་ཚལ་ལམ་སྐྱེད་ཚལ་ཀླུ་སྡིངས་ནི། སྔར་ལྷ་སའི་ནུབ་པ་རི་ཁུག་དོན་གཅོད་ཁང་ཁོངས་སུ་གཏོགས་ཤིང༌། ལྷ་ས་གྲོང་ཁྱེར་ནས་འབྲས་སྤུངས་སུ་འགྲོ་བའི་ལམ་བརྒྱུད་དུ་གླིང་ཁ་ལྕགས་རི་དང་བཅས་པ་ཡོད། དེ་ནི་ཐོག་མར་༸རྒྱལ་དབང་ལྔ་པ་ཆེན་པོའི་འཁྲུངས་ལྷ་གསོལ་ཡུལ་གྱི་ས་གནས་མཛད། དེ་རྗེས་ནུབ་ཕྱོགས་སུ་སྐུ་འཁྲུངས་པའི་༸རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་འཁྲུངས་ལྷ་གསོལ་ཡུལ་ཡིན། ལྷ་ཁང་དུ་རྩེ་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་གཅིག་བཅའ་བཞུགས་མཛད་པ་དང༌། ལོ་ལྟར་འཁྲུངས་གསོལ་གནང་གི་ཡོད། གཞན་ཡང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་རྣམས་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་ཕེབས་སྐབས་གནས་འདིར་ཕེབས་བསུ་ཕེབས་སྐྱེལ་གྱི་གྲ་སྒྲིག་ཞུ་ཡུལ་ཡང་ཡིན། དེར་༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་ནས་སྐུ་ངལ་གསོ་ཡུལ་བཞུགས་ཁྲི་དང་ཆིབས་སྟེགས་བཅས་ཡོད་པ་བར་ལམ་ཉམས་ཉེས་དང༌། ལྷག་པར་དེང་སྐབས་འཛུགས་སྐྲུན་གྱིས་ས་ངོ་ཡང་མི་ཆོད་པའི་གནས་སུ་གྱར་ཡོད་ལ། དེ་རྒྱུད་ཀྱི་ལམ་ལ་ཀླུ་སྡིངས་ལམ་ཞེས་ད་ལྟའང་འབོད་བཞིན་ཡོད།
༦༽ ལྷ་སའི་རྔ་ཆེན་དོན་གཅོད་ཁང་ཁོངས་འཁྲུངས་ལྷ་གྲོང་ཚོ་ནི། ༸རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོའི་འཁྲུངས་ལྷ་རྨ་ཆེན་སྤོམ་རའི་གསོལ་ཡུལ་གྱི་ས་གནས་ཡིན་ལ། དེར་ལྷ་ཁང་ཡོད་པས་ཕན་བདེ་ལེགས་བཤད་གླིང་པའི་དགེ་འདུན་པ་ཞིག་བཅའ་བཞུགས་མཛད་ནས་ལོ་ལྟར་གཞུང་ཕྱོགས་ཀྱིས་ཤར་ཕྱོགས་སུ་སྐུ་འཁྲུངས་པའི་༸རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་འཁྲུངས་ལྷ་གསོལ་ཡུལ་ཡིན་ཅིང༌། དེ་གར་མགོན་ཁང་དང༌། མཐའ་སྐོར་དུ་གླིང་ཁ་བཅས་ཡོད་པ་ལོ་ཤས་སྔོན་ནས་ཤུལ་མེད་དུ་བཏང་སྟེ་ས་གནས་ཀྱང་ངོས་འཛིན་དཀའ་བའི་གནས་སུ་གྱུར་ཡོད་པ་བཅས་སོ།།
གཞན་ཡང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཁོངས་གཏོགས་ཆོས་གཞིས་རྣམས་འབྲས་སྤུངས་སུ་ཡོད་པའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ལས་ཁུངས་བཀྲ་ཤིས་ཁང་གསར་དང༌། རྩེ་ཕོ་བྲང་དུ་སྦུག་ཁག་དང་གྲྭ་ཚང་ཕྱག་མཛོད་ཁང་བཅས་ལས་ཁུངས་ཁག་མི་འདྲ་བ་གསུམ་ཁོངས་སུ་ཡོད་པ་རྣམས་ཕྱི་ལོ་ ༡༩༥༣ ལོར་ཟླ་སྒྲིལ་གཏོང་གནང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་སྤྱི་འཛིན་གསར་བཟོས་གནང་སྟེ་གྲྭ་ཚང་གི་ཉིན་འཁྱོངས་མཆོད་ཐེབས་ཆེད་འཇོག་གནང་མཛད། གྲྭ་ཚང་གི་ཚོགས་གཞུང་ལ་ཕུལ་བའི་གསོལ་ཚིགས་དམར་སྐྱོང་རྣམས་ཀྱང་ཉུང་འཕྲི་གནང་ཚབ་ཏུ་གསོལ་ཆས་ཁག་དཀར་སྐྱོང་ལ་འགྱུར་བ་གཏོང་གནང་སོགས་གྲྭ་ཚང་འདི་ཉིད་ལ་རྗེས་བརྩེའི་ལམ་སྟོན་དང་སྔར་མེད་གསར་གཏོད་དང༌། ལེགས་བརྒྱ་གོང་དུ་སྤེལ་བའི་ཐབས་ཚུལ་སྣ་ཚོགས་གསར་དུ་བཏོད།
གཞིས་ཁག་གི་སྤྱི་འཛིན་བཟོས་གྲུབ་རྗེས་ཐོན་འབབ་ཆ་ཚང་བུམ་པ་གསིམ་བླུགས་ཞེས་ལས་བྱེད་པ་སྐུ་ཞབས་རྣམས་གཞིས་ཀ་ཁག་ཏུ་ཕེབས་སྐབས་ལས་ཁུངས་ནས་ཕེབས་ཐོན་གནང་དགོས་པ་དང༌། དེ་བཞིན་གཞིས་ཀ་ཁག་ནས་ཕྱིར་ལོག་ཕེབས་སྐབས་ཐད་ཀར་ལས་ཁུངས་ནང་ཕེབས་དགོས་པའི་ལམ་སྲོལ་གསར་གཏོད་གནང༌། སྤྱི་འཛིན་བུམ་པ་གསིམ་བླུགས་གནང་རྗེས་རིན་འབབ་མ་སྤྲད་པར་དངོས་རིགས་སྒེར་ལེན་མི་ཆོག་པ་དང༌། མི་སེར་དང་གྲྭ་མང་གཉིས་ཀར་རྟར་བཟོ་སྒར་འཇམ་གྱི་དཔེ་ལྟར་ཕན་ཐོགས་ཆེན་པོ་བྱུང༌། དེ་བཞིན་ལེགས་བཅོས་ལས་ཁུངས་གསར་བཙུགས་དང་བཅས་གང་ཅིར་ལེགས་བཅོས་ཤུགས་ཆེ་གཏོང་གནང་གིས་སྤྱིར་བཏང་གཞུང་སྒེར་ཆོས་གསུམ་གྱི་སྡེ་འབངས་མི་སེར་ཐོག་གང་ཅིའི་ཁྲལ་འུལ་ལམ་ཡིག་སོགས་བརྡབ་གསིག་ཉུང་དུ་ཕྱིན་པར་ཞིང་འབྲོག་ཆབ་འབངས་ཚང་མས་ཤེས་རྟོགས་དགའ་སྒོམ་ཆོག་ཤེས་ཞུས་པ་བཅས་སོ།། །།
རྩེ་དགུ་གཏོར་ཆེན་མོའི་སྐབས་རྣམ་རྒྱལ་གྲྭ་ཚང་ནས་དུར་བདག་འཁྲབ་བཞིན་པ།
༥༽ བྱེས་ཀྱི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་བྱུང་རབས་མདོར་བསྡུས།
ས་ཕག་ཕྱི་ལོ་ ༡༩༥༩ ལོར་བསྟན་དགྲ་བཙན་རྒྱལ་རྒྱ་དམར་གྱིས་དྲག་པོའི་བཙན་འཛུལ་དང༌། ལྷག་པར་རྙིང་བཞི་རྩ་གཏོར་རམ་རིག་གནས་གསར་བརྗེ་ཞེས་པའི་དུས་འགྱུར་གྱི་རླུང་འཚུབ་དྲག་པོས་བོད་ཀྱི་སྣོད་བཅུད་གཉིས་ཀ་མིང་གི་ལྷག་མར་བཏང་ཡང༌། གངས་ཅན་ཆོས་སྲིད་ཟུང་གི་བདག་པོ། འཛམ་གླིང་ཞི་བདེའི་དེད་དཔོན། རྒྱལ་བུ་སྙིང་སྟོབས་ཅན་དེ་ཉིད་འཕགས་ཡུལ་ཆོས་ཀྱི་ཞིང་སར་༸ཞབས་སོར་མངོན་དུ་བསྒྱུར་བ་མ་ཟད། རྒྱལ་བསྟན་སླར་གསོའི་ཆེད་ཌལ་ཧོར་སོགས་འཕགས་ཡུལ་གྱི་ཡུལ་གྲུ་ཁག་ཏུ་བཞུགས་པའི་བྱེས་འབྱོར་རྣམ་གྲྭ་བ་རྣམས་དང༌། སློབ་གྲྭ་ཁག་ནས་དགེ་འདུན་པ་མི་ཉུང་བ་ཞིག་བཞུགས་སྒར་དུ་བཀའ་འགུགས་ཀྱིས་གྲྭ་ཚང་གི་སྒྲིག་ཁོངས་སུ་འཇུག་བཞེས་གནང་སྟེ། སྔར་སྲོལ་སྒྲིག་ལམ་ཀུན་སྤྱོད་དང༌། གཏོར་སྒྲུབ་སྒྲུབ་མཆོད། དཀྱིལ་འཁོར་འབྲི་ཐིག འདོན་རྟ་དབྱངས། གཏོར་བཟོ་དཀར་རྒྱན། དུང་རྒྱ་རོལ་མོ། གར་འཆམ་སོགས་བསྐྱར་གསོ་གནང་ཐོག ཕྱི་ལོ་ ༡༩༧༠ ལོར་མདོ་ཕྱོགས་ཀྱི་གཞུང་ཆེན་ཁག་གི་བཤད་སྒྲ་གསར་འཛུགས་བཀའ་དྲིན་བསྐྱངས་པས། དེང་བཤད་སྒྲུབ་དང་མདོ་སྔགས་གཉིས་ལྡན་གྱི་སྙན་གྲགས་ཀྱི་བ་དན་ཕྱོགས་ཀུན་ཏུ་གཡོ་བའི་གྲྭ་ཚང་ཞིག་ཏུ་གྱུར་པ་འདི་ཉིད་བྱུང༌།
༸གོང་ས་༸སྐྱབས་མགོན་ཆེན་པོའི་མཛད་རྣམ་བཙན་བྱོལ་དུ་རང་དབང་ཞེས་པ་ལས། ཕྱི་ལོ་ ༡༩༦༠ ནས་ ༡༩༦༨ ལོ་བར་ལོ་ངོ་བརྒྱད་རིང༌། བཞུགས་སྒར་དྷ་སའི་སྭརྒ་ཨཱཤྲམ་དུ་བསྡད་ཅིང༌། ཕྱི་ལོ་ ༡༩༦༨ ལོར་སྭརྒ་ཨཱཤྲམ་ནས་བྲིན་ཁང་ཆུང་བར་གནས་སྤོས་གནང་འཕྲལ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་བཞུགས་ཁང་གོ་སྒྲིག་ཡང་བསྐྱར་བྱེད་ཐུབ་པ་ཆགས་ཏེ་དེ་ཕན་བཞུགས་ཡུལ་སྭརྒ་ཨཱཤྲམ་གྱི་རྒྱབ་ཐོད་ནས་ངའི་གཟིམ་ཁང་དང་ཐག་མི་རིང་བའི་སར་ཡོད་པའི་ཁང་པ་དེར་སྤོས་གནང་བ་རེད། ཕྱི་ལོ་ ༡༩༧༠ ནང་གཙུག་ལག་ཁང་ཞིག་ཀྱང་གསར་བཞེངས་གྲུབ་པར་བརྟེན་བོད་ཀྱི་དུས་ཆེན་དང་མཛད་སྒོ་ཁག་ཚུགས་དུས་དེ་ཚོའི་ཁོངས་སུ་བསྐྱོད་བཞུགས་ཐུབ་པ་བྱུང༌། དེང་སང་རྣམ་རྒྱལ་གྲྭ་ཚང་གི་ཉེ་འགྲམ་ལ་རིགས་ལམ་སློབ་གཉེར་ཁང་ཚུགས་ཡོད་ཅེས་འཁོད་པ་ལྟར་ཕྱི་ལོ་ ༡༩༦༠ ལོར་བཙན་བྱོལ་དུ་གྲྭ་ཚང་ཐོག་མར་གསར་འཛུགས་ཐུབ་པ་ནས་མགོན་པོ་གང་ཉིད་ཀྱི་བཞུགས་གནས་སྭརྒ་ཨཱཤྲམ་གྱི་ཉེ་འགྲམ་དུ་ཆགས་ཤིང༌། དེ་རྗེས་ཕྱི་ལོ་ ༡༩༧༠ ལོར་ད་ལྟའི་ཆགས་ཡུལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང༌། ༸རྒྱལ་བའི་གཟིམ་ཆུང་གཉིས་ཀྱི་ཉེ་འགྲམ་དུ་གནས་སྤོས་གནང་བ་ཞིག་ཡིན།
འོན་ཀྱང་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ཕྱི་ལོ་ ༡༩༧༠ ལོའི་གནམ་ལོའི་རང་ཞལ་གསར་དུ་ཚེས་པའི་ཉིན་འཕགས་ཡུལ་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ཕྱག་འདེབས་ཀྱིས་ལེགས་གྲུབ་ཟིན་པའི་རྟེན་འབྲེལ་ཉིན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་ནོད་བཀའ་དྲིན་ཆེ་བ་དང་ཆབས་ཅིག སྐབས་དེར་སྐུ་བཅར་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་གྲྭ་ཚང་འདི་ཉིད་དུ་གཞུང་ཆེན་མཚན་ཉིད་ཀྱི་གཞུང་ལུགས་རབ་འབྱམས་ལ་སློབ་གཉེར་བྱེད་པའི་སྲོལ་བཟང་གསར་དུ་བཏོད་དེ་སྐབས་དེར་གྲྭ་གཞོན་ཉི་ཤུ་སྐོར་ལ་རྩོད་རྒྱུགས་བཞེས་པ་དང་བཅས་མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་བྱེད་པའི་སྲོལ་བཏོད་ཅིང༌། མཚན་ཉིད་ཀྱི་གཞུང་ཆེན་ལ་བཅུ་གསུམ་རྡོ་རྗེ་འཛིན་པའི་གྲངས་ལྡན་གྱི་སློབ་ཚན་དང་བཅས་པ་གཏན་འབེབས་དང༌། ཕྱི་ལོ་ ༢༠༡༢ ལོར་འཛིན་རིམ་བཅོ་ལྔར་སྤར་ཆ་གནང་སྟེ་མཚན་ཉིད་ཀྱི་གཞུང་ལུགས་ཆེན་མོར་སློབ་གཉེར་བྱེད་པའི་སྲོལ་བཟང་བཏོད་པ་ནས་བཟུང་སྟེ་མཁན་པོ་བསྐོ་གཞག་གི་ལམ་སྲོལ་བྱུང་སྟེ་མཁན་ཐོག་དང་པོ་ཉེ་བའི་རིགས་བདག་རྗེ་བཙུན་བློ་བཟང་དོན་གྲུབ་མཆོག་དང༌། མཁན་ཐོག་གཉིས་པ་དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ། མཁན་ཐོག་གསུམ་པ་༸སྐྱབས་རྗེ་ལྡན་མ་བློ་བཟང་ཆོས་དབྱིངས། མཁན་ཐོག་བཞི་པ་གོ་བོ་བློ་བཟང་བསྟན་འཛིན་མཆོག མཁན་ཐོག་ལྔ་པ་བྱ་དོ་སྤྲུལ་སྐུ་བསྟན་འཛིན་འབྱུང་གནས། མཁན་ཐོག་དྲུག་པ་དགའ་བྱང་ཀོང་པོ་བསོད་ནམས་སངས་རྒྱས་མཆོག ད་ལྟ་མཁན་ཐོག་བདུན་པ་སེར་བྱེས་ཁྲོམ་ཐོག་སྤྲུལ་སྐུ་བློ་བཟང་དམ་ཆོས་མཆོག་བཅས་ད་བར་མཁན་ཐོག་རིམ་བྱོན་བདུན་བྱུང་ཞིང༌། དུས་དེ་ནས་བཟུང་གྲྭ་ཚང་འདི་ཉིད་མདོ་སྔགས་གཉིས་ལྡན་གྱི་མཚན་དོན་མཚུངས་པའི་གྲྭ་ཚང་ཞིག་ཏུ་གྱུར་པ་འདི་ལྟར་ཡིན། དེང་སྐབས་དགེ་འདུན་བགྲེས་གཞོན་ཞལ་གྲངས་ ༢༠༠ ཙམ་བཞུགས་ཤིང༌། དེ་དག་གི་ནང་ནས་གཞོན་གྲས་རྣམས་ཀྱིས་མདོ་སྔགས་ཀྱི་གཞུང་ཆེན་མོར་ཐོས་བསམ་སློབ་གཉེར་མུ་མཐུད་མཛད་བཞིན་པའི་ཐོག བོད་ཀྱི་ཐ་སྙད་རིག་གནས་ཏེ། སུམ་རྟགས་དག་གསུམ་དང༌། སྙན་ངག་མངོན་བརྗོད། རྒྱལ་རབས་ཆོས་འབྱུང་སོགས་དང༌། དབྱིན་ཇིའི་སྐད་ཡིག་སོགས་འཛམ་གླིང་སྤྱིའི་ཤེས་ཡོན་ཁག་ལའང་སྦྱང་བརྩོན་གནང་བཞིན་ཡོད་པ་བཅས་སོ།། །།
བསྟན་འགྲོར་ཕ༵ན་བདེ༵་སྤེལ་བའི་འཕྲིན་ལས་ཀྱི། །
འོད་དཀར་སྲིད་པའི་རྩེ་མོར་ཁྱབ་པ་དང༌། །
མདོ་སྔགས་རིག་པའི་ལེག༵ས་བཤ༵ད་འོད་སྟོང་གིས། །
གླིང༵་བཞིའི་མ་རིག་སྟུག་པོ་སེལ་གྱུར་ཅིག །
པོ་ཏ་ལའི་དཀར་ཆག་རྒྱས་པ་བོད་ཡུལ་རྒྱན་གཅིག་ལས་བཏུས་པའོ།།