དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷོ་བྲག་རྫོང་གི་རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུ་ཁྲིམས་གནོན།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷོ་བྲག་རྫོང་གི་རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུ་ཁྲིམས་གནོན།

ལེ་ཚན་གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུ་ཁྲིམས་གནོན།

གཅིག རྫོང་གཞིས་འགྲོ་སྟངས།

བོད་གཞུང་དགའ་ལྡན་ཕོ་བྲང་གི་སྐབས་ད་ལྟའི་ལྷོ་བྲག་རྫོང་ཁོངས་སུ་དོ་བོ་རྫོང་དང་། སེང་རྫོང་། དར་མ། ལྷ་ཁང་རྫོང་།[1] བཅས་ལས། གནའ་བོའི་དོལ་པ་རྫོང་གི་སྲིད་གཞུང་གི་ལྟེ་གནས་ནི་དེང་གི་ལྷོ་བྲག་རྫོང་གི་ཤར་ལྷོའི་མཚམས་གཡང་གཟར་བྲག་རི་སྟེ་མདོ་མཁར་རི་བོའི་རྩེར་བཏབ་ཡོད་པར།[2] དེང་སྔ་མོའི་དོ་རྫོང་(མདོ་རྫོང་)ངམ་མདོ་མཁར་རྫོང་གི་གྱང་རོའི་ཤུལ་ལུས་ཙམ་མཇལ་དུ་ཡོད་ལ།

རྫོང་ཆགས་ཡུལ་གྱི་འོག་ཏུ་ས་མོ་གླང་ཕྱི་ལོ་ ༡༦༣༧ ལོར་༸གོང་ས་ལྔ་པ་ཆེན་པོའི་གཅེས་ཕྲུག་གྲྭ་ཚང་དུ་གྲགས་པ་དགའ་ལྡན་དོན་གཉིས་གླིང་ཞེས་པ་དེ་ཆགས་ཡོད། དེ་ནི་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་འཛིན་སྐྱོང་འགྲོ་ལུགས་ལྟར་རྫོང་གཞིས་ཆེ་གྲས་ཚང་མའི་ཉེ་འཁོར་དུ་ཆོས་སྡེ་ཆེ་གྲས་རེ་འདེབས་སྲོལ་ཡོད་པའི་ལམ་སྲོལ་བཞིན་ཡིན་ངེས། ཁུལ་དེ་གའི་རྫོང་གཞིས་ཁག་གི་རྫོང་སྡོད་སྣེ་མོ་ལས་འཛིན་རིམ་པ་བསྐོ་འཇོག་དང་ཞབས་སྡོད། ཁྲལ་བསྡུ་ཁྲིམས་གནོན་གྱི་བགྱི་སྒོ་དང་ཐོབ་ཐང་། མཐའ་ཁུལ་ས་མཚམས་དོ་དམ་འོན་སེང་བྱེད་ཕྱོགས་སོགས་ཞིབ་ཏུ་སྨྲ་བ་ཚིག་ཚོགས་རྒྱུ་ལས་གཞན་མ་མཆིས་མོད། འདིར་ཁུལ་དེའི་གཞུང་རྒྱུག་ཁོ་ནའི་འཛིན་ཁོངས་སུ་གཏོགས་པའི་ལྷ་ཁང་གཞིས་ཀྱི་འཛིན་སྐྱོང་འགྲོ་ལུགས་སྐོར་ཅུང་ཟད་དཔེ་མཚོན་དུ་བཀོད་ནས། ལྷོ་བྲག་ཁོངས་ཀྱི་རྫོང་འགོ་བྱིངས་གཞན་དག་ལ་དེ་མཐུན་རྒྱས་འགེབས་ཀྱིས་ཤེས་པར་བྱའོ།།

དེས་ན་གོང་དུ་བྱུང་བ་བཞིན་ལྷ་ཁང་གཞིས་སྡོད་དུ་བཀའ་ཤག་རང་ནས། གཞུང་སའི་རིམ་པ་དྲུག་པའི་རྩེ་དྲུང་ཏོག་གནས་ཀྱི་འཛིན་སྐྱོང་སྣེ་མོ་བ་ཞིག་ལས་ཡུན་ལོ་གསུམ་རིང་བསྐོ་མངགས་གནང་ལམ་དང་། གཞིས་སྡོད་ཀྱི་མངའ་འོག་ཏུ་ལས་ཀྱི་སྣེ་མོར་མངགས་སླེབས་ལས་དྲུང་གཅིག་དང་། གཙོ་དྲག་གཉིས། རྒན་ཁག་བཅུ་གཉིས་དང་། གཞུང་རྒྱུག་ཁག་གི་འདུ་སྤྱི། ལྷ་འོར། སྟོངས་སེར། མཐིང་མ། ཤས་མོ་སོགས་ཐེམ་དུད་ ༡༤༢ དང་མི་གྲངས་ ༤༠༠ སྐོར་མཆིས།[3] གོང་གི་ལས་སྣེ་དེ་རྣམས་ལྷོ་བྲག་རྫོང་གཞིས་བཞི་ཀར་སྤྱི་མཚུངས་སུ་ལྡན་པའི་སྟེང་། ད་དུང་རྫོང་གི་ཞབས་རལ་ཞེས་དམག་མི་རྙིང་པ་དང་ཆོས་མགོ་མ་ཐོན་པའི་གྲྭ་པ་སྟོབས་ཆེན་གྱི་རིགས་གཡོག་རིགས་སུ་བདག་ཉར་གྱིས། ཉེས་དོན་ཞིབ་རྩད་འཇུག་གནོན་སོགས་ཀྱི་བྱ་བ་སྒྲུབ་ཏུ་བཅུག་པའི་ལམ་སྲོལ་དང་། ཡུལ་སྡེ་ཁག་གི་རྒན་ཁག་སྟེ་ལྷ་ཁང་གཞིས་འོག་རྒན་ཁག་བཅུ་གཅིག་དང་། སེང་རྫོང་རྒན་ཁག་བཅོ་བརྒྱད་ཡོད་པ་རྣམས་རང་ཁོངས་མི་སེར་ཚང་འཛོམས་ཀྱིས་མི་འཇོན་ཐང་ཅན་གོ་ཆོད་ཀྱི་རིགས། གོ་བསྡུར་སྦྱངས་བཤད་ཀྱིས་འདེམས་ལམ་སོགས་རྫོང་ཕྱི་ནང་གི་བགྱི་སྒོ་མཐའ་དག་ཧྲག་བསྡུས་ཚ་ནན་ཡོད།[4] ཅེས་གསུངས།

ལྷ་ཁང་གཞིས་ནི་བོད་འབྲུ་གཉིས་ཀྱི་ས་མཚམས་རོང་སའི་ཁུལ་དུ་ཆགས་པར་བརྟེན། ནགས་ཚལ་གྱི་ཐོན་ཁུངས་ཅུང་ལེགས་པ་ཙམ་མ་ཟད་ཕྱི་ནང་གི་ཚོང་ལས་འཐབ་འཁོས་ཤིན་ཏུ་བཟང་བས། ཁུལ་དེར་གཞིས་སྡོད་ཁ་འཛིན་བྱ་བར་བསྐྱོད་རྒྱུར་སྣེ་མོ་བའི་ཁྲོད་དགའ་མོས་ཆེན་པོ་བྱེད་པར་བཤད། བཤད་རྒྱུན་དུ་གཞིས་དེའི་སྣེ་མོ་ལས་འཛིན་པར་ཉིན་རེའི་ཡོང་སྒོར་རྟ་རེ་ཙམ་གྱི་རིན་འབབ་ཡོད་ཅེས་གྲགས།[5] ད་དུང་ཚོང་འཁོས་འཐབ་ལེན་དང་ཁྲལ་བསྡུའི་བཟའ་འབབ་ཏུའང་གཞིས་སྡོད་སྒེར་ལ་ལོ་རེ་ཤ་ཁྲལ་ཞེས་རྐང་རེ་ནས་ཆུང་ཁོག་རེ་དང་། མར་འདེགས་ཁལ་ ༡༢༠ སྐོར་གྱི་ཐོབ་ཐང་དང་།[6] དེ་མིན་གཞིས་སྡོད་གཙོ་དྲག་རྒན་པོ་སོ་སོར་སྐལ་ཞིང་དང་རྟ་ཆད་ཅེས་འབོད་པའི་ལྟོ་དོད་ཀྱི་ས་ཞིང་ཟུར་དུ་ལྡན་ཞིང་། དུས་བཞིའི་འདེབས་ལས་སོགས་ཞབས་ཁོངས་མི་སེར་བསྐུལ་གཏོང་བྱེད་ཆོག ཁུལ་དེའི་གཞིས་སྡོད་ཀྱི་ལས་འཁུར་གལ་ཆེ་ཞིག་འབྲུག་པའི་ཚོང་རིགས་ཐོན་ཟོག་ལ་ཁྲིམས་འགལ་ཡོད་མེད་ཞིབ་བཤེར་རྟོགས་བྱ་རྒྱུ་དེ་ཡིན་པས། ཕྱིའི་ཚོང་རིགས་ལྷོ་བྲག་ཁུལ་དུ་འབྱོར་མ་ཐག་རྫོང་ལ་འབྱོར་ཕྱག་དང་ལྷན་རང་གི་ཐོན་ཟོག་ཇི་བཞིན་སྙན་སེང་སྤྱན་བསྟར་དང་དེ་བསྟུན་ཚོང་གཉེར་ཆོག་མཆན་སྤྲོད།[7] མདོར་ན། རྫོང་གཞིས་སྣེ་མོ་བ་གཙོ་རྒན་དང་བཅས་པས་ཁུལ་དེའི་སྲིད་འཛིན་དོ་དམ་དང་ཐོན་སྐྱེད་དོ་དམ་ཕྱར་བ་གྲུ་འདེགས་ལས་སྦུགས་གསང་སྒེར་གཅོད་བྱེད་མི་ཆོག་པ་ནི་གཞུང་སའི་སྤྱི་ཁྱབ་རྩ་ཚིག་ཁག་གི་དགོངས་དོན་ལྟར་ཡིན་ནོ།།

དེ་མིན་ལྷོ་བྲག་རྫོང་ཞབས་སུ་ས་གནས་རང་དང་ཁུལ་གཞན་གྱི་སྒེར་ཆོས་ཀྱི་ལག་འདེབས་དང་། ཁྲལ་རྟེན་ས་ཞིང་སོགས་ས་རྟེན་གྱི་རིགས་ཀྱང་མི་ཉུང་བ་ཞིག་ཡོད་པའི་གནས་ཚུལ་ཞིབ་ཕྲ། གཤམ་དུ་ཁྲལ་འུལ་སྐབས་དཀྱུས་སུ་བྲི་རྒྱུ་དང་འདིར་རྫོང་འོག་སྒེར་ཆོས་གཉིས་ཀྱིས་འཛིན་སྐྱོང་འགྲོ་ལུགས་སྐོར་ཅུང་ཟད་ཞུས་ན། དེ་ཡང་། ལྷོ་བྲག་སྒེར་ཆོས་ཆེ་གྲས་སུ་དོ་བོ་རྫོང་ལ་སྒེར་པ་ཁག་དགུ་དང་ཆོས་གཞིས་གསུམ། སེང་གེ་རྫོང་དུ་སྒེར་པ་གཅིག་དང་ཆོས་གཞིས་གཅིག དར་མ་ཁུལ་དུ་སྒེར་ཁག་ལྔ་དང་ཆོས་གཞིས་གཉིས། དེ་བཞིན་ལྕགས་སྟག་ཞིབ་གཞུང་ལྟར་ན་ལྷ་ཁང་ཁུལ་དུ་སྒེར་ཆོས་གཉིས་སུ་གཏོགས་པའི་ས་རིས་དབང་ཐང་མ་འཁོད་མོད། 《བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས།》ལས་ལྷ་ལུང་དགོན་པའི་ཆོས་གཞིས་གཏེར་བརྒྱུད་གཞིས་ཞེས་པར་ལྷ་ཁང་གཞིས་ཀྱི་མི་སེར་ཁྲལ་དུད་གསུམ་ཙམ་ཡོད་པར་བཤད།[8] གང་ལྟར་སྒེར་ཆོས་ཀྱི་གཞི་རྐང་འཛིན་སྐྱོང་འགྲོ་སྟངས་ནི་གཅིག་མཚུངས་སུ་སྣང་།

དེ་ཡང་། སྒེར་པ་དང་དགོན་སྡེ་ཁག་ནས་མངགས་པའི་གཞི་སྡོད་དང་མཛོད་པ་གཉིས་ནི་གཞིས་ཀའི་སྒྲིག་འཁུར་དང་དཔལ་འབྱོར་དོ་དམ་བྱེད་མི་གཙོ་བོ་དེ་ཡིན་ལ། དེ་དག་ཁུངས་སོ་སོའི་ཕ་ཚ་བུ་རྒྱུད་ནས་འབྲེལ་འདྲིས་འཇོན་ནུས་ལྡན་པའི་མི་སྣ་མངགས་གཏོང་དང་། དེ་བྱིངས་ལས་བྱ་གཉེར་གཡོག མི་སེར་འགོ་པ། ཆིབས་དཔོན། བསྐོར་བྱ་བ། སྒོ་ར་བ་སོགས་ནི་རང་ཁོངས་མི་རྩ་ནས་ཡུལ་དུས་གནས་སྐབས་ལ་གཞིགས་པའི་བསྐོ་གཏོང་འཕར་བསྣོན་བྱེད། སྒེར་ཆོས་ཀྱི་སྣེ་མོ་དེ་རྣམས་ཀྱི་ནང་ཁུལ་ས་ཞིང་འདེབས་ལས་དང་ཁྲལ་བསྡུ་ཁྲིམས་གནོན། མི་བརྗེས་ཆོས་འཁྲོལ་དང་ཚོང་གཉེར། གཞིས་ཀའི་ཡིག་ཆ་བདག་ཚགས་སོགས་ཀྱི་འཛིན་སྐྱོང་ཙམ་མ་ཟད། ལྷོ་བྲག་སྤྱིའི་ལྷ་སྡེ་མི་སྡེའི་ཡོངས་ཀྱི་ཚོགས་འདུའི་སྐབས་སུ་གཞུང་སྒེར་ཆོས་གསུམ་འཐུས་མི་ལྔ་བཅུ་ཡན་ལ་འདུ་འཛོམས་བྱེད་པར་ཆེད་བཅར་གྱིས། མངའ་ཞབས་ཀྱི་ཁྲལ་བསྡུ་ཁྲིམས་གནོན་དང་ཚོང་ལས་བོགས་གཏོང་། གཞུང་སའི་བཀའ་རྩ་སོགས་ཡུལ་ཁྱོན་ཡོངས་ཀྱི་སྲིད་འཛིན་བྱེད་སྒོ་ལའང་མཉམ་རུབ་འཛུལ་བཞུགས་དགོས་འདུག གཞན་ཡང་། སྒེར་ཁག་གི་གཞིས་སྡོད་སོགས་ཀྱི་ཐོབ་ཐང་ལ་མཚོན་ན་རང་གི་འཇོན་ནུས་ལ་དཔགས་པའི་གཞིས་ཀ་ཆུང་གྲས་ཁང་འཛིན་བོགས་ལེན་སྤྲོད་སྲོལ་དང་། མི་སེར་གྱི་ཕྱི་ནང་གི་ཁྲལ་འབབ་ལས་གཞུང་རྐྱང་ལ་གཞིས་བོགས་གྲངས་བཅས་ཕུལ་འཕྲོས། གཞིས་སྡོད་སོགས་སྣེ་མོ་བར་བདག་ཐོབ་དང་། དེ་བཞིན་ཞོར་ལས་ཚོང་འཁོས་འཐབ་ལེན་ཡང་གཉེར་ཆོག་པ་སོགས་ཐོབ་ཐང་ཆེ་ཕྲ་མི་དམན་པ་ཡོད་པར་གསུངས་སོ།།[9]

 

གཉིས། ཁྲལ་འུལ་ཁྲིམས་གནོན།

ཁུལ་དེའི་ཁྲལ་ཐད་ཕྱི་ལོ་ ༡༨༣༠ ལོར་གཏན་ལ་ཕབ་པའི་ལྕགས་སྟག་ཞིབ་གཞུང་ལྟར་ན། དར་མ་རྫོང་གི་གཞུང་སྒེར་ཆོས་གསུམ་གྱི་ས་རིས་ཁྲལ་འབབ་སྡོམས་འབོར་ལ། གཞུང་རྒྱུག་རྐང་ཉིས་བརྒྱ་བརྒྱད་ཅུ་གྱ་གཅིག་དྲུག་ཆ་གཅིག ཆོས་གཞིས་འདོན་དྲུག་དང་བཞི་ཆ་གཅིག སྒེར་པོ་འདོན་གཅིག་དང་། ལྷ་ཁང་ཁུལ་དུ་གཞུང་རྒྱུག་རྐང་བརྒྱ་དང་སུམ་ཅུ་ཐམ་པ་དང་། སེང་རྫོང་ལ་གཞུང་རྒྱུག་རྐང་བརྒྱ་དང་བརྒྱད་ཅུ་གྱ་ལྔ་དང་ཉེར་བཞིའི་ཆ་གཅིག་དང་། མཆོད་གཞིས་འདོན་བཞི་བཅུ་ཐམ་པ་དང་བཞི་ཆ་གཉིས། སྒེར་པ་འདོན་གཅིག ཡོད་པར་གསལ། དོ་བོ་རྫོང་གི་ཞིབ་གཞུང་དུ་གཞུང་རྒྱུག་རྐང་སུམ་བརྒྱ་ཉེར་གཉིས་དང་བཞི་བརྒྱ་ཉི་ཤུ་རྩ་བཞིའི་ཆ་བཅུ་གཅིག་དང་། མཆོད་གཞིས་འདོན་ཉི་ཤུ་རྩ་བརྒྱད་དང་བཞི་ཆ་གཅིག སྒེར་པ་འདོན་ཉི་ཤུ་རྩ་གཉིས་བཅས་ཡོད་པར་གཏན་འབེབས་མཛད་འདུག[10]

དར་མ་རྫོང་དུ་གཞུང་རྒྱུག་ལྡིང་ཁག་ ༢༤ ཙམ་དང་། དོ་རྫོང་ལ་རྒན་ཁག་ ༣༠ ཡན། སེང་གེ་རྫོང་དུ་རྒན་ཁག་ ༡༨། ལྷ་ཁང་གཞིས་ལ་རྒན་ཁག་ ༡༡ ཁྲལ་གྱི་འཁྲི་ཁུངས་དང་། སྒེར་ཆོས་གཉིས་ཀྱི་ས་རིས་འཁྲི་ཁུངས་རྣམས་ལས། གཞུང་རྒྱུག་སྒྲུབ་རྐང་རེ་ལ་སྒེར་ཆོས་འདོན་གཉིས་རེ་གཞིར་བཞག་གིས་སྒྲུབ་འཇལ་ཞུ་ལམ་འདུག དེ་དང་ལྷོ་བྲག་ཁུལ་དུ་ཞིང་འབྲོག་གཉིས་ཀྱི་ས་འབབ་རྩྭ་གཤིས་ཕུན་སུམ་ཚོགས་པས་ཐོན་སྐྱེད་ཀྱང་ཧ་ཅང་ལེགས་པ་ཙམ་མ་ཟད། ས་གནས་ཀྱི་དམིགས་བསལ་ཐོན་ཁུངས་ཀྱང་མི་དམན་པ་མཆིས་པས།[11] ཁུལ་དེའི་ཁྲལ་པ་ལྡིང་ཁག་ཆེ་གྲས་ལ་ཁྲལ་རྐང་བཅོ་ལྔ་ཡན་མངའ་ཞིང་།[12] ཆུང་གྲས་ནས་ཀྱང་རྐང་ཕྱེད་དྲུག་ཡན་འཁྲི་སྒྲུབ་བྱེད་ལ། སྒེར་ཆོས་ཆེ་གྲས་སུ་འདོན་ལྔ་ཡན་དང་ཆུང་ངུའི་རིགས་ལ་ངོ་བོ་སྒྲུབ་འདོན་གཅིག་ཙམ་ཡོད་པ་ལས། ཕྱི་ཁྲལ་ས་རྟེན་ཡོད་རིགས་ནས་རྒྱ་ཤིང་རྔོད་གསུམ།[13] འདམ་རྩྭ་རྔ་གླ། གཟིམ་ཆུང་དམག་རྐང། རྒྱ་སྦྱོང་དམག་རྐང་། གྲོང་དྲག་དམག་རྐང་། སྐུ་སྲུང་དམག་རྐང་གི་སོགས་ཀྱི་དམག་གླ་འཁྲི་བ་ལས། གྲོང་དྲག་དམག་སྐུལ་བོད་དངུལ་སྲང་ཊམ་རྡོ་བཅུ་ལོན་པའི་དཔལ་འབྱོར་ཡོད་ན། གྲོང་དྲག་དམག་རེ་གཏོང་དགོས་ཞིང་རྫོང་གཞིས་དེ་དག་ནས་ཐོག་མའི་ཆར་གྲོང་དྲག་དམག་མི་ ༧༠ སྐོར་འགེལ་བཀོད་བྱས་ཀྱང་། ཞུ་རྟེན་འདོད་བློ་ཚིམ་པ་བྱུང་རིིམ་བཞིན་དམག་མིར་འགྲོ་མི་དགོས་པ་བྱས་མཐར་མི་གྲངས་ ༡༧ སྐོར་ལ་དམག་མིའི་ལག་ཐེལ་བརྒྱབ།[14] ཅེས་ཀྱང་འཁོད་འདུག

དེ་བཞིན་བོད་ཟླ་བཅུ་གཉིས་དང་གསུམ་པའི་དབུས་འབུལ་སོགས་གཞུང་སའི་ལམ་ཡིག་ཡོད་རིགས་ལ་རྫོང་དང་ས་ཚིགས་དོས་སྐྱེལ་གྱི་རྐང་འགྲོའི་རིགས་སྒྲུབ་དགོས་ཤིང་། ལག་འདོན་ཁྲལ་རིགས་ཀྱི་རྣམ་གྲངས་གཙོ་བོ་འབྲུ། གྲོ།[15] འབྲས། ཤ། མར། སྣུམ། ཀོ་བ། སྤུ་རིགས་སོགས་དང་། ས་གནས་ཀྱི་ཐུན་མིན་ཐོན་ཁུངས་ཤིང་པང་ལེབ། སྣག་ཚ། བོད་ཤོག སྤོས། སྒྲོན་ཐལ། བོད་ཚོས། སྨྱུགས་མའི་དངོས་རྫས་དང་། བོད་ཟླ་ ༡༢ པར་དམིགས་བསལ་དབུས་དབུལ་དུ་ཚ་ལུ་མ། ཨ་རུ། བ་རུ། སྐྱུ་རུ། སྒ་སྐྱ། བུར་ཤིང་། ཨམ་འབྲས། ལི་སོགས་བླ་ཕྱག་ལས་ཁུངས་སུ་དགོས་ལ། རྫོང་གཞིས་མངའ་ཞབས་ཀྱི་གཞུང་སྒེར་ཆོས་སོ་སོའི་ནང་ཁྲལ་ཀྱང་དེ་མཚུངས་འཁྲི་བ། དཔེར་ན། སེང་གེ་རྫོང་འོག་བདེ་ཆེན་གསང་སྔགས་མཁར་པའི་ཆོས་གཞིས་ལ་རང་ཁོངས་ཁྲལ་པས་མར་ཁལ་སུམ་ཅུ་ཙམ་དང་སྣུམ་ཁལ་བཅུ་ཙམ་སྒྲུབ་དགོས་པ་ལྟ་བུ་དང་།[16] དོ་རྫོང་ལྟ་བུར་མཚོན་ན་མངའ་ཁུལ་མི་སེར་ནས་རྫོང་གི་བུད་ཤིང་ནར་གཏོང་དང་། རྫོང་ཞོལ་མི་སེར་གྱི་རྫོང་གཡོག་བཏང་ཐུང་རྒྱུག་དགོས་པ་སོགས་རྐང་འགྲོ་དང་། དེ་བཞིན་ལག་འདོན་གྱི་རིགས་ཀྱང་གང་འཚམ་རྒྱུག་དགོས་པ་ལྟ་བུ་ཡིན།

གཞན་ཡང་། འདིར་ལྷ་ཁང་གཞིས་ཁུལ་གྱི་འཁྲི་སྒྲུབ་སྐོར་ཅུང་ཞིབ་ཙམ་བརྗོད་ན། གོང་གསལ་ལྕགས་སྟག་ཞིབ་གཞུང་དུ་ལྷ་ཁང་གཞིས་ལ་ཁྱོན་གཞུང་རྒྱུག་ཁོ་ན་སྒྲུབ་རྐང་ ༡༣༠ ཡོད་པ་ལས། དུས་སྐབས་དེར་རྐང་རེར་སོན་ཁལ་བཅུ་རེ་དང་ཁལ་རེར་དངུལ་གྱི་འཛའ་ཐང་ཞོ་ལྔ་རེ་བརྩི་སྲོལ་གཏན་འབེབས་མཛད་པ་ལས། གཞིས་དེའི་ལྷ་འོར་ཁུལ་ལ་ཆ་བཞག་ན་བུད་བསྡད་ཀྱི་ས་རིས་བསྡོམས་ན་ཁྱོན་ཁྲལ་རྐང་ཕྱེད་བཅུ་གསུམ་ཙམ་ལ་གོང་གསལ་དངུལ་གྱི་འཛའ་ཐང་ལྟར་བསྐོར་ན། དངུལ་སྲང་དྲུག་ཅུ་རེ་གཉིས་དང་ཞོ་ལྔ་ཐོབ་སྟེང་ནས་རྐང་བཅུ་གཅིག་གི་ཕྱི་ཁྲལ་རྒྱ་ཤིང་བརྔོད་གསུམ་སྒྲུབ་དགོས་པ་ལས། རྒྱ་བསོས་འབབ་སྲང་བཞི་དང་ཞོ་དགུ། ཤིང་དངུལ་སྲང་བརྒྱ་དང་ཞོ་བརྒྱད། སྨོན་བརྔོད་གསུམ་གཉིས་ལག་འདོན་ལ་སྲང་ཉི་ཤུ་རྩ་གཉིས་བཅས་ཁུངས་སོ་སོར་དུས་འབུལ་ཞུ་དགོས་འདུག་ལ། དེ་འཕྲོས་བོད་དངུལ་སྲང་སུམ་ཅུ་སོ་དྲུག་དང་ཞོ་བདུན་སྐར་ལྔ་ལྷག་པ་རྫོང་གི་ཞིང་གཡོག་སོགས་ཀྱི་གཡོག་ཁོངས་སུ་བཞག་པར། ཕྱིན་ཆད་རྫོང་སྡོད་རིམ་པས་ས་རིགས་འདེབས་འཁོས་སུ་མི་སེར་ལ་གཡོག་ཁྲལ་བསྐུལ་མི་ཆོག་གཏན་ཁེལ་ཡིན།[17] ཞེས་ལྷ་ཁང་གཞིས་ཁོངས་སུ་གཏོགས་པའི་གཞུང་རྒྱུག་ཁྲལ་དུད་ཡིན་ནོ་ཅོག་ལ་གཏན་འབེབས་མཛད་འདུག་ཀྱང་། དུས་ཕྱིས་རིམ་བཞིན་ལྷ་ཁང་ཁུལ་དུ་བུད་སྟོང་སོགས་བྱུང་བའམ། ཡང་ན། ཁྲལ་འབོར་ལ་སྒྲུབ་ཆག་ཅི་བྱུང་ཆ་མ་འཚལ་མོད། དཔྱད་གཞིའི་རྒྱུ་ཆ་གཞན་དག་ཏུ་ཁུལ་དེར་ཁྲལ་རྐང་ ༣༢།༦ བར། སྟོང་རྐང་ ༩ ཕྱེད་ ༦ ཙམ་མཆིས་པ། དངུལ་བསྒྱུར་གྱིས་དངུལ་འབབ་འབུལ་དགོས་པའི་སོན་ཁལ་༤༤༠སྐོར་རེ་ལས། ལོ་རེ་ཁྲལ་པ་མི་སེར་ནས་ཁྲལ་བོགས་འབྲུ་རུའི་ཁལ་ ༡༠༠༠ སྐོར། དངུལ་བསྒྱུར་གྱིས་བོད་དངུལ་ཊམ་རྡོ་ ༨༠ སྐོར་འཇལ་སྒྲུབ་བྱེད་དགོས་པར་གསལ།[18]

དེ་དང་ཕྱོགས་མཚུངས་ཕྱི་ཁྲལ་དུ་གཞུང་སར་ཤིང་ཆ་འབྲས་པང་རིང་ཚད་གཞུ་འདོམ་གང་ཙམ་ཡོད་པ་ངོ་གྲངས་ ༢༥༠༠ དང་། ཨ་ཞང་པང་ལེབ་མཐོ་དགུ་མ་ཞེས་པ་གྲངས་ ༥༠༠ སྐོར་འཁྲི་བ་རྣམས། གཞུང་སའི་དགོས་མཁོ་དང་བསྟུན་ནས་ཆ་གསེས་ཀྱིས་འབུལ་ལམ་དང་། གཞན་ཡང་། གཞིས་དེ་ནས་བོད་ཟླ་ ༡༢ ཚེས་ ༡ གི་ལོ་གསར་ཆེད་ལྷ་ཁང་གཞིས་སྡོད་ངོ་གཡོག་སུམ་ཅུ་སྐོར་འབྲུག་ལ་ཉེར་མཁོ་སྒྲུབ་པར་བསྐྱོད་ནས།[19] ཚ་ལུ་མ་དང་བུར་ཤིང་སོགས་ཁལ་རྒྱབ་སུམ་ཅུ་ཙམ་དབུས་འབུལ་ཞུ་དགོས་ལ། བོད་ཟླ་ ༣ དབུས་འབུལ་སྐབས་སུའང་མར་དང་ཁ་ཟས་སོགས་ཁལ་རྒྱབ་གྲངས་ ༣༠ སྐོར་ལ། དོས་རྒྱབ་པ་གཅིག་རྟ་འུལ་གཉིས་དང་བཅས། འབྲོག་རྩ་ཡུལ་ནས་གོང་དཀར་དེ་ནས་བྱེ་ལ་བརྒྱུད་སྐྱེལ་འདྲེན་དང་། བླ་ཕྱག་ལས་ཁུངས་སུ་འབྲས་དཀྱུས་རྒྱ་འབོམ་ཁལ་ ༤༩༦ ལ་བུན་སྤར་རྩིས་མཁར་རུའི་ཁལ་ ༧༢༩ (རྒྱ་འབོ་ཞེས་པ་གཤོར་བྱེད་དེའི་དབྱིབས་ནི་སླེལ་པོ་ཁ་སྦུབ་དང་འདྲ་བ་ཞིག་ཡོད་འདུག)དང་། ཨ་ཤང་པང་ལེབ་ཞེས་པ་གྲངས་ ༡༠༠༠ སྐོར། དོས་ཁལ་ ༢༠༠ ལྷག འཕྱོང་རྒྱས་དང་། སྣེ་གདོང་། རྒོད་ལ་སོགས་ས་ཚིགས་ཁག་བརྒྱུད་ནས་དབུས་འབུལ་སྐྱེལ་འདྲེན་ཞུ་དགོས་པར་གསལ།[20]

དེ་མིན་ནང་ཁྲལ་ལའང་རྐང་གྲངས་ལྟར་ལག་འདོན་འབུལ་དགོས་པ་དཔེར་ན། ལྷ་ཁང་གཞིས་ཀྱི་ས་རིས་བདེ་ཆེན་གསང་སྔགས་དགོན་ཁོངས་བྱི་རི་གཞིས་ཀྱི་ཁ་འཛིན་བྱེད་པར། ཁྲལ་པ་ཐེམ་དུད་བདུན་ལ་མི་གྲངས་སུམ་ཅུ་སྐོར་ཡོད་པས་ལོ་རེ་བོགས་འབྲུ་རུའི་ཁལ་ ༡༥༠ ཙམ་འཁྲི་བ་དང་།[21] རྫོང་གི་བུད་ཤིང་གཟན་རྩྭ་ནར་གཏོང་སོགས་ནང་ཁྲལ་ཙག་ཙིག་མི་ཉུང་བ་ཞིག་ཡོད་ལ། རྐང་འུལ་དུའང་རྫོང་ཞོལ་དང་སྟོང་ཤར་གྲོང་ཚོའི་མི་སེར་ནས་རྒྱུན་ལྡན་རྫོང་གི་རྟ་གཡོག་དང་། དགུན་དུས་རྫོང་གི་བཞོན་རྟའི་གཟན་པ་གཅོད་འབྲེག་བྱེད་དགོས་ལ། གཞིས་འོག་རྒན་ཁག་གཞན་ནས་ཀྱང་ལག་ཤེས་བཟོ་ཁྲལ་འཕར་མ་ཤིང་བཟོ། ལྕགས་བཟོ། རུམ་འཐག འཚེམས་བཟོ་སོགས་གླ་ཆ་སྣེ་སེལ་དང་བཅས་བསྐུལ་ལམ་འདུག

ཚོང་ཁྲལ་ལ་ཆ་མཚོན་ན་དགུན་དུས་ཡུལ་མི་ཚོང་པ་ཁག་གཅིག་འབྲུག་ལ་སྒེར་ཚོང་དུ་འགྲོ་བར། ལྷ་ཁང་གཞིས་ལ་འགྲོ་སྐྱོད་ལམ་ཡིག་ཆོག་མཆན་དོད་སྐྱབས་རྟེན་བོད་དངུལ་སྲང་ ༢༥ སྐོར་དང་། དབྱར་དགུན་གྱི་ཚོང་འདུས་ཆེན་མོའི་སྐབས་སུ་བོད་ཁུལ་ཞིང་འབྲོག་ཚོང་གཉེར་བ་ནས་ཟོག་ཕུད་ཅེས་པ་བཅུ་ཟུར་དང་། ཚོང་ཟོག་ཀྱི་བཅུ་ཀ་མ་ལོང་ན་ཟོག་ཕུད་འཇལ་མི་དགོས། འབྲུག་ཟོག་རྒྱབ་འཁུར་རེ་ནས་དཔྱ་ཁྲལ་བོད་དངུལ་ཊམ་དཀར་རེ་གཞིས་སྡོད་ནས་བསྡུ་ལེན་བྱེད་པ་མ་ཟད། རྫོང་གི་གཏན་ཚིགས་དགོངས་དོན་ལྟར་ཚོང་འདུས་རིང་ས་གནས་རྫོང་ལ་འབྲུག་པ་དཔོན་ཁག་བཞིས་རྫོང་ལ་འབྲས་མཁར་རུའི་ཁལ་ ༡༡༠༠ ཡས་མས་བཙོང་དགོས་པ་ལས། འབྲས་ཁལ་ ༢༠༠ སྐོར་འབྲས་འབྲུག་པའི་བྲེ་བཅུ་དྲུག་ལ་ཚྭ་བྲེ་ཉེ་ཤུ་རེ་སྤྲོད་སྲོལ་ལས། དེ་བྱིངས་ཚྭ་འབྲས་མགོ་ཐུག་བྱེད་ལམ་འདུག གཞན་ཡང་། ལྷ་ཁང་ཟམ་པར་གཞིས་ཁོངས་ཀྱི་མི་ཕུད་པས་ཚོང་པ་དང་གནས་སྐོར་བ་ཁལ་འགྲོ་བྱེད་མི་བྱིངས་ལ་ཟམ་གླ་བོད་དངུལ་སྲང་གང་རེ་བྱུང་འཛིན་བླངས་ཏེ་འགྲོ་བསྐྱོད་བྱེད་དགོས། འོན་ཀྱང་། དབྱར་ཚོང་ཉེ་འཁོར་ནང་ཁུལ་ཡུལ་ཟོག་བརྗེ་ཚོང་སྐབས་ཁྲལ་འཇལ་ཁྲིམས་འཁུར་གང་ཡང་མེད་པར་རང་མོས་ཡིན་བཅས་སོ།།

ལྷོ་བྲག་རྫོང་གི་ཁྲིམས་གནོན་གྱི་བྱེད་པོ་གཙོ་བོ་རྫོང་གཞིས་ཁྱབ་ཁོངས་སོ་སོའི་རྫོང་སྡོད་ཡིན་ཞིང་། གོང་དུ་བྱུང་བ་ལྟར་རྫོང་ནི་ཧྲག་བསྡུས་དང་ཚ་ནན་ཤིན་ཏུ་ཆེ་ལ། དེ་ལྟར་མིན་ན་རྐུན་ཇག་གྱོད་དོན་དང་ལམ་འགྲུལ་དོན་རྐྱེན། ཡུལ་ཁྲིམས་དོ་དམ་སོགས་ཡོད་ཚད་རྫོང་རང་གིས་ཁུངས་འཁྱོལ་དགོས་པས། རྫོང་གི་ཁྲིམས་ཁང་སྒོ་དྲུང་དུ་ཁྲིམས་གཅོད་ཡོ་ཆས་རྟ་ལྕག་སོགས་ཁྲག་རལ་ཡོ་ལེར་འཇོག་སྲོལ་དང་། རྫོང་དཔོན་རང་གི་མདུན་ཅོག་ཏུ་པགས་ལྕག་ཅེས་འགྲམ་པར་གཞུ་བྱེད་དེ་བཞག་ནས་རྔམ་འཇིགས་སྟོན་ཐབས་བྱེད་ལ། རྫོང་སྒོའི་གྱང་ལྡེབ་གཡས་གཡོན་དུ་ལྕགས་ཁྲའི་ནང་གཞུང་སའི་སྤངས་བླང་གྱི་བཀའ་རྩ་དཔྱང་ནས་བཞག་ཡོད་པ་མ་ཟད། རྩིག་ལྡེབས་སུ་ཚེ་འདི་ལས་ཕྱི་མ་དམྱལ་ཐག་རིང་། ། དཔོན་འདི་ལས་ཕྱི་མ་འཇིགས་རལ་ཆེ།། ཞེས་སོགས་དགེ་བཅུའི་བསླབ་བྱ་ལས་འཕྲོས་པའི་ཁྲིམས་ལུགས་ཀྱི་གཞི་རྩའི་ལམ་སྟོན་ཁག་བྲིས་ཡོད་འདུག་ལ། ཇི་ཙམ་གྱི་རྫོང་དཔོན་ཚ་ནན་ཆེ་བ་དེ་ཙམ་གྱིས་ཡུལ་ལ་ཞི་བདེ་ལྷིངས་འཇགས་ཡོད་པ་ལས། གཞན་ཁུལ་དེ་ནི་ཕྱོགས་མཐའི་ཚོང་པ་དང་གནས་སྐོར་བ་སོགས་ཧ་ཅང་འདུ་འཛོམས་ཆེ་བའི་ཡུལ་ཞིག་ཡིན་པས་རྐུན་ཇག་འཕྲོག་བཅོམ་ཉེས་དོན་གྱི་རིགས་ལྷག་སྐྱེན་པར་གསུངས། དེ་མཚུངས་ཚོང་འདུས་ཆེ་གྲས་སྐབས་སུ་དུག་ཚོང་སོགས་ཁྲིམས་འགལ་གྱི་ཚོང་རྫས་དང་། གཞུང་གི་བཀའ་འཁྲོལ་མེད་པར་གནས་ཁག་ནས་འབྲས་ལྐོག་ཚོང་ཉོ་ལེན། ཁྲལ་འབབ་མ་སྤྲད་བྲོས་བྱོལ་སོགས་ལ་རྫོང་སྡོད་ནས་ཞིབ་གཤེར་ནན་མོས་ཁྲིམས་གཅོད་བྱེད་སྲོལ་མཆིས།

སྤྱིར་རྫོང་སྡོད་གཙོ་རྒན་སོགས་ཀྱིས་ཐག་གཅོད་མ་ཐུབ་པའི་གྱོད་དོན་ཆེ་གྲས་ལྷོ་སྤྱིར་གཏུགས་གཤེར་དང་། དེས་ཁྲུན་ཐག་མ་ཆོད་པའི་རིགས་བཀའ་ཤག་ལ་སྙན་སེང་ཞུ་བའི་རིམ་པ་ནི། གཞུང་ས་དགའ་ཕོ་བྲང་གི་ཆབ་འབངས་རྫོང་འགོ་སྤྱི་བྱིངས་ལྟར་ཡིན་ལ། གཞན་ཡང་། མི་མང་གིས་ལུང་རུབ་བརྒྱབ་ནས་མི་གསོད་ཁྲག་སྦྱོར་སོགས་བྱུང་ཚེ་རྫོང་ནས་དམིགས་བསལ་རྩད་ཞིབ་ཁྲིམས་གཅོད་བྱེད་སྲོལ་མི་འདུག་པ་མ་ཟད། མི་མང་འཛོམས་ན། གཡག་ཆེན་རྒྱལ་ཞེས་ཁུལ་དེར་ཁ་དཔེར་གྲགས་པ་བཞིན་མི་སེར་ཁ་འཆམ་གྱིས་ངོ་རྒོལ་བྱུང་རིགས་ལ། རྫོང་ནས་དམིགས་བསལ་ཁྲིམས་ཀྱིས་འཇུག་གནོན་ནན་ཏུར་མི་བྱེད་པའང་། སྔར་ལྷ་ཁང་གཞིས་སྡོད་ལྕོག་སྟེངས་ཞེས་པའི་སྐབས་སུ་མི་སེར་ཐོག་ཁྲལ་རིགས་བརྡབ་འཕར་བྱུང་རྐྱེན་ངོ་རྒོལ་བྱས་པ། དཔེར་ན། གཞིས་ཁོངས་མཐིང་མ་[22]ཁུལ་དུ་ལོ་བོད་ཚོས་མཐིངས་ཀྱི་ཐོན་ཁུངས་བཟང་བས། ལོ་ལྟར་གཞིས་ལ་ཚོས་ཁྲལ་འཁྲི་སྒྲུབ་དགོས་པར་མི་སེར་ཁ་མཐུན་གྱིས་ས་ཁུངས་བཀག་སྟེ་གཞིས་སྡོད་ལ་ཆུ་རུད་ཀྱིས་འཁྱེར་སོང་ཞུས་པ་ནས་བཟུང་ཚོས་ཁྲལ་འཇལ་མི་དགོས་པའི་ཁྲལ་ཆག་བྱུང་བར་གྲགས། དེ་བཞིན་ལྷ་ཁང་གཞིས་སྡོད་ཚེ་སྨོན་གླིང་ཚ་རྡི་བྱང་སེར་བྱེས་རྩེ་དྲུང་བློ་བཟང་བསྟན་འཛིན་ཞེས་པའི་སྐབས། ལྷ་ཁང་གཞིས་འོག་དུད་ཁྱིམ་འགའ་རེས་དུག་གཏོང་བའི་ཁྲིམས་འགལ་གྱི་གནད་དོན་བྱུང་བ། རྫོང་སྡོད་ཀྱིས་རྩད་ཞིབ་ཀྱིས་དུག་རྫས་འབྲུག་པའི་ལག་ནས་ཉོ་སྒྲུབ་ཀྱིས་མི་གསོད་དོན་རྐྱེན་བྱུང་དངོས་སུ་ར་འཕྲོད་པས།[23] ལག་དམར་བ་ཁག་འཛིན་བཟུང་གིས་ལྷོ་སྤྱི་བརྒྱུད་ལྷ་ས་ཞོལ་ལས་ཁུངས་སུ་རྩིས་འབུལ་ཞུས་པར། ཉེས་ཅན་པའི་མཁར་དབང་གཞུང་བཞེས་དང་གཙང་ཁུལ་གྱི་ས་ཆར་རྒྱང་འབུད་བཏང་སོགས་བྱུང་ཡོད།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱལ་དབང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར། དེབ་གསུམ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༢༡༦།

[2] ཡུས་ཆན། ལྷོ་བྲག་མདོ་རྫོང་གི་གནའ་ཤུལ། ཀྲུང་གོའི་བོད་ལྗོངས། ཕྱི་ལོ་ ༢༠༠༩།༡ ཤོག ༣༤།

[3] ལྷོ་ཁའི་ལོ་རྒྱུས་རིག་གནས་ཀྱི་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༠༠།

[4] ལྷོ་བྲག་ལྷུན་གྲུབ་དཔལ་འབྱོར། རང་ལོ་ ༨༥། སྦེལ་ཀོབ་བདེ་སླར་གཞིས་གྲོང་གཉིས་པ། བཅར་འདྲི། ཕྱི་ལོ་ ༢༠༡༥།  རང་ལོ་ ༣༠ ཐོག་བཙན་བྱོལ་དུ་ཕེབས་ཤིང་། དེ་སྔ་བོད་དུ་ལྷོ་བྲག་སེང་གེ་རྫོང་ཁོངས་གསང་སྔགས་མཁར་པའི་ཆོས་གཞིས་ངོ་ཚབ་གནང་མྱོང་འདུག

[5] བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། ༨། ཤོག ༨༣།

[6] བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། ༨། ཤོག ༨༥།

[7] སྤྱི་བདེ་བདེ་ཆེན་རྒྱ་མཚོ། མེ་ལྕེ་དྲག་པོའི་ནང་གི་པུ་རྒྱལ་བོད་དང་ངའི་གཞོན་ནུའི་ལང་ཚོ། ལོ་རྒྱུས་དེབ་ཕྲེང་བཅུ་པ། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༥། ཤོག ༣༢།

[8] བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། ༨། ཤོག ༨༤།

[9] ལྷོ་ཁ་བསམ་གཏན།  སྦེལ་ཀོབ་གྷོ་ལ་ད་ལ་གྲོང་སྡེ། དགུང་ལོ། ༨༤། ༢༠༡༥ ལོར་བཅར་འདྲི་ཞུས།

[10] ལྕགས་སྟག་ཞིབ་གཞུང་། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༨༩། ཤོག ༢༣༡-༢༤༩།

[11] རྫོང་དེའི་ས་གནས་འགའ་རེར་ལོ་གཅིག་ལ་ནས་དང་། བྲོ་བོ་འདེབས་ལས་ཀྱི་ལོ་ཏོག་ཐེངས་གཉིས་བསྡུ་ལ། སོ་སོའི་ཁྲལ་རྟེན་ས་ཞིང་གི་མཐའ་སྐོར་དུ་ཁམ་སྡོང་འདེབས་ལས་ཕོན་ཆེ་བྱེད་པས་རྟ་བོང་། བ་གླང་། ཕག་པ་སོགས་ཁམ་བུས་གསོ་ཚགས་ཀྱིས་དགོང་མོ་སྟེར་བའི་ཁམ་ཚིག་ཞོགས་པ་ཕྱུགས་རར་ཕུང་གསོག་ཐེབས་འཕྱག་རྒྱུ་ཡོད་པར་གྲགས་ཤིང་། ཁམ་ཚིག་ནས་སྣུམ་འདོན་པའི་ལུགས་སྲོལ་ཡང་ཡོད་པ་མ་ཟད། ཤིང་པང་ལེབ་ཀྱི་ཐོན་ཁུངས་ཀྱང་འབོར་ཆེན་མཆིས།

[12] ལྕགས་སྟག་ཞིབ་གཞུང་ལྟར་ན། དོ་རྫོང་ཟངས་ཀླུབས་ཁུལ་ནས་གཞུང་རྒྱུག་རྐང་བཅོ་ལྔ་ལྷག་སྒྲུབ་པར་བཤད། གཞན་ཡང་། ཁུལ་དེའི་ལྡིང་ཁག་རེར་ཁྲལ་དུད་བརྒྱད་ནས་བཅུ་བར་ཡོད་པར། གཞུང་རྒྱུག་ཁྲལ་དུད་ལ་རེ་སྒེར་པ་ཆུང་གྲས་ལས་ཀྱང་སྟོབས་འབྱོར་ཆེ་བ་ཡོད་འདུག

[13] དབུས་གཙང་རྒྱ་ཁྱབ་གཅིག་མཚུངས་ལྟར་ལྕགས་སྟག་ཞིབ་གཞུང་བཀོད་སྐབས། ཁུལ་དེར་ས་རིས་འདེབས་བརྐོད་བེད་མེད་བར་མ་དོར་མ་སོང་བའི་བྱེད། དུད་ཁྲལ་བུད་སྟོང་དུ་ཕྱིན་རིགས་རྫོང་དང་འདུ་སྤྱི་ནས་འདེབས་འཁོས་ཚོང་བསྒྱུར་གྱིས་མི་སེར་ལ་ཁྲལ་ཆག་དང་། རྒྱ་ཤིང་བརྔོད་གསུམ་གྱི་འཁྲི་སྒྲུབ་ཀྱང་གཞུང་རྒྱུག་སྤྱི་འཛིན་དང་རྫོང་སྡོད་ནས་སྒྲུབ་དགོས་པ། དཔེར་ན། དར་མ་རྫོང་འོག་ཀླུང་སྨད་ལྡིང་འོག་དང་སྟོད་ལྡིང་འོག གསེར་ཆེན་ལྡིང་སོགས་བྱུང་འདུག

[14] ལྷོ་ཁའི་ལོ་རྒྱུས་རིག་གནས་ཀྱི་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༥།

[15] སེང་གེ་རྫོང་འོག་ཏུ་ནས་ལས་གྲོའི་འདེབས་ལས་ཐོན་ཁུངས་མང་ལ། ད་དུང་གྲ་འུ། རྒྱབ་ར། པད་ཁ་དང་སྲན་མ་ལྷན་དུ་འདེབས་སྲོལ་ཡོད་འདུག

[16] ལྷོ་བྲག་དཔལ་འབྱོར་ལགས་ཀྱིས། ཁོང་དེ་སྔ་གསང་སྔགས་མཁར་པའི་གཞིས་ཀའི་ངོ་ཚབ་ཐོག་ཁྲལ་སྒྲུབ་བྱེད་མྱོང་བས། མར་སྣུམ་འབྲུ་སོགས་ཀྱི་ཁྲལ་འབབ་ཕལ་མོ་ཆེ། ཁུལ་དེའི་ཐོན་ཁུངས་སྣ་ཚ་དང་པང་ལེབ་སོགས་ལྷ་སའི་དཔར་ཁང་ཁག་དང་དགོན་སྡེ་སོགས་ལ་ཚོང་བསྒྱུར་དང་། དེ་ལས་བྱུང་བའི་ཁེ་འབབ་ཀྱིས་ལྷ་ས་ནས་མར་སྣུམ་ཉོ་སྒྲུབ་བྱས་པ་ཁྲལ་འཇལ་ཞུ་སྲོལ་ཡོད་ཅེས་གསུངས།

[17] ལྕགས་སྟག་ཞིབ་གཞུང་། ཡིག་ཨང་། ༢༦། ཤོག ༢༣༦-༢༤༠།

[18] ལྷོ་ཁའི་ལོ་རྒྱུས་རིག་གནས་ཀྱི་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༠༠།

[19] ཚོང་པ་ངོ་གཡོག་འབྲུག་ཡུལ་དུ་སྡོད་རིང་འབྲུག་གཞུང་ལྷུན་རྩེ་རྫོང་ནས་སྣེ་ལེན་བྱེད་སྲོལ་ཡོད་པ་མ་ཟད། ཚོང་ཟོག་རྣམས་འབྲུག་པས་ལྷ་ཁང་གཞིས་པར་སྐྱེལ་འདྲེན་བྱེད་པར། ཚ་ལུ་མ་མི་འཁུར་རེ་ལ་ཚྭ་བྲེ་གང་རེ་བདལ་གླར་སྤྲོད་སྲོལ་མཆིས།

[20] བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། ༨། ཤོག ༨༣-༩༤།

[21] དབུས་གཞུང་ནས་མི་སེར་ལ་སོན་འབྲུ་འབོགས་མར་གཏོང་སྲོལ་ཡོད་པ་ལས།  བུན་འབྲུ་ངོ་བོ་ཁལ་བཅུ་ལ་སྐྱེད་ཀ་ཁལ་གཅིག་སྤྲོད་དགོས་པར་བཅུ་སྐྱེད་ཅེས་འབོད་ཅིང་། དེ་ནི་སྐྱེད་ཀ་ཧ་ཅང་དམའ་བས་བུན་གཡར་ཞུ་མི་ཤིན་ཏུ་མང་རྐྱེན་ཐོབ་དཀའ་བ་དང་། གཞན་སྒེར་ཆོས་ཁག་གིས་བདུན་བརྒྱད་འགྲོ། ལྔ་དྲུག་འགྲོ། བཞི་ལྔ་འགྲོ་སོགས་བུན་གཡར་ལམ་ལུགས་གཏན་འབེབས་སྣ་ཚོགས་ཡོད་པ་ནི་སྐྱེད་ཧ་ཅང་ལྕི་བར་གསུངས། ལྷོ་བྲག་ལྷུན་གྲུབ་དཔལ་འབྱོར་ལགས་ཀྱི་བཅར་འདྲི་ལས།

[22] ལྕགས་སྟག་ཞིབ་གཞུང་སྐབས་མཐིང་མར་བུད་སྟོང་དང་བསྡད་རྐང་སོགས་བརྩིས་ན་ཁྲལ་འབབ་སྒྲུབ་རྐང་ཉི་ཤུ་རྩ་བདུན་འདུག ཤོག ༢༣༧།

[23] དུག་རྫས་ཀྱི་རིགས་རྣམས་འབྲུག་པས་ལྐོག་ཚོང་རྒྱག་སྲོལ་ཡོད་འདུག་པར། དུག་ཚོང་རྒྱུ་ཡོད་ཚེ་ ̔དགྲ་འདུལ་’ མི་ཉོའམ་ཞེས་གསང་སྐད་ཐོག་ནས་ལྐོག་ཚོང་བྱེད། དེར་བརྟེན་དུས་སྐབས་གཅིག་ཁུལ་དེར་ཇ་ཆང་འབྲས་སོགས་མགྲོན་པོར་སྒྲོན་སྐབས། ཐོག་མར་རང་གི་དུག་སེལ་བྱེད་སྲོལ་ཀྱང་ཡོངས་ཁྱབ་ཏུ་ཡོད་འདུག

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།