དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷུན་རྩེ་རྫོང་གི་ཁྲལ་བསྡུ་ཁྲིམས་གནོན།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷུན་རྩེ་རྫོང་གི་ཁྲལ་བསྡུ་ཁྲིམས་གནོན།

གཉིས་པ། ཁྲལ་བསྡུ་ཁྲིམས་གནོན།

ལྕགས་སྟག་(༡༨༣༠)ཟླ་ ༥ ཚེས་ ༤ ཉིན་ཡོངས་སུ་གཏན་འབེབས་མཛད་པའི་གཡུ་རྒྱལ་ལྷུན་རྩེ་ཁུལ་གྱི་《ལྕགས་སྟག་ཞིབ་གཞུང་།》ཡིག་ཆ་ཨང་ ༢༢ པ་ནང་གསལ་ལྟར་ན། ལྷུན་རྩེ་རྫོང་དང་། སྦྱོར་ར་གཞིས། སྦྱར་གཞིས་བཅས་གཡུ་རྒྱལ་ལྷུན་རྩེ་འོག་རྫོང་དང་རྫོང་གཞིས་ཁག་གི་གཞུང་སྒེར་ཆོས་གསུམ་གྱི་ཁྲལ་འཁྲི་བསྡོམས་འབོར་ནི། ལྷུན་རྩེ་རྫོང་འོག་རང་ལ་གཞུང་རྒྱུག་སྒྲུབ་རྐང་བཞི་བརྒྱ་ཉི་ཤུ་རྩ་བཞི་དང་གསུམ་ཆ་གཅིག

སྒེར་པ་འདོན་ཉིས་བརྒྱ་བཅུ་གཅིག་དང་དྲུག་ཆ་གཅིག  མཆོད་གཞིས་སྒྲུབ་འདོན་བརྒྱ་དང་བཅུ་བཞི་དང་། དྲུག་ཆ་ཕྱེད་གསུམ་བཅས་འཁྲི་ལ། དེ་མཚུངས་སྦྱར་སྨད་དུ་མཆོད་དུ་གཞིས་འདོན་བརྒྱ་དང་བཅུ་བདུན་དང་། སུམ་ཆ་དྲུག་གི་ཕྱེད་གསུམ། སྒེར་འདོན་ཉིས་བརྒྱ་བཅུ་གཉིས་དང་གསུམ་ཆ་དྲུག་གི་གཅིག དེ་བཞིན་བྲམ་བཙན་རྐང་གཉིས་དང་། གཞུང་རྒྱུག་རྐང་ལྔ་བརྒྱ་ཉི་ཤུ་རྩ་གཅིག་འཁྲི་བར་གསལ།[1] གཉལ་ཁུལ་དུ་མཆོད་གཞིས་འདོན་དགུ་དང་། གཞུང་རྒྱུག་རྐང་ཉིས་བརྒྱ་ཕྱེད་ལྔ་དང་བརྒྱད་ཆ་གཅིག གཞན་ཡང་། ཁུལ་དེར་མཆོད་གཞིས་གཞི་རྒྱ་ཆེ་ཤོས་ཁག་ནི་གཉལ་སྡེ་དྲུག་གི་ཁོངས་དག་ཡིན་འདུག་ལ། ཆོས་གཞིས་དེ་རྣམས་ཀྱང་གཞུང་ས་དགའ་ལྡན་ཕོ་བྲང་གི་ཐོག་མའི་དུས་སྐབས་ནས་བཟུང་། སྲིད་དབང་འཕོ་འགྱུར་རིམ་འཇགས་སུ་བཀའ་གཏན་རིམ་བསྩལ་གྱིས་མཆོད་ཐེབས་སུ་སྦྱིན་འཇགས་ཡོད་པ་ནི། གཉལ་སྡེ་དྲུག་ལ་བསྩལ་བའི་བཀའ་རྒྱ་དབྱེ་མཚམས་འདྲ་གཉིས་མ་ཞེས་པར་ས་ཕག་ལོར་༸གོང་ས་༸ལྔ་ཆེན་པོས་བསྩལ་བའི་གཏན་ཚིག་དང་། ཆུ་བྱ་ལོར་༸གོང་ས་མཆོག་ནས་སྩལ་བའི་ཤེས་བམ། མེ་བྱི་ལོར་མི་དབང་ཕོ་ལྷའི་གཏན་ཚིག་རྒྱབ་གནོན། ཤིང་བྱི་ལོར་༸རྒྱལ་མཆོག་བཅུ་གཉིས་པ་ཆེན་པོས་བརྩལ་བའི་སྤྲོད་རྒྱའི་དགོངས་དོན་གཏན་ཚིག་སོགས་རིམ་པར་ཡོད་པ་རྣམས་སུ། སྡེ་དྲུག་ལ་ཆོས་གཞིས་མི་སེར། ས་རིས་ཞིང་ཁང། ཕུ་འབྲོག རྩ་ཆུ་དབང་རིས། སྐྱེ་བཙུག་གི་ཤིང་སོགས་ཕྱི་ནང་གི་འཛིན་དབང་བདག་ཐོབ་བསྩལ་འདུག[2] དེར་མིན་འབྲུག་སྒར་པའི་མཆོད་གཞིས་སོགས་ཆོས་གཞིས་ཆེ་གྲས་སྐོར་ཞིག་ཀྱང་ཡོད། སྒེར་པ་མི་དྲག་གི་ས་རིས་སུའང་ཞིབ་གཞུང་ལྟར་ན་སྒེར་བྱ་པ་རྐང་བཞི་བརྒྱ་དང་བཞི་གསུམ་ཆ་གཅིག་ལ་ཉིས་སྣའི་འདོན་གཉིས་བརྒྱ་དང་གཉིས་དྲུག་ཆ་གཅིག་གི་ཁྲལ་འཁྲི་ས་རིས་ཡོད་པ་སོགས། སྒེར་པ་དྲག་བཙན་ཡང་འགའ་ཞིག་མཆིས་སོ།།[3]

ལྷུན་རྩེ་རྫོང་ཁོངས་སུ་གཞུང་སྒེར་ཆོས་གསུམ་གྱི་ཁྲལ་པ་མི་སེར་གྱིས་འཁྲི་སྒྲུབ་བྱེད་དགོས་པའི་ཕྱི་ནང་གི་ཁྲལ་གྱི་རྣམ་གྲངས་སུ། ཞེ་བོ་བློ་བཟང་དར་རྒྱས་ལགས་ཀྱིས་ཁྲལ་ཆེན་བཞི་སྟེ། དམག་ཕོགས་རྒྱ་འབྲུ་དང་། ཤིང་ཁྲལ། སྨོན་རྔོད་ཅེས་སྨོན་ལམ་ཆེན་མོའི་གྲྭ་རྩམ། འདམ་ར་རྔ་བསྡུའི་ལས་དོད་བཅས་འཁྲི་སྒྲུབ་དགོས་སྐོར་གསུངས་པ་ལྟར།[4] དབུས་གཙང་རྫོང་གཞིས་སྤྱི་ཁྱབ་ལྟར་ཕྱི་ཁྲལ་རྒྱ་ཤིང་སྨོན་བརྔོད་རྩ་ཚིག་འབྲུ་དོན་བཞིན་སྒྲུབ་དགོས་པའི་སྟེང་། ནང་ཁྲལ་དུ་སྤུས་མར། རྩྭ་སོག ནས་སྲན། རྩམ་པ། བརྔོ་ལག་འདོན་དང་སྐྱེལ་འདྲེན། རྩྭ་ཤིང་ལག་འདོན་དང་གཅོད་འདྲེན། བཅུ་དཀར་ཁྲལ། གད་འུལ། གར་དགོས། རྟ་དྲེའི་འུ་ཁྲལ། གསོས་འབྲེམས། ཟམ་རྒྱག རག་རྒྱག་སོགས་རྐང་འགྲོ་ལག་འདོན་གྱི་ཁྲལ་འུལ་འཁྲི་སྒྲུབ་ཆེ་རིགས་དེ་རྣམས་ཡིན་པ་ནི། ཤིང་ཕོ་སྟག་ལོ་(༡༩༡༤)ཟླ་ ༡༢ ཚེས་ ༢༦ ལ་བཀའ་ཤག་ནས་ལྷུན་རྩེ་རྫོང་སྡོད་ལ་བསྩལ་བའི་རྩ་ཚིག་ཏུ། གོང་གསལ་ཁྲལ་རིགས་དེ་རྣམས་མིང་དུ་སྨྲོས་ནས་གཉལ་སྡེ་དྲུག་དགོན་གནས་ཆོས་གཞིས་ཁག་ལ། རྫོང་སྡོད་དྲག་ཞན་སུས་ཀྱང་བསྙད་གཙེར་བཟོས་མ་བདེ་བ་སྤུ་ཙམ་བྱེད་མི་ཆོག་པའི་བཀའ་ཡིག་བསྩལ་ཡོད་པ་ལས་རྟོགས་ནུས།[5]

སྤྱིར་ལྷུན་རྩེ་རྫོང་རང་གི་ཁྲལ་འབབ་ཆེ་ཤོས་ནི་རྫོང་གི་མངའ་ཁོངས་ཀྱི་ལྡིང་ཁག་ཉི་ཤུ་རྩ་བཞིའི་ཕྱི་ནང་གི་ཁྲལ་རིགས་རྣམས་ཡིན་ལ། དེ་བཞིན་《ལྕགས་སྟག་ཞིབ་གཞུང་།》ལྟར་ན་རྫོང་སྐྱོང་གིས་འདེབས་བདག་བྱས་རིགས་ཀྱི་ས་རྟེན་ཁྲལ་རྐང་ཡང་འབོར་ཆེན་ཞིག་ཡོད་པར། རྫོང་སྡོད་སྦྲེལ་པོའི་ལས་ཁུངས་སོ་སོར་རྒྱ་ཤིང་བརྔོད་གསུམ་གྱི་ལག་འདོན་ཁྲལ་འབབ་དངུལ་བསྒྱུར་གྱིས་གཞུང་འབུལ་དང་། རྐང་འགྲོར་མཚོ་སྣ་ནས་ལོ་རེ་རྒྱ་འབྲས་ཐེངས་བཞི་སྐྱེལ་འདྲེན་གྱིས་ཐེངས་རེར་ཁལ་མ་བརྒྱ་དང་ཉི་ཤུ་རེ་ཡོང་བ་བརྡལ་གཏོང་རྒྱུག་དགོས་པར། ཁལ་མ་རེར་བརྡལ་གླ་སྲང་གང་རེ་བརྩིས་ནས་འབྲས་འདྲེན་གཉིས་ཀྱི་བརྡལ་གཏོང་གཡོར་སྤེ་ཁུལ་ནས་ལྷུན་པོ་སྒང་བར་གཡོར་སྤེ་གཞུང་རྒྱུག་འདུ་ཁོངས་དང་། རྫོང་སྡོད་ནས་བྱེད་སྲོལ་གཏན་འབེབ་བྱུང་འདུག དེ་འཕྲོས་ལྷུན་རྩེ་ལྡིང་ཁག་གཞུང་རྒྱུག་བྱིངས་ནས་དམག་རྐང་བཞི་བཅུ་ཞེ་གཉིས་སྒྲུབ་དགོས་པ་ཕུད། གཞན་རྒྱ་བསོས་སོགས་ཀྱི་དངུལ་འབབ་རྫོང་སྡོད་སྤྲེལ་པོ་རང་ནས་གཞུང་འབུལ་དང་། ཞིང་གཡོག་འདེབས་ལས་སོགས་ཀྱང་སྤྲེལ་པོའི་གཡོ་ཁོངས་ནས་སྒྲུབ་དགོས་པ་ལས་མི་སེར་ཐོག་ཁྲལ་བསྐུལ་བརྡབས་བསིགས་རིགས་བྱས་མ་ཆོག་པར་གསལ།[6]

རྫོང་དེའི་སྒེར་ཆོས་ཁག་གི་ཕྱི་ནང་གི་ཁྲལ་འབབ་འཁྲི་སྒྲུབ་ལ་མཚོན་ནའང་གཞུང་སའི་བཀའ་ཤོག་དང་གཏན་ཚིགས། དེ་བཞིན་ཞབས་སྡོད་སྣེ་མོ་བ་ཡོད་རིགས་ལ་རྫོང་སྡོད་སོགས་ཀྱིས་རྒན་ཆག་དང་། ལྡིང་ཆག ལས་ཆག གར་ཆག་བཅས་ནང་ཁྲལ་གྱི་རིགས་ལ་ངོ་ཆག་མི་ཉུང་བ་ཞིག་གཏོང་སྲོལ་མཆིས་ཀྱང་། ཕྱི་ཁྲལ་ལ་གཞུང་སའི་ཞིབ་གཞུང་དུ་འཁོད་པའི་ཆག་འོས་རེ་གཉིས་མ་གཏོགས་གཞན་རྫོང་སྡོད་དང་འདུ་སྤྱིས་བར་མ་ལག་ནས་རང་མཚམས་ཀྱིས་ཆག་བཏང་མི་ཆོག་ལ། ལྷག་པར་ས་ཚིགས་ཀྱི་བསྒྲུབ་བྱ་ས་རྫོང་སྒྲུབ་བླང་གི་བསྐུལ་གཏོང་སྒུག་རེས་སོགས་སྐྱེལ་འདྲེན་ལ་རྟ་ཁལ་གྲངས་བཅས་ལྟར་སྤྱི་འདྲེ་འདུར་སྒྲུབ་དགོས་རྒྱུ་ལས་ཆག་གཏོང་གསར་སྤྲོས་རིགས་ཏེ། གསར་དུ་དོད་བསྒྲིལ་དང་། རྐང་འགྲོ་བོགས་བསྒྱུར། རང་མཚམས་ཀྱིས་རྟ་ཁལ་བོགས་མ་སོགས་དྲག་ཞན་སུས་ཀྱང་མི་ཆོག་པའི་གཏན་འབེབས་མཆིས། དེ་མཚུངས་སྒེར་ཆོས་ཁག་ནས་གཞུང་རྒྱུག་ཁྲལ་རྒྱབ་སྟོངས་རྙིང་དང་། སྤྲོད་བུད་ཀྱི་ས་རིགས་སོགས་སྟོང་པ་ཡིན་ཚུལ་ལ་བསྙད་དེ་སྒེར་ཆོས་ཁག་ནས་འདེབས་དག་བྱས་རིགས་ཡོད་པ་ཚོས་ས་རིགས་རྗེས་འབྲངས་ཀྱི་ཁྲལ་རིགས་འགེལ་བཀོད་བྱེད་པ་ལས། ས་ཞིང་སྒེར་བདག་གི་ཁྲལ་རིགས་གཞུང་རྒྱུག་ཐོག་ནག་པོ་ཡོར་འགེལ་སོགས་མི་འཐུས་པ་མ་ཟད། རྫོང་སྡོད་ནས་དགོན་སྡེ་ཁག་གི་མཆོད་རྒྱུན་གཏོང་ཐེབས་ཀྱི་ས་ཞིང་འབྱེད་གཏན་ཡིག་རིགས་ཀྱི་ཆོད་ངེས་གང་ཡིན་ལ་རྩོད་འཕྲོག་དང་། ཁྲལ་གསར་འགེལ་གྱིས་མཆོད་རྒྱུན་ཉམས་ཆག་ལས་དགོན་སྡེ་འཐོར་རྐྱེན་དུ་འགྲོ་རིགས་བྱ་མི་ཆོག་པ་སོགས་གསལ།[7]

གཞན་ཡང་། ལྷུན་གྲུབ་རྫོང་གི་དམག་ཁྲལ་བསྐུལ་གཏོང་ཐད་རྩ་ཚིག་འདྲ་གཉིས་མ་ནང་གསལ་ལྟར་ན། མེ་ཁྱི་[8]ཕྱི་གླིང་པ་དང་གཡུལ་འཁྲུག་སྐབས་དམག་མིའི་ཕོགས་དེད་སྒེར་ཆོས་འདོན་རེ་ནས་དངུལ་སྲང་དོ་རེ་དང་། གཞུང་རྒྱུག་དང་སྦྲ་འབྲོག་རྐང་རེ་ནས་དངུལ་སྲང་གང་རེ། ཆུ་བྱི་(༡༩༡༢)ལུའུ་ཅུན་རྒྱ་དམག་མཐར་བསྐྲོད་སྐབས། སྒེར་ཆོས་འདོན་རེ་ནས་རྫས་རྒྱུའི་ཕུལ་བཞི་རེ་དང་། ཞ་ཉེ་འདེགས་ཉག་གང་རེ། གཞུང་རྒྱུག་དང་འབྲོག་སྦྲ་རྐང་འདྲ་བར་རྫས་རྒྱུའི་ཕུལ་དོ་རེ་དང་། ཞ་ཉེ་མཁར་འདེགས་ཀྱི་སྤོར་གསུམ་རེ། ས་རྟ་(༡༩༡༨)དམག་བསྐུལ་སྐབས་སྒེར་ཆོས་འདོན་བཞི་དང་གཞུང་རྒྱུག་རྐང་བརྒྱད་ནས་དམག་རེ་བསྐུལ་ལམ་བྱུང་འདུག་ཅིང་།[9] དེ་མིན་རྒྱུན་གཏན་དམག་ཁྲལ་ཐད་གཞུང་སྒེར་ཆོས་གསུམ་རྒྱུག་པ་ལེབ་འདུར་གྱི་རྐང་འདོན་འདྲ་མཉམ་སྟེ་རྐང་གཅིག་ལ་དམག་མི་གཅིག་འཁྲི་སྒྲུབ་དགོས་པ་ཡིན་ནོ། དེ་མིན་གཞུང་ས་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་དུས་འགྱུར་མ་བྱུང་བར་གཞུང་འཛིན་འཕོ་འགྱུར་རིམ་པར། རྫོང་གཞིས་ཁག་ཏུ་ཞིབ་གཞུང་དང་རྩ་ཚིག་བཀོད་རྒྱ་རིམ་བྱུང་ཇི་ལྟར་ཡང་། གཞུང་སྒེར་ཆོས་གསུམ་གྱི་ཁྲལ་གྱི་སྒྲུབ་ཆག་འཇགས་གསུམ་རྩ་དབྱིངས་ལ་འགྱུར་བ་དམིགས་བསལ་སོང་མེད་ཀྱང་། གཞུང་དོན་ཁུ་འདུས་སླད་རྐང་འདོན་རྒྱས་བསྡུས་ཡུལ་དུས་གནས་སྐབས་ལ་ལྟོས་པས་སོང་ཡོད་པ་ལས། ཁྲལ་འབབ་འབྲུ་དངུལ་གྱི་འཛའ་ཐང་བརྩི་སྲོལ་ཡང་མི་འདྲ་བ་ར་བྱུང་ཡོད།

ལྷུན་རྩེ་རྫོང་ལའང་ཁྲལ་སྒྲུབ་འབྲུ་རིགས་ནས་དངུལ་འཇལ་དུ་འགྱུར་ཡོད་པ་ཡང་། གཉལ་ལུང་པ་འབྲུ་ཡི་བང་མཛོད། མུ་གེ་བྱུང་ན་སྔོན་ལ་ཡོང་། ཞེས་བཤད་སྲོལ་ཡོད་པ་ལྟར། རྫོང་ཁུལ་དེའི་མངའ་ཞབས་ཁྱོན་ཡོངས་ས་རྒྱ་ཆེ་ཞིང་འབྲུ་རིགས་ཐོན་ཁུངས་ཧ་ཅང་བཟང་བས། ཐོག་མའི་འཆར་གཞུང་གི་ཁྲལ་འབབ་དེ་དག་ཀྱང་འབྲུ་དང་བསྟུན་ནས་གཏན་འབེབས་མཛད་འདུག་ཅིང་། ལྡིང་ཁག་སོ་སོོའི་འཇལ་བྱེད་འབོ་བྲེ་ཁག་མི་འདྲ་བ་བཅུ་ལྷག་ཡོད་པ་ལས། འབོ་ཆེ་ཤོས་ལ་འབྲུ་རུའི་ཁལ་གཉིས་དང་བྲེ་བཅུ་ལྷག་ཡོད་པ་དང་། འབོ་ཆུང་ཤོས་ལ་མཁར་བྲེ་བཅུ་ཡས་མས་ལས་མི་འགྲོ་བ་སོགས་ཀྱི་ཁྱད་ཧ་ཅང་ཆེན་པོ་དངོས་སུ་ཡོད་ཀྱང་། དུས་ཕྱིས་ས་ཚིགས་དོས་ཁལ་སྐྱེལ་འདྲེན་སླ་བའི་ཆེད་དུ་ཁྲལ་འབབ་དངུལ་བསྒྱུར་གྱིས་འཁྲི་སྒྲུབ་ལམ་སྲོལ་ཆགས་འདུག་ལ།[10] དུས་སྐབས་དེའི་འབྲུལ་དངུལ་གཉིས་འཛའ་ཐང་ལས་འབྲུའི་འཛའ་མཐོ་ཤོས་ལ་འབྲུ་ཁལ་རེར་ཕལ་ཆེར་དངུལ་ཞོ་གསུམ་སྐར་ལྔ་རེ་སྐོར་ཐང་འབབས་ཀྱང་། དུས་ཕྱིས་རིམ་གྱིས་འཛའ་ཐང་འཕོ་གྱུར་བྱུང་བས་ཡུལ་ཐང་འབྲུ་ཁལ་རེར་དངུལ་སྲང་༡༥༠ ཡན་བྱེད་སྲོལ་ཡང་བྱུང་འདུག་པ་དེ་སྔ་ལས་བར་ཁྱད་ལྡབ་བརྒྱ་ཕྲག་འགའ་ཤས་འཕར་ཡོད་འདུག[11]

དེ་མཚུངས་རྫོང་གཞིས་སྤྱི་དང་འདྲ་བར་ལྷུན་རྩེ་རྫོང་ནས་ཀྱང་རྒྱལ་པོ་ས་ཡི་དྲུག་ཆའི་དཔྱད་འབབ་ཅེས་སོན་འགྲོའི་དྲུག་ཟུར་རེ་ས་ཁྲལ་དུ་འབུལ་དགོས་པ་ནི། ལོ་རེའི་སྟོན་ཐོག་གི་འབྲུ་ཕུད་ལྟ་བུར་རང་མོས་དང་དོད་ཀྱིས་འབུལ་སྲོལ་དང་། ཡོང་བཞེས་འབབ་བསྡུའི་ཉིན་མི་སེར་ཁྲལ་པ་ཚོས་ཕན་ཚུན་འགྲན་རྩོད་ལྟ་བུས་འབྲུ་འདྲེན་རྟ་དྲེལ་དང་། བོང་བུ་སོགས་ལ་རྒྱན་སྤྲོས་གཟབ་འཕྱོར་ཐོག་ནས་འཁྲལ་སྒྲུབ་བྱེད་ལམ་ཡོད་པར་བཤད། དེ་མིན་ལྷུན་རྩེ་རྫོང་འོག་མི་སེར་ནས་རང་ཁོངས་ཙམ་མ་ཟད་དྭགས་པོ་དགའ་རབ་དགོན་ལྟ་བུར་གྲྭ་ཁྲལ་རྒྱུག་དགོས་ཤིང་། དགོན་དེར་གྲྭ་རྒྱུན་ཉིས་བརྒྱ་སྐོར་མཆིས་པར་གྲྭ་རྒྱུན་སོ་སོ་འདོད་མོས་ཀྱིས་སྒྲིག་ཞུགས་ཚད་བཀག་མེད་པར་བྱེད་ཆོག་མོད། རང་འགུལ་གྱིས་སྒྲིག་ཞུགས་བྱེད་མཁན་མེད་ཚེ་ལུང་པ་དེའི་ས་གནས་ཆུ་འགོ་མཇུག་གི་མི་སེར་ཐེམ་དུད་ཇི་ཡོད་ཀྱི་ཐོག་ནས་བུ་གསུམ་གྱི་ནང་ནས་བར་པ་དེ་གྲྭ་ཁྲལ་དུ་གཏོང་སྲོལ་མཆིས།[12] དེ་བཞིན་དགོན་པ་དེའི་དགོན་ལག་བཙུན་མའི་དགོན་པ་ཁ་ཤས་ཡོད་པའི་བཙུན་མ་རྣམས་མི་ཚང་སོ་སོའི་བུ་མོ་གཉིས་ནས་གཅིག་བཙུན་ཁྲལ་ལ་འཇུག་དགོས། ཡང་དགོན་པའི་གཏན་འབེབས་དེབ་གཞི་ལྟར་གྱི་བཙུན་གྲངས་མ་ལོངས་ཚེ་བུ་མོ་རེ་རེ་ལས་མེད་ཀྱང་བཙུན་ཁྲལ་སྒྲུབ་དགོས་པ་བཅས་ཁྲལ་བསྡུའི་ལམ་སྲོལ་རིམ་པ་རགས་རིམ་བཀོད་པའོ།།[13]

རྫོང་ཕྱི་ནང་གི་ཁྲིམས་གནོན་མི་སེར་སྐྱོང་ལུགས་ཐད་ཆོས་སྲིད་གཉིས་ཀའི་གཞི་འཛིན་ས་གཙོ་བོ་ནི། གཞུང་སའི་ཞལ་ལྕེ་དང་ཁྲིམས་ཡིག་རྩ་ཚིག་ཁག་གི་དབུར་འཁོད་པ་ལྟར། ཆོས་ཀྱི་༸རྒྱལ་པོ་མེས་དབེན་རྣམ་གསུམ་གྱིས་བཀས་བཅས་པའི་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གིས་སྒོ་ནས་༸རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་དམ་ལ་བརྗིད་ཆགས་པ། ཆོས་ཁྲིམས་དར་གྱི་མདུད་པ་ལྷོད་ལ་འཇམ་པ། རང་ཁྲིམས་ཐེག་པ་ཁུར་བླངས་ཡོན་ཏན་དང་ལྡན་པ་གོ་ཡུལ་དུ་བཅང་ཏེ། ལྗོངས་འདིར་སེར་སྐྱ་ཕོ་མོ་དྲག་ཞན་ལ་མ་ལྟོས་པར་ཁྲལ་འཇལ་ཁྲིམས་ཁུར་མི་དགོས་པའི་རིགས་ནི། ཆོས་ལྡན་གྱི་ཞིང་གང་ནའང་མེད་ན་ཡུལ་གྱི་བདེ་སྐྱིད་ཀྱི་རྩ་བ་ཁྲིམས་ལུགས་ཡིན་པས། མནའ་བོས་གུས་སྲོལ་༸རྒྱལ་ཁྲིམས་ཆེ་བས་བརྔམ་བརྗིད་ཐེག་པས་ཁུར་བ་དང་། དགེ་སྡིག་ལས་འབྲས་ཀྱི་ཁྲིམས་གོ་བས་ཁུར་བ། ཡུལ་ཁྲིམས་བདེ་སྐྱིད་ཀྱི་ཁྲིམས་སྒྲིག་ལམ་གྱི་ཁུར་བ། རང་ཁྲིམས་བཟང་སྤྱོད་ལྡན་པ་ངོ་ཚའི་ཁུར་བ་སོགས་ལས་འཕྲོས་ཏེ། རྫོང་སྡོད་འདུ་སྤྱི་ལྡིང་རྒན་ཞི་དྲག་གི་བགྱི་སྒོ་རྣམས་ཕྲལ་ཕྲལ་སླ་བཅོས་སུ་མ་སོང་བར་དོ་ཁུར་ཆེར་བསྐྱེད་དགོས་སྐོར་གསལ་བར་འཁོད་ཅིང་། ལྷག་པར་ཆོས་ཕྱོགས་ཀྱི་དུས་སྟོན་ཆེ་ཁག་དང་དུས་བཞིའི་བྱེད་སྒོའི་རིགས་རྒྱལ་ཁབ་ཀྱི་བཀོད་ཐམ་རྩ་ཚིག་རིན་པོ་ཆེ་སྔ་ཕྱི་རིམ་པའི་དགོངས་དོན་འཛོལ་མེད་བྱེད་དགོས།

ཡུལ་ཁྲིམས་སུ་རི་རྒྱ་ཀླུང་རྒྱ་སྔོ་ཁྲིམས་སོགས་ལས་སྔོ་ཁྲིམས་ལྟ་བུར་མཚོན་ན། རྫོང་དེའི་ཞིང་ཆུ་འདྲེན་སྟངས་ལ་ཁྲལ་འབབ་ཆེ་ཆུང་གི་དོ་སྙམ་བྱེད་པ་ལས་རང་འདོད་ཁེ་གཙང་རྐ་ཆུ་འཛུད་བསྒྱུར་གྱིས་ཧམ་ཤེད་རྩོད་འཕྲོག་རིགས་དང་། ཡུལ་སྤྱིའི་རྐ་ཆུར་གནོད་པའི་ས་སྤང་རྐོ་འདྲེན། ཆུ་ལམ་གསར་བཟོ། སྔོ་ཐོག་འགྲོ་ལམ་གསར་བཅོས། སྟོན་འབྲས་བསྲུང་རྩྭ་བཅས་ལ་སེམས་ཅན་ཆེ་ཆུང་གིས་ཟ་སྙད། ཞིང་སའི་མྱུ་གུ་འདབ་འབྲས་འཐུ་ལེན་མི་ཆོག་པ། ཞིང་ཚིགས་སྤོ་འབྲེལ་ཡོད་རིགས་ལ་ངོ་ནོར་ཚིགས་ཧམ་མུག་བཟོས་མི་ཆོག་པ། རྩྭ་འབྲུ་བཙས་རྔ་སྒོག་འདྲེན་སོགས་བླ་དཔོན་ལྷན་འཛོམས་སར་དགོང་སྐོར་ལོ་གྲོས་ཐོག་སྤྱི་སྒྲིག་གན་དོན་ལྟར་རྩ་འཛིན་ཞུ་བ་ལས་རེ་བཟུང་ནས་ཧམ་བཤད་ཁྲིམས་འཆལ་མི་ཞུ་བ། སྟོན་གཞིས་ཀྱི་ཕྱག་འདེབས་འདྲེན་འཁོད་མ་ཟིན་བའི་སུས་ཀྱང་ཚར་མ་གཡུལ་འདྲེན་སྐྱེལ་མི་ཚག་པ། སྐྱ་སེར་ཚང་མའི་གྲིབ་རིགས་སྤང་དགོས་པ། ཡུལ་གྱི་སེར་མོ་བ་རྣམས་ནས་ཀྱང་སོ་ཐར་བྱང་ཆུབ་སེམས་པའི་དམ་འདོམ་བསླབ་བྱར་གང་བརྩོན་དང་། དགོན་སྡེ་སོ་སོའི་བཅའ་ཡིག་དགོངས་དོན་རྩ་འཛིན་དགོས་པ་གོར་མ་ཆག སྐྱ་སེར་བག་མེད་ཐུན་འདེབས་མི་ཞུ་བ། མི་སྡེ་ཁྲལ་དུད་དྲག་ཞན་ནས་ཀྱང་དགེ་བཅུའི་བཀའ་ཁྲིམས་བཟང་པོ་ཡིད་ལ་བཅང་དེ་བླང་དོར་བག་ཡོད་ཕྱིན་ལོག་མ་ལོག་པས་བཀའ་ཁྲིམས་སྤྱི་ཁུར་ཞུ་བ་ལས། གཉེན་རྒྱུ་མ་རྩིས་པས་ཧོད་རྒྱུག་གི་བཟའ་ཚོ་མཐུན་འདེབས་མི་ཞུ་བའི་མཚོན། ཟ་མི་ཕ་སྤུན་ཁྱིམ་མཚེས་སོགས་གང་ཅིར་འཁྲུག་རྩོད་ཆེ་ཁྲ་རིགས་ལ་གཞིས་ལྷན་དུ་སློང་འབེབས་མ་ཞུས་པས་ཟླུམ་སྒྲིགས་དང་། ལྐོག་སུབ་མིན་པར་སྔོ་ལས་པ་རྒྱུད་སྙན་ཞུའི་ཐོག་བཀའ་དཔྱད་སྤྱི་ཁུར་ཞུ་རྒྱུ་མ་ཟད། གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོའི་བོད་ལྗོངས་ལ་ཕན་བདེའི་རྩ་ཚིག་རིམ་ཕེབས་དགོངས་དོན་དང་། སྤྱི་སྒྲིགས་ཞུ་སྒོའི་གན་རྒྱ་ཁག་ལ་རྩ་འཛིན་ཞུ་དགོས་སྨྲོས་མེད་དང་། རྫོང་རང་ནས་དབྱར་ལམ་ཕྱོགས་མི་རྐང་འཁྱར་སྐྱ་མིན་སེར་མིན་ལ་ཤ་དམར་གསོལ་བ་སོགས་འོང་འཁྲིད་ལ་མི་གཏོང་བ། རྐུན་ཇག་གྲིབ་སོགས་ནད་བག་ཡོད་རིགས་དང་། གཞན་རྩོད་ངན་དགོད་ཡོད་རིགས་ལ་གནས་གཡར་གཏན་སྐྱོབ་སྐྱེལ་བསུ་མི་ཆོག་པ།

གཞན་ཡང་། ཡུལ་གྱི་སྤྱི་ལར་གནོད་པའི་བཀའ་ཞུ་དམ་འབེབ་བྲེ་སྲང་ལོག་རྫུགས་འཚོང་ཐབ་སྦུགས་མཐུན་གྱི་ནང་གཏམ་ཕྱི་སྐྱེལ། དཔོན་ཟུར་ཚེས། རི་རླུང་རྩ་ཚིག་དང་འགལ་བའི་རྔོན་རྒྱག་རྐུན་འཕྲོག་བཅོན་རྡུང་། ནག་མོའི་སྡེར་འཛིན་བྱེད་པའི་གྲི་འདོན་སོགས་ཁྲག་སྟོན་དཀར་བྱིལ་དུ་འགྲོ་བའི་འཁྲུག་རྩོད་མི་ཞུ། སྟོན་སྐྱ་ཐིག་ནམ་ཆོད་བར་འཇིག་རྟེན་སྟེར་མི་ཞུ་བ་བཅས། བླང་དོར་གོང་གི་འབྲུ་དོན་ལ་འགལ་རིགས། བྱེ་བྲག་ང་མིན་ཁོ་ཡིན། དྲན་གཏམ་གསར་སྐྱེད་སོགས་མི་དགེ་བའི་ལས་འདིར་ཚིག་གསལ་འཁོད་མིན་ལ་མ་ལྟོས་པའི་འགལ་རིགས་ཤར་ཚེ། གོང་གི་ལྷ་སྲུང་རྣམས་ནས་མི་དགེ་བ་བྱེད་པོའི་ཐོག་ཏུ་བཟོད་ཁ་ཐོག་འབེབ་འདོན་མི་ཟ། ལྷག་པར་༸ཁྲིམས་ཞབས་རིན་པོ་ཆེར་འབའ་གསེར་སྲང་བཅུ་ནས་བཅོ་ལྔའི་བར་དང་། ཁྲིམས་འགལ་ཆེ་རིགས་ལ་ལུས་སྟེང་ཆད་གཅོད་སོགས་རིམ་པར་འཁོད་པའི་ཁྲིམས་ཡིག་ལ་མངའ་ཞབས་གཞུང་སྒེར་ཆོས་གསུམ་མི་སེར་ནས་ལག་སྐོར་གྱི་རྟགས་འབེབས་ཞུ་ཡོད་པ་བཅས། རྫོང་གཞིས་ཀྱི་སྔོ་ཁྲིམས་ལམ་ལུགས་ཀྱི་དཔེ་མཚོན་དུ་བཀོད་པའོ།།[14]

 

དཔར་རིས་གཉིས་པ། ལྕགས་སྟག་ལོར་བཀའ་ཤག་ནས་ལྷུན་རྩེ་རྫོད་བཅས་ལ་བསྩལ་བའི་བཀའ་རྒྱ།

༄༅། །ཉི་འོག་ཏུ་འཁོད་པའི་སེར་སྐྱ་དྲག་གཞན་སྤྱི་དང་། བྱེ་བྲག་ལྷུན་རྩེ་རྫོང་སྡོད་བཀར་ཡོང་སྣེ་སླེབས་རྒན་དམངས་མཐའ་དག་ལ་སྤྲིངས་པ། སྡེ་དྲུག་ཆོས་གཞིས་ལ་དམག་གཟིམ་དང་། སྨོན་བརྔོད། བྱིངས་ལངས་ལྡུའི་ཨར་ཆེན་རྣམས་ཕུད། དེ་ཕྱིན་གཞན་མའི་སྒྲུབ་ཆག་མེ་ཕག་ཕན་ལ་ཆ་བཞག་དགོས་པའི་ཐམ་ཀ་མཁན་པོ་སྔོན་མའི་ཐོག་ལ་སོང་བ་ཡིན་ཀྱང་། ད་ལམ་དེ་དོན་ལ་མ་གནས་པའི་ཤིང་གཅོད་འུ་ལག་གསར་བསྐུལ་བྱས་འདུག་པ་མ་འདྲ་བས་འུ་ལག་རྣམས་ཕྲལ་རློག་(སློག་)བྱེད་པ་དང་། སྡེ་དྲུག་ཆོས་གཞིས་ཀྱི་རུ་ཁག་རྣམས་ནས་ཉིན་ཕྱུར་ཉིན་མར་གྱི་དཀར་ཁྲལ་རྫོང་ནས་བསྡུད་ཅིང་། དགོན་པའི་རུ་ཁག་རྣམས་ཀྱི་དཀར་ཁྲལ་མཁན་པོས་བསྡུ་བ་ལས་རྫོང་ནས་བསྡུ་སྲོལ་མེད་འདུག་ཀྱང་། ས་གླང་དགོན་རེ་གཉིས་ལ་རྫོང་ནས་གསར་འགེལ་དང་། འདི་ལོ་དགོན་པའི་རུ་བ་ཚང་མར་རྫོང་ནས་དཀར་ཁྲལ་བླངས་འདུག་པ། ད་ཆ་སྔར་གྱི་སྲོལ་རྒྱུན་གང་ཡིན་ལས་གསར་འགེལ་གྱི་རིགས་བྱས་མཆོག་(ཆོག་)རྒྱུ་མིན་པ་དང་། མདོར་ན་སྡེ་དྲུག་དགོན་མ་ལག་གི་ཆོས་གཞིས་སུ་གཏོགས་པའི་རྩྭ་ཆུ་ཤིང་གསུམ་གྱིས་མཚོན་སྒྲུབ་འཆག་(ཆག་)འཇགས་གསུམ་གཏན་ཚིགས་དམར་ནག་རིམ་ཅན་དང་འབྲེལ་བའི་མེ་ཕག་ཕན་གྱི་སྲོལ་རྒྱུན་སྙན་(བསྙད་)མེད་ཅི་ཡིན་ལ་གནས་དགོས་པའི་ཐམ་ཀ་སྦྱིན་པ་ཡིན་པས། སོ་སོ་ནས་སྤང་བླང་འཛོལ་མེད་ཡོང་བགྱིས། ལྕགས་སྟག་ཟླ་ཚེས་ལ་ཆོས་འཁོར་ལྷ་ས་ནས་བྲིས། རྟགས་ཐམ།

 

དཔར་རིས་གསུམ་པ། ཤིང་བྱ་ལོར་བཀའ་ཤག་ནས་ལྷུན་རྗེ་རྫོང་ཡོང་བསྡུད་པར་བསྩལ་བའི་བཀའ་རྒྱ།

༄༅། །ལྷུན་རྩེ་རྫོང་ཡོང་། སྡེ་དྲུག་མཁན། སྤྱི་གཉེར་ལས་སྣེ་དང་བཅས་པ་རྣམས་ཀྱི་ངེས་རྒྱུར། ནོར་བུ་ལྷས་བྱིན་གྱི་་་་ནས་ད་ལྟ་ཡན་འདེབས་རྩ་འཇགས་བཞིན་པའི་སྡེ་དྲུག་ལུང་རའི་ཐེབས་ཀྱི་བུད་ཁའི་ཤས་སྒོ་ལ། ལོ་ལྟར་འབབ་ཁལ་དྲུག་ཅུ་ཐམ་པ་རེ་དང་། ལྷུན་རྩེར་དེབ་འཁྲུ་ཚན་གྲངས་དེབ་གསལ་སྒྲུབ་སྔར་ལྟར་བྱས་རྗེས་དེབ་རྩྭ་གཞན་སྤྲོད། ཆུ་བསྟོད་སྔར་རྒྱུན་དང་བཅས་པ། བུད་ཁའི་མུ་ཁ་ཕན་ཚུན་ཡས་མས་ལ་འོས་མིན་གྱི་རྩྭ་ཟ་སྙོགས། རྟ་ཁྲལ་གྱི་འབོལ་བརྒྱག་སོགས་སྔར་མེད་གསལ་སྤྲོས་མི་སེར་ལ་རྡབས་(བརྡབ་)བསིགས་(གསིག་)རྒྱུར་འགྲོ་བ་ཁྱེད་སུ་ཐད་ནས་བྱས་འཐུས་རྒྱུ་མིན་པ་གང་ཅི་སྔར་གནས་ཞིབ་གཅོད་རིམ་ཅན་ལ་གནས་བཞིན། ན་ནིང་ཕན་ལྟར་གྱི་འཛིན་སྒྲུབ་ལ་གནས་འཇགས་ཡོང་བ་གྱིས། མེ་བྱ་ཟླ་ཚེས་ལ་ལྷ་ལྡན་གནྡྷོ་ལའི་བྱ་འདབས་རབ་བརྟན་དཔལ་འབྱོར་ནས་བྲིས། འདི་ཁ་ནས་དམིགས་བསལ་གྱི་སྒྱུར་(བསྒྱུར་)བཀོད་མ་སོང་བས་བབས་མཚུངས་ཡིན་ན་ན་ནིང་བཞིན་གྱིས། རྟགས་ཐམ།

 

དཔར་རིས་བཞི་པ།  ཤིང་བྱ་ལོར་བཀའ་ཤག་ནས་ལྷུན་རྗེ་རྫོང་ཡོང་བསྡུད་པར་བསྩལ་བའི་བཀའ་རྒྱ།

༄༅། །ལྷུན་རྩེ་རྫོང་ཡོང་(ཡོངས་)ནས། སྡེ་དྲུག་རབ་དགའ་བདེ་ཆེན། གསེར་ཆེ་ཁ་པ། ངང་རྒྱལ་བཅས་ལ་རྗེ་བདག་ཉིད་ཆེན་པོའི་མཛད་ཆེན་ལུང་གྲའི་གཏོང་ཐེབས་སུ་ལོ་ལྟར་ལྷུན་རྩེ་བཀར་རྒྱའི་སྟེངས་(སྟེང་)ནས་གཤོར་འདེབས་སོ་སོའི་ལག་འཛིན་ནང་ལྟར་སྤྲོད་དགོས་སར། ༸རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་གོང་མའི་བཀའ་ཤོག་རིན་པོ་ཆེའི་དགོངས་དོན་ལ། མེ་བྱི་ནས་བཟུང་ལོ་ལྟར་ཡོང་བསྡུད་པས་ཟུར་འཇོག་གི་བཀར་རྒྱ་བས་གྲངས་ཚང་སྤྲོད་དགོས་སྩལ་འདུག་རུང་། ཤིང་སྤྲེ་ཡོང་སྡུད་པས་ཟུར་འཇོག་མ་བྱས་པའི་གཤོར་འདེབས་གྲངས་ཚང་མ་བྱུང་འདུག་པ་འདི་རིགས། ༸རྒྱལ་མཆོག་གོང་མའི་བཀའ་ཤོག་འབྲུ་དོན་ལྟར་འདི་ལོ་ནས་བཟུང་ལོ་ལྟར་ཡོང་སྡུད་པས་ཟུར་འཇོག་གིས་སླར་བཀར་རྒྱ་བས་སྔར་རྒྱུན་གྲངས་ཚང་སྤྲོད་ལུགས་གྱིས། ཤིང་བྱ་ཟླ་ ༨ ཚེས་ ༡༨ ལ། འདི་ལོ་ཡང་༸རྒྱལ་མཆོག་སྐུ་གོང་མའི་བཀའ་ཤོག་རིན་པོ་ཆེའི་དགོངས་དོན་ལྟར་ཡོང་བསྡུད་པས་ཟུར་འཇོག་གི་བཀར་རྒྱ་བས་གྲངས་ཚང་སྤྲོད་ལུགས་གྱིས། རྟགས་ཐམ།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༢༡༢།

[2] གོང་གསལ་དཔེ་མཛོད་དུ་ཡོད་པའི་ཡིག་ཚགས་ཨང་༢༡དང་གཅིག་མཚུངས།

[3] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༢༡༢-༢༡༩།

[4] ཞེ་བོ་བློ་བཟང་དར་རྒྱས། ཞེ་བོ་བློ་བཟང་དར་རྒྱས་ཀྱི་མི་ཚེའི་བྱུང་བ་བརྗོད་པ། ཕྱི་ལོ་ ༢༠༠༨། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། ཤོག ༨༢།

[5] Documents 0964_LTWA_176 བོད་ཀྱི་དཔེ་མཛོད་ཡིག་ཚགས་ཨང་༡༧༦།

[6] བོད་ཀྱི་དཔེ་མཛོད་དུ་བཞུགས་པའི་ཡིག་ཚགས་ཨང་། ༢༥ ལྷུན་རྩེ་རྫོང་གཞུང་སྒེར་ཆོས་གསུམ་ལ་ཆུ་སྤྲེལ་ཕྱི་ལོ་ ༡༩༣༢ ལོར་བསྩལ་བའི་རྩ་ཚིག་འདྲ་གཉིས་མར། མཚོ་སྣའི་རྒྱ་འབྲས་སྐྱེལ་འདྲེན་སྐོར་དང་དམག་རྩམ་སོགས་ས་ཚིགས་སྐྱེལ་འདྲེན་ལ། ལྕགས་སྟག་ཕྱི་ལོ་ ༡༨༣༠ ལོར་གཏན་འབེབས་མཛད་པ་རིམ་བཞིན་དོན་ལ་མ་གནས་པར། སྒེར་ཆོས་གཉིས་ལ་འཁྱོར་འགེལ་བྱུང་སྐོར་སོགས། གཞུང་སྒེར་ཆོས་གསུམ་སོ་སོ་ནས་གཞུང་སར་སྐྱིད་སྡུག་གནས་ལུགས་ཞུ་སྙན་ཕུལ་འདུག་ཅིང་། ལྷ་ལྡན་རྒྱལ་ཁབ་ནས་ལྕགས་སྟག་ཞིབ་གཞུང་གི་དགོངས་དོན་ལྟར་ངོ་ཆག དམག་ཆག བཀྲུས་ཆག ལྕགས་ཡོས་ཞིབ་མཆན་གྱི་ཆག་བཅས་ཆག་ཆེན་བཞི་ཕུད། དེ་བྱིངས་བཀའ་གཏན་བཙན་དམིགས་ཆེ་ཆུང་ལ་མ་ལྟོས་པར་རྒྱུགས་པ་ལེབ་འདུར་གྱི་གཞུང་རྒྱུགས་རྐང་རེ་དང་། སྒེར་ཆོས་འདོན་རེ་འདྲ་མཉམ་ཆ་གསེས་དགོས་རྒྱུ་སོགས་ཁུངས་སོ་སོར་ཉེས་ཆད་དང་སྦྲགས་མཇུག་བསྣོན་གཏན་འབེབ་མཛད་འདུག་པ་གོང་གསལ་ཡིག་ཆར་གཟིགས།

[7] ལྕགས་སྟག་ཞིབ་གཞུང་། ཡིག་ཨང་། ༢༢། ཤོག ༢༢༣།

[8] རྩ་ཚིག་ཏུ་མེ་ཁྱི་ཞེས་འཁོད་ཀྱང་ཤིང་འབྲུག་ཕྱི་ལོ་༡༩༠༤ཨིན་བོད་དམག་འཁྲུག་སྐབས་མིན་ནམ་སྙམ།

[9] རྡ་ས་དཔེ་མཛོད་ཁང་ཡིག་ཚགས་ཁང་ ༢༥། ལྷུན་རྩེ་གཞུང་སྒེར་ཆོས་གསུམ་ལ་བསྩལ་བའི་རྩ་ཚིག

[10] དངུལ་བསྒྱུར་གྱིས་འཁྲི་སྒྲུབ་བྱེད་སྲོལ་དེར་ལྕགས་སྟག་ཞིབ་གཞུང་ལྟར་ན། ལྷུན་རྩེ་ཁུལ་ས་བབས་ཞན་པས་རྐང་རེའི་ས་ཞིང་ལ་ཞིང་རིན་ཊམ་སྲང་བཅུ་གཉིས་རེ་བརྩིས་ཞེས་གསལ།

[11]ཞེ་བོ་བློ་བཟང་དར་རྒྱས་ཀྱི་མི་ཚེའི་བྱུང་བ་བརྗོད་པ། ཤོག ༨༢།

[12] རྫོང་གཞིས་ཁག་གི་ནང་ཁྲལ་གྱི་ཁོངས་གྲྭ་བཙུན་ཁྲལ་འགེལ་གྱི་ཐད་བུ་གསུམ་བར་པ་དང་། བུ་མོ་གཉིས་ནས་གཅིག་ཐོབ་པའི་ལམ་ལུགས་དེ་བཞིན་ཆོས་སྡེ་དགོན་ཁག་གྲྭ་ཚང་ཁག་གི་གཏན་ཚིག་དང་ཤེ་བམ་རྒྱབ་བསྣོན་བཅའ་ཡིག་སོགས་རྒྱལ་བློན་ན་རིམ་ནས་བསྩལ་སྲོལ་ཡོད་པ་དེས། ཆོས་སྡེ་ཁག་གིས་གྲྭ་བཙུན་ཁྲལ་འགེལ་བྱེད་རྐྱང་དེས་གཞུང་རྒྱུག་ཁྲལ་པ་མི་རྩར་དོ་ཕོགས་ཚབས་ཆེན་འགྲོ་བཞིན་ཡོད་པ་ནི། ལྷུན་རྩེ་རྫོ་གི་གཞུང་སྒེར་མི་སེར་ནས་གཞུང་སར་བཀའ་དཔྱད་ཞུ་སྙན་ཕུལ་བ་ལས་ཤེས་ཏེ། དེ་ཡང་། གོང་མཆན་དུ་གསལ་བའི་ལྷུན་རྩེ་རྫོང་གི་རྩ་ཚིག་འདྲ་གཉིས་མའི་དོན་ཚན་བཞི་པར། གཞུང་རྒྱུག་མི་སེར་གྱི་སྙན་ཞུར་དགོན་ཁག་ནས་གཏན་ཚིག་ལ་བསྙད་པའི་གྲྭ་བཙུན་ཁྲལ་འགེལ་རྐྱང་བྱེད་པ་དེས་གཞུང་རྒྱུག་མི་ཆ་ཞན་པས་འ་ཆད་འུ་ཐུག་ཏུ་གྱར་ལགས་ཤིང་། སྒོས་ཕོ་དགོན་ཉམ་གོག་དང་མོ་དགོན་རྩ་སྟོང་དུ་གྱུར་ཡང་དེའི་ཆོས་གཞིས་ཕྲན་ཡོད་དགོན་བདག་ནས་བར་ཟས་དང་གྲྭ་བཙུན་རྣམས་ཁྲལ་འུལ་བསྐུལ་གཏོང་བྱེད་པ་སོགས་རྩ་ཚིག་འགལ་གཞིའི་རིགས། གྲྭ་བཙུན་གཞུང་རྒྱུག་མི་རྩ་འུལ་རྒྱུག་རྣམས་དང་། བན་ལོག སྐྲ་བཅད་བྱེའུ་ཚང་ལོག་བྱེད་པ་ལས་བླ་བདག་གིས་ཁོངས་བདག་ཉར་མི་ཆོག་སྐོར་སོགས་ཀྱི་སྙན་ཞུ་ལས་རྟོགས་ནུས།

[13] བརྩེ་དྲུང་ཡེ་ཤེས་ཐུབ་བསྟན། མི་ཚེའི་མྱོང་ཚོར་གསལ་བར་བཤད་པ། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༠༢། ཤོག ༨།

[14] The Central Asiatic Seminar of the University of Bonn, Germany, ID 911, Archives No.  012 1-4/#/2/1/4

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།