དབུས་གཙང་ལོ་རྒྱུས་ཆེན་མོ་ལས། མཚོ་སྣ་རྫོང་གི་རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུ་ཁྲིམས་གནོན། ༢༽

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། མཚོ་སྣ་རྫོང་གི་རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུ་ཁྲིམས་གནོན། ༢༽

ལེ་ཚན་གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུ་ཁྲིམས་གནོན།

གཅིག རྫོང་གཞིས་འགྲོ་སྟངས།

མཚོ་སྣ་རྫོང་གི་མངའ་ཞབས་སུ་གཏོགས་པའི་གཞུང་སྒེར་ཆོས་གསུམ་ལས། མཚོ་སྣ་རྫོང་སེར་སྐྱ་གཉིས་ཀྱིས་རང་ཁོངས་ཀྱི་ཁྲལ་ཁྲིམས་ས་སྲུང་གི་འགན་དབང་དང་། དབུས་གཞུང་ནས་ཐད་ཀར་བསྐོས་པའི་མཚོ་སྣ་འབྲས་སྒྲུབ་པས་ཚོང་དོན་དོ་དམ།

རྟ་དབང་བླ་གཉེར་གྱི་མཚོ་སྣ་དགོན་པའི་བསྡུ་གཏོང་གི་འབབ་སྒོའི་དོ་དམ་དང་ཆོས་ཁྲིམས་བྱེད་སྒོའི་འགན་དབང་སྤྱོད།[1] ཅེས་བྱུང་ཡང་། ཁུལ་དེའི་ཆབ་དཔལ་རིག་གསུམ་སྤྱིའི་འཛིན་སྐྱོང་གི་གཙོ་འགན་མཚོ་སྣ་རྫོང་དཔོན་སྦྲེལ་པོ་གཉིས་རང་ཡིན་ལ། རྫོང་དཔོན་གྱི་མངའ་ཏུ་རྫོང་སྲིད་གཞུང་དང་། གཞུང་གཞིས་དོ་དམ་པ། སྒེར་གཞིས། ཆོས་གཞིས། དྲག་བཙན་གྱི་གཞིས་ཀ་བཅས་ཀྱི་དབང་ཚད་ཚུད་ཡོད།[2] གཞན་ཡང་། དེ་སྔའི་མཚོ་སྣ་རྫོང་གི་རྫོང་གཞིས་འགྲོ་ལུགས་དང་དབུས་གཙང་སྤྱིའི་རྫོང་ཁག་དང་ཅུང་མི་འདྲ་བ་ཡོད་པ་ནི། མཚོ་སྣ་རྫོང་དཔོན་གྱིས་མོན་ཡུལ་ས་ཁུལ་གྱི་ཚོ་པ་དང་ལྡིང་ཁག་ཁ་ཤས་ཀྱི་ཁྲལ་དཔོན་མངག་གཏོང་བྱེད་ཆོག་ཅིང་། ཚོ་པ་དེ་རྣམས་ཀྱི་ཁྲལ་བོགས་བསྡུ་ལེན་ཕུད། དེ་དང་ལྷན་དུ་སྲིད་འཛིན་དང་ཁྲིམས་འཛིན་གྱི་འགན་དབང་ཡོད།[3] ཅེས་ཁུལ་དེའི་ཁྲལ་བསྡུ་ཁྲིམས་གནོན་གྱི་འགན་དབང་གཙོ་བོ་རྫོང་དཔོན་སྐྱ་སེར་སྦྲེལ་པོ་གཉིས་རང་ལ་ཡོད་པར་མཐོང་། རྫོང་སྡོད་ཀྱི་འོག་ཏུ་སྣེ་མོ་ལས་འཛིན་དུ་དྲུང་ཡིག གཉེར་ལས་འཛིན། གཞིས་གཉེར། ཇོ་བོ། ལྡིང་དཔོན་རྒན་བཅུ་བཅས་གནས་རིམ་ཁུ་འདུས་སུ་ཡོད་འདུག[4] དེ་མཚུངས་རྫོང་དེའི་ཁྱབ་ཁོངས་སུ་གཏོགས་པའི་མོན་ཡུལ་གྱི་སྲིད་འཛིན་སྒྲིག་གཞིའི་ལམ་ལུགས་ཀྱང་བཞི་སྦྲེལ་དང་། དྲུག་སྦྲེལ། བདུན་སྦྲེལ། དགུ་སྦྲེལ། རྟ་དབང་དྭགས་འཚོ་བཅས་ཡོད། རྟ་དབང་བཞི་སྦྲེལ་ནི་བོད་གཞུང་གིས་བསྐོ་བཞག་མཛད་པའི་རྟ་དབང་བླ་གཉེར་སེར་སྐྱ་སོ་སོ་ནས་རེ་དང་། འབྲས་སྤུངས་བློ་གསལ་གླིིང་གིས་བསྐོ་བཞག་བྱས་པའི་རྟ་་དབང་དགོན་པའི་མཁན་པོ། རྟ་དབང་བླ་སྤྱི་འམ། རྟ་དབང་གྲྭ་ཚང་ཚོགས་འདུ་བཅས་ཕྱོགས་བཞི་ལས་ཚུགས་པའི་སྒྲིག་བཙུགས་ལ་གོ།

རྟ་དབང་དྲུག་སྦྲེལ་ནི་གོང་གསལ་བཞི་སྦྲེལ་གྱི་ཐོག་ལ་མཚོ་སྣ་རྫོང་(སེར་སྐྱ་སོ་སོ་ནས་རེ་)བསྣན་པའི་ཕྱོགས་དྲུག་ལས་གྲུབ་པ་ཕལ་ཆེར་ལས་འཛིན་སྣེ་མོ་བ་ཉི་ཤུ་ལྷག་ཙམ་ཚང་འཛོམས་བྱས་པ་ཞིག་ཡིན། དེ་བཞིན་རྟ་དབང་བདུན་སྦྲེལ་ནི་དྲུག་སྦྲེལ་གྱི་ཐོག་ལ་བོད་གཞུང་བླ་ཕྱག་ལས་ཁུངས་ཀྱིས་བསྐོས་པའི་མཚོ་སྣ་འབྲས་སྒྲུབ་(དེ་ནི་རྒྱུན་ཚུགས་སྒྲིག་གཞི་མ་ཡིན་པར་ཚོང་འགྲུལ་གྱི་གནད་དོན་བྱུང་སྐབས་སམ། དམིགས་བསལ་གྱི་གནད་དོན་བྱུང་སྐབས་ལྷན་ཚོགས་བྱེད།) བསྣན་པའི་སྒྲིག་བཙུགས་ལ་ཟེར། རྟ་དབང་དགུ་སྦྲེལ་ནི་གོང་འཁོད་རྟ་དབང་དྲུག་སྦྲེལ་གྱི་ཐོག་ལ་རྟ་དབང་གི་ཉེ་འཁོར་མོན་ཉི་མཚོ་གསུམ་གྱི་གཙོ་རྒན་མི་གསུམ་མཉམ་བཞུགས་ཀྱི་ཚོགས་འདུར་འབོད། ཚོགས་འདུ་དེ་ནི་ཚོ་བ་དང་ཚོའི་བར་དང་། གྲོང་ཚོ་དང་གྲོང་ཚོའི་བར་གྱི་གྱོོད་གཞི་སོགས་བྱུང་སྐབས་དམིགས་བསལ་གྱི་བསྐོང་ཚོགས་བྱེད། རྟ་དབང་དྭགས་འཚོ་ནི་རྟ་དབང་དྲུག་སྦྲེལ་གྱི་ཐོག་ལ་མོན་ཡུལ་གྱི་ཚོ་ཁག་རྣམས་ཀྱི་གཙོ་རྒན་ཞུགས་པ་དེ་ཡིན་ཞིང། དེ་ནི་མོན་ཡུལ་གྱི་ཆེས་མཐོའི་ཚོགས་འདུ་ཞིག་ཡིན་གཤིས་ཆོས་སྲིད་ཀྱི་བྱ་བ་གལ་ཆེའི་རིགས་མོས་བསྡུར་བྱེད་སྐབས་འཚོགས་ལམ་ཡོད།

རྟ་དབང་བཞི་སྦྲེལ་དང་དྲུག་སྦྲེལ་གྱི་འོག་རྒྱང་མཁར་རྫོང་དང་། སེང་གེ་རྫོང་། རྡི་རང་རྫོང་། སྟག་ལུང་རྫོང་བཅས་རྫོང་ཁག་བཞི་དང་། ཚོ་དང་ལྡིང་སུམ་ཅུ་སོ་གཉིས་དང་། ལྷོ་པའི་གྲོང་ཚོ་མང་པོ་བཅས་རིམ་ཆགས་སུ་མཆིས། ཚོ་ཁག་སུམ་ཅུ་སོ་གཉིས་(ལ་ལར་ལྡིང་ཡང་ཟེར།) དེ་རྣམས་ལས་ལེགས་པོ་མཚོ་བཞི་ནི༌ལེགས་པོ་སྲིན་མོ་ཚོ། གོམ་རི་ཚོ། གྱིད་པ་ཚོ། ཞང་སླང་ཚོ་བཅས་དང་། སྤང་ཆེན་ལྡིང་དྲུག་ནི་སྤང་ཆེན་ཤོག་ཚན་ལྡིང་ལ་བར་ལྡིང་ངམ་གནས་བསྐོར་ལྡིང་། སྤང་ཆེན་ཤོག་ཚན་སྟོད་ལྡིང་། སྨད་ལྡིང་། ཀླུ་འབུམ་ལྡིང་། སྤང་ཆེན་རྨུ་ཆོས་ལྡིང་། ལ་རྩེ་མཁར་སྨན་ལྡིང་བཅས། དྭགས་པ་མཚོ་བརྒྱད་ནི་མུ་ཁོབ་ཤག་གསུམ་ཚོ། བཟང་ལུང་ཚོ། ཁ་བོང་ཚོ། ཁྲི་ལམ་ཚོ། མཐོང་ལེན་ཚོ། པདྨ་མཁར་ཚོ། འུང་ལ་ཚོ། སག་བཀྲས་ཚོ་བཅས་ཡིན་པ་ལྟར་ཚོ་བརྒྱད་པོ་དེ་རྣམས་ལ་མཁར་སྟེང་ཞལ་ངོ་(དྭགས་པ་ཞལ་ངོ་ཡང་ཟེར།)ནས་དོ་དམ་བྱེད། ཉི་མ་ཚོ་གསུམ་ནི་ཤར་ཚོ། ལྷའུ་ཚོ། བསེ་རུ་ཚོ་བཅས་གསུམ་དང་། གཞན་ཡང་ཧྲོ་བྱང་ཤའུ་ཚོ། སྦྲང་ནང་ཚོ་དྲུག་ནི། སེང་གཉུལ་ཚོ། སླི་ཚོ། ཕྱུག་ཚོ། ནམ་གཞི་ཐེན་སྤང་ཚོ། སངས་རྡི་ཚོ། རྡི་རང་ཚོ་བཅས། རོང་ནང་ཚོ་བཞི་ནི་རོང་ནང་སྟོད་ཚོ་(དེའི་ཁོངས་མུར་ཤིང། དོམ་ཁོག་ཁོ་དུང་སོགས་ཡུལ་གྲོང་རྣམས་ཚུད་ཡོད།) རོང་ནང་སྨད་ཚོ་(དེའི་ཁོངས་སུ་སྤོ་ཁང་དང། ཤར་ཕོང་། རྩིང་ཀི་སོགས་ཀྱི་ཡུལ་གྲོང་དག་ཚུད་ཡོད།) ཤེར་གཏག་སྤན་ཚོ། ར་ཁུང་ཁུལ་དམ་ཚོ་བཅས་མོན་ཡུལ་སྲིད་འཛིན་བདག་གཉེར་གྱི་གཞི་རྩའི་སྡེ་ཚན་རྣམས་ཡིན་ནོ།[5]

རྟ་དབང་བཞི་སྦྲེལ་དང་དྲུག་སྦྲེལ་འོག་གི་རྫོང་དཔོན་དང་། ཚོ་དང་ལྡིང་ཁག་སུམ་ཅུ་སོ་གཉིས་ཀྱི་གཙོ་རྒན་བསྐོ་བཞག་བྱེད་སྟངས་ཐད། མོན་རྒྱང་མཁར་རྫོང་གི་རྫོང་དཔོན་ནི་མཚོ་སྣ་རྫོང་སྡོད་ཀྱིས་བསྐོ་བཞག་བྱེད་པ་དང་། སེང་གེ་རྫོང་གི་རྫོང་དཔོན་ནི་མོན་རྒྱང་མཁར་རྫོང་གིས་གཅིག་ལྕོགས་བྱེད། རྡི་རང་རྫོང་དང་སྟག་ལུང་རྫོང་གི་རྫོང་དཔོན་ནི་རྟ་དབང་བླ་སྤྱི་འམ། རྟ་དབང་གྲྭ་ཚང་གི་ཚོགས་འདུས་བསྐོ་བཞག་བྱེད། དེ་ཡང་རྟ་དབང་དགོན་གྱི་ཆོས་རྫོང་ཟུང་སྦྲེལ་གྱི་ལམ་ལུགས་ཤིག་ཡིན། ཉི་མ་མཚོ་གསུམ་གྱི་གཙོ་རྒན་ནི་ཚོ་ཁག་དེས་རྟ་དབང་བཞི་སྦྲེལ་ལམ། དྲུག་སྦྲེལ་ལ་མིང་ཐོ་ཕུལ་ཏེ་ཆོག་མཆན་ཐོབ་དགོས་ཤིང་། ཆོག་མཆན་ཐོབ་རྗེས་དོ་བདག་རྟ་དབང་ལས་ཞྭ་འབོག་ཏོ་གྱོན་ཡོང་ནས་བསྐོ་བཞག་གིས་བཀའ་བསྒྱུར་ཉན་འཇོག་ཞུ་དགོས། དེ་མིན་ཚོ་དང་ལྡིང་ཁག་གི་གཙོ་འགན་ནི་ཚོ་ཁག་སོ་སོས་རྟ་དབང་བཞི་སྦྲེལ་དང་དྲུག་སྦྲེལ་གྱི་ཁྲལ་བསྡུའི་ངོ་ཚབ་བམ། རྫོང་ཁག་གིས་རྫོང་སྡོད་ལ་མིང་ཐོ་ཕུལ་ཏེ་བསྐོ་བཞག་བྱེད་པ་ནི། ཤིང་ཁྱི་ཕྱི་ལོ་༡༦༩༤ ལོར་མཚོ་སྣ་ཁུལ་གྱི་མངའ་ཞབས་ལ་བསྩལ་བའི་རྩ་ཚིག་ལས། ཡུལ་གྱི་གཙོ་རྒན་འདི་དག་ཀྱང་གཞུང་བཀོད་རྒྱུན་འཇགས་དང་། རེ་སྐོར་སོགས་སྣ་ཚོགས་ཡོད་འདུག་པ། འདི་དག་ཁྲལ་འུལ་བརྡ་སྦྱོར་བྱེད་མི་ཙམ་ལས་འཁྲི་གཏོང་ལུང་བསྒྱུར་གྱི་བྱེད་པོ་མི་གཤིས་སྒེར་དུ་མི་སེར་ཐོབ་(ཐོག་)བརྡབས་(བརྡབ་)གསིག་ཡོང་དོན་མ་མཆིས་ཞེས་པ་ལས།[6] རྫོང་འོག་གཙོ་དྲག་དང་རྒན་པོ་སོགས་ཀྱི་བསྐོ་འཇོག་འགན་དབང་སོགས་ལམ་ཙམ་ཤེས་པ་ཡིན།

མདོར་ན། རྫོང་དེའི་གཞུང་སའི་མངགས་སླེབས་ལས་འཛིན་སྣེ་མོ་བ་དེ་རྣམས་ཀྱིས་རང་ཁོངས་ཕྱི་ནང་ཁྲལ་བསྡུ་ཁྲིམས་གནོན་གྱི་འཛིན་སྐྱོང་བྱེད་པ་དབུས་གཙང་འཛིན་གཞིས་སྤྱི་མཚུངས་དང་། ལྷག་པར་མཚོ་སྣ་རྫོང་ནི་ཕྱིའི་རྒྱལ་ཁབ་ཀྱི་མཐའ་མཚམས་དང་ཉེ་བའི་གཞུང་ས་དགའ་ལྡན་ཕོ་བྲང་པའི་རྫོང་སྒོ་ཞིག་ཡིན་པས། དམིགས་བསལ་རྫོང་སྡོད་ལས་སྣེ་ངོ་གཡོག་ཀུན་གྱིས་བགྱི་སྒོ་ཡང་། རྫོང་ཁོངས་ཀྱི་མི་སེར་ཕྱི་མིར་འཁྱར་འཐོར་མི་ཡོང་སླད་རྫོང་ཁོངས་ཀྱི་སྒོ་ཁྲལ་ཐེམ་བཤེར་ནན་ཏུར་གྱིས་བྱེད་དགོས་པ་མ་ཟད། མི་རྩ་བྱོལ་རིགས་ཀྱི་ཁྲལ་འབབ་འཁྲི་སྒྲུབ་ཆག་ཡང་གིས་ཁྲལ་ཁོངས་སུ་འཇུག་ཐབས་དང་། ལྷག་པར་མངའ་ཁོངས་གཞན་གྱི་མི་རྩའི་བློ་བཀུག་ནས་རང་ཞབས་སུ་བསུ་ཐབས་བྱེད་དགོས་པ་སོགས་ཡིན། དེ་དང་ཕྱོགས་ཚུངས་(མཚུངས་)རྒྱལ་ཁབ་ཀྱི་མངའ་ཁོངས་བདག་དབང་ས་སྲུང་གང་ལེགས་དང་། ཕྱི་དགྲའི་འོན་སེང་ལྷོད་གཡེངས་མ་ཤོར་བར་བྱེད་དགོས་པ་ནི་འགན་འཁུར་གཙོ་བོ་དེ་ཡིན་ནོ།།

 

གཉིས། ཁྲལ་འུ་ཁྲིམས་གནོན།

          མཚོ་སྣ་རྫོང་གི་ཁྲལ་བསྡུའི་སྐོར་ནས་བཤད་ན། གོང་དུ་བྱུང་བ་བཞིན་རྫོང་དེ་ནི་གཞུང་ས་དགའ་ལྡན་ཕོ་བྲང་པའི་ཕྱོགས་མཐའི་རྫོང་ཞིག་ཡིན་པས། གཞུང་སའི་བཀའ་རྩ་ཁག་ཏུ་མོན་ཞབས་རྣམས་རྒྱལ་ཁབ་དང་ཁད་འགྱངས་ཤིང་ལྷོ་འབྲུག་བྱ་རྒྱུ་མང་བ་སོགས་ལ་དགོངས་གཞི་ཁྱད་པར་ཅན་གྱི་རང་ཕྱོགས་ལྷུན་ཆགས་ཤིང་། དགྲ་ཕྱོགས་ཀླད་འགེམས་པའི་ལས་ཀྱི་གཤན་པ་ལྟ་བུར་ཆེད་དུ་མངགས་རྟ་དབང་རྣམ་རྒྱལ་ལྷ་རྩེའི་བསྟི་གནས་བཏབ་ཅེས་དང་། སྔ་སོར་དགོན་དེབ་ཏུ་གྲ་གྲངས་ཉིས་བརྒྱ་བཅུ་གཉིས་ལས་མེད་འདུག་རུང་། དེང་སང་ལྔ་བརྒྱར་ཉེ་བར་གཏོང་སྒོ་ཤིན་ཏུ་ཁག་པ་འདུག་ཀྱང་ས་མཚམས་སུ་གལ་གནད་ཤིན་ཏུ་ཆེ་གཤིས་གྲྭ་གྲངས་ཡར་རྒྱས་ཡོང་བའི་ཐབས་སྒོ་གང་ཟབ་དང་། སྣེ་ཚང་མས་བསྟན་དོན་ལ་རྒྱར་གཞིགས་པའི་ལས་འཁུར་སྒྲུབ་ཅེས་བྱུང་བ་ལྟར།[7] མཚོ་སྣ་རྫོང་གི་མངའ་ཞབས་དང་འབྲེལ་བའི་ཁུལ་དེ་རྣམས་ནི་གཞུང་སར་ལྟོས་ན་ཧ་ཅང་གལ་འགངས་ཆེ་བའི་ས་ཁོངས་ཤིག་ཡིན་པས། གཞུང་གིས་ཕྱོགས་མཐའི་རྫོང་སྒོ་ཁག་ལ་མཐའ་མཚམས་སྐྱོང་བའི་སྲིད་ཇུས་ལག་བསྟར་གནང་སྲོལ་ཡོད་པས། དབུས་གཙང་གི་རྫོང་གཞིས་གཞན་ལ་ལྟོས་ན་མཚོ་སྣ་རྫོང་ཡང་ཁྲལ་ཆག་ཤིན་ཏུ་ཆེ་སྟེ་ཁུལ་དེ་ནས་ནང་ཁྲལ་གྱི་རིགས་སྣེ་སེལ་ཙམ་སྒྲུབ་དགོས་པ་ལས། དེ་མིན་ཁྲལ་རིགས་གཞན་དག་འཁྲི་སྒྲུབ་བྱེད་མི་དགོས་པར་ཆག་ཡང་མཛད་ཡོད་པ་ནི་ཁུལ་དེའི་ལྕགས་སྟག་ཞིབ་གཞུང་གི་རྐང་འབོར་ལས་རྟོགས་ནུས།

དེ་ཡང་། ལྕགས་སྟག་ཟླ་ ༡༠ ཚེས་ ༡༣ ལ་ཞིབ་གཞུང་བཀོད་པའི་ཡིག་ཚགས་ལས། གཞུང་སྒེར་ཆོས་གསུམ་ལས་ཆོས་གཞིས་འདོན་བརྒྱ་ཅུ་གྱ་དགུ་དང་། སྒེར་པ་འདོན་བརྒྱ། གཞུང་རྒྱུག་རྐང་སུམ་ཅུ་ཙམ་ལས་མེད་ལ། ཞིབ་གཞུང་དེ་བཀོད་སྐབས་མོན་པ་ལ་འོག་ཡུལ་གསུམ་དང་། ལེགས་པོ་པོ་ཚོ་བཞི། སྤང་ཆེན་ལྡིང་དྲུག་བཅས་པར་ཁུལ་དེའི་སྒོ་ཁྲལ་ཐེམ་གཤེར་ལྟར་ན་དུད་ཚང་ཉིས་སྟོང་བརྒྱ་བརྒྱ་དང་དགུ་བཅུ་སྐོར་ཡོད་ཀྱང་། སྔར་རྒྱུན་གྱི་ལམ་ཐོག་འཁྲི་སྒྲུབ་ལས་དེ་ཕྱིན་འཁྲི་སྲོལ་མི་འདུག་པ་སྔར་གནས།[8]ཞེས་དང་། ཕྱི་ལོ་༡༦༩༤ ལོའི་གོང་གསལ་རྩ་ཚིག་དེར་ཡང་ཁྱོད་ཚོ་མོན་ཤར་ནུབ་ཀྱི་མངའ་ཞབས་རྒྱ་གར་ཀློ་འབྲུག་གི་ས་མཚམས་མི་སེར་ལ་སོང་གཤིས། བོད་ཞབས་སྐུའི་ཁྲལ་རིགས་སྣེ་མང་གང་ཡང་མེད་པའི་ཡང་བཟོས་བཀྲིན་ཆེ་བར་བསམ་གཞིགས་གྱིས། ཞེས་བྱུང་བ་སོགས་དབུས་གཙང་གི་རྫོང་སྒོ་གཞན་དག་དང་བསྡུར་ན་ཁྲལ་འབབ་ཤིན་ཏུ་ཉུང་། འོན་ཀྱང་། མཚོ་སྣ་རྫོང་ཁོངས་ནི་ས་བབ་བཟང་ལ་ཐོན་ཁུངས་ལེགས་པ་ཙམ་མ་ཟད། ལོ་འཁོར་གཅིག་ཁོ་ནའི་ནང་དུའང་ཁུལ་དེར་དབུས་གཙང་ཁུལ་གྱི་ཚོང་འདུས་ཆེན་པོ་ཉིན་བཅུ་གྲངས་རེ་བྱས་པ་གསུམ་འཚོགས་ཤིང་། དེ་དག་གི་སྐབས་སུ་ལྷོ་ཁ་ཁུལ་གྱི་ཉེ་འཁོར་གྱི་རྫོང་ཁག་དང་། ལྷོ་འབྲུག མོན་རིགས། དབུས་པ། དྭགས་ཀོང། གཙང་ཁུལ་སོགས་དབུས་གཙང་སྤྱི་ཡོངས་ནས་རང་རང་གི་ཐོན་རྫས་ཚོང་འཁོས་འཐབ་ལེན་བྱེད་པར་འཛོམས། དུས་སྐབས་དེར་རྫོང་སྦྲེལ་གཉིས་ནས་བྲེ་སྲང་རྟོག་ཞིབ་དང་ཁྲོམ་སྲང་ཉུལ་ཞིབ་བྱེད་ལ། ཚོང་འདུས་ཀྱི་ཁྲལ་སའི་འགག་སྒོ་ཁུལ་དེའི་ས་ཆ་ཤ་འུག་དང་ཤར་ནུབ་ཀྱི་ལམ་བརྒྱུད་དུ་བཙུགས་ནས་ཚོང་པ་ཁག་ལ་ཚུགས་ཞེས་པའི་ཚོང་ཁྲལ་བསྐུལ་སྲོལ་མཆིས།

དེ་ལྟར་ནའང་མཚོ་སྣ་རང་ཁོངས་དང་ལྷག་པར་མི་རག་བླ་བྲང་གི་སྤྱི་ས་དང་དཔལ་བོ་གུང་པ་བཅས་པའི་ཚོང་ཁག་ལ་ཚུགས་ཞེས་པའི་ཚོང་ཁྲལ་དེ་ཡང་ལེན་སྲོལ་མེད་པ་ནི། ཤིང་ཡོས་ཕྱི་ལོ་ ༡༩༡༥ ལོར་གཞུང་ས་རང་ནས་མཚོ་སྣ་རྫོང་སྡོད་ལ་བསྩལ་བའི་བཀའ་རྩར། མི་རག་བླ་བྲང་སྤྱི་ས་དང་དཔལ་བོ་གུང་པ་བཅས་པར་སྔ་སོར་ནས་ཚུགས་ལེན་སྲོལ་མེད་འདུག་པ་བཞིན། ད་ཕྱིན་ཀྱང་སྔར་ལུགས་ལྟར། འདི་ཁས་ནས་ཚུགས་ལ་དགོངས་ཡངས་བྱས་པ་ཡིན་པས། ཟ་འདོད་བསྙད་གཙེར་འགྲོ་བ་བརྟན་ནས་མ་བྱེད་།[9] ཅེས་ཁྲལ་ཆག་བཏང་འདུག གཞན་ཡང་། ས་སྟག་ཕྱི་ལོ་ ༡༦༩༨ ལོར་སྡེ་སྲིད་སངས་རྒྱས་མཚོས་བཀའ་ལྟར་རྟ་དབང་རྣམ་རྒྱལ་ལྷ་རྩེ་དགོན་པའི་མཁན་པོ་འཕྱོང་རྒྱས་ངག་དབང་རྣམ་རྒྱལ་གྱིས་བརྩམས་པའི་དགོན་དེའི་བཅའ་ཡིག་ཏུའང་། དགོན་དེའི་མང་ཇ་བཞེས་ཐུག་སོགས་འབབ་དོད་རྣམས་མི་མང་གིས་དད་འབུལ་བྱུང་ན། རང་ངོས་ཀྱི་རྣམ་དཀར་དགེ་བའི་རྒྱུ་གསོག་པ་ལས། དེ་མིན་མི་འདོན་འགེལ་རྒྱག་གི་མི་སེར་ལ་ཁྲལ་འགེལ་བྱེད་ཆོག་པར་གསུངས་པ་སོགས་ཀྱིས་ཁུལ་དེ་དག་གི་ཁྲལ་བསྡུའི་གནས་འབབ་ལ་རྒྱུས་ལོན་བྱེད་ཐུབ།

དེས་ན་གོང་གསལ་མཚོ་སྣ་རྫོང་འོག་ཁྲལ་པ་མི་སེར་ལ་འཁྲི་བའི་ཁྲལ་འབོར་དེ་རྣམས་ལས། ལོ་རེའི་ཁྲལ་གྱི་རྣམ་གྲངས་སུ་ལག་འདོན་འབྲུ་རྩམ། ཤ་མར། ཕྱུར་རུལ། ས་གནས་ཀྱི་དམིགས་བསལ་ཐོན་ཁུངས་གཡེར་མ། བུ་རམ། དམར་འབྲས འབྲས་ཨ་སུ། ཆུ་འབྲས། སྨན་འབྲས། འབྲས་འབའ་ཕྱེ། འབྲས་ཡོས། གྲོ་ཞིབ། ཤབ་ལི། སྒ་སྨུག སྒ་ཡེ། བུ་རམ་སོགས་སྣེ་སེལ་ཕྲན་བུ་འཁྲི་སྒྲུབ་བྱེད་ལ། དེ་མིན་ཁུལ་དེའི་ཐོན་རྫས་རྣམས་གཞུང་ས་ནས་ཚོང་སྒྲུབ་བྱེད་དགོས་པ་ནི། བོད་ཟླ་ ༡༡ ཟླ་མཇུག་ནས་ཕྱིའི་ལོའི་ཟླ་ ༤ པའི་ཚེས་ ༡༥ བར་རྫོང་འབྲས་གཉིས་མངའ་ཞབས་མོན་ཁུལ་དུ་ཚོང་འཁོས་འཐབ་ལེན་དུ་བསྐྱོད་ནས།[10] གཞུང་མཁོའི་དངོས་ཟོག་མཁོ་སྒྲུབ་སླད་ཚྭ་འབྲས་ཚོང་བསྒྱུར་བྱེད་ཅིང་། སྤྱིར་ཚྭ་འབྲས་ཀྱི་འཛའ་ཐང་མགོ་ཐུག་ཡིན་ཡང་དུས་སྐབས་ཀྱི་ཡུལ་ཐང་འཕར་ཆག་ལ་ལྟོས་པའི་བྲེ་སྲང་མཐོ་དམན་བརྩི་སྲོལ་མཆིས། འབྲས་སྒྲུབ་ཀྱི་ཚྭ་ནི་རྫོང་འབྲས་གཉིས་དང་ལྷག་པར་འབྲས་ཁང་ནས་ལོ་རེར་སྦས་ཚང་དང་། ཡངས་པ་ཅན་ཁུལ་གྱི་འབྲོག་པས་མཚོ་སྣ་དང་ལྷུན་རྩེ་ཁུལ་དུ་ཚྭ་འབེབས་གཡག་རྒྱབ་ཉིས་སྟོང་བརྒལ་བ་འབེབས་སྲོལ་ཡོད་པར། ཚྭ་འབྲུ་གཤོར་ཁ་བརྗེ་ལེན་ཚོང་འཐབ་ཀྱི་འབྲས་སྒྲུབ་པ་ཡིན་ལ། དེ་མིན་སྔར་སྲོལ་བོད་ཀྱི་ལོ་གསར་དུ་ཕོ་བྲང་པོ་ཏ་ལ་དང་། ནོར་གླིང་གཟིམས་ཆུང་ཁག རྩེ་འཕགས་པ་ལོ་ཀེ་ཤྭ་ར། གསེར་གདུང་ཁག ལྷ་ས་གཙུག་ལག་ཁང་། རྭ་མོ་ཆེ་གཙུག་ལག་ཁང་བཅས་ལ་རྟེན་འབྱུང་ཆེད་ཚ་ལུ་མ་འབྲས་བུ་ཡལ་ག་ལོ་མ་རང་འགྲིགས། མཚོ་སྣ་འབྲས་ཁང་གིས་ཁུལ་དེ་དག་ནས་མཁོ་སྒྲུབ་ཀྱིས་འབུལ་དགོས་སོ།[11]

རྫོང་འབྲས་གཉིས་ཀྱི་འཐབ་ལེན་ངོ་བསྐྱོད་བྱེད་སྐབས་ལམ་འཁེལ་རྟ་ཐབ་གཟན་ཤིང་སོགས་མངའ་ཁུལ་མི་སེར་ནས་འཁྲི་སྒྲུབ་བྱེད་ཀྱང་། དངོས་རིན་སྣེ་སེལ་སྦྱིན་དགོས་པ་ལས་མི་སེར་ལ་བསུན་གཙེར་བརྡབ་གསིག་མི་ཆོག་ཅིང་། ལྷག་པར་མཚོ་འབྲས་སྐྱེལ་འདྲེན་གྱི་རྟ་ཁལ། སྡོད་སྒྲིག ཀོ་གྲུའི་སྒྲོལ་འདོན་སོགས་ཀྱི་རྐང་འགྲོའི་ཁྲལ་འབབ་ཕལ་མོ་ཆེ་ནི། ལྷུན་རྩེ་རྫོང་སོགས་མངའ་ཁུལ་གྱི་ལམ་འཁེལ་རྫོང་སྒོ་གཞན་གྱི་ཁྲལ་པ་མི་སེར་ནས་རྒྱུག་དགོས་པ་ལྷུན་རྩེ་རྫོང་གི་སྐབས་སུ་འཆད་པ་ལྟར་ཡིན་ནོ། མདོར་ན་ཕྱོགས་མཐའི་རྫོང་དེར་ཁྲལ་འཇལ་ཡང་བཟོས་ཆེ་བ་སོགས་ཀྱི་སྲིད་ཇུས་ནི། དེང་རྒྱལ་ཁབ་ཁག་གིས་རང་གི་མཐའ་མཚམས་ས་ཁུལ་ལ་ལག་བསྟར་བྱེད་པའི་སྲིད་ཇུས་དང་གཅིག་མཚུངས་སུ་སྣང་ངོ་།

དཔར་རིས་དང་པོ། བཀའ་ཤག་ནས་མཚོ་སྣ་རྫོང་སྡོད་སྦྲེལ་པོར་སྡེ་དྲུག་བླ་བྲང་གི་ཚོང་པར་་ཁྲལ་ཆག་གཏོང་དགོས་པའི་བཀའ་རྩ།

༄༅། །མཚོ་སྣ་རྫོང་སྦྲེལ་གྱིས་མཚོན་རྫོང་གཞིས་ཁག་གི་འགོ་ཡོད་དང་། མོན་རྟ་དབང་། ཚུགས་ཁང་ཤར་ནུབ་ཀྱི་ཤོ་གམ་ལེན་མི། ཀོ་གྲུ་ཟམ་ཕྲེང་གི་གཉན་གཉེར་སོགས་སྣེ་སླེབས་མཆོག་དམན་བར་པ་མཐའ་དག་ལ་སྤྲིངས་པ། སྡེ་དྲུག་བླ་བྲང་གི་ཉེ་(ཉེར་)མཁོ་སྒྲུབ་ཚོང་འདི་པར་རང་ཁལ་དྲུག་ཅུ་ཚུན་ངོ་ཡོད་ལོ་ལྟར་དབྱར་དགུན་སྟོན་དཔྱིད་གང་རུང་དུ་ཐེང་(ཐེངས་)གཉིས་རེ་འགྲོ་བར་ཇ་འགོ་དང་། བལ་རྔ། ཚྭ་ཤོ་བཅས་སྤྱི་འགྲེ་སྒྲུབ་རྗེས་དེ་བྱིངས་ཤོ་ཚུགས་སྒ་བྲེ་དང་། ཟམ་ཁྲལ་སོགས་ཚོང་ཁྲལ་བྱིངས་ཆགས་ཡངས་སོང་བས་བསྙད་གཙེར་མེད་པ་དགོས་རྒྱུར། སྡེ་དྲུག་ནས་མཚོ་སྣ། མཚོ་སྣ་ནས་སྡེ་དྲུག་ལྷོ་ཁ། ལྷ་ས་སོགས་ཕྱོགས་གང་དུ་འགྲོ་ཡང་ཕར་ཕྱིར་ཚ་ཞག་གར་བབས་སུ་བརྔ་རྩ་ཡིན་པའི་ཁ་རྩྭར་བཀག་མེད། ཀོ་གྲུ་ཟམ་ཕྲེང་ལ་སྒྲོལ་འདོན་བཅས་ས་རྟ་རྒྱས་དཔྱད་གཏན་འབེབས་དོན་བཞིན་ལོ་ལྟར་གཏན་འཇགས་སུ་འཕྲལ་གཏོང་ཡོང་བ་གྱིས། ལྕགས་སྤྲེ་ཟླ་ ༣ ཚེས་ ༡༩ བཟང་པོས་བྲིས། རྟགས་ཐམ།

གཉིས། ཁྲིམས་གནོན།

མཚོ་སྣ་ཁུལ་དེའི་རྒྱུན་ལྡན་ཡུལ་ཁྲིམས་འཛིན་སྐྱོང་གཙོ་བོ་རྫོང་སྡོད་སྦྲེལ་པོ་དབུས་པའི་ལས་འཛིན་སྣེ་མོ་བ་རྣམས་ཀྱིས་བྱེད་ཀྱང་། རྒྱལ་ཁབ་དང་ས་ཁད་རྒྱང་བའི་རྫོང་སྒོ་དག་ནས་གྱེན་ལོག་འཁྲུག་རྩོད་དང་། རྐུན་ཇག་བརྡབ་གསིག་སོགས་ཁྲིམས་འགལ་དུས་ཟིང་གི་རིགས་ཡོང་སྐྱེན་པས། གཞུང་ས་ནས་ལོ་ལྟར་བཀའ་རྒྱ་རྩ་ཚིག་དང་བཅས་ལས་འཛིན་མི་དྲག་ཞིབ་དཔྱོད་དུ་རིམ་པར་མངགས་ནས་རྩ་ཚིག་གི་དགོངས་དོན་ལྟར་གན་རྒྱ་མཐུ་མོ་ཆེ་བཞག་ནས་ཁྲིམས་གནོན་འདུག དཔེར་ན། ཕྱི་ལོ་ ༡༦༩༤ ལོར་མཚོ་སྣ་ཁུལ་མོན་མངའ་ཞབས་ཤར་ཉི་མ་མཚོ་གསུམ། དྭགས་པོ་ཆེ་ཕྱེད་བརྒྱད། སྤང་ཆེན་ལྡིང་དྲུག ལེགས་པོ་ཚོ་བཞི་བཅས་ལ་གནང་བའི་བཀའ་རྩར་གསལ་བ་ལྟར་ན། ལྷ་ཁྲི་ཚོ་པ་གཉིས་བར་ས་ཆའི་རྩོད་རྙོག་གི་གྱོད་དོན་ལྷག་པར་བསེ་རུ་ཚོ་པས་རྒྱབ་ལངས་ཀྱིས་རང་མཚམས་དམག་བཏེགས་ནས། ༸རྒྱལ་དབང་སྐུ་ཕྲེང་དྲུག་པའི་སྐུ་ཞང་རྒྱང་གཞིས་ཆོས་མཛད་རིན་ཆེན་ཞུ་བ་ཡང་རྐྱེན་ལམ་དུ་བཏང་བ་དང་། གཞུང་ཕྱག་མཛོད་ཉེར་མཁོའི་ཚོང་པའི་འབྲས་དོས་རྐུ་སྦས་ཆུ་རྒྱག་སོགས་ཁྲིམས་ཅི་རིགས་བྱས་འདུག་པར་མཚོ་རྫོང་བཅས་གཞུང་བསྐོས་སྣེ་མོ་བས་ཁྲིམས་གནོན་བརྡ་འདེད་གནང་ཡང་། མི་མང་ངན་ལངས་དཔུང་སྒྲིལ་གྱིས་གཞུང་རྫོང་ལ་དམའ་འབེབས་སོགས་ཁྲིམས་འགལ་བྱེད་འཛོལ་གྱི་རིགས་འཚབ་ཆེ་བྱུང་མྱོང་འདུག་ཅིང་། དབུས་གཞུང་ནས་བཀའ་བློན་དགའ་བཞི་ཐའི་ཇི་དོན་དཔྱོད་དུ་མངགས་རྫོང་གིས། ཁྲིམས་ལུགས་དཔྱད་མཚམས་ཀྱི་འཁྲུན་གཅོད་དུ་བྱེད་གཏེ་ལག་དམར་རྣམས་འཛིན་བཟུང་གིས་ཁྲག་སྦྱོར་གྱི་ཉེས་པ་བསགས་ཀྱང་། ཆོས་ལྡན་རྒྱལ་ཁབ་ཏུ་སོང་བས་མི་འཇིགས་སྲོག་གི་སྐྱབས་སྦྱིན་གྱིས་སྲོག་ཉེས་ཡང་ཐབས་ཀྱིས། ཉེས་དོན་ལ་གཞིགས་པའི་རྒྱང་འབུད་དང་བཙོན་འཇུག་སོགས་བྱས་འདུག་ལ། སླད་ནས་ཚོ་འཛོམས་ངན་ཤེད་སྒལ་རལ་དང་། རང་ཚོས་ཡུལ་ཚོ་ཕྱོགས་ལངས་དམག་འདེགས། ནང་ཚགས་མི་སེར་ཐོག་བརྡབས་གསིགས། དོན་རྩ་གང་ཞིག་ལྷག་ཀྱང་ཆོས་རྫོང་རྒྱང་གཞིས་སོགས་གཞུང་བསྐོས་སྣེ་མོ་བའི་སར་གཏུགས་སྦྱངས་དགོས་པ་ལས། གཙོ་རྒན་མི་སོགས་ཡུལ་གྱི་ཁ་ཤེད་ཅན་ནས་རང་འཚོས་གཅོད་འབྲེག་ཁྲིམས་གནོན་དང་། གཞུང་འབབ་ཁྲལ་བསྡུ། གཏོང་ཐེབས་དོས་རིགས་སོགས་སྐྱིན་གཏོང་ཆུ་རྒྱག་སོགས་ཀྱི་གླེང་ཙམ་མེད་པ་བྱ་རྒྱུའི་ཡུལ་ཚོ་མནའ་གན་མཐུ་མོ་ཆེ་བཞག་པ་རྫོང་ཡིག་ཚང་དུ་ཉར་ཚགས་ཀྱིས། ཆོས་རྫོང་རིམ་འབྱོར་ནས་རྩ་ཚིག་འབྲུ་དོན་དང་ཞིབ་དཔྱོད་པའི་ཆོད་འདོམས་བཅས་ལས་མི་འགལ་བར་རང་དོན་རང་གཅེས་ཀྱིས་སྤངས་བླངས་དགོས་ཚུལ་སོགས། དམིགས་བསལ་ཁྲིམས་གནོན་གྱི་འགྲོ་ལུགས་དེ་ལྟར་ལགས་པ་དང་། དེ་མིན་རྫོང་ཁོངས་ཀྱི་དུས་བཞིའི་ཡུལ་ཁྲིམས་དང་། ཆོས་ཕྱོགས་དང་འབྲེལ་བའི་ཁྲིམས་འཁུར་སྤངས་བླངས་བཅས་ལ་ཡུལ་དུས་གནས་སྐབས་ལ་རྩ་ཚིག་བཀོད་རྒྱ་བསྲིང་སྲོལ་ཡོད་པ། གཤམ་དུ་བྱུང་བའི་ཁུལ་དེའི་རི་ཀླུང་རྩ་ཚིག་ལས་ཤེས་པར་བྱའོ།།

དཔར་་རིས་གཉིས་པ། མཆོ་རྫོང་དང་རྟ་དབང་བླ་གཉེར་ལ་བརྩལ་བའི་རྩ་ཚིག

 

༅༅། ། ཐོ་དོན། རང་ཅག་བསིལ་ལྡན་ལྗོངས་འདིའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོའི་ཟློས་གར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་འཕྱིའི་༸ཞབས་བརྟན་དང་། ༸རྒྱལ་བསྟན་ཆབ་སྲིད་སྐྱེ་འགྲོ་ཡོངས་ལ་ཕན་བདེེའི་ལེགས་ཚོགས་གོང་འཕེལ་འབྱུང་ཐབས་བཅས་ཀྱི་ཆེད། ལྷོ་སྡོད་སོ་སོའི་ཁྱབ་ཁོངས་སུ་གཏོགས་པར་དུད་འགྲོ་ཕྲའི་སྲོག་ལ་བདོ་བའི་གཙེར་ཆེ་ངེས་ཀྱི་གཅན་གཟན་ཕར་སྤྱང་ཕུད། དེ་བྱིངས་རི་དྭགས་ཉ་སྲམ་སོགས་རི་ཀླུང་སྐམ་བཤེར་ལ་གནས་པའི་སྲོག་ཆགས་དབུགས་ཐོག་ཆེ་ཕྲ་ཡོངས་མི་འཇིགས་སྲོག་སྐྱབས་སྦྱིན་རྒྱ་བསྡེམས་དམིགས་སུ་ཆེ་བའི་དམ་བསྒྲགས་དང་། དེ་མཚུངས་ལྕགས་འབྲུག་ནས་བཟུང་གྲོང་སྡེ་སོ་སོར་ཟླ་རེའི་ཉ་སྟོང་བཅོ་གསུམ་དང་། ཆོ་འཕྲུལ་ཟླ་བ། ས་ག་ཟླ་བ། དྲུག་པ་ཚེས་བཞི། དགུ་པ་ལྷ་བབས། ལྔ་མཆོད་ཆེན་མོ་སོགས་ཀྱི་དུས་ཆེན་རིང་དང་བཅས་པར་དམར་ཁེ་དང་། ཉེ་མཁོ་གཏོང་བྱ་མི་གང་ས་ནས་སྲོག་གཅོད་གཏན་ནས་མི་ཆོག་པ་བཅས་ཀྱི་རྒྱས་དཔྱད་པ་སོང་དོན་ལྟར། རང་ཁོངས་རྒྱ་ཁྱབ་ལ་ཁྲིམས་འདོམས་གཏུག་གནོན་དམ་བཅིང་དགོས་རྒྱུ་སྨོས་ཅི། རྫོང་གཞིས་གཞན་གྱི་མངའ་ཁོངས་སུའང་ཚུལ་མིན་འགལ་སྤྱོད་རིགས་ཡོད་མེད་གས་ཉུལ་རྟོགས་ཞིབ་ལྷོད་མེད་བགྱིད་དེ། དངོས་ཐོན་ར་འཕྲོད་ཡོད་ཚེ་སྐབས་སྦྱར་སོ་སོར་འདི་གར་རྒྱུ་མཚན་ཁ་གསལ་ངེས་བསྲིངས་དགོས་རྒྱུའི་འཆར་འཕར་རྩ་ཚིག་དང་། འདི་ནས་ཆེ་དམིགས་བཀོད་རྒྱ་སྔ་ཕྱི་བཅས་རིམ་པར་སོང་ཡང་གླེན་གདེངས་ཚོད་རྩིས་སྤྱི་སྒོས་བདེ་ཐབས་ཀྱི་བཀོད་དོན་ལ་བརྩི་མེད་བསམ་ཤེས་དོ་འཁུར་དམན་པའི་རྐྱེན་དབང་ངམ། སྣེ་མོ་བ་གཙོ་དྲག་དང་བཅས་པས་རྩ་འཛིན་བྱ་ཡུལ་རྩ་ཚིག་དང་། བཀོད་ཐམ་རྣམས་གསར་རྙིང་འཕོ་ལེན་སྐབས་རྩིས་སྤྲོད་ལེན་བྱ་ཐུབ་ཙམ་ལས་རྣམ་ཀུན་སྤྲོད་ཁོངས། དཀར་ཆག་བསྒྲིལ་འཐུམ་ཁོངས་སུ་བཞག་སྟེ་དགོས་དོན་རྟོགས་ཞིབ་ཆུང་སྐྱོན་གྱི་ངང་ཚུལ་ཇི་ཡིན་གང་ལྟར་འཇུག་གནོས་བག་ལ་ཞ་བའི་ཚུམ་མིན་རིགས་མེད་དམ་སྙམ་པ་ཤུགས་བསྟན་གྱིས། འདི་ལོ་གཞུང་བསྟན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་ནོར་གླིང་གཟིམ་ཆུང་ཉི་འོད་དུ་དབྱར་གསོལ་སྤྱན་འདྲེན་ཐོག་རྡོ་རྗེའི་བཀའ་ལུང་སྩལ་དོན་དུ།

རྒྱ་ཁྱབ་ཡོངས་ལ་རི་ཀླུང་རྒྱ་བསྡེམས་ནན་འདོམས་རྒྱུ་ཕེབས་པར་བརྟེན་འདི་ནས་ཀྱང་བཀོད་རྩ་སྔ་ཕྱིའི་འབྲུ་དོན་ཚུལ་གནས་ཡོད་མེད། ད་དུང་ཕྱི་ནང་གསང་གསུམ་དུ་ཉང་གནོན་བགྱིད་རྒྱུ་མ་ཟད། གལ་ཏེ་འཆར་ཅན་ཡིན་དབང་གིས་བཀོད་རྩ་འགལ་འཛོལ་དུ་འགྲོ་རིགས་སུ་ཐད་ནས་བགྱིས་པ་འདི་གར་གོ་ཐོས་སམ། སྣེ་མོ་ལས་བྱེད་ནས་རྒྱུ་མཚན་འབྱོར་པ། གཞན་དག་ནས་ཞུ་འབོད་བྱ་རིགས་སོགས་ཤར་ཚེ་འགལ་བ་པོ་དྲག་ཞན་སུ་འདྲ་ཡིན་རུང་བདག་གིར་བྱས་པའི་ལས་འབྲས་ཆུ་མི་འཛའ་བའི་འགའ་ཉེས་རང་ཐོག་ཏུ་མྱོང་དགོས་སྨོས་ཅི། ཁྱོད་རང་སྣེ་སྡོད་སུ་འདྲའི་ཁྱབ་ཁོངས་ཡིན་རུང་སྣེ་སྡོད་ལས་འཁུར་ཚ་ལེན་ཐོག ཉེས་པ་ཐེག་པར་དཀའ་བ་གཅོད་ངེས་ཡིན་གཤིས། དེ་ལྟར་མ་དགོས་པའི་སྤྱི་སྒོས་བདེ་ཐབས་དང་། རང་རང་ལས་འབྲས་ཁེ་ཉེན་གང་སར་བསམ་ཤེས་སྤངས་བླངས་འཛོལ་མེད་ཀྱིས་ཁྱོད་རང་སྣེ་མོ་ལས་འཛིན་ངོ་མའང་། ས་གནས་སོ་སོར་རྟག་སྡོད་དང་འབྲེལ་བའི་ཁྱབ་ཁོངས་སུ་རི་ཀླུང་རྒྱ་བསྡེམས་དང་། གྲོང་སྡེ་སོ་སོར་ཡང་དུས་ཆེན་གོང་འཁོད་རྣམས་ལ་དམར་ཁེ་སྲོག་གཅོད་གཏན་ནས་མི་ཆོག་པའི་དམ་བསྒྲགས་ཚ་ནན་དང་། དེ་མཚུངས་དགུན་ཐོག་ཤས་དུས་སྐབས་ཀྱང་དུད་འགྲོ་བརྒྱ་ཕྲག་མང་པོ་དུས་གཅིག་ཏུ་སྲོག་གཅོད་སྡིག་གཙེར་གྱི་འདོད་བརྔམས་དམར་ཁེ་ཚོད་མེད་བྱེད་མཁན་འདུག་དག་ཀྱང་། འདི་ལོ་ནས་བཟུང་ཉེར་མཁོ་ཉོ་ཚོང་སྲོག་གཅོད་ཕྲན་བུ་མ་བགྱིས་མཐུ་མེད་ཡོང་གནས་ལས། དེ་མིན་སྔར་ལུགས་དུད་འགྲོ་གྲངས་མང་སྲོག་གཅོད་དེ་རིགས་ནམ་ཡང་མི་ཆོག་པའི་མཐའ་འདོམས་ངེས་ནན་དང་འབྲེལ་བའི་དམ་བསྒྲགས་རྒྱུན་བསྲིངས་ཚུལ་བཞིན་དགོས་རྒྱུ་མ་ཟད། ལྷག་པར་རྒྱ་ཁྱབ་སྣེ་སྡོད་ཆེ་ཕྲ་དང་ལྷ་སྡེ་མི་སྡེ་སེར་སྐྱ་མཆོག་དམན་བར་པ་བཅས་མཐའ་དག་ནས་ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་གི་ལུགས་ཟུང་ཁྲིམས་བཟང་ལ། རྟག་ཏུ་བདེ་དགེར་སྤྱོད་པའི་བླངས་དོར་བྱེད་སྒོའི་སྐོར་དེ་སྔ་ས་ཁྱི་ལོ་བསྩལ་བའི་སྦུག་དམ་རྩ་ཚིག་དོན་ཚན་ལྔ་པ་དང་། དེ་དག་གི་དགོངས་དོན་རྩ་བར་བཟུངས་ཏེ་བོད་ལྗོངས་སྲིད་སྐྱོང་ན་རིམ་ནས་འཇུག་གནོན་རྩ་ཚིག བཀའ་ཤག་ནས་རྒྱབ་གནོན་བཀོད་རྩ་བཅས་རིམ་པར་སྩལ་བའི་འབྲུ་དོན་ལ་རྩ་འཛིན་འཇུག་གནོན་ཁྱབ་འདོམས་བླང་དོར་འཛོལ་མེད་རྒྱུན་བསྲིངས་སུ་སྤྱད་ངོས། འདི་བྱས་སྙན་ཞུ་ཁམས་དྭངས་ཀྱང་ངེས་འབུལ་དགོས་རྒྱུ་བཅས་དེ་དོན་ཡིད་འདོམས་གྱིས། ཤིང་སྤྲེ་ཟླ་ ༧ ཚེས ༢༧ ལ། །[12]

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ ༡༤། ཤོག ༨༥།

[2]索朗旺堆,错那隆子加查曲松县文物志,西藏人民出版社.1993.Pg 4_7.

[3]索朗旺堆,错那隆子加查曲松县文物志,西藏人民出版社.1993.Pg 4_7.

29 རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཡིག་ཆ་ཨང་ ༧༡༩ ལྕགས་ཕག་ ༡༧༣༡ ལོར་གཞུང་ས་དགའ་ལྡན་ཕོ་བྲང་ནས་མཚོ་སྣ་རྫོང་སྡོད་ལ་བསྩལ་བའི་བཀའ་ཤོག་ཏུ་གསལ།

[5] བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་རྒྱུ་ཆ་བདམས་བསྒྲིགས། འདོན་ ༢། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༣། ཤོག ༡༤༠།

[6] རྡ་ས་བོད་ཀྱི་དཔེ་མཛོད་ཡིག་རིགས་ཨང་། ༡༥༨།

[7] དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཡིག་ཆ་ཨང་༧༡༩ །

[8] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༢༢༥།

[9] དྷ་ས་བོད་ཀྱི་དཔེ་མཛོད་ཡིག་རིགས་ཨང་། ༡༥༦།

[10] བོད་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། པོད། ༡༠། ཤོག ༡༧༣།

[11] བོད་ལོ་རྒྱུས་རྒྱུ་ཆ་བདམས་སྒྲིག འདོན་ཐེངས། པོད། ༢༤། ཤོག ༡༠༧།

[12] དྷ་ས་བོད་ཀྱི་དཔེ་མཛོད་ཁང་། ཡིག་རིགས་ཨང་། ༡༦༡།

བརྒྱུད་སྐུལ།

མཆན་སྤེལ།