དབུས་གཙང་ལོ་རྒྱུས་ཆེན་མོ་ལས། མཚོ་སྣ་རྫོང་གི་གཞུང་སྒེར་ཆོས་གསུམ་སོགས། ༣༽

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། མཚོ་སྣ་རྫོང་གི་གཞུང་སྒེར་ཆོས་གསུམ་སོགས། ༣༽

ལེ་ཚན་གསུམ་པ། གཞུང་སྒེར་ཆོས་གསུམ།

མཚོ་སྣ་རྫོང་འོག་གི་གཞུང་སྒེར་ཆོས་གསུམ་གྱི་ཁྲལ་པ་མི་སེར་གྱི་ས་རིས་ཞིབ་པར་བཀོད་ན། དང་པོ་གཞུང་རྒྱུག་ཏུ་རྫོང་ཞོལ། ན་སྟོད། ན་སྨད། ལྕགས་པོ། ཐང་གྲོང་། གྱེ་མདོ། རྣམ་སྣང་། ཡ་མ་རོང་། ཤོ་སྦུག གྲོང་གསར། རང་ཡུ། མཁར་སེ་ཕུ། སྨད་ཚོ། ལྕགས་སོ། བ་ལུ། སྨད་པ་ཤིང་ར།

རྡོར་ལྡིང་། སྐྱུང་ཚང་། རྟ་ར། སྤོ་ཐོ། མཁར་གདོང་། མོན་གྲོགས། ལམ་སྦུག ཤའུ། སྤྲལ། རྔངས། རྩ་འབྲོག མོན་པ་ལ་འོག་ཡུལ་གསུམ། ལེགས་པོ་ཚོ་བཞི། སྤང་ཆེན་ལྡིང་དྲུག་སོགས་ཡོད། གཉིས་པ་ཆོས་གཞིས་སུ་དགའ་ལྡན་རབ་རྒྱས་གླིང་གི་ཆོས་གཞིས། བསྟན་གླིང་མཆོད་གཞིས། སྦྱོར་རའི་མཆོད་གཞིས། དེ་བཞིན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེར་དགོན་མ་ལག་གི་དཀོར་ས་དགེ་ཁོངས་སུ། མཚོ་སྣའི་སྐུ་རིམ་བརྒྱ་གྲངས་རྩ་ཤིང་བསྡུ་འབྲེལ། རྟ་ནོར་ལུག་གསུམ་གྱི་རྩྭ་ཡུལ། མོན་བོད་ཀྱི་དབྱར་དགུན་འབྲུ་ཕུད། དཀར་ཐོག ལྷ་ས་ཕྱག་མཛོད་ནས་སྤུས་ཆ། ལྷུན་རྩེ་དང་བཟང་གཤོངས་ནས་ནས་ཀྱི་གཤེར་འདེབས། མཚོ་རྫོང་ནས་ཤ་མར། ཕྱུར་བ། གཤོར་འདེབས་ཕྲན་བུ་བཅས་ཀྱི་ལག་འཛིན་ཡོད་པ་ལས།[1] ཆོས་གཞིས་ས་རིས་ཆེ་ཁག་གི་བདག་ཐོབ་མེད་པར་སྣང་། གསུམ་པ་སྒེར་ཁག་ཆེ་གྲས་སུ་སྒེར་ཞེ་བོ་དང། སྡེ་དཔོན་མདོ་མཁར་བའི་ས་རིས་ཙམ་མོ།།

 

ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།

ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག

མཚོ་སྣ། བུམ་ལྡིར་ལ། མཚོ་ལུང་། རྟ་དབང་། ཏེ་མང་། སྡེ་དཀྱིལ། རྡི་རང་རྫོང་། མདོ་མཁར། དགོན་པ་རྩེ། སྒོམ་རི། སྒོ་སྨད། སྐྱིད་པ། སྦྱོར་ར། ཁང་གསར། ཁེ་ཆུ། ལམ་ཕུགས། མེ་ཤི། གཉན་ཚྭ། ཆུ་ནག ཆུ་དྲོ་མོ། མཐའ་མཁར། ཞེ་བོ། ཞོལ། ཉ་པ་མཚོ། ཡ་མ་རོང་། བཀྲས་མཐོང་།[2] ད་དུང་དེང་རྒྱ་གར་གྱི་རྒྱལ་ཁོངས་སུ་གཏོགས་པའི་མོན་ལ་འོག་ཡུལ་གསུམ་ཞེས་ཤར་ཚོ་དང། བསེ་རུ་ཚོ། ལྷུའུ་ཚོ་གསུམ་དང་། ལེས་པོ་ཚོ་བཞི། སྤངས་ཆེན་ལྡིང་དྲུག དྭགས་པོ་ཚོ་བརྒྱད། སྦྲང་ནང་ཚོ་དྲུག རོང་ནང་ཚོ་བཞི། ཤ་འུག་ཧྲོ་བྱང་དྭགས་སོགས་ཡོད།[3]

 

ལེ་ཚན་གཉིས་པ། རི་དང་། ལ། མཚོ། གཙང་པོ།

ཁུལ་དེའི་རི་ལར་མཚོན་ན། ཇོ་མོ་གནམ་རི། སྲིན་དུ་རི། ཡས་ངོས་རི། བྲག་ཕུག་རི། གླང་མཆུ་རི། གཡུ་རྟ་རི། སྐྱ་བ་རི། ཧད་རི། ཁ་ལ་གངས་རི། ནང་སྡེ་ཕུ་རི། མདོ་གསུམ་རི། བྱེ་མ་དཀར་པོ་རི། སྨུག་རི། རི་བཟང་། འུག་བྲག་རི། ཤར་རི། དཀར་རི། གཟི་གངས་རི། སྐྱིད་རི། བུད་རི། གནམ་རྒྱལ་རི། གུང་གསུམ་རི། སྒོ་ལྕགས་རི། ཁ་རྩེ་རི། བར་རི། གད་པ་རི། ལྕགས་སྒ་རི། མཚོ་མ་རི། རྣམ་རྒྱ་ལ་དཔལ་རི། གངས་ལུང་གངས་རི། ལྷས་གངས་རི། ཨོ་མོ་རི། རི་སྔོ་རི་སོགས་དང་། ལ་ཆེན་ཐད་བྱེ་རི་ལ་དང་། སྤོ་ལ། ཁེམ་སྣ་ལ། གངས་ལ། སྨད་རི་ལ། འོག་ཀོ་ལ། བདེ་སྒ་ལ། གད་ལ། ན་བྲག་ལ། བམ་ལ། སྨད་རི་ལ། རྡོ་རིང་ལ། ཚས་ཐང་ལ། ཟངས་ཡག་ལ། ཐང་ལ། རི་བོ་ལྷས་ལ། མཐིང་རྩེ་ལ། ར་ལ། ཐལ་སྔོན་ལ། སྡེངས་ལ། སྨད་ཐང་ལ། མཚེར་མཚེར་ལ། ར་ལ་ལ། དཔལ་ནག་ལ། ར་མོ་ལ། མཚམས་ལ། བརྒྱ་གྲོང་ལ། གཉའ་ལ་ལ། རི་ལེབ་ལ། འཕྲང་ལ། ཁྲ་ཁྲ་ལ། རྫོང་ལ། དཔལ་ལ་ལ། དཀར་ལ། ལུང་ཆུང་ཤར་ལ། གསེར་རི་ལ། ཨི་མིའི་དཔྲལ་ལ། རབ་དགའ་ལ། ཤར་ཕུ་ལ། སྤང་ལ། སྨན་ཐང་ལ། མཆོག་ལ། དུང་ལུང་ལ། སྟོང་སྟོང་ལ། དཀར་པོ་ལ། ལ་རྩེ་ལ། དུང་ལ། ཡར་ལ། འབར་ལ། མདའ་ཆུང་ལ། ན་ས་ལ། དབུ་ལ། རྟ་ཧོར་ལ། དཀར་པོ་ལ། དགྱེས་ལ། གནམ་ཐང་ལ། ཨོམ་དུང་ལ། ཆུ་རྒྱུགས་ལ། རོལ་རི་ལ། རྫ་མདང་ལ། གདན་བྲག་ལ། ངག་རི་ལ། རལ་པ་ལ། ཤང་ཤང་ལ། རི་བོ་ལ། སྐྱིན་དུང་ལ། དཔལ་ལ། སྐད་ལ། རྒྱལ་ཆེན་ལ། ཐུམ་ལ། སྤྱང་མོ་ལ། བླ་རྒོད་ལ། ལུག་གཤོངས་ལ། མོ་མཁར་ལ་དང་། སྦོམ་ལ། གཙང་ཆུའི་ཐད་ལོར་ཆུ་དང་ བཀྲས་ཆུ། ཤར་ཆུ། གཉན་སྨད་ཆུ། གཞུང་ཆུ། ཆ་འགྲམ་ཆུ། མདོ་མཁར་གཞུང་ཆུ། ཕུ་ཆུ། ལས་རོང་ཆུ། རོང་ཆུ། ལོར་སྟོད་ཆུ། ཆ་རོང་ཆུ། ཆུ་ནག རིན་ཆེན་ཆུ། མཚོ་སྣ་ཆུ། བྲག་སྨད་ནང་ཆུ། བཀྲ་ཆུ། མཚོ་བརྒྱུད་གཞུང་ཆུ། ན་ར་གཡུ་མཚོ། ཉ་པ་མཚོ། གངས་ལུང་མཚོ། གཉན་ལུང་མཚོ། སླས་མཚོ། གཡང་མཚོ་བཅས་ཡོད་དོ།།

དེ་རྣམས་ལས་མོ་མཁར་སྒང་ལ་ནི་མཚོ་སྣ་རྫོང་དང་ལྷུན་རྩེ་རྫོང་གཉིས་ཀྱི་ས་མཚམས་ཀྱི་རི་ཞིག་ཡིན་ལ། རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་གནས། མཚོ་སྣ་རྫོང་གི་ནུབ་ངོས་སུ་ཆགས་པའི་སྤོ་ལ་ནི་ཡུལ་དེའི་བཤད་སྲོལ་དུ་ཡུལ་གཞན་ནས་རྫུ་འཕྲུལ་གྱི་སྤོས་ནས་འོང་བས་དེ་ལྟར་གྲགས། རི་དེའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་སྨི་ ༤༥༧༥ མཆིས། སྦོམ་ལ་ནི་རྫོང་གི་ལྷོ་ཕྱོགས་སུ་གནས་ལ་རི་བོའི་ལྷོ་ནུབ་ཀྱི་རི་འདབས་སུ་ནགས་ཚལ་ཐོན་ཁུངས་བཟང་། ཚྭ་ཆུའི་མཚོའུ་ཁོངས་སུ་གཏོགས་པའི་ན་ར་གཡུ་མཚོ་ནི་རྫོང་བྱང་ཕྱོགས་སུ་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ ༤༩༡༤ སར་ཆགས་ཤིང་། མཐའ་འཁོར་དུ་རང་བྱུང་འབྲོག་ས་ཕུན་སུམ་ཚོགས་པོ་བརྟེན་གཞི་བྱས་ཡོད་པ་བཅས་སོ།།[4]

 

ས་བཅད་བཞི་པ། ཞིང་འབྲོག་དང་ཁྱད་ལས་ཐོན་ཁུངས།

ལེ་ཚན་དང་པོ། ཞིང་འབྲོག་ཐོན་ཁུངས།

སྤྱིར་མཚོ་སྣ་རྫོང་ནི་ས་མ་འབྲོག་དང་ནགས་ལས་ཀྱང་ལས་གཉེར་བྱེད་པའི་རྫོང་ཞིག་ཡིན། རྫོང་ཁྱོན་ཡོངས་ལ་རྨོ་འདེབས་ས་ཞིང་མུའུ་ཁྲི་ ༢.༢༥ དང་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་ ༡༢༠ ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི་ ༣༦.༦ ཡོད་འདུག་པར། ལོ་ཏོག་གཙོ་བོ་གྲོ་དང་། པད་ཁ། སྲན་མ། ནས། འབྲས། ཀའོ་ལེང། ཁྲེ། ཨ་ཤོམ་སོགས་འདེབས་ལས་ཐོན་སྐྱེད་བྱེད། ཞིང་འབྲོག་གཉིས་ཀྱིས་འཚོ་སྐྱོང་བྱེད་པའི་སྒོ་ཕྱུགས་གཙོ་བོར་རྟ་དང་། ནོར། མཛོ། བོང་བུ། དྲེལ། བ་གླང་། ར་ལུག ཕག་པ། ཁྱིམ་བྱ་སོགས་གསོ་ཚགས་བྱེད། ད་དུང་ཇའི་རིགས་དང་སྨན་རྫས་སྣ་ཚོགས་ཀྱི་ཐོན་ཁུངས་ཧང་ཅང་བཟང་པོ་ཡོད་པ་ཡང་། ༸གོང་ས་སྐུ་ཕྲེང་དྲུག་པས་མཛད་པའི་《གཏམ་རྣ་བའི་བཅུད་ལེན།》དུ་གསུངས་པ་བཞིན་ཡུལ་གྱི་ཕུ་ན། བོད་ཀྱི་འབྲུ་རིགས་མི་འདྲ་བ་བཅུ་གསུམ་དང་། བར་ན་མོན་གྱི་འབྲུ་རིགས་མི་འདྲ་བ་བཅུ་གསུམ། མདའ་རུ་རྒྱ་ཡི་འབྲུ་རིགས་མི་འདྲ་བ་བཅུ་གསུམ་ཐོན་ཞེས་གྲགས། དེས་ན་མོན་ཡུལ་གྱི་ཕུ་ན་གྲོ་ནས་སྲན་གསུམ་ཐོན་པ་དང། མདའ་ནས་འབྲས་རིགས་སྣ་ཚོགས་ཐོན་པ་དེས། ཡུལ་དེའི་ཕུ་མདའ་བར་གསུམ་དུ་འབྲུ་རིགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ལྡན་པ་མཚོན་འདུག ད་དུང་ཁུལ་དེར་རང་བྱུང་གི་སྐྱེ་འབྲས་ལས་བྱུང་བའི་བཟའ་བཅའི་རིགས་ལ། སེ་ཤ དཀར་ཤ།འདམ་ཤ ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། སླེ། ཨ་ལོ། ཟྭ་ཚོད། ལྕང་། སྙ་ལོ། བསིལ་འབྲུམ། སིལ་རིལ། གཡེར་མ། ཨ་ཤོང་། སོ་ལོ་དམར་སྔོན། སྒ་སེ། སྒ་སྨུག བན་ཏ་ལི་ཤི སྨོན་ཅུང་། བུར་ཤིང་། སུང་སུང་སྦ་ར། མོག་རུ། ལི་ཤི ཤབ་ལི། ཨ་ཀོན་དང་། སུར་སྤན། མོག་རོ། བྱིན་ཚལ། ལ་ཕུག པད་ཚལ་སོགས་ཐོན་པ་ཡིན།

ད་དུང་ཕོར་པ་རྫབ་ཡའི་རྒྱུ་ཆས་དཀར་ཤིང་དང་། གྲུ་བཟོ་བྱེད་ཞ་བརླན་ཐེག་ཐུབ་པའི་རྒྱ་ཤིང་། དར་བུའི་ཤིང་བསེ་ཤིང་། གཞན་ཡང་སྣུམ་རྒྱུའི་ཤིང་སོགས་སྐྱེ་བ་མ་ཟད། འབྲས་ལྡན་གྱི་རྩི་ཤིང་ལ་ཚ་ལུ་མའི་ཤིང་དང་། ཀུ་ཤུ། ལི། ཤང་ཅའོ་གླ་མ་འབྲས། རྒུན་འབྲུམ། བསི་འབྲུ། ཁམ་བུའི་རིགས་སྣ་ཚོགས་ཐོན་ཞིང་། ཨ་རག་གི་རྒྱུ་ཆ་སེའུ་ཤིང་རིགས་དང་སོ་མ་ར་ཙ། རྡོ་ཐ། སྣ་མང་ཐོན། ས་གནས་རང་ནས་ཤིང་དང་ལྕགས་བཅས་ལས་བཟོ་བསྐྲུན་བྱས་པའི་ས་ཞིང་རྨོ་བྱེད་དུ་ཐོང་གཤོལ་དང་། གཉའ་ཤིང། རི་བཅས་དང་། ཞིང་ཆུ་གཏོང་སྐབས་ལྕགས་ཁྱེམ་དང་། ཏོག་རྩེ། ཡུར་མ་རྒྱག་བྱེད། བཙས་མ་བརྔ་བྱེད་ཟོ་ར། གཡུལ་ཁའི་སྐབས་སུ་རྒྱག་འཕེན་དབྱུག་པ། རྒྱབ་ར། སྦར་མོ། ཁྲོལ་མ་སོགས་ཤིང་ལས་ཡོ་བྱད་བཟོ་སྐྲུན་བྱེད་ཡིན།  

ལེ་ཚན་གཉིས་པ། ཁྱད་ལས་ཐོན་ཁུངས།

མཚོ་སྣ་རྫོང་གི་ས་གནས་དམིགས་བསལ་ཐོན་རྫས་གཙོ་བོ་དབྱར་རྩྭ་དགུན་འབུ་དང་། གླ་རྩི། ལེགས་པོ་ས་ཁུལ་གྱི་ཤིང་ཕོར་དང་ཁ་གདན་སོགས་ཡིན། བོད་ཡོངས་སུ་གྲགས་ཆེ་ཞིང་བོད་རིགས་མི་དམངས་ཀྱིས་དགའ་པོ་བྱེད་པའི་འཚོ་བའི་ཡོ་ཆས་ཤིང་ཕོར་མང་ཆེ་བ་མོན་ཡུལ་ནས་ཐོན། དེ་ཡང་དཀར་ཤིང་རྫ་ཕོར་དང་། ཀོབ་ལའི་ཕོར་པ། སྤ་ཕོར། ཎིས་ཕོར། ལང་ཕོར། སྒོག་ཕོར། སྣ་ཐའི་སྣོད་འཚག་ཕོར་སོགས་ཕོར་པའི་རིགས་དང་། སྨྱུག་གཟེབ། སྨྱུག་ཕྱར། སྨྱུག་མདོང་། སྨྱུག་ཁྲོག སྨྱུག་ཧྲིལ། དམའ་སྨྱུག སིག རྨོད་མཛོབ། རྡོ་ཁོག སྒྱེ་ཕྱར། སླེའུ། ཆག་སྒམ། རྒྱ་ལྕོག གཤིང་དཀྲོལ། ཁྲ་པང་གི་ལྕོག་རྩེ། མདོང་མོ། ཟོ་བོ། ཇ་མདོང་། འབུ་རས། ཨ་ཐི་ཁ་དམར། ཁ་དཀྲིས། ཤ་པ་ཁྲའོ། འཇའ་སྒྲིག ཨི་སྒ་བུ། པང་ཐག ལྷམ་སྒྲིག ཤོག་བུ། ཚོས་སྣ་ཚོགས་དང་། ཟངས་ལྕགས་ལས་གྲུབ་པའི་ཉེར་མཁོའི་དངོས་རྫས་ཀང་མི་ཉུང་བ་ཞིག་བཟོ་སྐྲུན་ཕྱིར་ཚོང་བྱེད་ལ། དེ་མན་སྣམ་བུ་སོགས་འཐག་ལས་བྱེད་སྟངས་བོད་ཁུལ་་གཞན་དང་འདྲ་ཞིང་འབུ་རས་དང་སྒ་འཕྱར་སོགས་ཀྱི་དངོས་ཟོག་ལའང་ཐུན་མིན་གྱི་ཁྱད་ཆོས་ལྡན། གོང་གསལ་སྨྱུག་རིགས་ལས་བསྣོན་བྱས་པའི་ཉེར་མཁོའི་ཅ་དངོས་དེ་རྣམས་ཀྱི་བཟོ་དབྱིབས་ཀྱང་གྲུ་བཞི་དང་། ནར་མོ། སྒོར་སྒོར་སོགས་ས་གནས་ཀྱི་ཐུན་མིན་རང་བཞིན་ལྟ་ན་སྡུག་པའི་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་ཐོན་ལྡན་ཡོད་དོ།།[5]

 

ས་བཅད་དྲུག་པ། སྲོག་ཆགས། སྐྱེས་དངོས། གཏེར་ཁ་དང་།

སྲོག་ཆགས་ཀྱི་རིགས་ལ་དོམ་དང་། སྤྲེའུ། བྱི་ལ་དོམ་ཆུང་། གླ་བ། སྟག་དང། གཟིག དྲེད། ཤྭ་བ། འཕར་བ། རི་ཕག གླང་པོ་ཆེ། བསེ་རུ། ཁ་ཤྭ། ཝ་ནག་སོགས་གཅན་གཟན་གྱི་རིགས་དང། འདབ་ཆགས་ཀྱི་རིགས་ལ་རྨ་བྱ་དང། ནེ་ཙོ། མེ་ན། གཡེར། ཁུ་བྱུག ཐབ་ཀང་ཟེར་བའི་བྱ་རྐང་གཅིག་མ་སོགས་བྱ་རིགས་སྣ་ཚོགས་ཡོད་ཐོག  བསེ་རུའི་རྭ་དང། དོམ་མཁྲིས། གླ་རྩི། ཤྭ་བའི་ཁྲག་རྭ། སྤྲུལ་ལྤགས་སོགས་རྩ་ཆེའི་སྨན་རྒྱུའང་ཕུན་སུམ་ཚོགས།[6] སྨན་རྩྭའི་རིགས་ལ་ཨ་རུ་དང་། བ་རུ། སྐྱུར་རུ། སྤོས་དཀར། གུ་གུལ། ཙན་དན་དཀར་དམར། ན་གི། ཏིལ། དབང་ལག ཤུ་དག མེ་ཏོག་ཙམ་པ་ཀ དབྱར་རྩྭ་དགུན་འབུ། སྡོང་ཕུང་། ཡུ་གུ་ཤིང་སོགས་སྐྱེས། གཏེར་ཁའི་རིགས་ཀྱང་གསེར་བྱེ། འདམ། སོལ། ལྕགས། ཟངས། བཤའ། ལིན་སོགས་ཐོན།[7]

ས་བཅད་བདུན་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

ལེ་ཚན་དང་པོ། དགོན་སྡེ།

ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད།
རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ། ཕྱི་ལོ་ ༡༦༨༠། ༸གོང་ས་ལྔ་པ་ཆེན་པོ། དགེ་ལུགས།
བཀྲ་ཤིས་མཐོང་སྨོན་དགོན། རབ་བྱུང་ ༨། འཇམ་དབྱངས་ཆོས་ཀྱི་གྲགས་པ། བཀའ་བརྒྱུད།
མཆོད་རྟེན་དཀར་པོ། རབ་བྱུང་ ༡༢། འཁྲུལ་ཞིག་ཆེན་པོ་ནམ་མཁའི་རྣལ་འབྱོར། བཀའ་བརྒྱུད།
སྤྱང་མོ་དགོན། འཇམ་དབྱངས་ཆོས་ཀྱི་གྲགས་པ། བཀའ་བརྒྱུད།
མཚོ་སྣ་དགོན་པ་རྩེ།
དཔལ་ལྷའི་མཆོད་ཁང་། རྗེ་འཇམ་དབྱངས་ཆོས་ཀྱི་གྲགས་པ། བཀའ་བརྒྱུད།
དགེ་བ་དགོན། རྙིང་མ།
སྲིན་མོ་བྲག་ལྷ་ཁང་། རྙིང་མ།

ལེ་ཚན་གཉིས་པ། གྲགས་ཅན་མི་སྣ།

ཨང་། མཚན། འཁྲུངས་ཡུལ། འཁྲུངས་འདས། མཆན།
རྒྱལ་བ་ཚངས་དབྱངས་རྒྱ་མཚོ། ལ་འོག་ཡུལ་གསུམ། ༡༦༨༣-༡༧༠༦ རྒྱལ་མཆོག་སྐུ་ཕྲེང་དྲུག་པ།
མཚོ་སྣ་བ་ཤེས་རབ་བཟང་པོ། མཚོ་སྣ། ༡༣༡༠- ལེགས་བཤད་ཉི་མའི་འོད་ཟེར་རྩོམ་པ་པོ།
གཏེར་སྟོན་རཏྣ་གླིང་པ། ཆུ་དྲོན་མ་ཤང་། ༡༤༠༣-༡༤༧༩ ཁོང་གི་སྐུ་ཐོག་གསུམ་གྱི་གཏེར་སྐལ་སྐུ་ཐོག་འདི་རང་དུ་བཞེས་པས་ཞིག་པོ་གླིང་པ།འགྲོ་འདུལ་གླིང་པ།རཏྣ་གླིང་པ་ཞེས་མཚན་གསུམ་དུ་གྲགས།
སྣ་ནམ་རྡོ་རྗེ་བདུད་འཇོམས། ཆུ་དྲོན་མ་ཤང་། དུས་རབས་ ༨། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་དང་། རྗེས་འབངས་ཉེར་ལྔའི་ཡ་གྱལ་ཡིན།
བྱ་འཆད་ཁ་བའི་ཡེ་ཤེས་རྡོ་རྗེ། སྦྱོར་ར་ཁུལ། ༡༡༠༡-༡༡༧༥ རྗེ་རས་ཆུང་པ་སོགས་ལ་གདམས་པ་གསན་ཏེ་སྒྲུབ་པའི་གོ་འཕང་བརྙེས། ཁོང་གི་ཞལ་སློབ་གྲགས་ཆེ་བ་ནི་རོང་པོ་བྱང་ཆུབ་སེམས་དཔའ་སོགས་མཆིས།
སངས་རྒྱས་སྒོམ་པ་ཚུལ་ཁྲིམས་ཤེས་རབ། སྦྱོར་ར་ཤང་། ༡༢༨༤-༡༣༣༨ མཚོ་སྣ་བ་ཤེས་རབ་བཟང་པོའི་ཞལ་སློབ། ཁོང་གིས་བྱ་ཡུལ་དགོན་གྱི་གདན་ས་ལོ་བཅུ་གསུམ་རིང་བསྐྱངས།
སངས་རྒྱས་སྟོན་པ་ཚུལ་ཁྲིམས་སེང་གེ། ཆུ་དྲོན་མ་ཤང་། ༡༢༦༤-༡༣༢༥ ཁམས་ལུང་པ་རིན་ཆེན་སེང་གེའི་ཞལ་སློབ། ཁོང་གིས་བྱ་ཡུལ་དགོན་གྱི་གདན་ས་ལོ་བཅུ་གསུམ་རིང་བསྐྱངས།
ཆོས་རྗེ་ཀུན་དགའ་རྒྱལ་མཚན། མོན་མཐའ་ཡུལ་བསྟན་ཆར། ༡༤༩༧-༡༥༦༨
གཏེར་སྟོན་རིན་ཆེན་གླིང་པ། སྦྱོར་ར་ཤང་། དུས་རབས་ ༡༣།
༡༠ གཏེར་སྟོན་རྒྱ་ཕུར་བ། ཆུ་དྲོན་མོ་ཤང་། དུས་རབས ༡༣།

ས་བཅད་བརྒྱད་པ། དམངས་སྲོལ།

དང་པོ། ཕུང་པོའི་མདུན་སར་གཞས་གཏོང་བ།

    མཚོ་སྣ་རྫོང་ཁུལ་གྱི་ས་གནས་ཕལ་མོ་ཆེར་བུ་མོ་ཤི་ན་འདས་པོའི་གྲོགས་མོ་གཉིས་དང་། བུ་ཤི་ན་འདས་པོའི་གྲོགས་པོ་གཉིས་ཆེད་དུ་འབོས་ནས་གཞས་གཏོང་བའི་ཐུན་མིན་གྱི་ལུགས་སྲོལ་ཞིག་མཆིས། དེ་ཡང་། གཞས་གཏོང་མཁན་གཉིས་པོས་འདས་པོའི་སྐུ་ཕུང་གི་གཡས་གཡོན་དུ་སྡོད་ཅིང་། སྐུ་ཕུང་གི་མདུན་ལྕོག་ཏུ་ཇ་ཆང་དང་ལྟོ་ཆས་ཤིང་འབྲས་སོགས་བསྒྲིགས་བཤོམ་ཡང་བྱེད་སྲོལ་འདུག གཤིན་པོར་གཏོང་བའི་གཞས་ཚིག་གི་ནང་དོན་གཙོ་བོ་ཡང་། ཆུང་དུས་འཚར་ལོངས་བྱེད་སྟངས་ཀྱི་འཚོ་བའི་སྤྱོད་ལམ་དྲན་གསོ་གཏོང་ཞིང་། ལྷག་པར་ཞིང་ལས་འདེབས་བསྐོ་དང་། དུད་འགྲོ་འཚོ་བ། ཤིང་འཐུ་བར་འགྲོ་སྐབས་སོགས་མི་ཚེའི་འཚོ་བའི་བརྒྱུད་རིམ་དང་འབྲེལ་བའི་རིམ་པ་དག་སྐྱོ་ངག་གི་དབྱངས་ལ་འགྱེར་ནས་གཏོང་བ་ཡིན།[1]

 

གཉིས་པ། ཀློ་པའི་སྡོང་འགེལ་ཕུང་སྦས།

   མཚོ་སྣ་རྫོང་ཁོངས་ཀྱི་ཀློ་པས་སྡོང་འགེལ་ཕུང་སྦས་ནི་གནའ་བོའི་འདས་མཇུག་གི་བྱེད་སྒོ་ཞིག་རེད། ཀློ་པ་ཁག་ཅིག་གིས་ད་དུང་ཕུང་པོ་སྡོང་པོའི་ལོགས་སུ་སྦས་དགོས་དོན་ཡང་། ཀློ་པས་ཤིང་སྡོང་ནི་ཚེ་སྲོག་ཡོད་ཚད་ཀྱི་གནས་ས་དང་། རྣམ་ཤེས་ངལ་གསོ་བའི་གནས་ཡིན་པ་དང་། མི་ཚོས་ཕུང་པོ་སྡོང་འགེལ་དུ་སྦས་པས་གཤིན་པོའི་རྣམ་ཤེས་ཤིང་སྡོང་སྟེང་བཅོལ་ཐུབ་ལ། ནགས་ཚལ་གྱི་གདོན་འདྲེའི་སྐྱབས་འོག་ནས་མ་དོར་བ་མ་ཟད། གཤིན་པོའི་རྣམ་ཤེས་ལ་གདོན་འདྲེའི་མནར་གཅོད་མ་ཕོག་པར་མཐོ་རིས་སུ་གཤེགས་པའམ་ཡང་ན་རྣམ་ཤེས་གཞན་ལ་འཕོ་ཐུབ་པ་ཡོང་གི་ཡོད། འདི་ལྟར་བྱས་ཚེ་འཚོ་ཞུགས་ཀྱི་མི་རྣམས་ལ་གཤིན་པོའི་རྣམ་ཤེས་ཀྱི་གནོད་པ་མི་ཕོག་པར་བདེ་སྐྱིད་ཞི་ལྷོད་ཡོང་བའི་ངོས་འཛིན་བྱེད་སྲོལ་ཀྱི་ལུགས་རྒྱུན་འཛིན་བྱས་པ་ཞི་ཡིན་ནོ།།[2]

 

གསུམ་པ། གཉེན་སྒྲིག་གི་ལམ་སྲོལ།

   མོན་ཡུལ་གྱི་གཉེན་སྒྲིག་བྱེད་སྟངས་ཐད་བཟའ་ཚོ་ཕལ་ཆེ་བ་ཁྱོ་ཤུག་གཅིག་གམ་བཟའ་གསུམ་གྱི་གཉེན་སྒྲིག་ལམ་སྲོལ་ཡོད། གཉེན་སྒྲིག་བྱ་ཡུལ་ཐད་མ་ཕྱོགས་ཀྱི་ཞང་པོའི་རྒྱུད་ཀྱི་གཉེན་ཚན་ནང་ཁུལ་གཉེན་སྒྲིག་བྱས་ན་ལེགས་པར་བརྩི་བ་ལས། ཕ་རྒྱུད་སྤུན་ཉེ་དང་མ་ཕྱོགས་སྲུ་མོའི་རྒྱུད་ཀྱི་གཉེན་ཚན་ནང་ཁུལ་གཉེན་སྒྲིག་བྱེད་མི་ཆོག[3] མི་རིགས་གཞན་དབར་ལ་གཉེན་སྒྲིག་བྱེད་མི་ཆོག་པའི་བཀག་རྒྱ་ཆེ་བ་གང་ཡང་མེད་པ་མ་ཟད། མཚོ་སྣ་རྫོང་ལེགས་པོ་ཁུལ་དུ་རིགས་རུས་མཐོ་དམན་དབར་ལའང་གཉེན་སྒྲིག་བྱེད་མི་ཆོག་པའི་བཀག་རྒྱ་ཆེ་བ་གང་ཡང་མེད། མདོར་ན། ཕོ་མོའི་གཉེན་སྒྲིག་ལ་རང་དབང་གང་ཙམ་ལྡན། སྤྱིར་ཕྱི་ཚུལ་དུ་གཉེན་སྒྲིག་ཕ་མས་ཐག་གཅོད་པ་མང་རུང་དོན་དུ་ཕྲུ་གུའི་བློ་མོས་མ་བྱུང་ན་བྱེད་ཐབས་མེད།[4]

བཞི་པ། མཚོ་སྣ་རྫོང་ཀླུ་པོ་མོན་པའི་ཨ་ཅེ་ལྷ་མོ།

མཚོ་སྣ་རྫོང་ཀླུ་པོ་མོན་པའི་ཨ་ཅེ་ལྷ་མོ་ནི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ། བྱམས་པ་མཁའ་ལུང་གིས་ལྷ་ས་ནས་ཆོས་རྒྱལ་ནོར་བཟང་གི་ཟློག་གར་འཁྲབ་གཞུང་གི་དཔེ་དེབ་ཞིག་ཁྱེར་ཡོང་ནས། ཀླུ་པོ་ས་ཆར་ཨ་ཅེ་ལྷ་མོའི་ཟློས་གར་དར་མགོ་ཚུགས་པ་ནས་ད་ལྟའི་བར་ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན། མོན་པའི་ཨ་ཅེ་ལྷ་མོ་ཟློས་གར་ལ་འཁྲབ་སྟོན་པ་དྲུག་དང་རྔ་རྡུང་མཁན་གཅིག་བཅས་ཀྱི་གྲུབ་ཅིང་། ཚང་མ་སྐྱེས་པ་ཡིན། ཀླུ་པོ་ནི་ད་ལྟའི་བོད་ལྗོངས་ལྷོ་ཁ་མཚོ་སྣ་རྫོང་ཀླུ་པོ་ས་ཁུལ་དུ་འཚོ་སྡོད་བྱེད་མཁན་གྱི་མི་རིགས་ལ་གོ་དགོས་སོ། །

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གངས་ལྗོངས་རིག་གནས། ཕྱི་ལོ་ ༡༩༨༩། ༤ ཤོག་ ༧༧།

[2] གངས་ལྗོངས་རིག་གནས། ཕྱི་ལོ་ ༡༩༩༣།༢ ཤོག ༨༢།

[3]  བོད་ལྗོངས་སྤྱི་བཤད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༡། ཤོག ༥༠།

[4] བོད་ལྗོངས་སྤྱི་བཤད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༡།༥ ཤོག་ ༥༡།

[1] དྷ་ས་བོད་ཀྱི་དཔེ་མཛོད་ཁང་། ཡིག་རིགས་ཨང་། ༧༡༩

[2] (1)武振华. 西藏地名. 中国藏学出版社 1995年.

(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་

༡༩༧༩། ཤོག ༡༡༣།

[3] སྦས་ཡུལ་སྐྱིད་མོ་ལྗོངས་ཀྱི་ཆོས་འབྱུང་། མོན་གྱི་ནང་བསྟན་རིག་གཞུང་འཛིན་སྐྱོང་ཚོགས་པ། ཕྱི་ལོ་ ༢༠༠༢། ཤོག ༨༡།

[4] (1)武振华.西藏地名.中国藏学出版社.1995年.

[5] བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་རྒྱུ་ཆ་བདམས་བསྒྲིགས། འདོན་ ༢། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༣། ཤོག ༡༦༡།

[6] བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་རྒྱུ་ཆ་བདམས་བསྒྲིགས། འདོན་ ༢། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༣། ཤོག ༡༦༠།

[7]西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 98.

བརྒྱུད་སྐུལ།

མཆན་སྤེལ།