དྷཱིཿལྷ་ལྡན།
༼༧༨༤—༨༦༦༽
བོད་བཙན་པོའི་དུས་སུ་བྱོན་པའི་སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཞེས་ཡོངས་སུ་གྲགས་པ་རྗེ་འབངས་ཉེར་ལྔའི་ཡ་གྱལ། སྔགས་པ་རལ་བ་ཅན་དག་ལས་མཐུ་དང་ནུས་པ་མཆོག་ཏུ་ལྡན་པར་གྲགས་པ་གང་དེའི་འཁྲུངས་འདས་ལོ་ཚིགས་ད་སྔའི་ལོ་རྒྱུས་དང་ཚིག་མཛོད་གཞན་དག་ཏུ་མི་གསལ་ཞིང་། པོ་ཏ་ལར་བཞུགས་པའི་རྙིང་མའི་གསུང་འབུམ་དཀར་ཆག་ཏུ། ཆུ་བྱི་ཕྱི་ལོ༨༣༢ལོར་འཁྲུངས་ཤིང་། ཆུ་སྟག་ཕྱི་ལོ༩༤༢ལ་གྲོངས་པས་དགུང་ལོ་བརྒྱ་དང་བཅུ་གཉིས་བཞུགས་པར་བྲིས་འདུག་མོད། གནུབས་ཀྱི་རང་རྣམ་དང་། བཻ་རོའི་འདྲ་འབགས། དགོངས་ཉམས་བླ་མ་བརྒྱུད་པའི་རྣམ་ཐར་སོགས་ལོ་རྒྱུས་ཁུངས་ལྡན་དག་དང་བསྡུར་ན་མི་འགྲིག་པར་སྣང་།
དེ་ཡང་ཇི་ལྟར་ན། གནུབས་ཉིད་ཀྱིས་མཛད་པའི་རྣམ་ཐར་གནུབས་ཀྱི་བཀའ་ཤོག་ཆེན་པོ་ལས། “མི་ངན་གནུབས་ཆུང་སངས་རྒྱས་རིན་པོ་ཆེ། །སྐྱེས་པའི་ཕ་ཡུལ་སྦྲགས་ཀྱི་ཡང་རྫོང་ན། །རུས་དང་མིང་དུ་སྨོས་པ་རྗེ་ཆེན་སྣུབས(གནུབས)ཀྱི་བུ། །ཕ་རུ་སྨོས་པ་གསལ་བ་བྱང་ཆུབ་སྣུབས། །མ་རུ་སྨོས་པ་འཕྱིམས་(མཆིམས)མོ་བཀྲ་ཤིས་མཚོ། །ཕ་མེས་དུར་ས་སྒྲགས་ཀྱི་རི་བོ་ཆེ། །དུར་གྱི་དཀྱིལ་དུ་ཙནྡན་སྡོང་པོ་སྐྱེས། །”ཞེས་སོགས་རིགས་རུས་དང་ཡབ་ཡུམ་སོགས་གསལ་བར་བསྟན་ལ། ཡང་དེ་ཡི་མཇུག་ཏུ། “དེ་ནས་ལོ་ཡི་དང་པོ་ཤིང་ཕོ་བྱི་བའི་ལོ། །ཟླ་བའི་དང་པོ་དཔྱིད་ཟླ་ར་བ་ལ། །བདག་ཉིད་མ་ཡི་རུམ་ནས་བཙས་སོ་སྐད། །”ཞེས་འཁྲུངས་ལོ་ཤིང་བྱི་བ་ཡིན་པ་ཙམ་ཞིག་བསྟན་ཏོ། །
དེ་ཡང་ཕན་ཚུན་བསྡུར་ན་འཁྲུངས་ལོ་ཤིང་བྱི་ཡིན་པར་བསྟན་པ་འདི་ཕྱི་ལོ༧༨༤ལོའི་བྱི་བ་ཡིན་པར་ངེས་ཏེ། རྣམ་ཐར་ཉིད་ལས། “དེ་ནས་དྲུག་ཅུ་རེ་གཅིག་བྱི་ལོ་ལ། །བདག་གི་ཀག་ལ་བབས་ནས་ཁེང་ལོག་བར་པ་བྱུང་། །”ཞེས་པའི་ཁེང་ལོག་དེ་གླང་དར་མས་རྒྱལ་སྲིད་བཟུང་ནས་བསྟན་སྣུབ་ཀྱི་ལྕགས་བྱ་ནས་ལོ་བཞི་པ་ཕྱི་ལོ༨༤༥ལོའི་ཤིང་བྱི་དེར་འཁེལ་ཞིང་། སྐབས་དེའི་ཁེང་ལོག་ཁྲོད་ད་དུང་ཆོས་པ་རྣམ་ལ་འཚེ་བ་བྱེད་ཀྱིན་ཡོད་པ་དང་། དེའི་རྐྱེན་གྱིས་ཁོང་ཡང་གནས་གཞི་གཅིག་ཏུ་བཞུགས་མ་བདེ་བར་གང་སར་ཕེབས་ཀྱིན་ཡོད་པ་གསལ་བས་སོ། །དེ་བས་ཁེང་ལོག་འདི་བསྟན་བསྣུབས་ཡས་མས་ཀྱི་དོན་རྐྱེན་ལ་གོ་ན་འགྲིག་པར་འདུག་གམ་སྙམ་སྟེ། དེ་ལྟར་བྱས་ཚེ་དེ་ལས་ལུགས་ལྡོག་གིས་བརྩིས་པའི་ཤིང་བྱི་དེ་ཕྱི་ལོ༨༤༥ལ་འཁེལ་བས་ཕན་ཚུན་འཁྲིགས་ཀྱིས་མཐུན་པས་སོ། །
གྲོངས་ལོ་ནི་རྒྱའི་འདྲ་འབག་ཆེན་མོ་ལས། “ལོ་བརྒྱད་ཅུ་རྩ་གཉིས་ལ་སྐུ་གྲོངས་ཏེ། སྤུར་རང་གི་ཡུལ་དུ་སྤྱན་འདྲེན་པ་ལ། ནམ་མཁའ་བྱ་བྱེའུ་མང་པོ་འདུས་ནས། སྤུར་ལ་བསིལ་བསྒྲིབ་བྱས་ནས་འབུ་ཚོ་སྟོང་དུ་བསྐྱལ། ཐབ་སྟག་གི་བྱ་བྱེའུ་གཡུང་དུ་བསྐྱལ། སྤུར་སྦྱོངས་བས་བྱ་བྱེའུ་ཚོ་གྱེས་སོ། །”ཞེས་དགུང་གྲངས་གྱ་གཉིས་ལ་གྲོངས་པར་གསུངས་ཤིང་། དེ་ཡང་གོང་གི་འཁྲུངས་ལོ་དང་། དགུང་གྲངས་རེ་གཅིག་སྟེང་ཁེང་ལོག་བར་བ་བྱུང་དུས་ནས་བརྩིས་ཚེ་ཤིང་བྱ་ཕྱི་ལོ༩༢༧ལོ་ཡིན་པར་གཏན་འཁེལ་ནུས་པས་སོ། །
བོད་ཀྱི་བསྟན་བསྣུབས་ཀྱི་དུས་ཞེས་སུ་གྲགས་པའི་སྐབས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཁོང་བཞུགས་ནས་ཡོད་པ་རྒྱལ་རབས་ཆོས་འབྱུང་ཁག་ཏུ་གསལ་ཞིང་། ཁོང་གི་དགུང་སྙིང་ཤིང་གླང་ཡིན་པ་རང་རྣམ་ན་གསལ་བ་འདི་གཉིས་ཀྱིས་ཀྱང་ཁོ་བོས་འདིར་བཤད་པ་དེ་ཤིན་ཏུ་འཐད་པར་འོང་ངོ་སྙམ་སྟེ། གལ་ཏེ་ཁོ་བོས་འདིར་བཤད་པ་ལས་དྲུག་ཅུ་སྐོར་མའི་ཤིང་གླང་ཡིན་ན་གླང་དར་མས་བསྟན་པ་སྣུབ་དུས་གནུབས་འཁྲུངས་ནས་ལོ་བརྒྱ་དང་བཅོ་ལྔ་ཡན་ངེས་པར་སོང་ཟིན་དགོས་པས་དགུང་ལོ་བརྒྱ་དང་བཅུ་གཉིས་བཞུགས་པའི་དབང་དུ་བཏང་ནའང་བསྒྲིག་མི་བཏུབ་ཅིང་། དྲུག་ཅུ་སྐོར་ཕྱི་མ་ཡིན་ན་གནུབས་དང་མཁན་སློབ་སོགས་མཇལ་ཚུལ་མེད་པས་སོ། །དེ་བས་ཇི་ལྟར་བསམ་བློ་བཏང་ཡང་ཁོ་བོས་འདིར་བཤད་པ་དེ་ལས་འདའ་ས་མེད་པར་སྙམ་མོ། །
གནུབས་ཁོང་ནི་རྒྱལ་པོ་ཁྲི་སྲོང་གི་དུས་སུ་བྱོན་པ་ཞིག་ཡིན་པས། ཏུན་ཧོང་གཏེར་ཡིག་ཏུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་ལོཆུ་རྟ་་ཕྱི་ལོ༧༤༢ཡིན་པར་གསལ་ཞིང་། གྲོངས་ལོ་དེབ་དམར་སོགས་ལྟར་དགུང་ལོ་ང་དྲུག་བཞུགས་པའི་དབང་དུ་བྱས་ན་ཕྱི་ལོ༧༩༧ལ་འཁེལ་བར་བསྡུར་ན་ཅུང་དཔྱད་དགོས་པ་ཞིག་ཀྱང་འདུག་མོད། ལོ་རྒྱུས་གཞན་དག་ལྟར་རྒྱལ་པོ་དགུང་ལོ་རེ་དགུ་བཞུགས་པའི་དབང་དུ་བྱས་ན་ཕྱི་ལོ༨༡༠ལ་འཁེལ་བས་འགྲིག་ལ། ལུགས་སྔ་མ་ལྟར་བྱས་ནའང་གནུབས་སོགས་ཆུང་དུས་ནས་སྒྲ་བསླབས་ཤིང་སློབ་དཔོན་གྱི་སློབ་མར་གྱུར་པ་ལགས་པས་མི་མཐུན་པ་མེད་དོ། །
ཆགས་སྡང་ཁྲག་གིས་མྱོས་པའི་ཨུ་ཚུགས་སྟག །
འཇིགས་པའི་ང་རོ་སྒྲོག་པའི་ཚང་ཚིང་དུ། །
གཅིག་པུར་ལུས་པ་བདེན་པའི་བུ་ཆུང་འདི། །
ཤེས་རབ་ཅན་གྱི་སྙིང་རྗེའི་ཡུལ་དུ་མཛོད། །
ཅེས་མཁས་དབང་དགེ་ཆོས་ཀྱི་གསུང་ཚིགས་སུ་བཅད་པ་དེས་མཇུག་བསྡུའོ། །