བོད་ཀྱི་མཛངས་བློན་མི་བདུན་དང་སོ་སོའི་མཛད་རྗེས་བསྡུས་པ།
མཛངས་བློན་དང་པོ། རུ་ལུ་སྐྱེས་ནི(པུ་དེ་གུང་རྒྱལ་དང་མ་ཡུམ་གཅིག་ཅིང་།དེའི་གཉེན་ཚན་ཞིག་ཡིན་པའི་བཤད་ལུགས་གཉིས)བོད་རྒྱལ་དགུ་བ་པུ་དེ་གུང་རྒྱལ་གྱི་བཀའ་ཡི་བློན་ཆེན། བོད་རྒྱལ་རྒྱུད་སླར་གསོ་བྱེད་མཁན་གྱི་དཔའ་བོ་ཞིག་ཡིན་པར་མ་ཟད། དུས་སྐབས་དེར་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་གཏོང་མཁན་གྱི་དམིགས་བསལ་མི་སྣ་ཞིག་ཡིན་པ་རྒྱལ་རབས་ལོ་རྒྱུས་དག་ལས་ཤེས་ཐུབ་སྟེ། ༼ཆོས་འབྱུང་མཁས་པའི་དགའ་སྟོན༽ལས།༼བོད་ཡུལ་འཕྲུལ་བློན་མཛངས་པའི་མི་བདུན་གྱི། །ཐོག་མར་གྱུར་བ་རུ་ལས་སྐྱེས་འདི་ཡིན། །མཛངས་པའི་ལས་སུ་ཤིང་བསྲེགས་སོལ་བ་བྱུང་། །དེ་ཡིས་རྡོ་བཞུ་གསེར་དངུལ་ཟངས་ལྕགས་ཕྱུང་། །ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། ། ས་གཞི་བརྐོས་ནས་ཕུ་ཆུ་ཡར་དུ་དྲངས། །རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས། །བརྒལ་བའི་མི་ཐར་ཆུལ་ལ་ཟམ་པ་བཙུགས། །རྨོས་པའི་ལོ་ཐོག་ཐོག་མར་འདི་ནས་བྱུང་། །༽ཞེས་གསུངས།


