དབུས་གཙང་གི་གསོ་རིག་མཁས་པ་ ༥༥ རྣམ་ཐར།

དབུས་གཙང་གི་གསོ་རིག་མཁས་པ་ ༥༥ རྣམ་ཐར།

༡༽ སྐ་བ་ཤཱཀྱ་དབང་ཕྱུག

རྩོམ་པ་པོ། བྱམས་པ་འཕྲིན་ལས།

 

སྐ་བ་ཤཱཀྱ་དབང་ཕྱུག་གམ་འཚོ་སྨད་མཁན་ཆེན་དུ་གྲགས་པ་ནི། ལོ་ཙཱ་བཀའ་དྲིན་ཆེ་བ་ལྔའི་ནང་ཚན་སྐྱེས་མཆོག་སྐ་བ་དཔལ་བརྩེགས་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་དབང་ཕྱུག་དང་། བོད་རྒྱལ་པོའི་མདུན་ན་འདོན་སོགས་དཔའ་མཛངས་བརྟུལ་ཕོད་རིམ་པར་བྱོན་པའི་ནང་ནས། སྐ་བའི་བརྒྱུད་པ་སྟོད་ལུང་གླང་གྲོང་དུ་སྐུ་བལྟམས་ཤིང་། ཟུར་མཁར་མཉམ་ཉིད་རྡོ་རྗེའི་དངོས་སློབ་འཕྲིན་ལས་མཐར་ཕྱིན་ཕྲག་དབོན་བསོད་ནམས་བཀྲ་ཤིས་ཀྱིས་མཚོན་མཁས་པ་མང་དག་བསྟེན་ནས་རིག་གནས་སྤྱི་དང་། གསོ་བ་རིག་པ་ལ་མཁས་པར་གྱུར།

གོང་དུ་སྐ་བ་ཤཱཀྱ་དབང་ཕྱུག་ཅེས་མཚན་དུ་གསོལ་བ་ནི་ཇོ་བོའི་དུས་ཀྱི་སྐ་བ་ཤྰཀྱ་དབང་ཕྱུག་དང་རུས་གཅིག་པ་ཡིན་པས་དེ་ལ་བརྟེན་ནས་རང་གིས་རང་ལ་སྐ་བ་ཤཱཀྱ་དབང་ཕྱུག་ཅེས་བཏགས་པའི་སྐོར་《སྡེ་སྲིད་ཁོག་འབུགས།》ནང་དུ་གསལ་ཞིང་། མཚན་གཞན་ལ་སྐ་བ་ཤཱཀྱ་དབང་ཕྱུག་ཀུན་དགའ་རྒྱལ་མཚན་ཞེས་སུ་གྲགས། བླ་མ་དེ་ནི་རིག་གནས་མཐའ་དག་ལ་མཁྱེན་པ་ཆེ་ཞིང་། ཁྱད་པར་གསོ་བ་རིག་པའི་ཕྱོགས་ལ་ཤིན་ཏུ་བཀའ་དྲིན་ཆེ་སྟེ། ཚིག་ཉུང་བསྡུས་དོན་རྒྱ་ཆེན་པོ་སྟོན་པ་རྩ་་བ་ཐུགས་ཀྱི་རྒྱུད་འགྲེལ་《དཔག་བསམ་ལྗོན་ཤིང་》ཞེས་པ་དང་། 《ཁོག་འབུགས་ལེགས་བཤད་དངུལ་དཀར་མེ་ལོང་།》 《ཕྱི་རྒྱུད་འགྲེལ་པ་དཀའ་གནད་གསལ་སྒྲོན།》 《རིགས་ལྔའི་གསལ་བྱེད་མེ་ཏོག་ཕྲེང་བ།》 《གདམས་པ་ཐམས་ཅད་ཀྱི་ནང་ནས་ཆེས་ཟབ་པ་མན་ངག་ཀུན་གྱི་སྙིང་པོ་བསྡུས་པ།》 སོགས་ཟབ་རྒྱས་ཀྱི་གསུང་རབ་དཔག་ཏུ་མེད་པ་མཛད།

དེ་ལྟར་ཡང་《ཁོག་འབུགས་ལེགས་བཤད་དངུལ་དཀར་མེ་ལོང་》ལས། བདག་གིས་གསོ་དཔྱད་ཐོས་པ་བྱས་པ་ལ། །གཡུ་ཐོག་མགོན་ནས་དེང་སང་དུས་དག་ཏུ། །སྨན་པའི་རིགས་རྒྱུད་བར་མ་ཆད་པ་ཡི། །རྒྱ་མ་འཚོ་བྱེད་བསམ་གྲུབ་མཆོག་ལྡན་པས། །རྒྱུད་པའི་ལག་ལེན་སྨན་གྱི་ངོ་སྤྲོད་སོགས། །རགས་རིམ་ཕལ་ཆེར་ཚེགས་མེད་བདེ་བླག་ཤེས། །དཔེ་དང་ཆ་བྱད་དཔག་མེད་ལྷུག་པར་གནང་། །བྱང་པའི་འཚོ་བྱེད་དཔའ་འབྱོར་བཀྲ་ཤིས་ལས། །མིག་འབྱེད་མདོ་དོན་དམར་ཁྲིད་ཟབ་མོ་བསླབས། །པདྨའི་མཚན་ཅན་དག་ལ་རྒྱུད་གསུམ་གྱི། །བཤད་ལུང་བྱེ་བ་རིང་བསྲེལ་ཞེས་པ་ཐོབ། མངའ་རིས་མཁས་པ་ཆོས་སྐྱོང་རྒྱལ་མཚན་ལས། །བསྟན་བཅོས་ཆེན་པོ་ཡན་ལག་བརྒྱད་པ་དང་། །འགྲེལ་ཆེན་ཚིག་དོན་ཟླ་ཟེར་ཟིན་ཏིག་དང་། །གསེར་བྲེའི་ལུང་དང་ཁུ་ཚུར་འབུམ་ལ་སོགས། །མན་ངག་དུ་མའི་བཀའ་དྲིན་མཆོག་ཏུ་ཐོབ། །རྒྱ་མ་འཚོ་བྱེད་དབང་ཕྱུག་བློ་གྲོས་ལས། །རྒྱུད་བཞིའི་ཆ་ལག་བྱེ་བ་རིང་བསྲེལ་གྱི། །བཤད་པ་མ་ཚང་མེད་པ་ཞིབ་པར་ཐོབ། །སྨན་པའི་རྒྱལ་པོ་དཀོན་མཆོག་དཔལ་བཟང་ལ། །རྒྱུད་བཞི་བྱེ་བ་རིང་བསྲེལ་བཤད་ལུང་དང་། །ཕྱག་ལེན་མ་ལུས་ཡོངས་སུ་རྫོགས་པར་ཞུས། །ཁྱད་པར་རིན་ཆེན་སྦྱོར་སྡེ་མགོ་རྨ་དང་། །འབྲས་ཀྱི་དྲ་གཤགས་སྒྱོགས་ཆིངས་ཕྲ་ལ་སོགས། །མིག་ཐུར་མེ་འདོན་ལ་སོགས་ལག་ལེན་གྱི། །དམར་ཁྲིད་མ་ལུས་མངོན་སུམ་གཏན་ལ་ཕབ། །ཀོང་པོ་བླ་ཆེན་ནམ་མཁའ་དཔལ་ལྡན་ལས། །སྙིང་ཐིག་ཆོས་ཀྱི་དབང་ལུང་རྫོགས་པར་ཐོབ། །དོན་གཉེར་སློབ་མའི་ཚོགས་ལ་ལུང་རིགས་ཀྱི། །ལམ་ལས་དྲངས་ཏེ་སྒྲོ་འདོགས་ཆོད་པར་བཤད། །ཁོག་འབུགས་རྩ་བཤད་ཕྱི་གསུམ་འགྲེལ་པ་དྲུག །མན་ངག་བསྡུས་པ་འཚོ་བྱེད་རྣམ་ཐར་སོགས། །རྗེས་འཇུག་དོན་དུ་ཡི་གེ་གསལ་པར་བཀོད། །ནད་ལྡན་འགྲོ་ལ་བརྩེ་བས་སྨན་དཔྱད་བསྟེན། །སྨན་དང་ཆ་བྱད་དཔེ་སོགས་མང་དུ་སྤེལ། །ཞེས་གསུངས་ཤིང་། སློབ་མའི་གཙོ་བོ་གླང་བུ་ཆོས་རྗེ་ཞེས་པ་དང་། གསང་ཕུ་དཔལ་རི་བ་བློ་གྲོས་རྒྱལ་པོ་སོགས་མང་དག་ལ་གདམས་པ་མ་ལུས་བསྩལ་ནས་འགྲོ་བ་ནད་པ་རྣམས་ལ་མི་འཇིགས་སྲོག་གི་སྦྱིན་པ་འཛད་མེད་དུ་གནང་བས་ཕན་དང་བདེ་བའི་འབྱུང་གནས་དམ་པར་གྱུར་ཏོ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་འདོན་ཞུས།

 

༢༽ ཟུར་མཁར་བློ་གྲོས་རྒྱལ་པོ།

– བྱམས་པ་འཕྲིན་ལས།

 

ཟུར་མཁར་བློ་གྲོས་རྒྱལ་པོ་ཞེས་པ་ནི། གོང་དུ་བརྗོད་པ་ལྟར་ཟུར་མཁར་བའི་རིགས་སུ་རབ་བྱུང་དགུ་པའི་ས་སྦྲུལ་(སྤྱི་ལོ་1509) ལོ་ལ་འཁྲུངས། ཐོག་མའི་མཚན་ལ་ཚེ་བརྟན་རྒྱལ་དང་། རྗེ་ཀརྨ་འཕྲིན་ལས་(1) པས་གཙུག་ཕུད་བཞེས་ཏེ་མཚན་ལ་དཔལ་ལྡན་དོན་གྲུབ་རྣམ་རྒྱལ། ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེས་ལེགས་བཤད་འཚོལ། ཞྭ་དམར་བས་བློ་གྲོས་རྒྱལ་པོ། རང་གིོས་མེས་པོའི་འབངས་རྣམས་སུ་མཚན་བཏགས། ཆུང་ངུ་ནས་གོང་མའི་རྒྱུན་གྱི་གསོ་དཔྱད་ལ་སློབ་གཉེར་མཛད་པ་དང་། འཚོ་སྨད་མཁན་ཆེན་གྱི་སློབ་མ་གླང་བུ་ཆོས་རྗེ་ཞེས་པ་སློབ་དཔོན་དངོས་སུ་བསྟེན་ནས་རྒྱུད་བཞི་དང་། བྱེ་བ་རིང་བསྲེལ་ལ་སོགས་པ་མང་དུ་ཞུས། བློ་གྲོས་རྒྱལ་པོ་རང་ཉིད་ཟུར་ལུགས་ཡིན་རུང་《རྒན་པོའི་ཁ་ཆེམས།》ཞེས་པའི་ནང་གསལ་ལྟར་བྱང་བ་བཀྲ་ཤིས་དཔའ་བཟང་ནས་རིམ་པར་བརྒྱུད་པའི་དྲུང་ནས་བྱང་པ་སྐུ་མཆེད་དང་། དཔོན་ཚང་འཕན་དར་བ། མངའ་རིས་ཕྱག་སྨན་རིན་རྒྱལ་གྱི་དབོན་པོ་སོགས་དང་། ཁྱད་པར་ས་སྐྱ་སྨན་གྲོང་དུ་བྲང་ཏིའི་ཞལ་ངོ་ཡབ་སྲས་ལ་《ཡན་ལག་བརྒྱད་པ།》 དེའི་《རང་འགྲེལ།》 《ཟླ་ཟེར།》 《ཆ་ལག་བཅོ་བརྒྱད་།》 《གསེར་བྲེ།》 《དངུལ་བྲེ།》རྣམས་ཀྱི་ལུང་གསན། གཡུ་ཐོག་པས་མཛད་པའི་ཡིག་ཆ་ཁོ་ན་རྩད་གཅོད་གནང་ཆེད་གཙང་ཉང་སྨད་ཀྱི་ཕྱོགས་སུ་ཕེབས་པ་དང་། ས་ཆ་དེ་ནས་གཡུ་ཐོག་གསར་མའི་《རྒྱུད་བཞི་ཕྱག་དྲེག་མ།》ཞེས་པའི་གསེར་མཆན་རྙེད་པར་གྲགས། དེར་ས་སྤྱོད་དབང་རྒྱལ་གྲགས་པས་མཐུན་རྐྱེན་གནང་པར་བརྟེན། ལོ་བཞིའི་བར་དུ་《རྩ་བཤད་འགྲེལ་པ་མེས་པོའི་ཞལ་ལུང་》ཞེས་པ་རྩོམ་གནང་མཛད། རྗེས་སུ་དབུས་ཕྱོགས་ལ་བྱོན་ཏེ་གཞི་ལམ་འབྲས་གསུམ་ལས་བརྩམ་པའི་དྲི་ཚིག་གི་ཡི་གེ་ལྷ་སའི་རྡོ་རིང་ལ་ལན་གསུམ་དུ་སྦྱར་བས་དེའི་གཏམ་སྙན་ཕྱོགས་མཐར་ཁྱབ་རུང་ལན་མ་བྱུང་། རང་ཉིད་ཀྱི་སློབ་མ་ནང་སོ་དོན་ཡོད་སོགས་ཀྱིས་དྲི་ཚིག་གི་དོན་མ་གོ་བས་དེ་ལ་འགྲེལ་པ་དགོས་ཚུལ་ཞུས་པ་ལྟར་《རང་འགྲེལ་གསེར་གྱི་ཕྲ་ཚོམ།》ཞེས་པ་མཛད་ཀྱང་ཕལ་ཆེར་གྱིས་མ་གོ།

དུས་ཐོག་དེར་གསོ་རིག་འཛིན་པ་དོལ་མདའ་ཉང་ཁང་པ། འཕྱོངས་རྒྱས་རོལ་ཁང་པ། སྡེ་པ་ལྷ་རྫོང་པ་སོགས་ཀྱིས་ལན་ཁ་ཤས་བྱུང་བ་ཐུགས་ལ་མ་འཐད་པར་སླར་ཡང་《རང་ལན་རྒན་པོའི་ཁ་ཆེམས་མཚན་མོ་མུན་ནག་གི་གློག་འོད་ལྟ་བུ།》ཞེས་པ་མཛད་དགོས་བྱུང་། ལྷག་པར་རང་ཉིད་ཀྱིས་དཔྱད་པས་དག་པའི་《གྲ་ཐང་རྒྱུད་བཞི།》(2)ཞེས་པ་ཡར་རྒྱབ་པས་སྦྱིན་བདག་མཛད་དེ་པར་དུ་བརྐོས་པ་དང་། དེ་མིན་《དྲང་སྲོང་མཉམ་ཉིད་རྡོ་རྗེའི་རྣམ་ཐར་འགོག་པ་མེད་པ་ཡི་གེའི་གཏམ་ཆེན་པོ།》 《རྣམ་ཐར་གསོལ་འདེབས་དད་པའི་རོལ་མཚོ་གསར་པ།》 《དྲང་སྲོང་རྣམ་གཉིས་ལ་ཐུགས་རྗེ་བསྐུལ་བ་མྱ་ངན་གདུང་སེལ།》 《བྱེ་བ་རིང་བསྲེལ་གྱི་དཀར་ཆག་མཁས་པའི་ཡིད་འཕྲོག》 དེའི་ལྷན་ཐབས་《དད་ལྡན་སྙིམ་པའི་མེ་ཏོག》དང་། 《བྱང་པའི་བཀའ་སྒྲུབ་ཀྱི་ལན་དཀར་པོ་ཆིག་ཐུབ་བམ་དབང་པོའི་ལག་ཉལ།》 《རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ།》 《སྨན་གྱི་རོ་ནུས་ཞུ་རྗེས་ཀྱི་རེའུ་མིག་》 དྷརྨ་སྭ་མི་རྡོ་རྗེ་ཕ་ལམ་ལ་མིག་ཕུག་པ་ལྟར་མཛད་པར་སླར་སྲད་བུ་བརྒྱུས་པ་དང་མཚུངས། གོང་སྨན་དཀོན་མཆོག་ཕན་དར་ལ་《དྲི་བ་ཙུ་ཏའི་འཁྲི་ཤིང་》པ་རྣམ་འཚོ་བྱེད་ཀུན་ལེགས་པར་《དྲི་བ་བློ་གསལ་འཇུག་ངོགས་》དང་། 《དྲིས་ལན་ལེགས་བཤད་སྐྱུགས་པ།》 《ཟླ་ཐིག་ཉིན་བྱེད་འོད་མཚོ་།》 《དབྱར་སྐྱེས་རྔ་གསང་།》 《ག་བུར་གུར་གུམ་ཨ་གར་ཙནྡན་སོགས་ཀྱི་སྐྱོན་སེལ་འགའ་ཞིག》 《རྒྱུད་བཞི་པར་བཀོད་མཇུག་རྩོམ་གྱི་སྐྱོན་སེལ།》 《ཆུ་སྐོལ་གྱི་རྣམ་བཤད།》 《འཕན་ཡུལ་གྱི་སྨན་པ་རླུང་འཁམས་ལངས་པའི་དྲིས་ལན་དབྱར་ཉིའི་ཞུན་ཐིགས།》 《མ་ནུའི་དྲིས་ལན།》 《ཤེས་བྱ་སྤྱིའི་ཁོག་འབུགས་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་གཏན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་ཡངས་པོར་ཕྱེ་བ་》སོགས་གསོ་དཔྱད་སྐོར་ལ་བརྩམ་ཆོས་ཧ་ཅང་མང་། སྙན་ངག་དང་མཚན་ཉིད་སྐོར་སྨོན་གྲུབ་ལོ་ཙཱ་བའམ་སྐྱོགས་ལོ་རིན་ཆེན་བཀྲ་ཤིས་ཞེས་པའི་སར་གསན་པ་དང་། ཀརྨ་པའི་ཆོས་གྲ་ལེགས་བཤད་གླིང་དུ་མཚན་ཉིད་ལ་སྦྱངས་བརྩོན་མཛད་པ་བཅས་ཀྱིས་མཁྱེན་རྒྱ་ཤིན་ཏུ་ཆེ།

ཉིད་ཀྱི་གསུང་ལས། རིག་གནས་བཅུ་ཕྲག་གཅིག་ལ་སྦྱངས་པའི་མཐུས། །མཁས་པའི་བྱ་བ་འཆད་རྩོད་རྩོམ་པ་གསུམ། །མཁས་པ་མང་པོ་ཚོགས་པའི་མདུན་སར་ཡང་། །མཁས་རྣམས་ཁྲེལ་བའི་གཏམ་ནི་སྨྲ་མ་མྱོང་། །ཞེས་མཁས་པའི་གོ་འཕང་ཐོབ་པ་ལ་ངོ་གནོང་མི་དགོས་པའི་བཀའ་མོལ་གསུངས་པ་ནི་དོན་དུ་གནས། འོན་ཀྱང་སྡེ་སྲིད་རིན་པོ་ཆེས་སྐབས་རེ་ཟུར་མཁར་བློ་གྲོས་རྒྱལ་པོ་ལྟ་བུའི་མཁས་དབང་ཞེས་བསྔགས་བརྗོད་དང་། སྐབས་རེ་རིག་གནས་གཞན་ལ་ཧོལ་ཙམ་སྦྱངས་པའི་སྐད་གཡུ་འབྲུག་སྔོན་མོ་ལས་གསོ་དཔྱད་ལ་ཟུར་མཁར་གོང་མའི་ཤུལ་ཟིན་ལྟ་ཞོག །སྐྱེམ་པ་ཚེ་དབང་ཙམ་ཡང་མ་བྱུང་བར་མངོན་ཞེས་ཅུང་ཟད་ཟུར་ཟ་མཛད་པ་ནི་དགོས་དབང་ཡོད་པ་གཞིར་བཅས། མཁས་པ་མཁས་པའི་ནང་ན་མཛེས། །བླུན་པོས་མཁས་པ་ཇི་ལྟར་གོ། །ཞེས་པ་ལྟར་རང་ངོས་ནས་འདི་དང་འདི་ཞེས་བརྗོད་པ་རོ་འཛིན་གྱི་ཡུལ་ལས་འགོངས་སོ།།

མཆན་བུ།     (1) རྗེ་ཀརྨ་འཕྲིན་ལས་ཞེས་པ་ནི་དཔལ་སྒང་ལོ་ཙྭ་བའི་མཚན་ཡིན།

(2) གྲ་ཐང་རྒྱུད་བཞི་ཞེས་པ་ནི། ཟུར་མཁར་བློ་གྲོས་རྒྱལ་པོས་རབ་བྱུང་(སྤྱི་ལོ་1546)ལྷོ་ཁ་གྲ་ནང་རྫོང་གི་གྲ་ཐང་དགོན་པར་ཤིང་པར་བརྐོས་པར་ཟེར།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༣༽ བྱར་པོ་པཎ་ཆེན་རྡོ་རྗེ་ཕ་ལམ།

– བྱམས་པ་འཕྲིན་ལས།

 

བྱར་པོ་པཎ་ཆེན་རྡོ་རྗེ་ཕ་ལམ་ནི། བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་པ། དྭགས་པོ་སྨན་སྒོམ་རྡོ་རྗེ་རྒྱལ་མཚན་གྱི་སློབ་མ་དྲང་སྲོང་དོན་གྲུབ་དར་ཞེས་སྔ་འགྱུར་གྱི་གཏེར་ཡང་བཏོན་པ་དེའི་མི་རབས་གསུམ་པ་ཀརྨ་པ་ཆོས་གྲགས་རྒྱ་མཚོའི་(1)བླ་སྨན་དང་། སྨན་གྱི་སློབ་དཔོན་གྱི་བསྐོ་འཇའ་གནང་སྟེ་འཆད་ཉན་ཚུགས་(2)པའི་འཚོ་བྱེད་པདྨ་དཀར་པོ་ཞེས་པ་དེའི་རིགས་སྲས་ཡིན་ཞིང་། ཀརྨ་པས་བསྐོ་འཇའ་སོགས་གཟེངས་བསྟོད་ཅིང་རང་མེས་ཀྱི་སྲོལ་དང་། སྐྱེམ་པ་ཚེ་འབུམ་གྱི་ཞབས་ལ་གཏུགས་ནས་ཟུར་ལུགས་ལ་མཁས་པར་སྦྱངས་པས་བྱར་པོ་པཎ་ཆེན་(3)ཞེས་པའི་མཚན་ཐོགས་ཤིང་། ལྷོ་རྒྱུད་དུ་གསོ་དཔྱད་ཀྱི་བསྟན་པ་དར་བར་མཛད། བརྕམས་ཆོས་ནི་རྒྱུད་བཞི་གའི་འགྲེལ་པ་དང་། 《ཁོག་འབུགས་ལེགས་བཤད་གསེར་གྱི་སྙེ་མ།》 《བྱེ་བ་རིང་བསྲེལ་གྱི་དཀར་ཆག》སོགས་མཛད་ཅེས། 《སྡེ་སྲིད་ཁོག་འབུགས》ནང་དུ་གསལ།

ཁོ་བོས་རྗེ་འདིའི་རྣམ་ཐར་རྒྱས་པ་མ་མཇལ་རུང་། ཉིད་ཀྱིས་མཛད་པའི་《ཕྱི་རྒྱུད་ཀྱི་འགྲེལ་པ་ཚིག་དོན་རབ་ཏུ་གསལ་བ་ཡིད་བཞིན་ནོར་བུ》ཞེས་པའི་མཇུག་བྱང་དུ། སྨན་སྒོམ་རྡོ་རྗེ་རྒྱལ་མཚན་ནི། དྭགས་པོ་གྲོ་ལུང་དུ་བྱོན་པའི་སྨན་པ་མཁས་པ་ཞིག་ཡིན་ལ། དེའི་སློབ་མ་ཁོ་བོའི་ཡང་མེས་དོན་གྲུབ་དར་ཞེས་ཨོ་རྒྱན་གྱི་གཏེར་ལུང་ནས་ཟིན་ཅིང་སྨན་དཔྱད་ཀྱི་གཏེར་ཁ་གདམས་པ་ཡང་སྤྱན་དྲངས་པ་ཞིག་གོ། དེའི་སྲས་སྨན་སྒོམ་བསྟན་སྲུང་དཔལ་ཡིན་ལ། ལྷོ་རྒྱུད་དུ་རྒྱུད་བཞིའི་བསྟན་པ་དར་བ་ལ་ཟླ་མེད་དུ་གྲགས། དེའི་སྲས་འཚོ་བྱེད་པདྨ་དཀར་པོ་ཡིན་ལ། ཀརྨ་ཆོས་གྲགས་རྒྱ་མཚོས་སྨན་གྱི་སློབ་དཔོན་གྱི་བསྐོ་འཇའ་བསྩལ་བས། གནང་བ་རིགས་གཟུགས་ཆེ་བའི་སྨན་པར་འགྲོ་ཞིང་རྒྱུད་ཀྱི་བཤད་ཉན་ཡང་ཤིན་ཏུ་སྲོལ་ཚུགས་སོ།། དེའི་བུ་ཁོ་བོ་ཡང་། ཀརྨ་པ་དེ་ཉིད་ཀྱིས་རྗེས་སུ་བཟུང་ཞིང་། སྨན་པའི་སློབ་དཔོན་གྱི་བསྐོ་འཇའ་ཡང་བསྩལ་ཞིང་། མེས་ཀྱི་བརྒྱུད་པའི་སྲོལ་དང་། ཟུར་མཁར་བའི་ལུགས་གཉིས་ཀར་བློ་སྦྱངས་པའོ།། གོང་གི་འདི་རྣམས་ཁུངས་ལུང་གི་བླ་མའི་མཚན་ཟུར་ཙམ་སྨོས་པ་ཡིན་ལ། རྣམ་ཐར་རྒྱས་པ་ནི་གཞན་དུ་ཤེས་པར་གྱིས་ཤིག་ཅེས་གསུངས་ཤིང་། ཟུར་མཁར་བློ་གྲོས་རྒྱལ་པོས། རྗེ་འདི་མཁྱེན་པ་ཧ་ཅང་ཆེ་བའི་དབང་གིས་《སྔོ་དེ་ཝའི་དྲི་ཚིག》ནང་དུ། གངས་རིའི་ཁྲོད་འདིར་གསོ་རིག་སྨྲ་བ་ལ། །འགྲན་མེད་གྲུབ་པའི་ས་ལ་ཞབས་བརྟན་པ། །འཇམ་དབྱངས་ཆོས་རྗེ་བྱར་པོ་པཎྜི་ཏ། །ཡིད་བཞིན་ནོར་འདྲ་སྙིང་ནས་རྒྱལ་གྱུར་ཅིག །ཅེས་པའི་བསྔགས་བརྗོད་བླ་ན་མེད་པ་མཛད། བརྒྱུད་འཛིན་སློབ་མ་འཕྱོངས་རྒྱས་འཚོ་བྱེད་ཀུན་རྡོར་སོགས་བུ་སློབ་མང་པོ་མཆིས་པར་གཞུང་དང་ལག་ལེན་མན་ངག་མཐའ་དག་འཆད་ཉན་བཟང་པོས་བསྐྱངས་ཏེ་གསོ་དཔྱད་ཀྱི་བསྟན་པ་སྤྲིན་བྲལ་ཉི་འོད་བཞིན་རྒྱས་པར་མཛད་དོ།།

 

མཆན་བུ།

(1) ཀརྨ་པ་ཆོས་གྲགས་རྒྱ་མཚོ་ནི། ཀརྨ་པའི་སྐུ་ཕྲེང་བདུན་པ་ཡིན་ཅིང་། རབ་བྱུང་བརྒྱད་པའི་ཤིང་ཁྱི་སྤྱི་ལོ་(1454)ལོ་ལ་འཁྲུངས། དགུང་ལོ་ལྔ་བཅུ་ང་གསུམ་པར་བཞུགས།

(2) འདི་སྐབས་འཆད་ཉན་ཚུགས་ཞེས་པ་ནི། མཚུར་ཕུར་ཆོས་གྲ་ལེགས་བཤད་གླིང་ཞེས་པ་དེ་བཙུགས་པར་ཟེར།

(3) བྱར་པོ་པཎ་ཆེན་ཞེས་མཚན་ཐོགས་པའི་རྒྱུ་མཚན་ནི། རྗེ་འདིའི་འཁྲུངས་ཡུལ་གནས་མཆོག་ཙཱ་རི་ཏྲའི་ནུབ་ཕྱོགས་ཀྱི་སྒོ་དྲུང་བྱ་ཡུལ་འབྲས་གཤོང་གི་སྦུགས་སྨན་མཁར་ཕན་བདེའི་གླིང་དུ་རིག་གནས་ལྔ་ལ་བློ་སྦྱངས་པ་བྱར་པོ་པཎྜིཏ། མིང་གཞན་ཛི་ཝན་ཀ་ར་རྡོ་རྗེ་ཕ་ལམ་ནས་སྦྱར་ཞེས་《ཕྱི་རྒྱུད་ཀྱི་འགྲེལ་པ་ཚིག་དོན་རབ་ཏུ་གསལ་བ་ཡིད་བཞིན་ནོར་བུ།》 ཞེས་པའི་སྦྱར་བྱང་དུ་གསལ་བས་བྱར་པོ་བྱ་ཡུལ་དང་། རིག་པའི་གནས་ལ་ཤིན་ཏུ་མཁས་པས་ཀརྨ་ཆོས་གྲགས་རྒྱ་མཚོས་མཚུར་ཕུ་དགོན་པར་ཆོས་གྲ་ལེགས་བཤད་གླིང་དུ་སྨན་གྱི་སློབ་དཔོན་གྱི་བསྐོ་འཇའ་དང་། པཎྜིཏའི་མཚན་གསོལ་བ་ཡིན་ངེས་སྙམ། ཉིད་ཀྱི་གསུང་ལས། དེ་སྐད་སྨྲ་བ་མང་ཐོས་ནམ་མཁར་ལུང་རིག་གི། །ཤུགས་སྒྲ་ཆེར་སྒྲོགས་ཕར་རྒོལ་རིགས་པའི་གནམ་ལྕགས་ཐོག །སྒྲ་དང་སྙན་ངག་འོད་ཟེར་འཕྲོ་ལྡན་གཞན་གྱི་གྲུབ་མཐའ་ངན་པ་ཡི། །གྱོ་མོའི་ཁང་བུ་བསིལ་བུར་གཏོང་ལ་ཡ་མེད་གང་དེའོ། །ཞེས་གསལ་བ་ལྟར་རོ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༤༽ གོང་སྨན་དཀོན་ཅོག་བདེ་ལེགས།

– བྱམས་པ་འཕྲིན་ལས།

 

གོང་སྨན་དཀོན་ཅོག་བདེ་ལེགས་ནི། 《བྲང་ཏི་པོད་དམར།》དུ་གྲགས་པ་ལས། བྲང་ཏི་ཆོས་རྒྱལ་བཀྲ་ཤིས་ངས། །ས་སྐྱའི་ཉིས་ཐོག་སྨན་གྲོང་དུ། །སྣོད་ལྡན་དཀོན་ཅོག་བདེ་ལེགས་ལ། །ཞེས་བྱུང་པར་བྲང་ཏི་ཆོས་རྒྱལ་བཀྲ་ཤིས་ཀྱི་རྗེས་སུ་ཞུགས་ནས་མཁས་པའི་གོ་སར་སླེབས་ཏེ། གོང་སྨན་པར་གྲགས་པའི་ལུགས་ལ་མཆོག་ཏུ་གྱུར།

དཀོན་ཅོག་བདེ་ལེགས་ཀྱིས་གངས་རིའི་ལྗོངས་ན་གྲགས་སོ་ཅོག་གི་གསོ་རིག་གི་ཡིག་ཆ་ཕལ་མོ་ཆེ་ལ་གཟིགས་ཏེ་རྒྱ་བོད་ཀྱི་མཁས་པ་དུ་མའི་སྙན་བརྒྱུད་གབ་པ་རྣམས་ཀྱང་ཁོལ་དུ་ཕྱུང་ནས་རང་དང་གཞན་རྣམས་ལ་ཕན་པའི་ཆེད་དུ་རྩོམ་པ་ཁྲིགས་སུ་བསྡེབ་པར་མཛད་པའི་གྲས་སུ་《མན་ངག་པོ་ཏི་དམར་པོ།》དང་། 《པོད་ནག》 《པོད་ཁྲག》 ཕྱི་རྒྱུད་ལ་《དཀའ་འགྲེལ་གནས་ཐམས་ཅད་གསལ་བའི་སྒྲོན་མེ།》 《བརྒྱུད་པའི་རྣམ་ཐར།》 《སྨན་མིང་བརྡ་སྤྲོད།》 《རྒྱུད་ཀྱི་དཀའ་ཕྲེང་འགྲོལ་བའི་ཤོག་སེར།》 བཅས་ཏེ་པོད་བདུན་དང་། ད་དུང་《རྩ་ཆུའི་འགྲོལ་ཞལ་གྱི་གདམས་པ་དམར་འབྱིན》དང་། 《སྔོའི་འཁྲུངས་དཔེ་དོན་བསྡུས།》 《རོ་ནུས་ཀྱི་སྡེབ་སྦྱོར།》 སོགས་ཕྲན་བུ་བསྡུས་པ། ཁྱད་པར་རྒྱུད་ལ་མཆན་ཤིན་ཏུ་རྒྱས་པ་དག་འདེབས་པར་མཛད་པ་ལ་《རྒྱུད་ཆེན་ཁྲ་མོ་བེ་བུམ་སེང་ལྡེང་མ།》 ཞེས་པ་སློབ་དཔོན་བསྟེན་མི་དགོས་པར་བལྟས་པ་ཙམ་གྱིས་གྲོལ་བར་བཞེད་པར་རྣམས་མཛད་ནས། གསོ་དཔྱད་བསྟན་པ་ཡར་ཟླའི་དཔལ་ལ་འགྲན་པའི་ཕྱག་རྗེས་བཞག སློབ་མའི་གཙོ་བོ་གོང་སྨན་དཀོན་ཅོག་འཕན་དར་སོགས་མང་པོ་བྱུང་ནས་འགྲོ་དོན་འཕྲིན་ལས་བསམ་གྱིས་མི་ཁྱབ་བོ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༥༽ སྐྱེམ་པ་ཚེ་དབང་།

– བྱམས་པ་འཕྲིན་ལས།

 

སྐྱེམ་པ་ཚེ་དབང་ཞེས་པ་ནི། ཟུར་ལུགས་སྨྲ་བའི་གཙུག་རྒྱན་ཨ་བོ་ཆོས་རྗེའི་དངོས་སློབ་ལག་ལེན་མཐར་ཕྱིན་སྐྱེམ་པ་ཚེ་འབུམ་རྡོ་རྗེའི་སློབ་མ་ཡིན་པ་དང་། ཡབ་ཡུམ་གྱི་མཚན་དང་འཁྲུངས་ལོ་སོགས་མ་རྙེད་ཀྱང་མཆོག་ཉིད་ཀྱིས་མཛད་པའི་བཤད་རྒྱུད་འགྲེལ་པའི་མཇུག་བྱང་ལྟར་བྱས་ན་རབ་བྱུང་བརྒྱད་པའི་ས་ཕག་(སྤྱི་ལོ་1479)ལོར་བརྩམས་ཞེས་འཁོད་འདུག་པས་རགས་རྩིས་བྱས་ན་དུས་རབས་བཅོ་ལྔའི་ནང་རེད་འདུག སྐྱེམ་པ་ཚེ་དབང་ནི་བཅུ་ཕྲག་རིག་པའི་གནས་ལ་རང་བྱན་ཆུབ་པ་དང་། ལྷག་པར་སྨན་དཔྱད་སྐོར་ལ་མཁྱེན་རྒྱ་ཤིན་ཏུ་ཆེ་བས་སྐད་གྲགས་ཅན་གྱི་རྒྱུད་བཞིའི་འགྲེལ་པ་(1)དང་། ཁོང་རང་བརྒྱུད་པ་དང་བཅས་པའི་ཁྱད་ཆོས་《སྨན་དཔྱད་ལག་ལེན་ཚེ་དབང་བརྒྱ་རྩ།》 ཞེས་པ་མྱོང་བཅོས་མན་ངག་ཟབ་མོའི་དོན་རྣམས་ལྷུག་པར་བཀྲོལ་བ། 《གསོ་དཔྱད་ཀྱི་སྤྱི་དོན་ལེགས་བཤད་འདོད་འཇོ།》སོགས་མང་པོ་ཞིག་ལྗགས་རྩོམ་མཛད། སྨན་དཔེ་དེ་ཚོར་ལྟ་དུས་སྐྱེམ་པ་ཚེ་དབང་ནི་དངོས་འབྲེལ་ཐུགས་བསྐྱེད་ཧ་ཅང་བཟང་ཞིང་། གཞན་ཕན་འགྲོ་དོན་ཁོ་ནས་དུས་འདའ་བའི་སྨན་པ་བླ་ན་མེད་པ་ཞིག་ཡིན་པའི་སྣང་ཚུལ་འགོག་མེད་དུ་འཆར་བཞིན་ཡོད།

དཔེར་ན་བཤད་རྒྱུད་ཀྱི་འགྲེལ་པ་《ཚིག་དོན་ཉི་མ།》ཞེས་པའི་མཇུག་བྱང་ལས། དེང་སང་ཕལ་ཆེར་ཉུང་ངུས་ཆོག་པར་འཛིན། །འགན་ཞིག་རང་འཚོ་འཛིན་པའི་དྲེགས་པས་བཅིངས། །དེ་ཕྱིར་དྲི་དང་བསྐུལ་པར་བྱེད་པའང་མེད། །ཡི་གེའི་རྐྱེན་ཡང་རང་ཉིད་ཁོ་ནས་སོ། །ཞེས་རྒྱུད་བཞིའི་འགྲེལ་པ་ཟབ་རྒྱས་འདི་ལྟ་བུ་རྩོམ་འབྲི་གནང་དུས་ཁོང་གིས་དཀའ་ངལ་མང་པོ་ཁྱད་བསད་གནང་པ་གསལ་པོ་མཐོང་ཐུབ། ཡིན་ནའང་གཞུང་ལུགས་རྩོམ་པའི་དམ་བཅའ་བརྟན་པོ་འགྱུར་བ་མེད་པ་ཞིག་སྔོན་ནས་ཡོད་སྟབས་གནས་ཚུལ་གང་ཞིག་གིས་ཀྱང་བཟློག་ཐབས་མེད་པ་ནི་ཉིད་ཀྱི་གསུང་ལས། འོན་ཀྱང་དམ་པའི་གཞུང་ལུགས་དཔྱིད་ཀྱི་དཔལ། །སྙིང་ལ་དྲན་པའི་དབྱར་གྱི་ལང་ཚོ་མ། །མ་བསྐུལ་བར་ཡང་ལེགས་བཤད་མེ་ཏོག་ཚལ། །དོན་བཟང་སྦྲང་རྩི་སྤེལ་འདི་སུ་ཡིས་བཟློག །ཅེས་གསུངས་པ་དང་། ལྷག་པར་སྐྱེམ་པ་ཚེ་དབང་མཆོག་གིས་རྒྱུད་བཞིའི་འགྲེལ་པ་བརྩམས་པའི་སྐབས་སུ་བོད་ཀྱི་གསོ་རིག་རྒྱུད་བཞིའི་ཁུངས་དང་། ལོ་རྒྱུས། གཞན་ཡང་རྒྱུད་ཚིག་ངོ་མ་བཅས་པར་རྣམ་དཔྱོད་ཤེས་རབ་ཀྱིས་བརྟག་དཔྱད་མཐར་ཕྱིན་པ་ཞིག་གནང་རྗེས་རྒྱུད་བཞིའི་བཀའ་དང་། བསྟན་བཅོས་གང་གི་ཁོངས་སུ་གཏོགས་མིན་སྐོར་ལ་ལྟ་ཚུ་འདི་འདྲ་གསུངས་ཡོད།

བཤད་རྒྱུད་འགྲེལ་པ་《ཚིག་དོན་ཉི་མ།》ཞེས་པའི་མཇུག་བྱང་ལས། ཆོས་ནོར་བདེ་བ་སྒྲུབ་པའི་བྱེད་པ་པོ། །ནད་ལས་གསོས་ཤིང་རིང་དུ་འཚོ་བའི་ཐབས། །རྒྱལ་བའི་མཐུ་ལས་སྔོན་དང་ད་ལྟའི་བར་། །ཕན་བདེའི་འབྱུང་གནས་གསོ་དཔྱད་ཅེས་པ་བྱུང་། །དེ་ནི་མཆོག་དམན་ཀུན་གྱི་འཚོ་བའི་རྟེན། །སྐྱེ་རྒུའི་སྲོག་དང་མཚུངས་པར་གྱུར་པའི་ཕྱིར། །མངོན་ཤེས་སྤྱན་ལྡན་བྱམས་མགོན་དུ་མ་ཡིས། །ཀུན་གྱི་བསོད་ནམས་སླད་དུ་རྣམ་པར་བཀྲལ། །སྐབས་དེར་རྒྱལ་བའི་ཐུགས་རྗེས་འབྱུང་བའི་ཁམས། །རྣམ་མང་གཞུང་གི་ཆུ་གཏེར་ལ་གནས་པ། །ཚངས་དབང་གུ་ཎ་ནཱ་ཐའི་སྒྱུ་འཕྲུལ་གྱིས། །རྒྱུད་བཞིར་གྲགས་པའི་སྔོན་མེད་ཉི་མ་ཤར། །འདི་ནི་ནོར་བུའི་ནང་ནས་བེེཌྰུརྱ། །དབང་གི་རྒྱལ་པོར་མཚུངས་ཀྱང་འཕྲལ་ཡུན་གྱི། །བདེ་ལེགས་ཀུན་ལ་སྩོལ་བའིི་རང་བཞིན་ཅན། །ཁྱད་འཕགས་འདི་འདྲ་གཞན་ན་ཡོད་མ་ཡིན། །ཞེས་རྒྱུད་བཞི་བསྟན་བཅོས་སུ་འདོད་པ་དང་། །དོན་དུ་གཡུ་ཐོག་པས་བརྩམས་པར་བཞེད་དོ།།

མཆན་བུ།

(1) རྒྱུད་བཞིའི་འགྲེལ་པ་ཞེས་པ་ནི། རྩ་རྒྱུད་ཀྱི་འགྲེལ་པ་《སྙིང་པོ་སྣང་བ།》 བཤད་རྒྱུད་ཀྱི་འགྲེལ་པ་《ཚིག་དོན་ཉི་མ།》 མན་རྒྱུད་ཀྱི་འགྲེལ་པ་《བདེ་བའི་འདོད་འཇོ།》 ཕྱི་རྒྱུད་ཀྱི་འགྲེལ་པ་《ལག་ལེན་གསལ་བྱེད།》བཅས་ལ་ཟེར།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༦༽ ཕྲག་དབོན་བསོད་ནམས་བཀྲ་ཤིས།

– བྱམས་པ་འཕྲིན་ལས།

 

ཕྲག་དབོན་བསོད་ནམས་བཀྲ་ཤིས་ཞེས་པའི་རྣམ་ཐར་མདོར་བསྡུས་ཙམ་ཞིག མཚོ་སྨད་མཁན་ཆེན་གྱིས་མཛད་པའི་《ཁོག་འབུགས་ལེགས་བཤད་དངུལ་དཀར་མེ་ལོང་།》མཇུག་ཏུ་འཁོད་གསལ།   དེ་ཡི་ཐུགས་སྲས་དམ་པ་ཕྲག་དབོན་པས།  ཕྱི་རྒྱུད་པར་བཞེངས་བཤད་ཉན་རྒྱུན་གྱིས་ནི།  གངས་ཅན་གནས་འདིར་གསོ་རིག་བསྟན་པ་ཡི། །རྒྱལ་མཚན་བཟུང་ཞིང་འགྲོ་བ་ནད་པའི་ཚོགས། །དུས་མིན་འཆི་བདག་གཡུལ་ལས་རྒྱལ་བ་དང་། །རྣམ་དག་བསླབ་པའི་ཁྲིམས་ལས་མི་གཡེལ་བའི། །ཆོས་སྤྱོད་བཅུ་དང་རིམ་གཉིས་ཟབ་མོ་ཡིས། །ཉིན་མཚན་གཡེལ་བ་མེད་པར་དོན་ལྡན་མཛད། །ཅེས་པ་ལྟར་བདག་ཉིད་ཆེན་པོ་ཟུར་མཁར་མཉམ་ཉིད་རྡོ་རྗེའི་སློབ་མ་མཐར་ཕྱིན་བཞིའི་ནང་ཚན་འཕྲིན་ལས་མཐར་ཕྱིན་ཕྲག་དབོན་བསོད་ནམས་བཀྲ་ཤིས་ཞེས་པས་《ཕྱི་རྒྱུད་།》པར་གསར་དུ་བཞེངས་པ་དང་བཤད་ཉན་གྱི་རྒྱུན་སྤེལ་ཏེ་གངས་ཅན་ཡུལ་དུ་གསོ་རིག་བསྟན་པའི་རྒྱལ་མཚན་བཟུང་བས་འགྲོ་བ་ནད་པ་མཐའ་དག་གི་ཉེར་འཚོ་དམ་པར་སྐུ་ཚེ་དོན་ལྡན་དུ་བཞུགས་པར་གདའ་འོ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༧༽ ཟུར་མཁར་མཉམ་ཉིད་རྡོ་རྗེ།

– བྱམས་པ་འཕྲིན་ལས།

 

ཟུར་མཁར་མཉམ་ཉིད་རྡོ་རྗེ་ནི། མཚན་གཞན་ལ་འཚོ་བྱེད་གྲུབ་པ་དང་། དཀོན་མཆོག་རིན་ཆེན། གཡུ་ཐོག་འབངས། དཔའ་བོས་བསྐྱངས། ཀུན་ལ་བྱམས་པའི་བློ་གྲོས། ལྷུན་གྲུབ་རྒྱལ་མཚན། དྷརྨ་སྭམི་སྟེ་ཨ་བོ་ཆོས་རྗེ་ཞེས་སུ་གྲགས་པ་དེ་ནི། དྭགས་པོ་ལ་ཐོག་ཟུར་མཁར་དུ་གྱེར་དཀར་གྱི་སྨན་པའི་རིགས་ཡིན་པ། ཡབ་རིག་འཛིན་ཕུན་ཚོགས་དང་། ཡུམ་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་ལྕམ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་དོན་གྲུབ་ཅེས་པ་ས་ལུག་(སྤྱི་ལོ་1439) ལོ་ལ་བལྟམས། རང་གི་ཡབ་དང་། ཤ་ར་རབ་འབྱམས་པ། སྨན་སྟོན་དབང་ཕྱུག་བཟང་པོ་སོགས་སྐྱེས་བུ་དམ་པ་དུ་མ་བསྟེན་ནས་རིག་གནས་མཐའ་དག་དང་། ཁྱད་པར་གསོ་བ་རིག་པ་རྩལ་དུ་ཐོན།

དགུང་ལོ་བཅུ་ལ་ཕེབས་དུས་ཆོས་དབྱིངས་རྩེར་བཞུགས་ཡོད། དེ་དུས་གཡུ་ཐོག་པས་ཉམས་སམ་རྨི་ལམ་ཅི་རིགས་པར་དཔལ་ལྡན་རྒྱུད་བཞི་འདིར་རྒན་རབས་རྨོངས་པས་རྣམ་པར་བསླད་དེ་མ་དག་པའི་ཆ་ཇི་སྙེད་ཅིག་ཞུགས་འདུག་པར་བྱི་དོར་གྱིས་ཤིག་ཅེས་པའི་གསུང་གི་གནང་བ་ཐོབ་ཅིང་། ད་དུང་ཁྱོད་ཀྱི་བླ་མ་གཡུ་ཐོག་མགོན་པོ་ཡིན། ཁྱོད་ཀྱི་ཆོས་སྐལ་གསོ་བ་རིག་པ་ཡིན། ཞེས་སོགས་ཀྱི་ལུང་བསྟན་བསྩལ། དགུང་ལོ་བཅུ་བཞིའི་སྐབས་བྱང་པ་འཚོ་བྱེད་མིའི་ཉི་མས་དྲི་རྨེད་མཛད་དེ། ཁྱེད་སྐྱེས་བུ་སུ་ཞིག་གི་དྲིན་ལས་རིག་བྱེད་གང་ལ་མཁས། རིགས་རུས་ཆོ་འབྲང་གང་ཡིན། གཞུང་ལུགས་ཆེ་བ་གང་ལ་རྒྱབ་བརྟེན། མཁས་པ་མི་དགུའམ་དེ་ལས་གཞན་པའི་མན་ངག་གང་ལ་འདྲིས། སྨན་དཔྱད་ལག་ལེན་ཁྱད་པར་ཅན་གང་དང་གང་མཛད། མྱོང་བ་གང་སྐོར་ལ་གདེངས་དང་ལྡན། གནས་ངེས་པ་ཅན་ནམ་ངེས་པ་མེད། ངེད་ལ་བརྟེན་པ་འགའ་ཞིག་ཕོ་ཉ་དང་འཕྲིན་གྱིས་མཚམས་སྦྱར་ན་དྲུང་དུ་བརྟེན་དུ་ཨེ་རུང་། གཞན་དོན་དུ་འདི་ངོས་ལ་ཕེབས་པ་ཙམ་བསྐུལ་ན་དོན་ལ་ཕེབས་པ་ཨེ་འཆར། ཁྱོད་ཉིད་ཀྱིས་མཛད་པའི་བསྟན་བཅོས་ཇི་ཙམ། ངེད་ཀྱང་མཚན་ཇི་སྐད་འབོད། ཁོ་བོ་སྔོན་ཁྱེད་དང་ལས་དཀར་པོས་འབྲེལ་བ་ཞིག་ཡིན་པར་གདོན་མི་ཟ་བའི་ངེས་ཤེས་མང་པོ་ཡོད་པས་ཐུགས་རིང་དང་བརྙས་ཐབས་མ་ཡིན་པའི་ལན་རྣལ་མ་ཞིག་བསྲིངས་ནས་ངེད་ཀྱི་རེ་བ་དོན་ལྡན་དུ་འཚལ། ཞེས་པའི་ཕྱག་བྲིས་ལ་ལན་ཇི་བཞིན་མ་གནང་རུང་མིང་དོན་དང་རིགས་རུས་སོགས་ཚིགས་སུ་བཅད་ནས་ཕུལ་བ་གོང་དུ་མིའི་ཉི་མའི་རྣམ་ཐར་སྐབས་སོང་བ་དེ་ལྟར་དང། དགུང་ལོ་བཅུ་དྲུག་སྐོར་ནས་གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ལ་ཁ་སྐོང་ཞལ་ཤེས་ལྷན་ཐབས་དང་། དེའི་གེགས་སེལ་བཞི་མཛད་པར་དགོངས་ནས། ཐོག་མར་འབྱུང་བ་ལུས་འཁྲུགས་ཀྱི་གེགས་སེལ་ལ་ཚིགས་བཅད་ལྷུག་ཅི་རིགས་པའི་ཚན་དུ་བྱས་པ་པོ་ཏི་རིང་བསྲེལ་ཙམ་གྱི་ནང་ནས་མན་ངག་བྱེ་བ་འབྱུང་བས《བྱེ་བ་རིང་བསྲེལ་》དུ་གྲགས་པ་ཁྱོན་དཔེ་ཚན་བཞི་བརྒྱ་དང་བཅུ་དྲུག་ཡོད་པ་ཞིག་བརྩམས། དེ་རྗེས་དཔལ་ལྡན་རྒྱུད་བཞིའི་《འགྲེལ་ཆེན་པོད་ཤེལ་ཕྲ་མོ་》དང་《སྤྱི་དོན་ནམ་རྒྱུད་ཀྱི་དཀའ་གནད་རྣམས་ལ་དྲི་ཚིག་དངུལ་དཀར་མེ་ལོང》 《ལེགས་བཤད་ཉི་ཟེར།》 《ཕྱོགས་ཀྱི་སྨན་པ་རྣམས་ལ་སྤྲིང་ཡིག》 《རང་གཞན་ལ་ཕན་པའི་བསླབ་བྱ་》སོགས་ཀྱི་བཀའ་རྩོམ་མཛད། ཤར་ཕྱོགས་མངོན་དགའ་ཞེས་བྱ་བར་གཉལ་ལོར་བྱར་གསུམ(1)དང་། ཨེ་ཉང་ཀོང་གསུམ་(2)བཅས་པའི་སྨན་པ་ཐམས་ཅད་སྡུད་ཏེ་《རིན་ཆེན་འཁྲུངས་དཔེའམ་སྨན་ངོ་གསལ་བྱེད།》དང་། 《རོ་སྐོར་ལྕགས་ཀྱི་ཕྲེང་བ།》 《བདུད་རྩིའི་རྫིང་བུ།》 《བདུད་རྩིའི་གཏེར་མཛོད།》 《རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩིའི་སྒྲོན་མེ།》 《སྨན་གྱི་བྱིངས།》ལ་སོགས་པ་རོ་ནུས་ཞུ་རྗེས་ངོ་བོ་ངེས་ཚིག་བྱེད་ལས་ཀྱི་སྒོ་ནས་གཏན་ལ་འབེབས་པའི་བསྟན་བཅོས་རྣམས་འཆད་ཅིང་། སྨན་ངོ་སྤྲོད་པ་སོགས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གསོ་རིག་གི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད། དགུང་ལོ་ཉི་ཤུ་ཚུན་ནས་ཤ་ར་བ་རབ་འབྱམས་པ་དང་མཇལ་བས་སྟོད་རྗེན་དང་སྒོམ་ཐག་མཛད། དགུང་ལོ་སོ་བདུན་པ་ཤིང་ལུག་གྲོ་བཞིན་ཟླ་བའི་ཚེས་བཅོ་ལྔ་ལ་གཟུགས་སྐུའི་བཀོད་པ་བསྡུས།

དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་ལ་གསོ་བ་རིག་པའི་ཕྱོགས་ཀྱི་མཐར་ཕྱིན་གྱི་སློབ་མ་བཞི་ཞེས་པ། མན་ངག་མཐར་ཕྱིན་མི་འགྱུར་ཚེ་བརྟན་དང་། འཕྲིན་ལས་མཐར་ཕྱིན་ཕྲག་དབོན་བསོད་ནམས་བཀྲ་ཤིས། ལག་ལེན་མཐར་ཕྱིན་ཚེ་འབུམ་རྡོ་རྗེ། བཤད་པ་མཐར་ཕྱིན་ལི་ཆུང་པདྨ་སྐྱབས་བཅས་དང་། གཞན་བྱིན་རླབས་ཞུགས་པའི་སློབ་མ་བརྒྱད་དང་། ཤེས་རབ་ཅན་གྱི་སློབ་མ་བཅུ་དྲུག གྲགས་པ་ཐོབ་པའི་སློབ་མ་ཉི་ཤུ། བླ་དྭགས་ཅན་གྱི་སློབ་མ་བཅུ་དྲུག་ལ་སོགས་པ་དུ་མ་ཞིག་བྱུང་ནས་ཟུར་ལུགས་དྲི་མ་མེད་པའི་བཞེད་སྲོལ་སྤེལ་ཞིང་། བརྒྱུད་འཛིན་འཚོ་བྱེད་མཁས་པའི་དབང་པོ་ཟམ་མི་ཆད་པ་རྣམས་ཀྱིས་དཔལ་ལྡན་ཟུར་མཁར་བའི་ཕྱག་རྒྱུན་མཐའ་དག་མི་ཉམས་གོང་དུ་འཕེལ་བའི་འཕྲིན་ལས་བཟང་པོས་ལུས་ཅན་ཀུན་ལ་ཕན་བདེའི་དགའ་སྟོན་འཛད་མེད་དུ་སྩོལ་བར་ཡིད་བཞིན་ནོར་བུ་དང་གཉིས་སུ་མེད་པའི་ཁྱད་ཆོས་མངོན་པར་འཕགས་པ་བྱུང་པ་ཡིན་ནོ།།

མཆན་བུ།

(1) གཉལ་ལོར་བྱར་གསུམ་ཞེས་པ་ནི། ད་ལྟ་ལྷོ་ཁ་ཀྲོན་ཆུས་ལྷུན་རྩེ་རྫོང་གི་གཉལ་དང་། ལོར་ཞེས་པ་སྦྱོར་ར། བྱར་ཞེས་པ་བྱ་ཡུལ་ཡིན།

(2) ཨེ་ཉང་ཀོང་གསུམ་ཞེས་པའི་ཨེ་ནི་ལྷོ་ཁ་ཨེ་ལྷ་རྒྱ་རི་དང་། ཉང་ནི་ཉང་པོ་སྟེ་ཀོང་སྟོད་། ཀོང་པོ་ནི་ད་ལྟའི་ཉིང་ཁྲི་ས་ཁུལ་ཡིན།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༨༽ དཔོན་ཆེན་བསོད་ནམ་རིན་ཆེན།

– བྱམས་པ་འཕྲིན་ལས།

 

དཔོན་ཆེན་བསོད་ནམས་རིན་ཆེན་ནམ། མཚན་གཞན་དཔོན་ཁམས་པར་གྲགས་པ་ནི། ཟུར་མཁར་བའི་ཐོག་མའི་སྐུ་བརྒྱུད་ཡིན། དེ་ཡང་《ཟུར་མཁར་མཉམ་ཉིད་རྡོ་རྗེའི་རྣམ་པར་ཐར་པ་འགོག་པ་མེད་པའི་ཡི་གེའི་གཏམ་ཆེན་པོ།》ཞེས་པ་ལས། གདོང་དམར་བོད་ཀྱི་ཡུལ་འདིར་ཆོས་ཀྱི་རྒྱལ་པོ་ལྷ་ལས་བབས་པའི་གདུང་འཛིན་པ་མང་ཞིག་བྱུང་བའི་ནང་ནས། དཔལ་ལྡན་ལྷ་རྗེ་དཀར་པོས་དམ་པའི་ཆོས་ལ་དབང་འབྱོར་བའི་རིགས་དང་རུས་དང་། ཆོ་འབྲང་རྣམས་ཀྱིས་ཡང་དག་པར་འབྱོར་པ་རྒྱ་མ་རིན་ཆེན་སྒང་བ་ཞེས་གྲགས་པ་དེ་ལས། བར་སྐབས་ཤིག་ཏུ་དེའི་སྲས་དམ་པ་ལྷ་དང་མིའི་ཆོས་ལུགས་མ་ལུས་པ་བྱང་ཞིང་ཆུབ་པ་ཞིག་གིས་ཤར་ཕྱོགས་དྭགས་པོ་ལས། སྨད་ཀྱི་ཆ་རི་བོ་ཤནྟིའི་ཉེ་འདབས། ཆུ་བོ་གསེར་ལྡན་གྱི་འགྲམ། རྒྱ་ཧོར་གྱི་ལུང་བཟང་པོ་ལན་མང་ཐོན་པའི་ཡུལ་དབྲོང་ཀ་ཞེས་པའི་སར་ཕྱག་ཕེབས་པ་ལས། རིམ་པས་སྡེ་ཆེན་པོར་གྱུར་པ་ལ་བང་རིམ་པ་ཞེས་ནོར་འཛིན་སྐྱོང་བ་གཅིག་པུ་བར་གྱུར། ཆོས་དང་མཐུན་པའི་ཁྲིམས་ལུགས་བཟང་པོས་སྐྱེ་བོ་ཐམས་ཅད་དགེ་བ་བཅུའི་ལས་ལ་བཀོད་པས་རྫོགས་ལྡན་གཉིས་པ་ལྟར་སྤྱོད་པ་ལ་ཅི་ཡང་ངལ་བ་མེད་པ་ཞིག་ལས། དུས་རིང་ཞིག་ན་སྐུ་མཆེད་སོ་སོར་མཛད་པའི་འབྲིང་པོའི་བརྒྱུད་ལ་བསོད་ནམས་རིན་ཆེན་ཞེས་མཚན་གཞན་དཔོན་ཁམས་པར་གྲགས་པ་ཞིག་བྱུང་བ་དེས། ལ་བར་ལུང་གསུམ་ག་མངའ་དབང་དུ་མཛད། ལུགས་གཉིས་ཀར་གཞན་གྱི་དྲིང་མི་འཇོག ཁྱད་པར་དུ་འདི་ཁམས་སུ་བྱོན་ཏེ་ཟང་ཟིང་གི་ནོར་མང་པོས་བང་མཛོད་ཡོངས་སུ་བཀང།  ཐ་ན་རྒུན་འབྲུམ་གྱི་ས་བོན་བསྣམས་ཏེ་རང་གི་གཞིས་གཡུ་ཞོལ་སྤང་གསུམ་གྱི་ལྡུམ་རར་བཏབ་པས་འདོད་པ་འཇོ་བའི་འབྲས་བུ་དུས་སུ་སྨིན།

དེ་ལས་རིམ་གྱིས་འཕེལ་ཏེ་དྭགས་ཀོང་ཕལ་ཆེར་ལ་ཁྱད་པ་ད་ལྟ་མངོན་སུམ་པ་འདི་ཙམ་གྱིས་ཀྱང་དྲིན་དུ་ཆེ་བ་ཡིན་ལ། ཡང་ཡུལ་དབུས་ཀྱི་ཇོ་བོ་ཤཱཀྱ་མུ་ནེ་མཇལ་དུ་བྱོན། དེའི་དངོས་གྲུབ་ཏུ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་མགུལ་གཡུ་བར་པ་རྒྱལ་མོ་འོད་འབར་ཞེས་བྱ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རིན་ཐང་མེད་པ་དེ་ཉིད་དཀའ་ཚེགས་ཅི་ཡང་མེད་པར་ལོན། ཞར་ལ་དགེ་སློང་ཚལ་པའི་དྲུང་དུ་ཐེག་པ་ཆེ་ཆུང་གི་ཆོས་མང་དུ་གསན། བྱེ་བྲག་ཏུ་གསོ་བ་རིག་པའི་གཞུང་མན་ངག་དང་བཅས་པ་རྫོགས་པར་ནོས། སླར་ཡང་རང་གི་ཁབ་དུ་སྲིད་སྐྱོང་ཞིང་འདུལ་བར་འོས་པའི་སྐྱེ་བོ་རྣམས་ལའང་ཆོས་ཀྱི་སྦྱིན་པས་མགུ་བར་མཛད་པ་སྟེ་འདི་ནི་རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེ(1)དང་དུས་མཚུངས་པ་ལས་གསུང་གི་གསང་བ་བསམ་གྱི་མི་ཁྱབ་པའང་གསན་ནོ། །

དེ་ལས་སྲས་གསུམ་བྱུང་བ་ལས་ཆེ་བའི་མཚན་དགེ་སློང་དབོན་གྲགས་པ་ཞེས་པ་སྟེ་འདིས་རྒྱལ་བ་དཀོན་མཆོག་ཡན་ལག་གི་རྣམ་པར་འཕྲུལ་བ་དཔལ་མཁའ་སྤྱོད་དབང་པོའི་ཞབས་ལ་གཏུགས།  དམ་པའི་ཆོས་ཁོ་ན་ཉིད་ཉམས་སུ་བསྟར།  དེས་ཀྱང་སྐུ་སྐྱེ་བ་ཕྱི་མར་བླ་མར་འགྱུར་བ་དགོངས་ནས་ཐུགས་ལ་བཏགས།  དེ་དང་མཐུན་པར་རྗེ་ཆོས་དཔལ་ཡེ་ཤེས་འཁྲུངས་མ་ཐག་ཏུ་སྐུའི་སྐྱེ་བར་ངོས་བཟུང།  ཆོས་ཕྱོགས་ནས་གསན་སྦྱོང་གི་སློབ་དཔོན་གྱིས་སྐུ་ཚེའི་བར་ཆད་སེལ་ཐབས་ཀྱི་སྲུང་འཁོར་ཚེ་སྒྲུབ།  འཇིག་རྟེན་ཕྱོགས་ནས་ཕྱི་ནང་བར་གསུམ་གྱི་འཚོ་ཚིས་ལེགས་སྤེལ་ཉེས་སྤོང་ཀོང་རོང་རལ་གསུམ་གྱི་ཞྭ་དམར་ནག་གཉིས་ཀའི་གཙུག་ལག་ཁང་གསར་བཞེངས་ཞིག་གསོས། འཁྲུག་པ་བསྡུམ་པ་སོགས་ཞལ་ཏ་ཇི་ལྟ་བ་བཞིན་དུ་སྒྲུབ་པ་སྐུ་ཚབ་ཏུ་འོས་པའི་བྱ་བ་གཞན་ཡང་རྨད་དུ་བྱུང་བར་མཛད་པ་ཡིན་ཏེ། དེ་ལྟར་ཡང་རྗེ་མཁའ་སྤྱོད་དབང་པོའི་རྣམ་ཐར་སྤྱན་སྔ་རིན་པོ་ཆེ་ནས་མཛད་པར་དགེ་སློང་དབོན་གྲགས་པ་འདི་ནི་ལུགས་གཉིས་ཀར་ཞབས་ཏོག་ཕུལ་དུ་ཕྱིན་པར་སྣང་ངོ་ཞེས་བཀོད་པས་ཀྱང་ཤེས་སོ།།

ཡང་འཁོད་དོན། སྐུ་འབྲིང་བ་རྒྱལ་སྲས་ཚངས་པ་ཞེས་པ་སྟེ་དེས་དབུས་གཙང་དུ་གསན་སྦྱོང་ཐོས་བསམ་གྱི་མཐའ་གཅོད་དུ་བྱོན། ཀུན་མཁྱེན་བཀྲ་ཤིས་རྣ་རྒྱལ་དང་ཞང་དབོན་མཉམ་དུ་ཆོས་ཀྱི་རྗེ་རོང་སྟོན་ཆེན་པོའི་ཞབས་ལ་གཏུཊ། རིག་པའི་གནས་དུ་མ་ལ་མཁྱེན་པ་རྒྱས། སོ་སོར་ཐར་པའི་ཁྲིམས་དང་འགལ་བའི་ལྟུང་བ་ནི་འགའ་ཙམ་ཡང་མི་མངའ། གལ་ཏེ་བྱུང་སྲིད་ཀྱང་དེ་མ་ཐག་ཏུ་མི་འཆབ་པར་ཕྱིར་བཅོས་ཀྱི་ཆོ་གས་ལྟུང་བ་ཞག་ཏུ་མི་འཇོག་ བླ་མར་འོས་པའི་བྱ་བ་ཐམས་ཅད་ངང་གིས་སྒྲུབ་པ་ཞིག་ལས། རང་ཉིད་ཀྱིས་གདུལ་བར་བྱ་བའི་སྐྱེ་བོ་མདོ་ཁམས་སུ་ཡོད་པར་དགོངས་ནས་བླ་མའི་བཀའ་བཞིན་དུ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཆོད་རྫས་སྒྲུབ་པ་ལ་བསྙད་དེ་དཔོན་སློབ་ཤིན་ཏུ་མང་པོ་དང་བཅས་ཏེ་བྱོན། ལིང་ཆུ་མཁར་ཡན་གྱི་ལྷ་མིའི་སྡེ་མཐའ་དག་གིས་བསྟེན་ཅིང་བཀུར། དད་ཅིང་གུས་པ་ཆེན་པོས་བཏུད།  ཟང་ཟིང་གི་དངོས་པོ་མ་ཚང་བ་མེད་པས་ཕུ་དུད་དུ་བྱས། དེ་འདྲ་བའི་མོད་ལ་མཛོ་གཡག་རྟ་དྲེལ་བརྒྱ་ཕྲག་གསུམ་ཁལ་དང་བཅས་པ་བླ་མའི་དྲུང་དུ་འབུལ་བར་བརྫངས།  ཕལ་ཆེ་བ་འདམ་བུའི་ཚལ་དུ་ཐོན་པས་ད་ལྟའང་གཟིམས་ཁང་འོག་རྣམས་སུ་རྒྱ་ཧོར་གྱི་མཆོད་རྫས་མང་རབ་བྱུང་བ་ནི་དེ་འདྲ་བ་ཡིན་ཞེས་དཔལ་ལྡན་བླ་མ་ཕྱོགས་ལས་རྣམ་རྒྱལ་གྱི་ཞལ་སྔ་ནས་ཀྱི་གསུང་དྲི་མ་མེད་པ་ལས་ཐོས་པའི་སྐོར་དང་། སྐུ་གཞོན་པ་བླ་མ་རིག་འཛིན་ཕུན་ཚོགས་པ་སྟེ་འདི་ཐོག་མ་ནས་རྫོགས་ཆེན་པའི་བླ་མ་ཀ་ཕུ་བ་ཡོན་ཏན་ཕུན་ཚོགས་ལ་རྫོགས་པ་ཆེན་པོའི་ཆོས་སྐོར་མ་ལུས་པ་གསན། ཆོས་དེ་དག་གི་དགོངས་པ་ཕྱིན་ཅི་མ་ལོག་པ་ཉམས་སུ་ལེན་པ་ལ་སྤོབས་པ་རྙེད། སྤྲོས་པ་ཐམས་ཅད་དང་བྲལ་བའི་མཉམ་པར་བཞག་པ་ལས་དུས་སྐད་ཅིག་ཀྱང་མི་གཡེལ། རྣམ་པར་གཡེང་བ་འདུ་འཛི་ལས་རྒྱབ་ཀྱིས་ཕྱོགས་པའི་དབེན་པ་ལ་གཅིག་ཏུ་གཞོལ་ཡང་། ཐུ་བོ་གཉིས་ཀ་རབ་ཏུ་བྱུང་བ་དགེ་སློང་གི་རྟེན་ཅན་ཡིན་པས་སྲིད་མི་འཛིན་པའི་ཐབས་དང་རང་དབང་མ་རྙེད།  དེའི་ཚེ་སླར་ཡང་ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་ལྕམ་མོ་ཞིག་ཁབ་ཏུ་བཞེས།་  འཁོང་བའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་སྒོ་ནས་སྲིད་བསྐྱངས།

དེ་ལ་སྲས་ཨ་བོ་ཆོས་རྗེ།  དྭགས་པོ་པཎ་ཆེན།  དབོན་རྗེ་བཙུན་ཏེ་གསུམ་བྱུང་། (ཨ་བོ་ཆོས་རྗེའི་རྣམ་ཐར་ཟུར་དུ་ཡོད་)སྐུ་འབྲིང་བ་དྭགས་པོ་པཎ་ཆེན་མཚན་དངོས་དོན་གྲུབ་རྒྱལ་མཚན་དཔལ་བཟང་པོ་ནི་སྐུ་གཞོན་ནུ་ནས་རབ་ཏུ་བྱུང་སྟེ་དབུས་གཙང་གི་མཚམས། འབྲས་ཡུལ་སྐྱེད་མོས་ཚལ་དུ་སྡེ་སྣོད་མཐའ་དག་གི་ཚིག་དོན་ལ་རང་བྱན་ཆུད་པར་མཛད། ཐུན་མོང་གི་རིག་གནས་རྣམས་ཀྱང་རྩོལ་མེད་དུ་མཁྱེན་ཅིང་སླར་དཔྱིས་ཕྱིན་པར་མཛད་པས་འགའ་ཞིག་ཚར་བཅོད་པ་དང་། འགའ་ཞིག་རྗེས་སུ་འཛིན་པ་དང་། རང་ཉིད་ཀུན་ཤེས་པའི་བྱ་བ་མཐའ་དག་ཐུགས་སུ་ཆུད་པས་པཎྜི་ཏ་ཆེན་པོར་གྱུར། དེའི་མཐུས་ཕྱི་རོལ་གྱི་ཆོས་ཐམས་ཅད་ཀྱི་སྒྲོ་འདོགས་རྩ་ལག་དང་བཅས་པ་ཡོངས་སུ་ཆོད་ནས་ཤེས་བྱ་ནང་གི་དེ་བཞིན་ཉིད་མངོན་དུ་གྱུར་པས་གྲུབ་པའི་རིང་ལུགས་པ་ཀུན་གྱི་གཙུག་གི་ནོར་བུ་གཅིག་པུ་བར་གྱུར། སྡོམ་པ་གསུམ་ལས་འདའ་བའི་ལྟུང་བ་ནི་བག་ཙམ་ཡང་མི་མངའ་བས་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་མེད་པ་སྟེ་དེ་ལྟར་མཁས་བཙུན་བཟང་གསུམ་གྱི་སྙན་གྲགས་ཀྱི་དྲིལ་ཆེན་པོས་ནོར་འཛིན་ཡུག་ཅིག་ཏུ་ཁྱབ། མངའ་རིས་གྲངས་མེད་པ་ལ་དབང་འབྱོར་བ་ས་སྐྱོང་དོན་ཡོད་རྡོ་རྗེས་བསྟེན་ཅིང་གུས་པས་བཏུད། ཇི་ལྟར་བཞེད་པའི་ཆོས་ཀྱི་བཀའ་དྲིན་དུ་བསྩལ། ཉི་མ་གཙང་ཕྱོགས་ཀྱི་རྒྱལ་ཁམས་ཐམས་ཅད་དགེ་ལེགས་ཀྱི་མཚན་མས་ཤིས་པར་མཛད། དེའི་མོད་ལ་ལྷ་རིགས་དྲི་མ་མེད་པ་ལས་འཁྲུངས་པའི་རྒྱལ་བུ་གྲགས་པ་མཐའ་ཡས་པས་སྤྱན་དྲངས། གུས་པས་བསྙེན་ཅིང་བཀུར་བའི་བསྟི་སྟང་གིས་ཉེ་བར་མཆོད་དེ་གཡའ་བཟང་གི་སྡེ་ཆེན་པོའི་མཁན་པོར་མངའ་གསོལ། སྐབས་སྐབས་སུ་ཧ་ལ་སྒང་དུ་བྱོན། དེས་ཀྱང་ཡུན་རིང་དུ་བསྟེན།  ཉེ་ལོགས་ཤིག་ཏུ་དགའ་ཚལ་ཞེས་པའི་བཤད་གྲྭ་ཆེན་མོ་བཙུགས།  མདོ་སྔགས་རབ་འབྱམས་སུ་སྨྲ་བའི་དགེ་བའི་བཤེས་གཉེན་ཀྱང་ཇི་སྙེད་ཅིག་བསྐྲུན་པ་སོགས་ནས་མཐར་ཉིད་ཀྱི་སློབ་མ་བསྟན་པ་ཡོངས་རྫོགས་ཀྱི་བཤེས་གཉེན་འགའ་ཞིག་འཆད་ཉན་པར་བསྐོས་ནས་ཞིང་ཁམས་གཞན་དུ་གཤེགས། དངོས་སློབ་གྲས་སུ་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ།  གཡའ་བཟང་གུ་ཤྲི།  གྲུམ་པ་མཁན་པོ། གྲུབ་ཐོབ་སངས་རྒྱས་བསམ་གྲུབ། དྭགས་པོ་གསུང་རབ་མང་ཐོས། མཁས་པའི་དབང་པོ་སོགས་མང་པོ་བྱུང་།

སྐུ་གཞོན་པ་དབོན་རྗེ་བཙུན་གྱིས་རྐྱེན་ཡུལ་གྱི་ནོར་འཛིན་སྐྱོང་བའི་སྲས་མོ་ཞིག་ཁབ་ཏུ་བཞེས་ཤིང་། སྐྱེ་རྒུ་མཐའ་དག་ལ་བུ་གཅིག་པའི་མ་ལྟར་བརྩེ་ཞིང་ལུགས་ཀྱི་བསྟན་བཅོས་དང་། བཟོད་དང་གསོ་བ་རིག་པ་མཐར་ཕྱིན་པས་རང་གཞན་གྱི་འདོད་པ་ཡོངས་སུ་རྫོགས་པར་མཛད།  དབོན་རྗེ་བཙུན་ལ་སྲས་གཉིས་ཡོད་པའི་ཆེ་བ་ནང་སོ་ཀུན་ཏུ་བཟང་པོ་ཞེས་བཟང་ཞིང་།  དབང་པོ་དུལ་བ། མིའི་ཆོས་ལུགས་ལེགས་པར་བྱང་བ་ལས།  སྲས་གཉིས་པ་འཕོངས་དང་སྦེ་ག མཆོངས་དང་གླུ་གཞས། ཆོ་ལོ་རྒྱན་པོ་སོགས་ནང་བྱན་ཆུད་པས་མཚན་ཡང་ནང་སོ་ཕག་རྒོད་ཁྱུང་གི་རྒྱལ་པོ་ཞེས་གྲགས་པ་གཉིས་ཀ་གསོ་དཔྱད་ཐད་ལ་གོང་མའི་ཕྱག་བཞེས་མཛད་པའི་རྣམ་ཐར་མེད་པ་བཅས་ཟུར་མཁར་བའི་སྐུ་བརྒྱུད་རིམ་བྱོན་གྱི་ལོ་རྒྱུད་འདི་ལྟར་ཡིན།

སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་《གསེར་གདུང་དཀར་ཆག》(ཤོག་གྲངས་༢༣༡ན་༢)ཟུར་ལུགས་གྱེས་པའི་ཐོག་མ་དབང་ཕྱུག་གྲགས་(ཚལ་པ་དགེ་སློང་) རིག་འཛིན་ཕུན་ཚོགས་བཟང་པོ། (ཟུར་མཁར་མཉམ་ཉིད་རྡོ་རྗེའི་ཡབ་ཀྱི་མཚན་)ཟུར་མཁར་མཉམ་ཉིད་རྡོ་རྗེ། འཆི་གསོས་སྨན་པ་ཚེ་འབུམ། མཁས་དབང་བྱར་པོ་པན་ཆེན། གླིང་སྟོད་ཆོས་རྗེ་བློ་རྒྱམ་པ། བྱང་ངོས་ནང་སོ་དར་རྒྱས་ཞེས་འཁོད་པར་གཞིགས་ན་ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་《ཟུར་མཁར་མཉམ་ཉིད་རྡོ་རྗེའི་རྣམ་པར་ཐར་པ་འགོག་པ་མེད་པའི་ཡི་གེའི་གཏམ་ཆེན་པོ།》ཞེས་པར་དགེ་སློང་ཚལ་པ་ཟུར་ལུགས་སྨན་དཔྱད་ཀྱི་སློབ་དཔོན་ཐོག་མ་ཡིན་པར་གསུངས་པ་དོན་དུ་གནས་པར་སེམས། །

མཆན་བུ། (1) རབ་བྱུང་ལྔ་པའི་ཤིང་སྤྲེལ་ (སྤྱི་ལོ་1284) ལོ་ལ་ཀརྨ་པ་རང་བྱུང་རྡོ་རྗེ་འཁྲུངས།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༩༽ དཔའ་བོ་གཙུག་ལག་ཕྲེང་བ།

– བྱམས་པ་འཕྲིན་ལས།

 

དཔའ་བོ་གཙུག་ལག་ཕྲེང་བ་ནི། རབ་བྱུང་བརྒྱད་པའི་ཤིང་བྱི་སྤྱི་ལོ་ ༡༥༠༤ ལོ་ལ་འཁྲུངས། མཚུར་ཕུ་བཀའ་བརྒྱུད་ཀྱི་གྲུབ་མཐའ་འཛིན་མཁན་དང་། རིག་གནས་ཀུན་ལ་མཁྱེན་པ་རབ་ཏུ་རྒྱས་པས་བོད་གངས་ཅན་ལྗོངས་སུ་སྙན་གྲགས་ཤིན་ཏུ་ཆེ། བརྩམས་ཆོས་སྐོར་《ཆོས་འབྱུང་མཁས་པའི་དགའ་སྟོན་》ཞེས་པ་དང་། སྨན་རྩིས་སྐོར་ལ། 《སྨན་དཔྱད་ཟིན་བྲིས་སྙིང་པོ་བསྡུས་པ་དང་།》 《རྡོ་ཞུན་གསལ་སྒྲོན།》 《རྩིས་གཞུང་རིན་ཆེན་གཏེར་མཛོད་》སོགས་ཡོད། ལྷག་པར་ཆོས་འབྱུང་མཁས་པའི་དགའ་སྟོན་གྱི་ནང་ཚན་རིག་གནས་ལྔའི་རྣམ་བཤད་ཀྱི་གསོ་རིག་སྐོར་གསུངས་སྐབས། འདི་ཉིད་མཆོག་གི་སྤྲུལ་སྐུ་དངོས་ཡིན་ཞིང་། ཁོང་རང་གི་བཞུགས་གནས་དེའི་ཤར་ན་སྤང་རི་སྔོ་སྨན་མང་པོ་སྐྱེ་བ་སྤོས་ངད་ལྡན་དང་འདྲ་བ་དང་། ལྷོ་ན་སྔོ་སྨན་ཚ་བ་སྐྱེས། བྱང་ན་གངས་རི་དང་བསིལ་སྨན་སྐྱེ་བ། ནུབ་ན་ནགས་ཚལ་སོགས་ཆ་མཐུན་ཡོད་པས་ཁོང་རང་གི་བཞུགས་གནས་དེ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་དང་། ཐུགས་ཆོས་དབྱིངས་སངས་རྒྱས་སྨན་གྱི་བླ་དང་། ཀུན་རྟོག་སྣ་ཚོགས་པ་རྣམས་འཁོར་སྡེ་བཞི་དང། རྩོམ་འདོད་ཀྱི་རྟོག་པ་དྲང་སྲོང་ཡིད་ལས་སྐྱེས་དང་། རིག་པའི་ངོ་བོ་དྲང་སྲོང་རིག་པའི་ཡེ་ཤེས་སུ་མཛད་ནས་རྒྱུད་བཞི་བཤད་དོ་ཞེས་རྗེ་འཕྲིན་ལས་ཞབས་(1)གསུངས་ལ། ཐུན་མོང་གི་སྣང་བ་དེ་ཉིད་ལ་སྣང་བ་དག་པའི་གདུལ་བྱའི་ངོར་གླེང་གཞི་ཇི་ལྟར་བཤད་པ་ལྟར་སྣང་བ་ཡང་མི་འགལ་ལོ་ཞེས་བདག་སེམས་སོ།།

ཡང་གསུངས་པར། འོ་ན་གླེང་གཞི་བཀའ་ལྟར་བཅོས་པས་ནོངས་སོ་ཞེ་ན། སངས་རྒྱས་ཀྱི་མཐུས་བྱིན་གྱིས་བརླབས་ཏེ་སྤྲུལ་པའི་སྐུ་དེའི་ཐུགས་ལ་རང་བྱུང་དུ་ཤར་བ་ཡིན་པས་ཆེས་ངོ་མཚར་ཏོ། ཁ་ཅིག་སངས་རྒྱས་སྨན་བླ་ཉིད་ཀྱི་བཀར་འདོད་པ་དང་། རི་རབ་ཀྱི་རྩེར་རྣམ་སྣང་དུ་སྤྲུལ་ནས་རྣལ་འབྱོར་རྒྱུད་གསུངས་པ་ལྟར་ཤཱཀྱའི་དབང་པོ་ཉིད་ཀྱི་སྤྲུལ་བཤད་དུ་འདོད་པ་དང་། གཏེར་མར་འདོད་པ་དང་། རྒྱུད་བཞི་ཆུང་ངུ་ཞིག་ཡོད་ལ་འདིས་རྒྱས་པར་མཛད་པར་འདོད་པ་སོགས་མང་ནའང་མཛད་པོ་དེ་སྤྲུལ་པའི་སྐུར་འབྲས་བུའི་རྟགས་ཀྱིས་ངེས་ལ། རེག་པ་རྩ་དང་མཐོང་བའི་ཆུ་ལ་བརྟག་པ་ནི་གཞུང་གཞན་ན་མེད་པས་འཛམ་གླིང་ན་སྨན་དཔྱད་ཀྱི་གཞུང་ལ་རྒྱུད་བཞི་ལས་མཆོག་ཏུ་གྱུར་པ་མི་སྲིད་པ་འདུག་ཅིང་། ཁྱད་པར་བོད་ཀྱི་ཡུལ་དུས་དང་འཚམས་པ་འདིའི་བཀའ་དྲིན་གཞལ་དུ་མེད་པས་སངས་རྒྱས་ཀྱི་བཀའ་བཞིན་དུ་སྤྱི་བོར་བླང་ངོ་། །ཞེས་རྒྱུད་བཞི་གཡུ་ཐོག་གསར་མས་མཛད་པར་བཞེད་དོ། རབ་བྱུང་དགུ་པའི་མེ་སྟག་སྤྱི་ལོ་༡༥༦༦ སྟེ་དགུང་ལོ་དྲུག་ཅུ་རེ་གསུམ་ལ་སྐུ་གཤེགས་སོ།།

མཆན་བུ། (1) རྗེ་འཕྲིན་ལས་ཞབས་ཞེས་པ། དཔལ་སྒང་ལོ་ཙཱ་བའི་མཚན་ཡིན།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༡༠༽ སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན།

– བྱམས་པ་འཕྲིན་ལས།

སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་(1)ནི། རབ་བྱུང་བདུན་པའི་ཤིང་བྱ་སྤྱི་ལོ་༡༤༠༥ ལོར་འཁྲུངས། རྣམ་ཐར་ཞིབ་པ་མ་མཇལ། མཁས་མཆོག་འདི་ཉིད་མཁྱེན་པ་ཕ་མཐར་རྒྱས་ཞིང་ཀུན་གྱིས་ཚད་མར་འཛིན་པས་དུ་ཀུ་ལའི་གོས་བཟང་། དུམ་བུ་གསུམ་པར། རིག་པའི་གནས་ཐམས་ཅད་ལ་འཁྲུལ་པའི་དྲི་མ་ཙམ་ཡང་སྤངས་པ་སྟག་ཚང་ལོ་ཙཱ་བ་ཞེས་ཚད་མཐོའི་གདེང་འཇོག་གནང་། སྨན་དཔྱད་སྐོར་ལ་《གསོ་དཔྱད་བྱུང་ཚུལ་གྱི་ལོ་རྒྱུས་སྨན་གྱི་སྤྱི་དོན་དང་བཅས་པ་མཁས་པའི་ཡིད་འཕྲོག》 ཅེས་པ་དང་། 《སྨན་གྱི་ལག་ལེན་གཅེས་བསྡུས་ལེའུ་བཅུ་པ་རེག་པས་ནད་སེལ།》 《གསོ་རིག་མིང་ཚིག་འགའ་ཞིག་དོན་གྱི་བཞིན་རས་སྟོན་པའི་མེ་ལོང་།》 《 རིག་གནས་ཀུན་ཤེས་》སོགས་བརྩམས་ནས་བོད་ཀྱི་གསོ་རིག་ལ་མཛད་རྗེས་ཧ་ཅང་ཆེ་བ་དང་། རྒྱུད་བཞི་བསྟན་བཅོས་ཀྱི་ཁུངས་སུ་བཞེད་མཁན་གྱི་གྲས་ཡིན། དེའི་སྐོར་རིག་གནས་ཀུན་ཤེས་ལས་ཁྱད་པར་ཡན་ལག་བརྒྱད་པ་ཆེན་པོ་སོགས། །སྨན་དཔྱད་མཁས་པ་དགའ་བྱེད་བཞི་ཙམ་མཛད། དེ་ཡི་ནང་ནས་ཡན་ལག་བརྒྱད་པ་ཡི། །སྙིང་པོ་བསྡུས་པ་ཞེས་བྱ་འདི་མཛད་ནས། །ཁ་ཆེ་ཟླ་དགའ་ལ་བཤད་དེ་ཡིས་ཀྱང་། །ཟླ་ཟེར་ཞེས་བྱའི་རྒྱ་ཆེའི་འགྲེལ་པ་མཛད། དེ་ནས་ལེགས་བརྒྱུད་ལོ་ཆེན་སྐྱེས་བུ་མཆོག །རིན་ཆེན་བཟང་པོས་བསྒྱུར་བཤད་གཏན་ལ་ཕབ། །མཁས་པ་དུ་མར་འཕེལ་ནས་བོད་ཡུལ་དུ། །གཡུ་ཐོག་སོགས་ཀྱིས་རྒྱུད་བཞིར་གྲགས་པ་སྤེལ། །ཞེས་གསུངས་པ་དང་། ཡང་གསོ་དཔྱད་ཉེར་མཁོ་གཅེས་བསྡུས་ཞེས་བྱ་བ་གསར་དུ་བྱོན་པ་སྟག་ཚང་ལོ་ཙཱ་བའི་ལེགས་བཤད་ཤེས་རབ་ཆོས་འབྱོར་གྱི་ཉམས་ལེན་ཞེས་བྱ་བ་ཤོག་གྲངས་༢ ན་༥ འདི་དག་ལེགས་པར་ཤེས་ནས་བསྡུས་པ་ཡི། །བོད་སྨན་མཁས་པས་སྦྱར་བའི་རྒྱུད་བཞི་དང་། །གསོ་དཔྱད་ཕན་པ་ཞེས་བྱའི་མདོ་དང་ནི། །གཅེས་གྲུབ་ལ་སོགས་ལག་ལེན་མང་མཐོང་ཞིང་། །ཀུན་ཀྱང་རྩ་བར་གཏུགས་ནས་ལེགས་བརྟགས་ཏེ། །ཞེས་རྒྱུད་བཞི་ནི་བོད་སྨན་མཁས་པས་སྦྱར་བར་བཞེད་འདུག

མཆན་བུ།

(1) སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱི་འཁྲུངས་ཡུལ་ཡར་འབྲོག་སྟག་ལུང་བརྒྱུད་དུ་ཡིན་ཅིང་། ཡར་འབྲོག་སྟག་ལུང་ས་སྐྱའི་དགོན་ལག་ཐར་གླིང་ཆོས་སྡེ་ཞེས་པ་སྟག་ཚང་ལོ་ཙཱ་བས་ཕྱག་བཏབ་པར་མ་ཟད་བཞུགས་གནས་གཙོ་བོའང་ཡིན། དེ་དུས་དགོན་པ་དེར་བླ་ཁག་བཞིའི་བླ་བྲང་དང་། དགེ་འདུན་སྟོང་ཕྲག་གཅིག་ཙམ་ཡོད་པའི་སྐོར་དགོན་དེའི་བཅའ་ཡིག་དང་། སྤྲོད་དེབ་ནང་གསལ་ཞིང་། དེ་གར་སྟག་ཚང་སྒྲུབ་ཕུག་ཅེས་པ་ཡོད་ཚུལ་ཐོས་བྱུང་བས་དཔྱད་ཞིབ་ཡོད་པ་ཞུ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༡༡༽ གཏེར་སྟོན་རཏྣ་གླིང་པ།

– བྱམས་པ་འཕྲིན་ལས།

 

གཏེར་སྟོན་རཏྣ་གླིང་པ་ནི། ལྷོ་བྲག་གྲུ་ཤུལ་དུ་ཡབ་ཕྱུག་པོ་མདོ་སྡེ་དར་ཞེས་པ་དང་། ཡུམ་སྲི་ཐར་སྨན་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཆུ་ལུག་སྤྱི་ལོ་༡༤༠༣ ལོའི་སྟོན་ཟླ་ར་བའི་ཚེས་བཅོ་ལྔ་ཉིན་སྐུ་འཁྲུངས། འབྲི་ཀློག་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གསུམ་ཙམ་ནས་དག་པའི་སྣང་བ་འགའ་ཞིག་ཤར། སྔོན་སྦྱངས་སྟོབས་ཀྱིས་རིག་པའི་གནས་རྣམས་དང་། ཆོས་ཀྱི་གསན་པའང་རྒྱ་ཆེར་མཛད། དགུང་ལོ་ཉེར་བདུན་པ་ལ་གུ་རུ་རིན་པོ་ཆེ་ཁམས་པའི་བྱ་བྲལ་བ་དབུ་ཞྭ་ན་བཟའ་སེར་པོ་བྱས་པ་ཞིག་ཏུ་སྤྲུལ་ནས་གཏེར་གྱི་ཁ་བྱང་དངོས་སུ་གནང་ཞིང་བསླབ་བྱ་མཛད་པ་ལྟར་དགུང་ལོ་སུམ་ཅུ་པར་ཁྱུང་ཆེན་བྲག་ནས་གཏེར་ཁ་དང་པོས་ཐོག་དྲངས་རིམ་པར་འབྲི་ཐང་ཀོ་རོ་བྲག ལྷོ་བྲག་གནམ་སྐས་ཅན་སོགས་ནས་གཏེར་ཁ་ཉི་ཤུ་རྩ་ལྔ་བཞེས། མཁར་ཆུ་དཔལ་གྱི་ཕུག་རིང་ནས་གཏེར་བཞེས་པའི་ཚེ་རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་ཅན་བསྟན་པ་སོགས་མངོན་ཤེས་དང་རྫུ་འཕྲུལ་བསམ་ལས་འདས་པ་བསྟན། ལྷག་པར་ཐུགས་སྒྲུབ་སྨན་སྒྲུབ་སྐྱེ་བདུན་རིལ་སྒྲུབ་ཤིན་ཏུ་མང་པོ་མཛད་ཅིང་། དེ་དག་དང་དབང་ཁྲིད་གདམས་ངག་བསྩལ་བ་སོགས་ཀྱི་སྐབས་སུ་འཇའ་འོད་མེ་ཏོག་གི་ཆར་སྨན་སྤོས་ཀྱི་དྲིས་ཁྱབ་པ་སོགས་ངོ་མཚར་བརྗོད་ཀྱིས་མི་ལངས། རྟེན་འབྲེལ་རབ་དང་ཕུལ་དུ་གྱུར་པས་སྐུ་ཐོག་གསུམ་གྱི་གཏེར་སྐལ་སྐུ་ཐོག་གཅིག་ལ་བཏོན་པས་ཞིག་པོ་གླིང་པ། འགྲོ་འདུལ་གླིང་པ། རཏྣ་གླིང་པ་ཞེས་མཚན་གསུམ་དུ་གྲགས། གངས་ཏི་སེ་ནས་ཁམས་རྒྱལ་མོ་རོང་གི་བར་གྱི་འགྲོ་བ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད། ཐུགས་སྲས་ཀྱི་སྙིང་པོ་བུ་སོགས་སྲས་བརྒྱུད་དང་སློབ་བརྒྱུད་བཟང་ལ་གྲངས་མང་བ་ད་ལྟའི་བར་དུ་བྱོན། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་ལོ་བདུན་ཅུ་རྩ་དྲུག་པ་ལ་སྐུ་གཤེགས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་ཤོག་གྲངས་༡༠༢ བ་༡ ནང་རཏྣ་གླིང་པས་ཀོང་པོ་གསང་བ་ཡང་མཛོད་ནས་སྤྱན་དྲངས་པ་སྨན་སྒྲུབ་གསང་བ་ཡོངས་རྫོགས་ཞེས་གསལ་བས། གོང་གསལ་ཐུགས་སྒྲུབ་སྨན་སྒྲུབ་སྐྱེ་བདུན་རིལ་སྒྲུབ་ཅེས་པ་དང་། དོན་གཅིག་ཡིན་མིན་དཔྱད་པ་གནང་རྒྱུ་བཅས་སོ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༡༢༽ འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོ།

– བྱམས་པ་འཕྲིན་ལས།

 

འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོའམ་བློ་གྲོས་དཔལ་བཟང་ནི། བོད་ཀྱི་རྒྱལ་པོའི་གདུང་བརྒྱུད་ཡིན་ཅིང་། འཁྲུངས་ཡུལ་གཙང་གི་འབྲོང་རྩེ་ཞེས་པ་ནས་ཡིན་སྟབས་འབྲོང་རྩེ་ལྷ་སྲས་ཞུ་སྲོལ་འདུག ཡབ་ཡུམ་ཆོ་འབྲང་དང་། བཙས་པའི་དུས་ཚོད་སྐོར་ནམ་ཙམ་ཡིན་མི་ཤེས་ཀྱང་འབྲོང་རྩེ་བེ་བུམ་གྱི་སྐད་བཅོས་སྐབས་སུ་གདམས་པའི་བརྒྱུད་པ་གསུངས་སྐབས་ཐོག་མར་གུ་རུ། དེ་ནས་ཡེ་ཤེས་མཚོ་རྒྱལ། མྱང་ཉི་མའི་སྙིང་པོ། སྲས་མི་བསྐྱོད་རྡོ་རྗེ། མཉམ་མེད་འདོ་པོ་རས་པ། ཆོས་རྒྱལ་རིན་ཆེན་གླིང་པ། དྲིན་ཅན་ཀུ་མ་རཱ་ཛ། སློབ་དཔོན་ཧོར་སྟོན། ཆུ་བོ་རི་པ་བླ་མ་བསོད་ནམས། ཆོས་ཀྱི་རྗེ་མཁས་གྲུབ་དགེ་ལེགས་དཔལ་བའི་ཞལ་སྔ་ནས། དེས་ལྷའི་བཙུན་པ་རིན་ཆེན་རྒྱ་མཚོའམ་བློ་གྲོས་དཔལ་བཟང་པོ་བདག་ལའོ། ཞེས་གསལ་བས་མཁས་གྲུབ་དགེ་ལེགས་དཔལ་ནི་བྱང་པ་རྣམ་རྒྱལ་གྲགས་བཟང་སྐབས་ལ་ཡིན་པས། འབྲོང་རྩེ་ལྷ་སྲས་ཀྱང་དེ་དང་དུས་མཚུངས་པར་སྙམ།

རྩ་བའི་ཕྱག་བཞེས་ནི་བོད་སྨན་མཁས་པ་མི་དགུའི་ནང་ཚན་སྟོང་བརྒྱུད་དྲི་མ་མེད་པ་དང་། བྲང་ཏི་རྒྱལ་བ་བཟང་པོ་སོགས་གནང་རིགས་ཀྱི་སྨན་པ་ཟམ་མི་ཆད་པ་བྱོན་པ་རྣམས་ཀྱི་བརྒྱུད་འཛིན་ཡིན་ཅིང་། དེའི་སྐོར་སྔོ་སྨན་དགོས་པ་ཀུན་འབྱུང་སྐབས་སུ། སྨན་མཆོག་འདི་ཡིས་མི་སེལ་མེད། །ཁ་བསྒྱུར་ལྡན་པའི་སྨན་མཆོག་འདི། །དྲང་སྲོང་ཐུགས་གསང་གདམས་པ་ཡིན། །སྟོང་བརྒྱུད་དྲི་མེད་ཆིག་བརྒྱུད་ཀྱིས། །སྤེལ་ན་ལེའུ་རེ་རེ་བྱིན། །ཞེས་དང་། བཅུད་ལེན་སྐབས་བྲང་ཏི་རྒྱལ་བ་བཟང་པོ་ནས་དཔལ་ལྡན་འཚོ་བྱེད་བར་གྱི་སྨན་བརྒྱུད་ཡིན་ཚུལ་གསལ་བས་འབྲོང་རྩེ་བེ་བུམ་ཞེས་པ་ནི་སྨན་གྱི་སྦྱོར་ཚད་ནང་ནས་ཤིན་ཏུ་ཁུངས་བཙན་པ་དང་། དཔེ་རྒྱུན་དཀོན་པའི་གྲས་སུ་བརྩི། འབྲོང་རྩེ་བེ་བུམ་གྱི་དཀར་ཆག་རིན་ཆེན་ཕྲེང་བ་ཞེས་པར་དཔེ་ཚན་ཁྱོན་བསྡོམ་རྣམ་གྲངས་བརྒྱད་ཅུ་གྱ་དྲུག་ཡོད། དཔེར་ན།

ཀ༽ པ་ལ་མགོ་བོའི་ལྡུམ་བཅོས་ཀྱི་སྐོར། ཁ༽ པ་ལ་མིག་སྨན་གྱི་སྐོར། རྣ་བ་གསོ་བའི་སྐོར། སྣ་གསོ་བའི་སྐོར། ལྕེ་ནད་གསོ་བའི་སྐོར། ཁ་ནད་གསོ་བའི་སྐོར། སོ་ནད་གསོ་བའི་སྐོར། ག༽ པ་ལ་གྲེ་འགག་བཅོས་པ་དང་། ལྦ་བ་བཅོས་པའི་སྐོར། མཆུ་ནད་བཅོས་པའི་སྐོར། སྐད་བཅོས་པའི་སྐོར། སྙིང་རླུང་སྟོད་འཚངས་ཀྱི་བཅོས་རྣམས་སོ།།

ང༽ པ་ལ་གློ་ནད་གསོ་བའི་སྐོར། མཁལ་ནད་གསོ་བའི་སྐོར། རྩ་འཆུས་གསོ་བ་དང་། འཁྲུ་བ་དང་སྐྱུགས་པ་གཅོད་པའི་སྐོར། རྩ་འཆུས་བཅོས་པ། མཁྲིས་པ་ཤ་ཡའི་བཅོས། བ་ཤ་ནག་པོའི་སྦྱོར་བ། སྐད་ཀྱི་རིལ་བུ། གློ་དང་མཁལ་ནད་སེལ་བ། བད་ཀན་སྨུག་པོའི་བཅོས་རྣམས་སོ།།

ཅ༽ པ་ལ་འཇམ་སྦྱོང་གི་སྐོར། རྩ་སྦྱོངས་ཀྱི་སྐོར། ཆུ་འགག་རྡེའུའི་ནད་གསོ་བ། མཆིན་ནད་གསོ་བ། སྣེའུ་ལུག་པའི་བཅོས། ཐིག་ལེ་འཛག་པ་བསྲུང་བ་དང་བཅས་པ་རྣམས་སོ།།

ཆ༽ པ་ལ་དྲེག་དང་གྲུམ་བུ་གསོ་བ། བཅུད་ལེན་དང་། ཡང་དྲེག་གྲུམ་གསོ་བ། དམུ་ཆུ་བཅོས་པའི་སྐོར། ཇ༽ པ་ལ་སྲིན་སྨན་གྱི་སྐོར། འབྲས་བཅོས་དང་སྐྲན་གསོ་བའི་སྐོར། ཁྲོ་ཆུ་རྟིང་སྐོར། སྲིན་གྱི་བསྲུང་བ་བྱ་བའི་ཚུལ། ཉ༽ པ་ལ་ཅོང་ཞིའི་གདམས་པ། བད་ཀན་རིགས་བརྒྱད་ཀྱི་བརྟག་པ་དང་བཅོས་པའི་སྐོར། ན་ལེ་ཤམ་གྱི་འཇམ་སྦྱོང་། ཏ༽ པ་ལ་གཟའ་བཅོས་ཀྱི་སྐོར་ཤིན་ཏུ་རྒྱས་པ། ཐ༽ པ་ལ་སྔོ་སྨན་དགོས་པ་ཀུན་འབྱུང་། དྲག་པོ་བཅུ་གསུམ་སྦྱོར་བ། རིམས་སྲུང་སྐོར། རྟ་གདམས་ལྔ་རྣམས། ད༽ པ་ལ་ཁ་འཐོར་རིན་ཆེན་ཕྲེང་བ་ཡོད། ཁ་འཐོར་གྱི་ནང་ན། གླང་ཤུ་བཅོས་པ། ཐིག་ལེ་འཛག་གཅོད། ཨ་གར་བཅུ་གསུམ་དང་ལྔ་སྦྱོར། ཆུ་སེར་དང་རྣག་རང་བརྡོལ་ཡོང་བ། གཟེར་སྟོད་འཚངས་དང་མི་ཤའི་རིལ་བུ། རྡུལ་འབྱམས་དང་བུ་རོ་འབྱིན་པ། དམུ་ཆུ་སྔགས་ཀྱིས་བཅོས་པ། བསེ་རུ་ཉེར་གསུམ། འཁྲུ་སྐྱུགས་གཅོད་པ། ཆང་གིས་མི་བཟི་བ་དང་། མིག་གི་ལིང་ཐོག་བསལ་བ། ཡང་འཁྲུ་སྐྱུགས་གཅོད་པ། བསེ་དྲི་ཡུལ་འདོན། ཆུ་སེར་གྱི་ནད་བཅོས་པ། ཡང་བསེ་དྲི་འདོན་པ། གཉིད་མི་ཡོང་བ། ས་གཡོ་སྲུང་བ། ཀ་རཉྫའི་སྦྱོར་བ། སྐྱུགས་གཅོད་རྣམས་ཡོད། ན༽ པ་ལ་གླང་ཐབས་བཅོས་པའི་སྐོར། རྒྱུ་གཟེར་གྱི་ནད་བཅོས་པའི་སྐོར། ཕོ་ལོག་བཅོས་པ་རྣམས།

པ༽ པ་ལ་བདུད་རྩི་དགའ་སྟོན་གྱི་སྦྱོར་བ། དྲག་པོ་སུམ་སྦྱོར། ནག་པོ་སུམ་བསྒྲིལ་དང་མཁྲིས་པ་རྩར་རྒྱུག་གི་སྐོར། ཆུ་སེར་སེལ་བའི་སེང་ལྡེང་སྨུག་པོའི་སྦྱོར་པ། མགོ་བཅོས་འབྱུང་བ་བཞི་སྦྱོར་དང་ཐོད་སྦྱོར། ཕ༽ པ་ལ་འབྲུམ་པ་དཀར་ནག་སྲུང་བ་དང་བཅོས་པའི་སྐོར་ཟབ་པ། བ༽ པ་ལ་རྒྱུ་གཟེར་སྲུང་བ་དང་བཅོས་པའི་སྐོར། མ༽ པ་ལ་རིན་པོ་ཆེ་སེལ་སྲུང་ཆེན་མོ། ཙ༽ པ་ལ་འབྱུང་པོ་ཀུན་ཐུབ་རྒྱལ་པོ། སྲི་སྲུང་འཁོན་བྱང་མན་ངག་བསམ་གཏན་ཉལ་ཆོག་འཁོར་ལོ་རྣམས། ཚ༽ པ་ལ་ཁྱི་སྨྱོན་བཅོས་པ་དང་སྲུང་བའི་སྐོར། ཛ༽ པ་ལ་ཁྱུང་ཁྲ། ཁྱུང་ལྔ། བདུན་པ། དགུ་པ། ཁྱུང་ཤམ་ཁ་བསྒྱུར་དྲུག་སྦྱོར་སོགས་བཞུགས་སོ།།

གོང་གསལ་སྨན་སྦྱོར་དེ་དག་གི་ཁྲོད་དུ་ཐར་པ་ལོ་ཙཱ་བས་དཔལ་བྷེ་དུ་པའི་ཞལ་ནས་ཐོས་པའི་རིགས་དང་། དཔལ་ལྡན་ཕ་ཁོལ་ལམ་སློབ་དཔོན་རྟ་དབྱངས་ཀྱི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་བཅས་ཀྱི་ཉིང་ཁུ་མི་ཉུང་བ་བསྡུ་ལེན་མཛད་པ་ནི། ཤེས་བྱའི་མེ་ཏོག་གསོ་རིག་ཆུ་གཏེར་ལས། །རྟ་དབྱངས་འཕགས་པའི་གཞུང་ལུགས་ཀུནྡའི་ཕྲེང་། །ལེགས་བཤད་སྤེལ་ལེགས་ཕན་བདེའི་ཟེ་འབྲུ་ཅན། །བློ་གསལ་བུང་བ་དགའ་བའི་དགའ་ཚལ་ལགས། །ཞེས་གསུངས་པ་ལྟར་དང་། ཞར་བྱུང་སྨན་གྱི་འབྱུང་ཁུངས་སྐོར་གསུངས་སྐབས། མཛེ་ཚྭ་ནི། དཔལ་དེའི་མགྲོན་ཁང་ལྷུན་འགྲུབ་གླིང་གི་མཚོ་ལ་ཡོད་ཅེས་ཕྱི་རབས་དོན་དུ་གསལ་ཁ་གཏོད་པ་དང་། དེ་བཞིན་ནད་ཐོག་སྐབས་གཞང་སྐྲན་ནག་པོ་ནི་གཞང་གི་ནང་དུ་འབྲུམ་པ་སྲན་མ་ཙམ་བཏོན་ཡང་དོན། ཟུག་ཆེ་བ་གཅིག་ཡོང་བ་ཡིན། དེ་གཞང་སྐྲན་ནག་པོ་ཡིན་ཞེས་པ་དེ་ནི། དེང་སང་ཕྱི་ལུགས་སྨན་གཞུང་ནང་ཀྲེ་ཁྲང་ཨད་ཅེས་པ་བཙོག་པ་བབས་དཀའ་ཞིང་བབས་དུས་ཟུག་གཟེར་ཤིན་ཏུ་ཆེ་བ། མཐར་ཟུངས་ཟད་བཤང་འགག་གིས་དུས་མིན་འཆི་བའི་རྐྱེན་བྱེད་པ་དེ་རང་ཡིན་འདུག་པ་བཅས། མདོར་ན་འབྲོང་རྩེ་བེ་བུམ་ནང་ནད་རིགས་སྣ་ཚོགས་ལ་ཕན་པའི་སྨན་སྦྱོར་ཁྱད་དུ་འཕགས་པ་བརྗོད་ཀྱིས་མི་ལངས་པ་ཡོད་པས་སྔར་ནས་བཟུང་འབྲོང་རྩེ་ལྷ་བཙུན་ཞེས་པའི་མཚན་སྙན་གྱི་གཟི་བརྗིད་རྒྱ་ཁྱབ་བོད་རིགས་མང་ཚོགས་ཁྲོད་དང་། ལྷག་པར་གཙང་ཕྱོགས་སུ་ཉམས་པ་མེད་པར་གནས་པ་བཅས་སོ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༡༣༽ བསོད་ནམས་ཡེ་ཤེས་རྒྱལ་མཚན།

– བྱམས་པ་འཕྲིན་ལས།

 

བསོད་ནམས་ཡེ་ཤེས་རྒྱལ་མཚན་ནི། ཡབ་ལྷ་བཙུན་བཀྲ་ཤིས་དཔལ་བཟང་ཞེས་པས་སྐུ་ཚེའི་སྟོད་དུ་བསྐྲུན་པའི་སྲས་ཡིན་ཅིང་། ཆུང་ངུ་ནས་ཡབ་ཀྱི་ཞབས་པད་ཡུན་དུ་བསྟེན་ཏེ་གསོ་བ་རིག་པར་སྦྱངས་བརྩོན་གནང་བས་གཞུང་མན་ངག་སྤྱི་དང་། ཁྱད་པར་དཔལ་ལྡན་རྒྱུད་བཞིའི་བཀའ་གཏེར་ཆུ་བོ་གཉིས་འདྲེས་ཀྱི་གདམས་ངག་ཞལ་ཤེས། བཀའ་གཏད་རྒྱའི་དབང་། ཆུ་ལྷ་དང་དྲང་སྲོང་གི་སྒྲུབ་སྐོར། སྙན་བརྒྱུད་ཀྱི་ཕྱག་ལེན། འགྲེལ་བཤད་སོགས་བུམ་པ་གང་བྱོའི་ཚུལ་དུ་བཞེས། བྱང་རོང་དུས་འཁྲུག་གི་སྟབས་ཕྱིས་སུ་རིན་སྤུངས་པའི་བླ་སྨན་དུ་གྱུར། གཙང་རོང་རལ་ལྡར་《གསོ་རིག་ཁོག་འབུགས་པད་དཀར་རྒྱས་པའི་ཉིན་བྱེད།》 《བཤད་རྒྱུད་ཀྱི་འགྲེལ་པ་བཀླགས་པས་དོན་ཐམས་ཅད་འགྲུབ་པ་》སོགས་མཛད་རུང་། སྐུ་ཚེ་རིང་པོ་རང་བཞུགས་ཨེ་ཡོད་སྙམ། སྡེ་སྲིད་རིན་པོ་ཆེས། དེ་ཡང་བྱང་སྨན་ལྷའི་བཙུན་པ་བཀྲ་ཤིས་དཔལ་བཟང་གི་སྲས་དྲང་སྲོང་བསོད་ནམས་རྒྱལ་མཚན་འཇག་ཐང་དུ་རིན་སྤུངས་པའི་སྒར་ལ་སྐུ་ཚེའི་འཕེན་པ་བཏང་བས། བྱང་པའི་དཔོན་ཞེན་དང་གདམས་པའི་ཆུ་བོ་ནུབ་ན་འཕངས་པར་དགོངས་ཏེ་བྱང་པར་མི་ཆེད་གཏད་ཀྱིས་བརྫངས་ཏེ་བདག་གི་རིགས་ཆོས་གཉིས་ཀའི་བུ་དེ་ནི་ལྔ་ལམ་དུ་སོང་། ཆིག་བརྒྱུད་ཀྱི་གདམས་པ་འདི་བྱང་པ་རང་གི་བླ་སྨན་ཐུགས་བློས་འཁེལ་ཤིང་ཤེས་རབ་ཆེ་བ་ཞིག་ལ་འབུལ་བས་རྫོང་སྟར་མཛོད་ཞུས་པ་བཞིན། བསྟན་པ་དར་རྒྱས་བླ་སྨན་གྱི་བརྒྱུད་པ་དང་ཤེས་རབ་ཆེ་བ་བཅས་གཏོང་བར་མཛད་པའི་སྐོར་གསུངས་འདུག

ཀོང་སྤྲུལ་གྱི་ཤེས་བྱ་མཛོད་ཀྱི་ནང་ཁྱད་པར་ཕྱིས་སུ་བྱང་པ་ཡབ་རྣམ་རྒྱལ་གྲགས་བཟང་། སྲས་མིའི་ཉི་མ། ལྷ་བཙུན་བཀྲ་ཤིས་དཔལ་བཟང་། བསོད་ནམས་ཡེ་ཤེས་རྒྱལ་མཚན་རྣམས་ཀྱིས་རྒྱུད་འགྲེལ་ཁོག་འབུགས་ལྷན་ཐབས་དུ་མ་མཛད་དེ་བྱང་ལུགས་ཞེས་པའི་སྲོལ་བཏོད་ཅེས་གསུངས་འདུག་པས་བྱང་པ་རྣམ་རྒྱལ་གྲགས་བཟང་ནས་བསོད་ནམས་ཡེ་ཤེས་རྒྱལ་མཚན་བར་བྱང་ལུགས་ཀྱི་ཐོག་མའི་སྲོལ་འབྱེད་མཁན་གཙོ་བོ་ཡིན་པ་དེས་གྲུབ་བོ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༡༤༽ ལྷ་བཙུན་བཀྲ་ཤིས་དཔལ་བཟང་།

– བྱམས་པ་འཕྲིན་ལས།

 

ལྷ་བཙུན་བཀྲ་ཤིས་དཔལ་བཟང་ནི། མིའི་ཉི་མ་མཐོང་བ་དོན་ལྡན་གྱི་རིགས་སྲས་ཡིན་ལ། སྐུ་ཆུང་དུས་མེས་པོ་བསོད་ནམས་རྡོ་རྗེས་གཅེས་པར་བསྐྱངས་ཤིང་། ཡི་གེ་འདྲི་ཀློག་གིས་མཚོན་པའི་ཐོས་བསམ་རྒྱ་ཆེར་མཛད། ཕྱིས་མེས་དང་ཡབ་གཉིས་ཀར་གསོ་བ་རིག་པའི་གཞུང་ལུགས་རབ་འབྱམས་རྒྱ་མཚོ་མཐའ་དག་དང་། ལྷག་པར་རྒྱུད་བཀའ་གཏད་རྒྱའི་དབང་དང་། ཆུའི་ལྷ་མོ། སྙན་བརྒྱུད་འགྲེལ་ཆེན་ཕྱི་ནང་གསང་གསུམ། རྒྱས་བཏབ་ཉེར་ལྔའི་བཤད་སྲོལ་དང་བཅས་པ་གསན་ཞིང་། སྐལ་བ་དང་ལྡན་པའི་རྗེས་འཇུག་རྣམས་ལ་གསོ་དཔྱད་ཀྱི་འཆད་ཉན་ལེགས་པར་བསྐྱངས། པཎྜི་ཏ་ནགས་ཀྱི་རིན་ཆེན། ལོ་ཆེན་བསོད་ནམས་རྒྱ་མཚོ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག མུས་ཆེན་དཀོན་མཆོག་རྒྱལ་མཚན། གྲུབ་དབང་ཐང་སྟོང་། མཁས་གྲུབ་དོན་ཡོད་དཔལ་བ། ལེགས་བཤད་བཟང་པོ། ཆག་ལོ་ཐམས་ཅད་མཁྱེན་པ་སོགས་འཁྲུལ་ཟད་ཀྱི་ཡོངས་འཛིན་དུ་མའི་ཞབས་པད་བསྟེན་ཏེ་མདོ་སྔགས་རིག་གནས་ཀྱི་བདུད་རྩི་ངོམས་མེད་དུ་བཞེས། བཀའ་རྩོམ་ཡང་《བཤད་རྒྱུད་འགྲེལ་པ་ལེགས་བཤད་ནོར་བུ་》དང་། 《ཕྱི་རྒྱུད་འགྲེལ་པ་དགོས་འདོད་འབྱུང་བ་རིན་པོ་ཆེའི་བང་མཛོད་དམ་བཀླགས་པ་ཀུན་ཤེས།》 《ཁོག་འབུགས་འཛུམ་དཀར་བཞད་པའི་ཉི་མ།》 《རྒྱུད་བཞིའི་རྣམ་ངེས་དཔག་བསམ་ལྗོན་ཤིང་》ལ་སོགས་པ་མཛད། འཁྲུངས་ལོ་དང་གཤེགས་ལོ་ཞིབ་པ་མ་རྙེད་དོ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༡༥༽ མིའི་ཉི་མ་མཐོང་བ་དོན་ལྡན།

– བྱམས་པ་འཕྲིན་ལས།

 

མིའི་ཉི་མ་མཐོང་བ་དོན་ལྡན་ནམ་བྱམས་པ་དཀོན་ཅོག་རིན་ཆེན་ནི། གནམ་ལྷ་བབས་ཀྱི་རྒྱལ་པོ་མགོ་ནག་མིའི་རྗེ་འཕྲུལ་གྱི་ལྷ་བཙན་པོ་མེས་དབོན་རྣམ་པ་གསུམ་ལ་སོགས་པ་བོད་ཀྱི་རྒྱལ་པོའི་གདུང་བརྒྱུད་དྲི་མ་མེད་པ་བསོད་ནམས་རྡོ་རྗེ་ཞེས་བྱ་བའི་སྲས་སུ་བལྟམས། འཁྲུངས་ལོ་འདི་ཡིན་མ་རྙེད་རུང་། ཆུང་དུས་ནས་དད་པ་དང་བརྩོན་འགྲུས་ཆེ་ཞིང་། དབུལ་ཕོངས་ཉམ་ཐག་རྣམས་སྙིང་རྗེས་སྐྱོང་བ་སོགས་ཕལ་པའི་སྤྱོད་ཚུལ་ལས་འདས་པས་ཀུན་གྱིས་ཡིད་སྨོན་བྱེད་ཡུལ་དུ་གྱུར།

ཡོན་ཏན་གྱི་རྩ་བ་ཡི་གེ་འདྲི་ཀློག་སོགས་སློབ་གཉེར་མཛད་སྐབས་མཁྱེན་པའི་རྩལ་དང་ལྡན། སྐུ་ན་སོན་ནས་འཕགས་ཡུལ་གྱི་པཎྜིཏ་ཆེན་པོ་ནགས་ཀྱི་རིན་ཆེན་དང་། ལོ་ཆེན་བསོད་ནམས་རྒྱ་མཚོ། བྱང་བདག་པོ་རིགས་ལྡན་རྣམ་རྒྱལ་གྲགས་བཟང་། བྲང་ཏི་དཔལ་ལྡན་འཚོ་བྱེད་སོགས་ཀྱིས་མཚོན་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་དུ་མ་བསྟེན་ཏེ་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིའི་དགོངས་འགྲེལ་གྱི་བསྟན་བཅོས་དང་བཅས་པས་གཞི་བཟུང་རིག་པའི་གནས་སྤྱི་དང་། 《བརྒྱད་པ་རྩ་འགྲེལ།》 《སྙན་བརྒྱུད་འགྲེལ་ཆེན།》 《ཕྱི་ནང་གསང་གསུམ་གྱི་འགྲེལ་པ།》 《རྒྱས་བཏབ་ཉེར་ལྔ་》རྣམས་མཐའ་དྲུག་ཚུལ་བཞིའི་སྒོ་ནས་སྟོན་ཅིང་། གཏེར་རྒྱུད་ལ་ཆ་ལག་བཅོ་བརྒྱད་སོགས་བཤད་སྲོལ་མ་ཉམས་པ་དང་། ཁྱད་པར་རིགས་ལྡན་རྣམ་རྒྱལ་གྲགས་བཟང་ལ་སོ་མ་རཱ་ཛ། ཟླ་ཟེར། བདུད་རྩི་བུམ་པ། སྦྱོར་བ་བརྒྱ་པ། མདོ་ལྔ། སོགས་སྨན་དཔྱད་ཕལ་ཆེ་བ་དང་། ཡབ་བསོད་ནམས་རྡོ་རྗེ་ལ་བཀའ་གཏད་རྒྱའི་དབང་། ཆུའི་ལྷ་མོའི་སྒྲུབ་སྐོར་སྙན་བརྒྱུད་ཀྱི་བྱིན་རླབས་ཚང་བ། བྲང་ཏི་ལ་ཆུའི་ལྷ་མོ་དང་། དྲང་སྲོང་གི་སྒྲུབ་སྐོར་སོགས་གསན།

མདོར་ན་བོད་གངས་ཅན་ན་དར་རོ་ཅོག་གི་གསོ་དཔྱད་མཐའ་དག་ལ་མཁྱེན་པའི་སྤྱན་རས་མཁའ་ལྟར་ཡངས་པའི་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་གཡོ་བས། རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེའང་ཐུགས་འཕྲོགས་ཏེ་རིགས་རུས་ཚོ་འབྲང་མིང་སོགས་ལ་བསྙད་ནས་དོན་དབུས་ཕྱོགས་སུ་ཕེབས་ཐུབ་མིན་དང་། བུ་སློབ་འདྲ་ལེགས་བཤད་ཞུ་བར་གཏོང་བཞེད་ཀྱི་དྲི་བ་ཞུས་པའི་ལན་ལ། ཉི་མའི་གཉེན་མཆོག་བུ་རམ་ཤིང་པའི་སྲས། །གོ་ཏམ་ཐུབ་དབང་ལྷ་ཡི་ལྷ་ལ་སོགས། །བགྲང་ཡས་མཚན་མངའ་ཤཱཀྱའི་རྒྱལ་པོ་ལ། །གུས་པས་བཏུད་ནས་བདག་གི་མིང་བཤད་དོ། །ལྷ་རིགས་ཇོ་བོའི་བརྒྱུད་དུ་བལྟམས་པ་ཡིན། །ལེགས་སྦྱངས་གསོ་རིག་དྲང་སྲོང་བརྒྱུད་མར་བྱོན། །གཞན་ཡང་རིག་གནས་མཁས་པའི་རྒྱུད་པར་སྐྱེས། །མིང་ལ་ལྷ་བཙུན་ཇོ་སྲས་བྱ་བ་ཡིན། །ཞེས་དང་། གསོ་རིག་མདོ་དང་རྒྱུད་སྡེ་འགྱུར་བ་དང་། །ལུགས་སྡེ་བཞི་ཡི་བསྟན་བཅོས་དུ་མ་དང་། །གངས་རིའི་ཁྲོད་ཀྱི་གསོ་དཔྱད་ཕལ་ཆེར་གོ། །མིང་ལ་དྲང་སྲོང་གསོ་རིག་རབ་འབྱམས་ཟེར། །སྨན་བླའི་དགོངས་པ་གསལ་བྱེད་རྩོམ་པ་དང་། །རྗེས་འཇུག་བློ་མིག་འབྱེད་པའི་ལེགས་བཤད་དང་། །ལོག་རྟོག་རྩོད་པ་གཅོད་པའི་རལ་གྲི་འཛིན། །མིང་ལ་དྲང་སྲོང་གསོ་རིག་བསྟན་འཛིན་ཟེར། །གང་ནའང་སུ་ཞིག་ཉམ་ཐག་དེ་ཡི་སྐྱབས། །མ་འདྲིས་ཀུན་ལ་ཡིད་གཅུགས་ཕ་མ་བཞིན། །སྒོ་གསུམ་སྤྱོད་པ་གཞན་ཕན་ཉག་ཅིག་སྒྲུབ། །མིང་ལ་དྲང་སྲོང་འགྲོ་བའི་ཕ་མ་ཟེར། །གསོ་རིག་ཤེས་འདོད་ཀུན་ལ་སྤྲོ་བས་སློབ། །གངས་ཅན་ནད་པའི་ཚོགས་ཀུན་འབད་པས་གསོ། །གཞན་ཕན་གང་དུ་ཆེ་སར་ཁོ་བོ་གནས། །མིང་ལ་རྒྱལ་ཁམས་ལྷ་རྗེ་ཟེར་བ་ཡིན། །ཨ་ཅང་བདག་ལ་དེ་འདྲའི་ཡོན་ཏན་ནི། །ཉེ་རིང་སྐྱེ་བོ་དཔང་གྱུར་ག་ལ་ཞིག །ཕྱིན་ཆད་རང་ཡང་དེ་འདྲར་སྨོན་ཕྱིར་དང་། །རྗེས་འཇུག་རྣམས་ལའང་བསྐུལ་བའི་སླད་དུ་ཡིན། །ཐག་རིང་ཡུལ་ནས་ཤིན་ཏུ་ཉེ་བའི་ཐུགས། །ཕྱུང་བ་བདག་ལ་ཆེན་པོར་རེ་བ་ཁྱོད། །མིང་མེད་བདག་ལ་མིང་གི་དྲི་བ་མཛད། །སོམ་ཉི་མེད་པར་ཐེ་ཚོམ་གྲོལ་བར་མཛོད། །ཅེས་སོགས་ཀྱི་རིགས་རུས་དང་ཡོན་ཏན་མངའ་ཞིང་། ཐུགས་ལས་འཁྲུངས་པའི་ལེགས་པར་བཤད་པ་ལ་《གསོ་དཔྱད་ཀྱི་རྒྱལ་པོ་》ཞེས་བྱ་བའི་བསྟན་བཅོས་དང་། དཔལ་ལྡན་རྒྱུད་བཞིར་འགྲེལ་པ་《བཀོད་པ་རྣམ་བཞི་》དང་《རྒྱུན་རྣམ་བཞི་》ཞེས་པ་དང་། 《མངོན་པར་རྟོགས་པའི་གསོལ་འདེབས།》 《རྒྱུད་བཞིའི་རྣམ་ངེས་སམ་བཀའ་སྒྲུབ།》 《མ་ལཱ་ཡའི་དཀའ་འགྲེལ་འདོད་འཇོ་ཆེ་ཆུང་།》 《ཁྱད་འཕགས་སྤྱི་སྨན།》 《ངོ་མཚར་སྤྱི་སྨན།》 《རིམས་བཅོས་མི་ལ་སྲོག་སྦྱིན།》 《བཤད་རྒྱུད་ལེའུ་བཞི་པའི་འགྲེལ་པ་གནས་ལུགས་རབ་གསལ།》 《རྩ་མདོའི་འགྲེལ་པ་སྙན་རྒྱུད་རྡོ་རྗེའི་ཚིག་རྐང་།》 《གཅེས་བསྡུས་རིན་ཆེན་ཕྲེང་བ་》ལ་སོགས་པ་མཛད་དེ་གསོ་བ་རིག་པའི་གཞུང་ལུགས་མན་ངག་སྤྱི་དང་། ཁྱད་པར་བྱང་པ་རྣམ་རྒྱལ་གྲགས་བཟང་གི་བཞེད་སྲོལ་དར་རྒྱས་སུ་མཛད་པ་ཡིན་ནོ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༡༦༽ བྱང་པ་རྣམ་རྒྱལ་གྲགས་བཟང་།

– བྱམས་པ་འཕྲིན་ལས།

 

བྱང་པ་རྣམ་རྒྱལ་གྲགས་བཟང་ཞེས་པ་ནི། མི་ཉག་སེའུ་རྒྱལ་པོ་ནས་བརྩིས་པའི་གདུང་རབས་བདུན་པ། གོང་མ་སེ་ཆེན་རྒྱལ་པོས་རིན་པོ་ཆེའི་ཐམ་ཀ་དང་། སི་ཏུའི་ལས་ཀ་གནང་བས་མངོན་པར་མཐོ་བ། གུའི་གུང་ཆོས་གྲགས་དཔལ་བཟང་དང་། ཡུམ་སི་ཏུ་ཆོས་རིན་པའི་སྲས་མོ་འབུམ་སྐྱོང་རྒྱལ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ཤིང་ཕག་སྤྱི་ལོ་ ༡༣༩༥ ལོ་ལ་ངམ་རིང་ཞེས་པར་འཁྲུངས། སྐུ་ཆུང་དུས་མཚན་ལ་རྒྱ་རུག་དར་མ་རིག་འཛིན་ཞེས་གསོལ།

བྱིས་པའི་དུས་ནས་དམ་པའི་ངང་ཚུལ་བཟང་པོ་ལྷན་སྐྱེས་སུ་ལྡན་ཞིང་། དགུང་ལོ་བཞི་ལྔ་ལ་ཕེབས་དུས་ཡི་གེ་འབྲི་ཀློག་སོགས་ཐམས་ཅད་ཚེགས་མེད་དུ་མཁྱེན། ནར་སོན་ནས་བཀའ་ལྔ་པ་དཔལ་འབྱོར་ཤེས་རབ་དང་། རིན་ཆེན་དཔལ་བཟང་། སེང་གེ་རྒྱལ་མཚན། རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་ཤཱ་རི་པུ་ཏྲ། པཎ་ཆེན་ནགས་ཀྱི་རིན་ཆེན། བོ་དོང་ཕྱོགས་ལས་རྣམ་རྒྱལ་ལ་སོགས་པ་མཚན་ཉིད་དང་ལྡན་པའི་ཡོངས་འཛིན་མང་དུ་ བསྟེན་ནས་ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་དཔྱིས་ཕྱིན་པར་སྦྱངས་བརྩོན་མཛད། ཧོར་བཀའ་བཞི་པ་སེང་གེ་རྒྱལ་མཚན་ལ་དགེ་བསྙེན་གྱི་སྡོམ་པ་ཞུས་པས་མཚན་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་དུ་གསོལ།

དགུང་ལོ་སོ་གཅིག་གི་སྐབས་སེང་གེ་རྩེ་བའི་སྲས་མོ་ནམམཁའ་དཔལ་འབུམ་ཁབ་ཏུ་བཞེས་ཏེ་རིམ་གྱིས་སྲས་ལྕམ་སྲིང་རྣམས་བསྐྲུན། མཁས་པའི་སྙན་གྲགས་ཀྱིས་ས་སྟེང་ཁྱབ་པས་དྲན་དབང་རྡོ་རྗེ་རྒྱལ་མཚན་དང་། མི་ཉག་ཆོས་གྲགས་བཟང་པོ། རྩེས་གདོང་པ་སངས་རྒྱས་ལྷུན་གྲུབ་སོགས་དུ་མ་ཁེངས་པའི་རི་བོ་བསྙིལ་ཏེ་ཞབས་ཀྱི་པདྨོར་གཏུགས། པཎ་ཆེན་བྱམས་པ་གླིང་པས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དང་དྲི་བ་དྲིས་ལན་མཛད་པ་སོགས་ཀྱིས་རིགས་ལྡན་པདྨ་དཀར་པོ་སླར་ཡང་བྱོན་པ་ཞེས་ཀུན་གྱིས་གླེང་།

དགུང་ལོ་བཞི་བཅུ་པ་ནས་རིམ་པར་དུས་འཁོར་གྱི་བློས་བསླངས་དང་། བཀའ་འགྱུར་བྱང་བརྩེགས་མ་སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། བཀའི་རྩོམ་པ་ཡང་བསྟན་པ་སྤྱིའི་གནས་ལས་བསྒྲགས་པའི་བསྟན་བཅོས་སུམ་ཅུ་རྩ་ལྔ། དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་ལས་རྩིས་ཀྱི་བསྟན་བཅོས་བྱིས་པ་བདེ་བླག་ཏུ་འཇུག་པ་སོགས་བསྟན་བཅོས་བཞི་བཅུ་ཞེ་གཉིས་སོགས་རྩོམ་གནང་མཛད་པས་རྒྱལ་པོ་པཎྜི་ཏ་ཞེས་པའི་སྙན་གྲགས་དང་། རིན་པོ་ཆེའི་རྒྱན་སོགས་མི་ཆེན་གྱི་ཆ་ལུགས་དང་ལྡན་བཞིན་སྤྱིར་ཡང་ངོ་མཚར་ཆེ། ཁྱད་པར་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་མཆོག་གསོ་བ་རིག་པ་ཕུལ་དུ་ཕྱིན་པས་ཡན་ལག་བརྒྱད་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་ཞེས་བྱ་བའི་བསྟན་བཅོས་ལེའུ་བརྒྱ་དང་ཉི་ཤུ་ཡོད་པ་ཞིག་དང་། རྩ་བའི་རྒྱུད་ཀྱི་བཤད་པ་རྒྱུད་དོན་གསལ་བྱེད་སྒྲོན་མེ། བཤད་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་བདུད་རྩི་ཆུ་རྒྱུན། ཌཱིག་ཆུང་དོན་གསལ། ཕྱི་རྒྱུད་ཀྱི་དཀའ་འགྲེལ་དགོས་འདོད་འབྱུང་བ། ཡོངས་གཏད་ཀྱི་འགྲེལ་པ་ཚིག་དོན་རྣམ་པར་གསལ་བ། སྨན་གཞུང་རིན་ཆེན་སྒྲོམ་བུ། རྩོམ་པ་ཆུང་བ་རྒྱུད་བཞིའི་དཀའ་འཕྲང་མུན་སེལ། གསོ་ཐབས་སུམ་བརྒྱ་དྲུག་ཅུའི་ངོས་འཛིན། རྩ་བཤད་གསལ་བའི་སྒྲོན་མེ། སྲོག་གཅོད་ནད་དགུའི་དབྱེ་བ། འཚོ་བྱེད་རྣམས་ལ་སྙིང་ནས་བརྩེ་བའི་འཕྲུལ་གྱི་ཡིག་ཆུང་། སེང་གེ་རྩེ་འཚོ་བྱེད་ཀྱི་དྲིས་ལན་སོགས་མང་དག་ཅིག་མཛད་དེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་གསོ་བ་རིག་པའི་སྲོག་མཐུད་པ་ལྟ་བུར་གྱུར། ལྷག་པར་གསོ་རིག་སྤྱི་དང་དཔལ་ལྡན་རྒྱུད་བཞིའི་དཀའ་གནད་ཀྱི་མདུད་པ་བཀྲོལ་ཏེ་རིག་གནས་རྩེ་མོ་འདིའི་བསྟན་པའི་བདག་པོ་ལྟ་བུ་མཁས་པ་བྱང་ཟུར་གཉིས་ཞེས་གྲགས་པའི་ནང་ནས་བྱང་ལུགས་ཀྱི་སྲོལ་བཏོད་མཛད་པོ་ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་འདི་ཉིད་ཡིན་པས་རྗེ་གྲོལ་མཆོག་གིས། ཐེག་པའི་མཐར་ཐུག་དུས་ཀྱི་འཁོར་ལོ་ནས། །སྨན་དཔྱད་མོ་རྩིས་བར་གྱི་རིག་གནས་ལ། །གདུལ་བྱ་རང་རང་བསམ་པ་བཞིན་དྲངས་ཏེ། །ཀུན་ཀྱང་མཁས་དང་གྲུབ་པའི་ས་ལ་བཞག །ཅེས་པ་ལྟར། བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་ནས་མཐར་དགུང་ལོ་བརྒྱད་ཅུ་རྩ་གཅིག་གི་སྐབས་སུ་དགོངས་པ་གཞན་དོན་ལ་གཤེགས། གསོ་དཔྱད་ཀྱི་སློབ་མའི་མཆོག་གྱུར་མིའི་ཉི་མ་མཐོང་བ་དོན་ལྡན་སོགས་གྲངས་ལས་འདས་པ་བྱུང་ངོ་།། །།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༡༧༽ བོ་དོང་ཕྱོགས་ལས་རྣམ་རྒྱལ།

བྱམས་པ་འཕྲིན་ལས།

 

བོ་དོང་ཕྱོགས་ལས་རྣམ་རྒྱལ་ཞེས་པ་ནི། རབ་བྱུང་ཤིང་ཡོས་སྤྱི་ལོ་ ༡༣༧༥ ལོ་ཡང་ན། མེ་འབྲུག་སྤྱི་ལོ་ ༡༣༢༦ ལོ་ལ་ལ་སྟོད་ལྷོ་ཤྲཱི་པར་པ་ཏ་དཔལ་གྱི་རིའི་བྱང་ངོས་ཀྱི་འབྲོག་སྡེ་ཆེན་པོ་ཞིག་ཏུ་འཁྲུངས། དགུང་ལོ་བདུན་ལ་དགོན་པར་རང་གི་ཞང་པོ་ལོ་ཆེན་གྲགས་པའི་དྲུང་དུ་རབ་ཏུ་བྱུང་ནས་མཚན་ལ་སངས་རྒྱས་རྒྱལ་མཚན་ཞེས་གསོལ། སླར་བོ་དོང་ཨེར་ལོ་ཆེན་དེ་ཉིད་ལས་དགེ་ཚུལ་དུ་བསྒྲུབས་ཏེ་མཚན་ཆོས་ཀྱི་རྒྱལ་མཚན་དུ་བཏགས། དགུང་ལོ་བཅུ་དྲུག་པ་ལ་དཔལ་ལྡན་ས་སྐྱར་རྣམ་འགྲེལ་གྱི་གྲྭ་སྐོར་མཛད། བོ་དོང་ཨེར་དབྱངས་ཅན་མ་བསྒྲུབས་པས་རྒྱུད་མངས་ཀྱི་སྒྲ་ལས་ཟབ་རྒྱས་ཀྱི་ཆོས་ཚུལ་ནོད་དེ་ཕྱི་ནང་གི་མཚན་ཉིད་མ་ལུས་པ་མཁྱེན་པས་མཚན་ལ་དབྱངས་ཅན་དགའ་བའི་དཔལ་ཞེས་གྲགས། དགུང་ལོ་ཉེར་གསུམ་པ་ལ་རྩེད་ཐང་དང་། གསང་ཕུར་པོ་ཏི་བཅོ་ལྔའི་གྲྭ་སྐོར་གནང་ནས་མཁས་པའི་གྲགས་པས་ཁྱབ། དེ་ནས་སླར་ཨེ་ཆོས་ཀྱི་འབྱུང་གནས་སུ་ལོ་ཆེན་གྲགས་པས་མཁན་པོ་དང་། རྗེ་བཙུན་རེ་མདའ་བ་ཆེན་པོས་ལས་སློབ་བགྱིས་ཏེ་བསྙེན་པར་རྫོགས། དེས་ན་པཎ་ཆེན་འདིའི་རྣམ་ཐར་ནི་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལངས་ནའང་གཙོ་བོ་བསྡུས་ན་རྩོད་པས་ཕས་རྒོལ་དྲེགས་པ་གཞོམ་ནུས་ཚུལ། རྩོམ་པས་བཀའ་བསྟན་བཅོས་ཀྱི་དགོངས་པ་བཀྲལ་ཚུལ། འཆད་པས་བསྟན་འཛིན་གྱི་བུ་སློབ་སྤེལ་ཚུལ་ལ་སོགས་མང་དག་མཆིས། དཔེར་ན། དང་པོ་རྩོད་པའི་སྐོར་ལ་ཏའི་སི་ཏུ་ལྷ་བཙན་རྒྱབ་པས་མཐུན་པའི་རྐྱེན་སྦྱར་ཏེ་གཡག་ཕྲུག་སངས་རྒྱས་དཔལ་དང་རྩོད་པ་དང་། དེ་ནས་བྱང་ངམ་རིངས་སུ་བདག་ཆེན་འཇམ་དབྱངས་ནམ་མཁའ་རིན་ཆེན་པས་མཐུན་རྐྱེན་སྦྱར་ཏེ། དཔལ་ངམ་རིངས་དང་། བྱང་མདོག་གི་ཕོ་བྲང་དུ་ཏའི་སི་ཏུ་རྣམ་རྒྱལ་གྲགས་པས་མཐུན་རྐྱེན་སྦྱར་ཏེ། དགེ་བའི་བཤེས་གཉེན་བསོད་ནམས་སྐྱབས་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་། ཀུན་མཁྱེན་རོང་སྟོན་ཆེན་པོ་སློབ་བུའི་ཚོགས་དང་བཅས་པ་ལ་འབེལ་བའི་གཏམ་ཆེན་པོ་གླེང་ནས་རིགས་པའི་སྒྲ་དབྱངས་སྙན་པར་གྲགས།

གཉིས་པ་རྩོམ་པའི་སྐོར་ནི་པཎ་ཆེན་འདིའི་མཁྱེན་པ་ལ་མཐའ་མེད་པས་《དེ་ཉིད་འདུས་པའི་རྒྱ་མཚོ་》ལ་འཇུག་པའི་སྒོ་བཞི། ལེའུ་ཉིས་ཁྲི་ཆིག་སྟོང་། མན་ངག་བདུན་ཁྲི་ཉིས་སྟོང་། ཆོས་ཀྱི་ཚོམས་བརྒྱད་ཁྲི་བཞི་སྟོང་ཡོད་པའི་རྒྱས་པ་གླེགས་བམ་བརྒྱ་དང་བཅུ། འབྲིང་པོ་ལ་ཉི་ཤུ། བསྡུས་པ་ལ་གླེགས་བམ་གཉིས། ཤིན་ཏུ་བསྡུས་པའི་སྙིང་པོ་ལ་གླེགས་བམ་གཅིག་ཡོད་པའི་རྩོམ་པ་ཆེན་པོ་མཛད་དེ་བསྟན་པ་གསལ་བར་མཛད།

གསུམ་པ་འཆད་པས་བློ་གསལ་གྱི་བུ་སློབ་སྤེལ་ཚུལ་ནི། ཇི་སྐད་དུ། བཟོ་རིག་ནས་བཟུང་ཡོངས་སུ་རྫོགས་པའི་བར། །དེ་དང་དེ་ཡི་བཀའ་བབས་ཉི་ཤུ་གསུམ། །འཇམ་དཔལ་རྡོ་རྗེ་མི་ཡི་ཟློས་གར་མཁན། །རྣམ་དག་འཁོན་གྱི་གདུང་བརྒྱུད་རྣམ་པ་གསུམ། །རིག་སྔགས་འཆང་བའི་ཁྱུ་མཆོག་ཆེན་པོ་གཅིག །ཉི་མ་ཟླ་བ་ལྟར་གྲགས་མཁས་གྲུབ་གཉིས། །འཇིག་རྟེན་གསུམ་གྱི་མིག་གཅིག་ལོ་ཆེན་གསུམ། །ཕྱོགས་ལས་རྣམ་པར་རྒྱལ་བའི་བཤེས་གཉེན་དྲུག །མདོ་སྔགས་ཡོངས་རྫོགས་མཁས་པ་བཅུ་གསུམ་དང་། །པཎ་ཆེན་ཤཱཀྱ་ཤྲིའི་གདན་ས་གཉིས། །འདུས་པ་རྒྱ་མཚོའི་གཙུག་རྒྱན་བཅུ་དྲུག་དང་། །མཚན་ཉིད་རབ་འབྱམས་སྨྲ་བའི་བཤེས་གཉེན་གསུམ། །སྔགས་གཞུང་རབ་འབྱམས་སྨྲ་བའི་བཤེས་གཉེན་གསུམ། །སྒྲུབ་པའི་རྒྱལ་མཚན་འཛིན་པའི་རྣལ་འབྱོར་བཞི། །དྲག་པོའི་བརྟུལ་ཞུགས་རྫོགས་པའི་སྔགས་འཆང་གཉིས། །དཀའ་བཅུ་ལེགས་པར་སྨྲ་བ་སྟོང་ཕྲག་གཅིག །དཀའ་བཞི་ཀུན་ཏུ་སྨྲ་བ་སྟོང་ཕྲག་ཟུང་། །ཕར་ཚད་ཤེས་པའི་སློབ་མ་ཁྲི་ཕྲག་བརྒལ། །ཚེ་འདི་བློས་བཏང་སྒྲུབ་ཆེན་ལྔ་བཅུར་ལྡན། །ལྷག་པར་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ། །རྡོ་རྗེ་ཕག་མོ་གསང་བའི་མཛོད་འཛིན་མ། །ས་ལ་དགེ་སློང་མ་ཡིས་རབ་གྲགས་པ། །སྤྲུལ་པའི་གར་གྱིས་གསང་བ་འཛིན་པར་མཛད། །ཅེས་པ་ལྟར། བཀའ་བབས་ཉི་ཤུ་རྩ་གསུམ་ནི། བཟོ་རིག་གི་བཀའ་བབས་མངའ་རིས་པ་བསམ་གཏན་རྒྱལ་མཚན། གསོ་རིག་གི་བཀའ་བབས་བྱང་པ་རྣམ་རྒྱལ་གྲགས་བཟང་། སྙན་ངག་གི་བཀའ་བབས་ངམ་རིང་དཀའ་བཅུ་པ་དཔལ་ལྡན་བཟང་པོ། ཐ་སྙད་ཀྱི་གཙུག་ལག་གི་བཀའ་བབས་དཔལ་ཨེའི་དཀའ་བཅུ་པ་ནམ་མཁའ་དཔལ་བཟང་། ཚད་མ་རིག་པའི་བཀའ་བབས་སྟག་ལུང་དཀའ་བཞི་པ་མཉྫུ་ཤྲི། འདུལ་བའི་དཀའ་བབས་གུང་ཐང་པ་དཔལ་ལྡན་སེངྒེ། མངོན་པའི་བཀའ་བབས་གསང་ཕུ་བ་བཟང་པོ་བློ་གྲོས་རྒྱ་མཚོ། ཕར་ཕྱིན་བཀའ་བབས་གུང་ཐང་རྒྱལ་མཚན་དཀོན་མཆོག བྱམས་ཆོས་ཀྱི་བཀའ་བབས་ས་སྐྱ་དཀའ་བཅུ་པ་མཆོག་གི་བློ་གྲོས། དབུ་མའི་བཀའ་བབས་དཀའ་བཞི་པ་ཤེས་རབ་མགོན་པོ། སྤྱོད་འཇུག་གི་བཀའ་བབས་ས་སྐྱ་བྱང་སེམས་གཞོན་ནུ་རྒྱལ་མཚན། འཆད་པའི་བཀའ་བབས་སྨར་ཁམས་པ་གྲགས་པ་བཟང་པོ། རྩོད་པའི་བཀའ་བབས་ཤེལ་དཀར་བ་ཐུགས་རྗེ་དཔལ་བཟང་། རྩོམ་པའི་བཀའ་བབས་རྩེ་ཐང་པ་བསོད་ནམས་རྒྱལ་མཚན་སོགས་ཉེར་གསུམ་དང་། ད་དུང་འཁོན་གྱི་གདུང་བརྒྱུད་གསུམ། རིག་སྔགས་འཆང་བའི་ཁྱུ་མཆོག་གཅིག ཉི་ཟླ་ལྟར་གྲགས་པ་གཉིས། འཇིག་རྟེན་གྱི་མིག་གསུམ་སོགས་ལས་རིམ་པར་བཟུང་ཞིང་བོ་དོང་པ་ཞེས་སྙན་པར་གྲགས། མཐར་པཎ་ཆེན་འདི་ཉིད་དགུང་ཕྲེང་བདུན་ཅུ་དོན་བདུན་ཐོག་སྐུ་གཤེགས།

གོང་གསལ་བཀའ་བབས་ཉེར་གསུམ་དྲངས་སྐབས་གསོ་རིག་གི་བཀའ་བབས་བྱང་པ་གྲགས་བཟང་ཞེས་གསུངས་པ་དེས་བྱང་ལུགས་ཀྱི་སྲོལ་གཏོད་མཛད་པོ་གང་དེའི་གསོ་རིག་གི་རྒྱུན་བཞེས་ཡུལ་བོ་དོང་པཎ་ཆེན་ཡིན་པ་དང་། དེ་བཞིན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསོ་རིག་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་ནང་དུའང་བྱང་པ་གྲགས་བཟང་གིས་བོ་དོང་ཕྱོགས་ལས་རྣམ་རྒྱལ་ལ་སོགས་པའི་མཚན་ཉིད་ལྡན་པའི་ཡོངས་འཛིན་མང་དུ་བསྟེན་ཞེས་གསུངས་པ་བཅས་མདོར་ན། བོད་སྨན་མཁས་པས་བྱས་པའི་རྒྱུད་བཞི་བསླབ། ཞེས་རྒྱུད་བཞི་བསྟན་བཅོས་ལ་བཞེད་པའི་སྐོར་རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་པར་དབྱེ་བ་མུན་སེལ་སྒྲོན་མེ་ཞེས་པར་གསལ་བ་དང་། གཡའ་སེལ་ནང་དུའང་གོང་གི་ཚིགས་བཅད་དེ་དག་ལུང་འདྲེན་མཛད་འདུག་ལགས།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༡༨༽ བྲང་ཏི་དཔལ་ལྡན་འཚོ་བྱེད།

བྱམས་པ་འཕྲིན་ལས།

 

བྲང་ཏི་དཔལ་ལྡན་འཚོ་བྱེད་ཅེས་པ་ནི། བྲང་ཏི་རྒྱལ་བ་བཟང་པོའི་གཅུང་པོ་ཡིན་པས་གཞོན་ནུའི་དུས་ནས་རབ་ཏུ་བྱུང་བས་དཔལ་ལྡན་འཚོ་བྱེད་དུ་གྲགས། དེས་རང་ཉིད་ཀྱི་གཅེན་པོ་དང་། ཕག་སྟོན་ཤཱཀྱ་མགོན་པོ་ཡུན་རིང་དུ་གུས་པས་བསྟེན་ནས་རྒྱུད་བཞི་ཆ་ལག་འགྲེལ་ཏིག་ཕྱག་ལེན་དང་བཅས་པའི་ཚིག་དོན་རྫོགས་པར་ཞུས། ཐོས་ལོ་ཙམ་མ་ཡིན་པར་དེ་དག་གི་དོན་ཐུགས་སུ་ཆུད་ཅིང་། བསྟན་བཅོས་བརྒྱད་པ་ལ་གཡུ་ཐོག་ཊིཀྐ། བྱ་མོ་ཁུད་པའི་འགྲེལ་པ། ཡབ་དང་ཆེར་རྗེ་མི་ཉག་གསུམ་གྱི་བཤད་སྒྲོས། མཁས་པ་སྡེ་སྣོད་འཛིན་པ་ཆེན་པོ་གནས་དྲུག་པ་བློ་གྲོས་མཚུངས་མེད་ཀྱིས་མཛད་པའི་མཆན་བུ་རྣམས་ལ་བརྟེན་ནས་འཆད་ཉན་ལོ་དུ་མར་བསྐྱངས། 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་སྤྱི་དོན་ཤེས་བྱ་རབ་གསལ་རྒྱས་པ་》ཞེས་པ་དང་། རྒྱུད་ཀྱི་འགྲེལ་པ་《རྒྱུད་དོན་རབ་གསལ།》 《ཕྱི་རྒྱུད་འགྲེལ་པ་ཚུལ་གསུམ་སྣང་བ།》 《རྩ་མདོའི་འགྲེལ་པ་ཉི་མའི་འོད་ཟེར།》 《བརྒྱད་པའི་ཁོག་འབུགས།》 《དྲང་སྲོང་རྟོགས་བརྗོད།》 《མ་ལ་ཡའི་དཀའ་འགྲེལ།》 《ཕྱི་རྒྱུད་སྨན་སྦྱོར་དཔེའུ་རིས།》 《རྩའི་ལྷ་མོའི་སྒྲུབ་ཐབས།》 《ཆུ་མདོའི་འགྲེལ་པ་ཚིག་དོན་གསལ་བྱེད་ཡིད་བཞིན་ནོར་བུ།》 《ཐང་ཕྱེའི་འགྲེལ་པ།》 《བྱང་ཁོག་གི་ཐིག་འགྲེམས་གསལ་སྒྲོན།》 《གཅེས་བསྡུས།》 《མདོ་གནས་ལེའུ་སུམ་ཅུའི་སམ་འགྲེལ་》སོགས་བསྟན་བཅོས་ཆེ་ཆུང་བཅོ་བརྒྱད་ཙམ་མཛད་དེ་བསྟན་པ་དང་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་བྱུང་། ལྷག་པར་《ཕྱི་རྒྱུད་སྨན་སྦྱོར་དཔེ་རིས་》ཞེས་པ་གསར་རྩོམ་གནང་བ་དེ་ནི། སྨན་རྫས་ཀྱི་གཟུགས་དབྱིབས་བོང་ཚད་མ་ནོར་བར་རི་མོར་བྲིས་པའི་ལོ་རྒྱུས་སྔ་ཤོས་ཀྱི་གྲས་ཡིན་ནོ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༡༩༽ བྲང་ཏི་རྒྱལ་བ་བཟང་པོ།

བྱམས་པ་འཕྲིན་ལས།

 

བྲང་ཏི་རྒྱལ་བ་བཟང་པོ་ནི། བྲང་ཏི་འཇམ་དཔལ་བཟང་པོའི་སྲས་བགྲེས་པ་ཡིན་པས་མཚན་གཞན་ལ་བྲང་ཏི་ཤིང་རྐང་ཡང་ཞུ། འཁྲུངས་ལོ་མི་ཤེས་ཀྱང་། རང་གི་ཡབ་དང་བི་ཇི་དཔལ་མགོན་སོགས་བསྟེན་ནས་གཞུང་མན་ངག་ཕྱག་ལེན་རྣམས་ཐུགས་སུ་ཆུད། གཡུ་ཐོག་འཇམ་དཔལ་གྱི་སྲས་གཡུ་ཐོག་འཚོ་བྱེད་ཀྱི་སྤྱན་སྔར་བྱོན་ནས་རྒྱུད་བཞི་ཆ་ལག་དང་བཅས་པ་དང་། ལག་ལེན་པོད་ཆུང་ལ་སོགས་པའི་གདམས་པ་དུ་མ་གསན། སྒོ་བཞི་རེ་ཐང་དུ་བཤད་གསར་ལ་བྱོན་པར་གཞན་རྣམས་ཁྲི་ཆུང་ལོགས་སུ་ཡོད་པའི་སྟེང་ནས་བཤད་པ་བྱ་དགོས་ཀྱང་། དཔོན་འཚོ་བས་ཁྱེད་གནང་རིགས་ཀྱི་སྨན་པ་གཞན་དང་མི་འདྲ་བས་གཡུ་ཐོག་པ་རང་གི་ཆོས་ཁྲི་ནས་གྱིས་ཞེས་གསུངས་ནས་སློབ་མ་མང་པོར་སྨན་གཞུང་གི་བཀའ་ཁྲིད་གནང་། སླར་བྱོན་ནས་ཡབ་ཀྱི་གདན་ས་དང་། ས་སྐྱའི་གདུང་བརྒྱུད་ཁུ་དབོན་གྱི་བླ་སྨན་སྔར་མུས་ལྟར་བསྐྱངས། སྟོད་སྨད་ཀྱི་སློབ་མ་དུ་མ་ལ་གཞུང་མན་ངག་ཕྱག་ལེན་ལེགས་པར་གནང་། དམ་པ་དེ་ཉིད་ཐུགས་དགེ་ཞིང་ཡོན་ཏན་རྒྱ་ཆེ་ལ། སེར་སྣ་མེད་པས་སློབ་མ་མགོ་ཐོན་ཤིན་ཏུ་མང་པོ་བྱུང་བ་ཡིན་ནོ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༢༠༽ བྲང་ཏི་འཇམ་དཔལ་བཟང་པོ།

བྱམས་པ་འཕྲིན་ལས།

བྲང་ཏི་འཇམ་དཔལ་བཟང་པོ་ཞེས་པའི་གདུང་བརྒྱུད་ནི། རྒྱལ་མཉེས་མཁར་ཕུག་ནས་བཟུང་བརྒྱུད་པ་བར་མ་ཆད་པར་བྱུང་བའི་ནང་ནས་ཡབ་བྲང་ཏི་བསོད་ནམས་འབུམ་གྱི་སྲས་ཡིན་ཅིང་། འཁྲུངས་ལོ་གསལ་བ་མ་མཐོང་ཡང་སྡེ་སྲིད་ཁོག་འབུགས་ནང་། བྲང་ཏི་འཇམ་དཔལ་བཟང་པོ་གཞོན་ནུ་ནས་ཤེས་རབ་དང་ཐུགས་སྟོབས་ཆེ་བས། ཀརྨ་པ་ཀྴིས་(1)ཀྱང་བྱང་ཆུབ་སེམས་དཔའ་འགྲོ་བ་ལ་ཕན་པ་རྒྱ་ཆེར་མཛད་པ་ཞིག་འོང་ཞེས་གསུངས་པའི་སྐོར་འདུག་པས། ཕལ་ཆེར་དུས་རབས་བཅུ་གསུམ་པའི་སྐབས་སུ་ཡིན། བྲང་ཏི་འཇམ་དཔལ་བཟང་པོས་ཡབ་ཀྱི་དྲུང་ནས་བརྒྱད་པ་རྩ་འགྲེལ་དང་། སྨར་བྱང་མ་བུ། ཨ་ཙརྱའི་གསོ་དཔྱད་སྐོར་གསུམ་ལ་སོགས་པའི་བཤད་སྐོར་མན་ངག་ཕྱག་ལེན་གསན། སྒོ་བཞི་རེ་ཐང་དུ་གཡུ་ཐོག་འཇམ་དཔལ་དང་མཇལ། རྒྱུད་བཞི་ཆ་ལག་བཅས་པ་དང་གཡུ་ཐོག་པའི་ཕྱག་ལེན་མན་ངག་རྣམས་ཞུས་ཤིང་ཐུགས་སུ་ཆུད། གཞན་ཡང་རྩིས་ཕུ་བྱ་མོ་ཁུད་དུ་ལྗང་སྨན་པ་ཡེ་ཤེས་བཟང་པོ་ཡུན་རིང་དུ་བསྟེན་ནས་ཡན་ལག་བརྒྱད་པ་ལ་མཁས་པར་སྦྱངས་པས་མཚོན། བོད་དུ་གྲགས་པའི་གསོ་དཔྱད་ཕལ་མོ་ཆེ་ལ་དབང་འབྱོར་བས། མཁས་པའི་མཆོག་ཏུ་གྲགས་ཤིང་། རྗེས་སུ་ས་སྐྱར་བླ་མ་བདག་ཉིད་ཆེན་པོས་གདན་སར་སྤྱན་དྲངས། བརྒྱད་པའི་འཆད་ཉན་བཙུགས། བརྒྱ་ཚོ་ཕྱེད་ཀྱི་གོ་ས་དང་། བླ་སྨན་གྱི་མཐིལ་མཛད། དུས་ཚེས་ལ་རྒྱུད་དང་བརྒྱད་པ་ལག་ལེན་པོ་ཏི་རྣམས་མ་ཆག་པར་གསུངས་པ་སོགས་གཞན་དོན་ཁོ་ནས་དུས་འདའ། བཀའ་རྩོམ་ནི། སྡེ་ཚན་ལྔ་འགྲེལ་ལམ་ཕྱི་མ་རྒྱུད་ཀྱི་སྦྱོར་ཚད་ཡོད་པ་《ལག་ལེན་པོད་ཆུང་》དུ་གྲགས་པ་ཚད་ལྡན་སྦྱོར་བའི་ཁུངས་སུ་བྱེད་ཅིང་། ཕལ་ཆེ་བ་གཡུ་ཐོག་ལག་ལེན་པོད་ཆུང་དང་འཁྲུལ་གཞི་ཡོད་པ་དང་། བྱ་འདྲེའི་བཅོས་རྣམས་མཛད།

མདོར་ན་བྲང་ཏི་འཇམ་དཔལ་བཟང་པོས་སྐུ་ཚེ་གཅིག་གི་རིང་གདུལ་བྱ་རྣམས་ཀྱི་བློའི་མུན་པ་སེལ་བར་ནུས་ཤིང་། རྟོགས་པ་སླ་བའི་རྩོམ་གྱིས་རྗེས་འཇུག་ཚོའི་བློ་གྲོས་རྒྱས་པར་བྱེད་པ་ལ་སེར་སྣ་དང་། དཔེ་མཁྱུད་མེད་པར་སློབ་མ་ལ་ནན་ཏན་དུ་མཛད་པས་སྨན་པའི་སྨན་པར་གྲགས་པ་དང་། ནད་པ་ཕོངས་པ་དང་མགོན་མེད་ཁོ་ན་ལ་གཟིགས་ཤིང་། སྨན་ཟས་སྦྱིན་པས་དེ་ཁུལ་གྱི་སྐྱེ་བོ་ཐམས་ཅད་ཀྱིས་མཐུན་པར་བྱང་ཆུབ་སེམས་དཔའ་ཡིན་ཞེས་བསྔགས་པ་བརྗོད། དགུང་ལོ་ལྔ་བཅུ་ང་དགུ་ལ་ཕེབས་དུས་སྐུ་གཤེགས་སོ།།

མཆན་བུ།

(1) ཀརྨ་པཀྴི་ནི། ཀརྨ་པ་སྐུ་ཕྲེང་གཉིས་པ་ཡིན་པ་དང་། རབ་བྱུང་གསུམ་པའི་ཤིང་བྱི་སྤྱི་ལོ ༡༢༠༤ ལོར་འཁྲུངས། དགུང་ལོ་ང་གཉིས་རབ་བྱུང་བཞི་པའི་ཤིང་ཡོས་སྤྱི་ལོ་ ༡༢༥༥ ཙམ་ལ་ཡོན་རྒྱལ་རབས་ཀྱི་གོང་མ་སེ་ཆེན་ཧན་གྱིས་གདན་དྲངས་པ་ལྟར་བྱོན་ནས་ཆོས་མང་པོ་གསུངས། དགུང་ལོ་བདུན་ཅུ་དོན་དྲུག་བཞུགས། ཀརྨ་པཀྴི་ཞེས་པའི་པཀྴི་ནི། སོག་སྐད་དུ་དགེ་རྒན་ཟེར་བའི་དོན་ཡིན་འདུག །

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༢༡༽ གྲུབ་ཐོབ་ཐང་སྟོང་རྒྱལ་པོ།

བྱམས་པ་འཕྲིན་ལས།

 

རྗེ་ལྕགས་ཟམ་པའམ་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཞེས་པནི། གཙང་ལྷ་རྩེ་ཁུལ་དུ་རབ་བྱུང་དྲུག་པའི་ལྕགས་གླང་སྤྱི་ལོ་ ༡༣༦༡ ལོ་ལ་སྐུ་བལྟམས། སྐུ་ན་སོན་ནས་བླ་མ་ཉི་མ་སེངྒེ་ཞེས་པའི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས་ནས་མཚན་ལ་བརྩོན་འགྲུས་བཟང་པོ་ཞེས་གསོལ། སྐུ་ཚེ་གཅིག་ལ་བྱ་བྲལ་རྣལ་འབྱོར་པའི་སྤྱོད་པ་བསྐྱངས་ཤིང་། གནས་ངེས་མེད་ལྟ་བུར་གང་སར་ཕེབས་པ་དང་། རྣམ་དཀར་གྱི་མཛད་པ་བཟང་པོས་དུས་འདའ་བཞིན་བཞུགས།

བོད་ཀྱི་ལོ་རྒྱུས་ནང་ཐང་སྟོང་རྒྱལ་པོ་ནི། བོད་འབངས་སྐྱེ་འགྲོ་ཀུན་ལ་ཕན་པའི་བྱ་བ་ཁོ་ན་མཛད་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་སྟབས། རྒྱ་ཆེའི་བོད་རིགས་མང་ཚོགས་ནང་ཐང་སྟོང་རྒྱལ་པོར་དད་གུས་ཅི་ཆེར་ཞུ་ཞིང་། ནམ་རྒྱུན་ནད་ཡམས་འགོག་པ་དང་། ཁྱིམ་ཚང་བཀྲ་ཤིས་པ། མི་རྣམས་ཚེ་རིང་ཡོང་ཆེད་ཐང་སྟོང་གི་སྐུ་བརྙན་རེ་མ་བཞག་པ་ཧ་ལམ་མེད། སྨན་དཔྱད་སྐོར་གྲུབ་ཆེན་འདི་ཡི་ཁྱད་ཆོས་གྲུབ་ཐོབ་རིལ་དཀར་དང་། རིལ་དམར་སོགས་ཐུན་མོང་མ་ཡིན་པའི་སྦྱོར་བ་དང་། ཕྱག་ལེན་རྣམས་སྔར་ནས་ད་བར་མ་ཉམས་པའི་ཁར། ཕྱིས་སུ་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་རིན་ཆེན་གཏེར་མཛོད་ཕྱོགས་སྒྲིག་གནང་སྐབས་ཐང་སྟོང་རྒྱལ་པོའི་ཁྱད་ཆོས་རྣམས་ཆ་ཚང་བསྡུ་ལེན་གནང་འདུག དཔེར་ན་གྲུབ་ཐོབ་རིལ་དཀར་ཞེས་པའི་ཕན་ཡོན་ནང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལ། །ཨུ་རྒྱན་མཁའ་འགྲོས་ཕུལ་བ་ཡི། །སྨན་མཆོག་གྲུབ་ཐོབ་རིལ་དཀར་འདིས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ། །ཞེས་ཕོ་བ་བད་ཀན་དང་། ལྡན་འདུས་ཀྱི་ནད་ལ་མཆོག་ཏུ་གྱུར་པའི་སྨན་ཞིག་ཡིན་ལ། དེ་བཞིན་རིལ་དམར་ཞེས་པ་ཆམ་རིམས་ཚ་བ་སོགས་ལ་ཧ་ཅང་ཕན་པས་ཁམས་ཕྱོགས་དང་། ཨ་མདོ་ཁུལ་དུ་དམར་ཆེན་རིལ་བུ་ཞེས་ལོ་གྱོན་དང་འདྲ་བར་བརྩིའོ། །གང་ལྟར་ཐང་སྟོང་རྒྱལ་པོས་སྐུ་ཚེ་འདིར་ཡུལ་ཁམས་མང་པོར་ཕེབས་ནས་འགྲོ་དོན་བསྐྱངས་པ་དང་། སྔ་ཕྱིར་བླ་མ་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ་ཐོས་བསམ་སྒོམ་པའི་མཛད་འཕྲིན་བཟང་པོས་དབུ་སྐྱེས་དུང་བཞིན་དཀར་པོ་ཆགས་པའི་བར་འཚོ་ཞིང་གཞེས་པས་རང་ཅག་རྣམས་ལ་བཀའ་དྲིན་ལྷག་པར་ཆེ།

དེའི་སྐོར་རི་ཁྲོད་པ་ནམ་མཁའ་ལེགས་པ་ཞེས་པས་མཛད་པའི་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་རྣམ་ཐར་གཅོད་ཡུལ་ཉམས་བཞེས་ནང་། མདོར་ན་རྒྱ་བལ་ཁ་ཆེ་ཨུ་རྒྱན་སོགས། །ཞབས་ཀྱིས་བཅགས་ཤིང་བླ་མ་ལྔ་བརྒྱ་བསྟེན། །སྔོན་མེད་ཆུ་ལ་ལྕགས་ཀྱི་ཟམ་ཆེན་བཙུགས། །འགྲོ་དོན་དཔག་མེད་མཛད་ལ་གསོལ་བ་འདེབས། །ཞེས་གསུངས་པ་དང་། ལྷག་པར་ཆུ་ལ་ཟམ་པ་འཛུགས་སྐབས་སྔ་ཕྱིར་དད་ལྡན་ཁག་ལ་སློང་མོ་བརྒྱབ་སྟེ། ཉ་སོག་དང་། ཕོ་མདོ། ལྷ་ཐོང་ཤན་ཁ་སོགས་ཀྱི་ཆུ་ཆེན་ལ་ལྕགས་ཟམ་བཙུགས་ནས་མི་ཕྱུགས་མང་པོར་ཕན་ཐོགས་རྒྱ་ཆེན་པོ་བྱུང་། ཡང་ཁག་ཅིག་གིས་ཐང་སྟོང་རྒྱལ་པོས་ཆུ་ལ་ཟམ་པ་འཛུགས་དུས་ཨ་ཅེ་ལྷ་མོ་ཞེས་པ་རིག་རྩལ་གྱི་ལྟད་མོ་ཕུལ་བྱུང་འདི་དག་གསར་གཏོད་མཛད་པར་གྲགས་སོ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༢༢༽ ལྷ་རྗེ་དགེ་བ་འབུམ།

བྱམས་པ་འཕྲིན་ལས།

 

ལྷ་རྗེ་དགེ་བ་འབུམ་ནི། གུང་ཐང་བླ་མ་ཞང་(1)གི་སློབ་མ་ཡིན་ལ། སྨན་པ་མཁས་པ་ཞིག་ཀྱང་ཡིན། ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་ཤོག་གྲངས་༡༥༣་ན་༦ ནང་ལྷ་རྗེ་དགེ་འབུམ་སྨན་ཆོས་ཟུང་འབྲེལ་དར། ཞེས་ཕྱོགས་གཅིག་ནས་སྨན་གྱི་ཕྱག་ལེན་དང་། ཕྱོགས་གཞན་ཞིག་ནས་ཆོས་ཀྱི་བྱ་བ་གནང་སྟབས་འགྲོ་དོན་རྒྱ་ཆེར་བྱུང་བར་གྲགས། ལྷ་སའི་གཙུག་ལག་ཁང་གི་བྱམས་པ་མཆེད་བཞིའི་ལྷ་ཁང་ནང་ལྷ་རྗེ་དགེ་བ་འབུམ་གྱི་སྐུ་བརྙན་འདུག་པས་ཤོད་སྲོལ་ལ། སྔོན་དུས་ལྷ་ས་གཙང་པོ་དབྱར་དུས་ལ་སླེབས་སྐབས་ཆུ་ཉེན་ཤིན་ཏུ་ཆེ་བར་བརྟེན་ལྷ་རྗེ་དགེ་བ་འབུམ་གྱིས་ལྷ་ས་གཙང་པོར་ཆུ་རག་རྒྱག་ཆེད་དུ་རང་ཉིད་ལ་སྨན་ཡོན་བྱུང་བ་ཐམས་ཅད་འགྲོ་གྲོན་དུ་གཏོང་གནང་མཛད་པ་དང་། ཁོང་གི་མཛད་རྗེས་རླབས་ཆེན་དེ་དག་ཕྱི་རབས་ཆོས་དྲན་གསོ་ཞུ་ཆེད་ལྷ་རྗེ་དགེ་བ་འབུམ་གྱི་སྐུ་བརྙན་གཙུག་ལག་ཁང་དུ་བཞུགས་གསོལ་བའི་ལོ་རྒྱུས་མཆིས།

ད་དུང་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན། ཤོག་གྲངས་༡༧༤ བ་༦ ནང་ཟུར་མཁར་བློ་གྲོས་རྒྱལ་པོའི་སློབ་དཔོན་མཚོ་སྨད་མཁན་ཆེན་ཞེས་པ་ལྷ་རྗེ་དགེ་བ་འབུམ་གྱི་སྐྱེ་བ་ཡིན་པར་ཞལ་གྱིས་བཞེས་པའི་སྐོར་གསལ་བས་དེ་ལ་གཞིགས་ན་སྤྲུལ་པས་འགྲོ་དོན་མཛད་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པ་གདོན་མི་ཟའོ།།

མཆན་བུ།།

(1) གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པ་ནི། རབ་བྱུང་གཉིས་པའི་ཆུ་སྟག་སྤྱི་ལོ་ ༡༡༢༢ ལོ་ནས་རབ་བྱུང་གསུམ་པའི་ཆུ་གླང་སྤྱི་ལོ་ ༡༡༩༣ ལོ་བར་དགུང་ལོ་བདུན་ཅུ་དོན་གཉིས་བཞུགས། ལྷ་སའི་ཤར་ངོས་སུ་ཚལ་ཡང་དགོན་དང་། གུང་ཐང་དགོན་པ་ཕྱག་བཏབ་པར་གྲགས།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༢༣༽ གྲུབ་ཆེན་ཨུ་རྒྱན་པ།

བྱམས་པ་འཕྲིན་ལས།

 

གྲུབ་ཆེན་ཨུ་རྒྱན་པ་དེའི་གདུང་བརྒྱུད་ནི། མདོ་སྨད་དབྱར་མོ་ཐང་དུ་རྒྱུས་བྱང་ཆུབ་གཞོན་ནུ་བྱ་བ་སློབ་དཔོན་པདྨ་འབྱུང་གནས་ཀྱི་དངོས་སློབ་དང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་མཆོད་གནས་སུ་གྱུར་པ་ཞིག་བྱུང་། དེའི་བརྒྱུད་པ་རིམ་པར་འཕེལ་བའི་ནང་ནས་དབུས་གཙང་དུ་ཕེབས་པ་བྱང་ཆུབ་རྒྱ་མཚོའི་སྲས་ཀྱི་བརྒྱུད་དུ་རབ་བྱུང་བཞི་པའི་ལྕགས་སྟག་སྤྱི་ལོ་ ༡༢༣༠ ལོ་ལ་འཁྲུངས། མཚན་སེངྒེ་དཔལ་དུ་གསོལ། སྐུ་ན་སོན་སྐབས་ཡབ་ཀྱིས་ཆུང་མ་ལེན་རྩིས་གནང་རུང་མ་བཞེས་པར་ཡབ་ཀྱི་དྲུང་དུ་གསང་སྔགས་ཀྱི་ཆོས་མང་པོ་གསན། དགུང་ལོ་བཅུ་དྲུག་ལ་བོ་དོང་ཨེའི་དགོན་པར་བྱོན་ནས། ཆོས་རྒྱལ་རིན་ཆེན་རྩེ་མོའི་དྲུང་དུ་མངོན་པ་གོང་འོག་དང་། ཚད་མ། དབུ་མ་བཅས་གསན། དགུང་ལོ་ཉི་ཤུ་ལོན་དུས་རབ་བྱུང་དང་། བསྙེན་རྫོགས་ཅིག་ཅར་དུ་བསྒྲུབས་ནས། མཚན་ལ་རིན་ཆེན་དཔལ་ཞེས་གསོལ།

དེ་ནས་དུས་འཁོར་ལ་སློབ་གཉེར་མཛད་པས། དུས་འཁོར་དང་སྐར་རྩིས་ལ་ཤིན་ཏུ་མཁས་པར་གྱུར། རྗེས་སུ་ཨོ་རྒྱན་གྱི་ཡུལ་དང་། རྒྱ་གར་རྡོ་རྗེ་གདན་དུ་བྱོན། དགུང་ལོ་རེ་གསུམ་སྤྱི་ལོ་ ༡༢༩༢ རབ་བྱུང་ལྔ་པའི་ཆུ་འབྲུག་ལ། ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན་གྱིས་ཧོར་ཡུལ་དུ་གདན་དྲངས། དགུང་ལོ་བརྒྱད་ཅུ་པ་རབ་བྱུང་ལྔ་པའི་ས་བྱ་སྤྱི་ལོ་ ༡༣༠༩ ལོར་སྐུ་གཤེགས། སྨན་དཔྱད་སྐོར་ལ་《དངུལ་ཆུ་གྲུབ་པའི་བསྟན་བཅོས་》དང་། གྲུབ་ཆེན་ཨུ་རྒྱན་པའི་《བེ་བུམ་》སོགས་ཡོད་པ་དེའི་ནང་དངུལ་ཆུའི་བཅུད་ལེན་དང་། སྐྱེ་རྒྱུན་གཅོད་ཐབས་སོགས་ཀྱི་ཕྱག་བཞེས་ཐུན་མོང་མ་ཡིན་པ་མང་དག་ཡོད། སློབ་མའི་གཙོ་བོ་ཀརྨ་པ་རང་བྱུང་རྡོ་རྗེ་སོགས་མང་དག་ཅིག་བྱུང་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་དོ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༢༤༽ བུ་སྟོན་རིན་ཆེན་གྲུབ།

བྱམས་པ་འཕྲིན་ལས།

 

བུ་སྟོན་རིན་ཆེན་གྲུབ་ནི། རབ་བྱུང་ལྔ་པའི་ལྕགས་སྟག་སྤྱི་ལོ་ ༡༢༩༠ ལོ་ཤབ་སྨད་སྒོམ་གནས་ཞེས་པར་འཁྲུངས། དགུང་ལོ་བདུན་ལ་ཁྲོ་ཕུ་རིན་པོ་ཆེ་སེམས་དཔའ་ཆེན་པོ་བསོད་ནམས་སེངྒེའི་དྲུང་དུ་སེམས་བསྐྱེད་དང་། བརྒྱད་པ་ལ་སྨིན་བྱེད་ཀྱི་དབང་ཟབ་མོ་ནོད། བཅོ་བརྒྱད་ལོན་པའི་ཚེ་མཁན་པོ་རིན་པོ་ཆེ་སེངྒེ་དཔལ་དང་། སློབ་དཔོན་ཚད་མའི་སྐྱེས་བུ་ལས་རབ་ཏུ་བྱུང་། དེ་ནས་མཁས་མཆོག་ཚད་མའི་སྐྱེས་བུ། རིག་པའི་ཐེག་པ། བསོད་ནམས་མགོན་པོ་ཞེས་གསུམ་ལྡན་གྱི་དམ་པ་དེའི་དྲུང་ནས་ཕར་ཚད་སོགས་ལ་སྦྱངས་ཏེ་ཉེར་གཅིག་པ་ལ་ཡབ་དང་ལྷན་ཅིག་དབུས་གཙང་གཉིས་སུ་གྲྭ་སྐོར་མཛད། དབུས་ནས་མཁས་པ་ཤཱཀྱ་གཞོན་ནུ་དང་། ཁ་རག་བྱང་གཞོན། གཙང་ནས་མཁས་པ་དཔལ་ལྡན་སེངྒེ་དང་། འཇམ་སྐྱ་སོགས་ལུང་རིགས་ཀྱིས་བཏུལ་བས་ཕ་བུ་སྟོན་དུ་གྲགས། གཞན་ལས་ཕ་སྟོན་པ་ལ་བུ་སྟོན་པར་འདུག་ཅེས་བསྔགས་པས་བུ་སྟོན་དུ་གྲགས་ཞེས་འབྱུང་།

ཉེར་གསུམ་པ་ལ་མཁན་ཆེན་བཀའ་བཞི་པ་གྲགས་པ་གཞོན་ནུ་དང་། སློབ་དཔོན་བསོད་ནམས་གྲགས་པ་ལས་བསྙེན་པར་རྫོགས། འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་སྤེལ། ཐར་པ་ལོ་ཙཱ་ལས་སྒྲ་སྙན་ངག །བླ་མ་འཕགས་འོད་ལས་གསང་འདུས། རོང་པ་ཤེར་སེང་གི་དབོན་པོ་རྡོ་རྗེ་རྒྱལ་མཚན་ལས་དུས་འཁོར་སོགས་གསན། སུམ་ཅུ་པ་ལ་ཕར་ཕྱིན་ལུང་སྙིང་མཛད། སོ་གཅིག་པ་ལ་ཞ་ལུའི་འཛིན་སྐྱོང་གནང་། ཞ་ལུ་རི་ཕུག་བཏབ། རི་ཕུག་ཏུ་ཚོགས་པ་བརྒྱ་དྲུག་ཅུ་དང་། ཞ་ལུར་སུམ་སྟོང་བརྒྱད་བརྒྱ་རེ་འདུས། རེ་བདུན་པ་ལ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་ལ་ཞ་ལུའི་གདན་ས་གཏད་དེ་ཞ་ལུ་རི་ཕུག་ཏུ་བཞུགས། བཀའ་འབུམ་པོ་ཏི་སུམ་ཅུ་སོ་གསུམ་ཡོད། དོན་ལྔ་པ་ཤིང་འབྲུག་ཟླ་བ་དྲུག་པའི་ཚེས་ཉེར་གཅིག་ལ་སྐུ་གཤེགས། ཞེས་མང་ཐོས་ཀླུ་སྒྲུབ་ཀྱིས་བརྩམས་པའི་བསྟན་རྩིས་ཆོས་འབྱུང་གསལ་བའི་ཉིན་བྱེད་ལྷག་བསམ་རབ་དཀར་ཞེས་པའི་ཤོག་གྲངས་ ༨༠ བ་༦ གསལ་བ་དང་། ཚལ་པའི་དེབ་དམར་མཆན་འགྲེལ་མཁས་དབང་དུང་དཀར་རིན་པོ་ཆེ་ནས་མཛད་པའི་ནང་བུ་སྟོན་ཁ་ཆེ་བུ་སྟོན་རིན་པོ་ཆེ་རིན་ཆེན་གྲུབ་རབ་བྱུང་ལྔ་པའི་ལྕགས་སྟག་སྤྱི་ལོ་ ༡༢༩༠ ལོ་ནས་རབ་བྱུང་དྲུག་པའི་མེ་འབྲུག་སྤྱི་ལོ་ ༡༣༦༤ ལོ་བར་དགུང་ལོ་བདུན་ཅུ་དོན་ལྔ་བཞུགས། རྒྱ་གར་དུ་ཕེབས་མ་མྱོང་ཡང་། ཐར་ལོ་ཉི་མ་རྒྱལ་མཚན་གྱི་དྲུང་དུ་སྒྲ་རིག་པ་ལ་སྦྱངས་པ་མཛད་དེ། སྔར་བོད་དུ་མ་འགྱུར་བའི་རྒྱ་དཔེ་འགའ་ཞིག་ཀྱང་བོད་སྐད་དུ་བསྒྱུར་བར་མཛད། མདོ་སྔགས་རིག་གནས་མཐའ་དག་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་ཞེས་བོད་ཀྱི་མཁས་པ་ཀུན་གྱིས་མགྲིན་གཅིག་ཏུ་བསྔགས། རྗེ་ཙོང་ཁ་པས་ཀྱང་བུ་སྟོན་རིན་པོ་ཆེས་ཞུས་དག་མཛད་མྱོང་བའི་འགྱུར་དང་། བཀའ་དང་བསྟན་བཅོས་རྣམས་ལ་ཚད་མར་འཛིན་པ་གནང་། གསུང་རྩོམ་ཡང་ལོ་རྒྱུས། འདུལ་བ། མངོན་པ། ཕར་ཕྱིན། དབུ་མ། ཚད་མ། སྒྲ་རིག་པ། སྐར་རྩིས། སྔགས་ཕྱོགས་བཅས་ཁྱོན་བསྡོམས་པོད་ཆེན་ཉི་ཤུ་རྩ་དྲུག་ཙམ་རྩེ་པོ་ཏཱ་ལའི་ཞོལ་པར་ཁང་དུ་པར་ཤིང་ཡོད་ཚུལ་དང་། ལོ་རྒྱུས་རྒྱས་པ་ཁྲོ་ཕུ་བ་བསོད་ནམས་སེངྒེས་མཛད་པའི་བུ་སྟོན་གྱི་རྟོགས་བརྗོད་ངོ་མཚར་གཏམ་གྱི་རོལ་མོ་ཉེར་གཅིག་པ་དང་། བླ་མ་མགོན་པོ་དཔལ་བས་མཛད་པའི་བུ་སྟོན་རིན་པོ་ཆེའི་རྣམ་ཐར་རིན་ཆེན་ཕྲེང་བ་ཚེ་ཚོག་གླིང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་བུ་སྟོན་རིན་པོ་ཆེའི་གསུང་འབུམ་གྱི་དཀར་ཆག་བསྟན་པ་རིན་པོ་ཆེའི་མཛེས་རྒྱན་བཅས་སུ་གསལ་ཞེས་འཁོད།

སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱིས་བརྩམས་པའི་ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་ལོ་ཙཱ་བའི་རྣམ་པར་ཐར་པ་སྙིམ་པའི་མེ་ཏོག་ཅེས་པའི་ནང་སྨན་དཔྱད་དང་། བཟོ་རིག བཅུད་ལེན། མཁྱུད་དཔྱད་ལ་སོགས་མང་པོ་གསན་པའི་སྐོར་དང་། མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གསོ་བ་རིག་པའི་ལོ་རྒྱུས་ཡིག་ཆར་ཀླུ་སྒྲུབ་ཀྱི་སྦྱོར་བ་བརྒྱ་པའི་མཆན་བུ་སྟོན་གྱིས་མཛད་པ་ཞེས་པ་དང་། ད་དུང་བུ་སྟོན་གྱི་སྨན་གྱི་བཀའ་བབས་སྐྱོར་ལུང་པ་དོན་ཡོད་དཔལ་བཟང་གི་ཡན་ལག་བརྒྱད་པའི་དཀའ་གནད་ཀྱི་མཆན་འགྲེལ་ཞེས་པའང་ཡོད་ཅེས་འཁོད་འདུག་པས་བུ་སྟོན་རིན་པོ་ཆེ་ལ་སྨན་གྱི་ཕྱག་བཞེས་ཐུན་མོང་མ་ཡིན་པ་ཞིག་ཡོད་ངེས་ལ་ཕྱིན་ཆད་མཁས་དབང་རྣམས་དང་། འཚོ་བྱེད་དོན་གཉེར་ཅན་ཚོས་བུ་སྟོན་རིན་པོ་ཆེའི་སྨན་དཔྱད་ཐད་ཀྱི་མཛད་རྗེས་ཇི་ཡོད་ཁ་སྣོན་དང་ལེགས་སྒྲིག་ཡོད་པ་ཞུ།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༢༥༽ སྐལ་ལྡན་བྱིས་པ།

བྱམས་པ་འཕྲིན་ལས།

 

སྐལ་ལྡན་བྱིས་པ་ནི། རབ་བྱུང་བཞི་པའི་ནང་མངའ་རིས་ཀྱི་ཡུལ་གུ་གེ་འདམ་གྲོགས་ཞེས་པར། བྱིས་པ་མང་པོས་བྱེ་མའི་སྦོ་ཆེན་པོ་ཞིག་བྲུས་པས་རྡོའི་སྒྲོམ་གྲུབ་འགེབས་དང་བཅས་པ་ཞིག་བྱུང་བ་ཁ་ཕྱེ་པའི་ནང་ནས་སེམས་ཅན་རིགས་མི་གཅིག་པ་མང་པོ་ཞིག་ཤིག་ཤིག་བྱུང་བ་དང་། བྱིས་པ་གཞན་རྣམས་ཤི། བྱིས་པ་མཛངས་པ་ཞིག་གིས་ཡ་ཁེབས་འཁྱེར་ནས་བྲོས་པས་སྐྱོན་མ་བྱུང་། ཡུལ་དེར་ནད་ཡམས་ཆེན་པོ་བྱུང་སྟེ་གཉན་རིམས་ཀྱི་རིགས་མི་འདྲ་བ་དུ་མས་མི་ཕྱུགས་མང་པོ་ཤི་བ་ན། ཡ་ཁེབས་དེ་ལས་རིམས་སྲུང་ཆིག་དྲིལ་གྱི་སྐོར་རྣམས་བྱུང་སྟེ་འཁོར་ལོ་དང་། རྫས་སྔགས་རྣམས་བྱིན་པས་ནད་རིམས་ཐམས་ཅད་ཆུ་བཅད་པ་བཞིན་དུ་སོང་བས་ཟབ་པར་ཤེས་ཏེ་རིམ་པར་སྤེལ་བས་དེང་སང་གི་བར་དུ་གུ་གེ་ཆིག་དྲིལ་ཞེས་སྲུང་བ་ཟབ་མོར་བྱེད་ཅིང་། ལུང་དང་ཕྱག་ལེན་གྱི་རྒྱུན་མ་ཉམས་པ་བདག་གིས་ཀྱང་ནོས། གཏེར་སྟོན་གྱི་མཚན་ལའང་བྱིས་པ་ལས་མཚན་གཞན་མ་ཐོགས་པས་སྐལ་ལྡན་བྱིས་པར་མིང་ཆགས་པར་སྣང་ངོ་ཞེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པ་བཻཌཱུརྱའི་ཕྲེང་བ་ཞེས་པའི་ཤོག་གྲངས་༡༡༢ ན་༣ ནང་གསལ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༢༦༽ བྱར་རོང་ཨེ་ཡི་སྨན་པ།

བྱམས་པ་འཕྲིན་ལས།

 

བྱར་རོང་ཨེ་ཡི་སྨན་པ་ནི། ཇི་སྐད་དུ། ས་ཡི་ཡ་སོ་ཇིང་གིར་མ་སོ་བཅད། །བྲོས་འཐོར་མང་ཞིང་ཡུལ་སྟོང་རྒུད་པ་འབྱུང་། །ལྷོ་བོད་མཚམས་སུ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །བྱར་རོང་ཨེ་ཡི་སྨན་པ་ཉི་འོད་གསལ། །ད་ལྟ་ཤི་ཡང་སྲོག་མཐུད་ཤེས་པ་འབྱུང་། །ཞེས་པའི་བྱར་རོང་ཨེ་ཡི་སྨན་པ་ནི། བྱར་གྱི་རོང་ཨེ་ཡུལ་རིག་པའི་འབྱུང་གནས་སུ་རབ་བྱུང་གསུམ་པའི་ནང་འཁྲུངས། གཉགས་ལོ་ཆེན་པོའི་སྤྲུལ་པ་གཉིས་ཀྱི་ཡ་གྱལ་ཏེ་རྟེན་སྔགས་སྨན་དཀྱུས་མའི་ཚུལ་དུ་བཞུགས། མཚན་སྨན་དཔྱད་མཛད་པས་སྨན་པ། དངོས་ཀྱི་མཚན་ཉི་འོད་གསལ། གཏེར་གནས་ལྷོ་བྲག་དང་བོད་ཀྱི་ས་མཚམས་རྫ་རོང་བྷིའམ་རོང་བྷིའི་རྫ་ནས་རྫོགས་ཆེན་དང་། གསོ་རིག་གི་གཏེར་ཁ། འབྲི་ཐང་ཀོ་རོ་བྲག་ནས་འཛམ་བུའི་གླིང་གི་གནས་ཡིག་མང་པོ་སྤྱན་དྲངས་པར་གྲགས་ནའང་། དེང་སང་དཔེ་ལུང་གི་རྒྱུན་ཅིའང་མ་བཞུགས་པར་མ་ཟད་སྔགས་བཙུན་དཀྱུས་མའི་ཚུལ་དུ་བཞུགས་ཚུལ་རྣམ་ཐར་དུ་བྱུང་བས་ཆོས་ཀྱི་འཕྲིན་ལས་མ་བྱུང་བར་མངོན། གཙང་རོང་གནུབས་ཀྱི་མདོར་སྨན་སྒྲོ་ཐིམ་པའི་ཤུལ་སྨན་ཆུ་བརྡོལ་བ་ད་ལྟའང་ཡོད་པས་མཚོན་རྫུ་འཕྲུལ་ཡ་མ་ཟུང་ལ་དབང་འབྱོར་ཅིང་ནད་པ་འཆི་ཀ་མ་མང་པོའང་སྲོག་མཐུད་པ་ལྟར་མཛད་པས་སྨན་སྟོན་གྲུབ་ཐོབ་ཏུ་གྲགས། ཁྱད་པར་བྱར་རོང་ཨེ་ཡི་བྲག་ནས་གཉན་ཅེན་གྱི་ཕྱག་དཔེ་《བདུད་རྩི་སྨན་གྱི་རྫོང་འཕྲང་ཆེན་མོ་》ཆེ་འབྲིང་ཆུང་གསུམ་སྙིང་པོ་དང་བཅས་པའི་སྐོར་བཞི་སྤྱན་དྲངས་ནའང་གཞན་ལ་སྤེལ་བ་སོགས་མ་མཛད། འདིའི་སྙིང་པོའི་སྐོར་ཡོན་ཏན་བདུད་རྩིའི་གྲུབ་མཐའ་སློང་ནུས་པ་ཟབ་ཅིང་འདྲིལ་བ་ཞིག་རྗེ་བླ་མ་རིན་པོ་ཆེར་འཇམ་དབྱངས་མཁྱེན་བརྩེ་ཡང་གཏེར་གྱི་ཚུལ་དུ་བཀའ་བབས་པ་སྔར་ཕན་གཏན་ལ་འབེབས་མ་གྲུབ་ཀྱང་དགོངས་གཏེར་འཕགས་མའི་སྙིང་ཐིག་བླ་སྒྲུབ་སྐོར་ལས་བྱུང་བ་དང་། ཚིགས་བཅད་ལྷུག་ཙམ་མ་གཏོགས་དོན་གཅིག་པས་བརྒྱུད་པའི་ཆུ་བོ་གཉིས་འདྲེས་སུ་གྱུར་པར་མངོན་ཞེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་བཻཌཱུརྱའི་ཕྲེང་བ་ཤོག་གྲངས་༥༧ བ་༣ པར་གསལ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༢༧༽ གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག

བྱམས་པ་འཕྲིན་ལས།

 

གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་ནི། ཇི་སྐད་དུ། སྣ་ཐག་སས་བྱས་ཧོར་དམག་བོད་དུ་འོང་། །ངན་སོང་ཟེར་ཡང་དེ་འདྲའི་སྡུག་བསྔལ་མེད། །མི་ལ་སྲིད་བཅད་སྲིད་སྲུང་མང་དུ་ཡོད། །སེམས་ཅན་ས་འོག་ནོན་པའི་དུས་ཙམ་ན། །གནམ་སྐས་མཁར་ཆུར་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་ཆོས་ཀྱི་དབང་ཕྱུག་ཅེས་བྱ་འབྱུང་། །ཞེས་པའི་གཏེར་སྟོན་རྒྱལ་པོ་ལྔ་དང་མཆོག་གི་སྤྲུལ་སྐུ་གསུམ་དུ་གྲགས་པ་ལས་གཉིས་པ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཉིད་མངའ་བདག་ཉང་རིན་པོ་ཆེ་ནས་འབྲས་བུའི་མཐར་སོན་ཏེ། མ་ཆགས་པདྨ་ཅན་དུ་སངས་རྒྱས་པའི་གསུང་གི་རྣམ་འཕྲུལ་དུ་བསྟན་པ་སྟེ། ལྷོ་བྲག་ཏུ་ཆོས་རྒྱལ་ཁྲི་སྲོང་གི་དུས་ནས་ནུས་པ་ཅན་བར་མ་ཆད་དུ་བྱོན་པའི་གདུང་རིགས་ཡབ་སྤང་སྟོན་གྲུབ་པའི་སྙིང་པོ་དང་། ཡུམ་མཁའ་འགྲོའི་རྒྱུད་པ་དཀར་བཟའ་མགོན་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཞི་པའི་ཆུ་སྤྲེལ་སྤྱི་ལོ་ ༡༢༡༢ ལོ་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔའི་ཉི་ཤར་ལ་ངོ་མཚར་བའི་ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་བལྟམས། སྐབས་དེར་མཚན་བརྗོད་གསེར་གྱིས་བྲི་བཞིན་ཡོད་པའི་ཚིག་མཚམས་ཀྱི་རྟེན་འབྲེལ་ལྟར་མཚན་ཆོས་ཀྱི་དབང་ཕྱུག་ཏུ་གསོལ། འབྲི་གུང་སྐྱོབ་པ་དང་། ཞང་རིན་པོ་ཆེ་སོགས་གྲུབ་ཆེན་མང་པོས་སྲས་ཁྱད་པར་ཅན་འབྱུང་བའི་ལུང་བསྟན་སྔོན་ནས་ཡབ་ལ་གནང་ངོ་།།

དགུང་ལོ་བཞི་པ་ནས་འབྲི་ཀློག་གི་དབུ་བརྩམ་རིག་པའི་གནས་མཐའ་དག་བོན་གྱི་གཞུང་ཆེན་དང་། མདོས་གཞུང་ཆེན་མོ་ཡན་ཆད་ཐོས་པ་དཔག་ཏུ་མེད་པ་མཛད། ཡབ་དང་མངའ་བདག་འགྲོ་མགོན་མཚུར་སྟོན་ཡབ་སྲས་གཙོ་བོར་གྱུར་པའི་གསར་རྙིང་གི་བླ་མ་མང་པོ་བསྟེན་ནས་མདོ་དང་གསང་སྔགས་གསར་རྙིང་། བཀའ་གཏེར་གྱི་སྨིན་གྲོལ་དང་བཤད་རྒྱུན། ཞི་བྱེད་གཅོད་ཡུལ་ཆོས་དྲུག་ཕྱག་རྫོགས་ལ་སོགས་པའི་གདམས་ངག་མཐའ་ཡས་པ་གསན། དགུང་ལོ་བཅུ་གསུམ་པར་ཉམས་སྣང་ངོ་མཚར་ཅན་བྱུང་སྟེ་བསྟན་པ་སྤེལ་ཞིང་གདུལ་དཀའ་འདུལ་བའི་ལུང་བསྟན་ཐོབ། དགུང་ལོ་བཅོ་བརྒྱད་པར་ས་སྐྱ་པཎ་ཆེན་ལས་སེམས་བསྐྱེད་དང་ཆོས་འབྲེལ་གསན་པའི་སྐབས་མནལ་ལམ་དུ་རྒྱ་ནག་རི་བོ་རྩེ་ལྔར་འཇམ་དཔལ་དང་མཇལ་ནས་གདམས་ངག་ཁྱད་པར་ཅན་གསུངས་པས་ཆོས་ཐམས་ཅད་ཐོབ་པའི་ངེས་ཤེས་རྙེད། དེ་རྗེས་གྲ་པ་མངོན་ཤེས་ཀྱི་གཏེར་མ་ཁ་བྱང་ཞིག་རིམ་པར་བརྒྱུད་ནས་ཕྱག་ཏུ་འབྱོར་བ་ལ་བརྟེན་དགུང་ལོ་ཉེར་གཉིས་པ་ལ་ཡག་ཉིན་གྱི་ལུང་པ་གནམ་སྐས་ཅན་ནས་ཡང་བྱང་བླངས། གཏེར་གྱི་ལྡེ་མིག་དང་། གཏེར་བཅུད། གཏེར་བྱང་ལྟར་སྒོ་ཕྱེ་ནས་གཏེར་ཁ་ཆེན་པོ་བཅོ་བརྒྱད་ཐུགས་གཏེར་དང་བཅུ་དགུ་བཞེས་པའི་སྡོམ་ནི། གནམ་སྐས་ཅན་དང་བྲག་དམར་རྟ་མགྲིན་ཞབས། །མོན་ཁ་སྟེང་དང་རྟ་མགྲིན་དབེན་རྩའི་སྒོ། །མཁོ་ཡི་གཤིན་དམར་རྟ་མགྲིན་སྒྲོམ་ཆོས་ལ། །སྲས་མཁའ་སྐྱ་བོ་ཕུག་རིང་ཕྱག་མཐེམ་མ། །བསམ་ཡས་ཨཱརྱ་ལྕགས་ཕུར་མོན་བུམ་ཐང་། །རྩིས་ཀྱི་ལྷ་ཁང་རོང་བྲག་ཧ་བོ་གངས། །རང་གབ་དོན་གྱི་གཏེར་དང་བཅས་པ་སྟེ། །ལས་འཕྲོའི་དབང་གིས་ཆོས་དབང་བདག་དང་མཇལ། །ཞེས་གསུངས་པ་ལྟར་དམ་པ་དེས་གཏེར་ཁ་བཞེས་པའི་ནང་དང་པོ། ཀ །གནམ་སྐས་ཅན་ནས་སྨན་དཔྱད་གཞུང་གཅིག་དང་། མན་ངག་གསུམ། དྲང་སྲོང་ཉེར་གཅིག་གི་དགོངས་འདུས་གཞུང་སྙིང་ཏིག་རིན་པོ་ཆེའི་ཁྲི་མཛོད་བདུད་རྩིའི་བུམ་པ་ལེའུ་ཉི་ཤུ་ཅན་དང་། བདུད་རྩི་སྨན་སྒྲུབ་བུམ་པའི་རྒྱ་ཅན་ལ་ནང་གསེས་ཀྱི་མན་ངག་མཚན་དོན་བཀོལ་བ། སྨན་གྱི་སྔགས་བྱང་། སྨན་སྒྲུབ། སྔགས་འགྲེལ་རྣམས་ཆོས་སྡེ་གཅིག་དང་། དེའི་ཁ་སྐོང་ཞི་བའི་ལས་བྱང་སྨན་གྱི་ལས་ཚོགས་ལ་ནང་གསེས་དགུར་བཤད་པའི་དང་པོ་གང་ལ་དགོངས་ནས་བཤད་པ། གཉིས་པ་བདུད་རྩི་ལྔ་སྤྱི་སྒྲུབ་ཀྱི་སྦྱོར་བ་ལ་བདུད་རྩིའི་ཁ་བསྒྱུར་ལ་བརྟེན་ནས་རིམས་དུག ཁྲག་འཁྲུགས། མཆིན་པ། གློ་བ། སྙིང། མཁལ་མ། མཁྲིས་པ། མཆེར་པ། རྒྱུ་ལོང་། མཛེ་རྣམས་ཀྱི་ནད་སེལ་བ། སྐྲ་དང་སྨིན་མ་སྐྱེ་བ། འབྲུམ་བུ་གསོ་བ། གོས་མི་དགོས་པ། རྐང་མགྱོགས། རྐང་པ་མི་གས་པ། ཐོག་སེར་འབེབས་པ་རྣམས། གསུམ་པ་བྱེ་བྲག་སོ་སོའི་སྦྱོར་བ་ལ་ལུས་སྨིན་ཅིང་རྫོགས་པ། རུས་པ་མཁྲེགས་པ། སོ་ཚགས་དམ་པ། སྲིའུ་སྐྱེ་བ། མཆོག་གི་བཅུད་ལེན། མཛེ་རླུང་སེལ་བ། ཤ་སྐྱེ་བ། སེམས་གསལ་བ། གྲང་བ་མི་སྐྱེ་བ། འབྲུམ་ནད། རྒྱུ་རིམས་ཐུབ་པ། བཀྲག་བཟང་བ་དུག་རིགས་ཐུབ་པ། བཞི་པ་དྲི་ཆེན་རྒྱལ་བློན་དམངས་ཀྱི་སྦྱོར་བ་ལ། རྩ་བ་རྒྱལ་པོ་ལྟ་བུ་ཁ་བསྒྱུར་བློན་པོ་ལྟ་བུ་ཞག་ཉེར་གཅིག་བསྟེན་པས་ཀླུ་ནད་གག་ལྷོག གློ་ནད་གསར་རྙིང་། འབྲུམ་ནད། མིག་ནད། ཟ་རྐོང་། དུག་ནད། སྦྱར་དུག་རྣམས་སེལ་བ། དམངས་བདུད་རྩི་སྤྲུལ་པ་ལ། གྲང་རླུང་སེལ་བ། མིག་གསལ་བ། བཅུད་མི་འཆོར་བ། རྩ་མིག་ཏུ་འགྲོ་བ། དྲོད་སྐྱེ་བ། རིལ་བུ། ལྡེ་གུ། ཟན་ཚོད། ཐུག་པ། ཆང་། སྨན་མར། ཟན་དྲོན། འོ་ཐུག རྒྱུན་སྒྲུབ་རྣམས། ལྔ་བ་ཕྱི་ནང་གསང་གསུམ་ལ་ཕྱི་དྲི་ཆེན་ལ་བརྟེན་པ། ནང་སྐྱེ་བདུན་ལ་བརྟེན་པ། གསང་བ་ཕྱག་རྒྱ་ལ་བརྟེན་པ་རྣམས། དྲུག་པ་ལས་ཚོགས་ཐ་དད་པར་སྦྱར་བ་ལ་མིག་ནད། སྦྱར་དུག མགུལ་འགག གག་པ། མཛེ་ནད། འདུ་བ་རྣམ་བཞི་རྣམས་སེལ་བ། ལུས་ཟུངས་རྒྱས་པ། མཁྲིས་པ། སྙིང་རླུང་། མགོ་འཁོར། ཤ་དུག ལོ་དུག དུག་ནད་ཀུན། ཤ་མཛེར། འབྲས་ནད། ཕོ་ལོག ཤ་རོ། ཤ་ཕྲག ཕོལ་མིག རུས་ནད། ཚ་བ། ལྷོག་པ། ཚེ། བསོད་ནམས། ནོར། གཞོན་ཤ་རྣམས་རྒྱས་པ། བུ་ཆུང་ལྟར་འགྱུར་བ། གཞོན་པར་འགྱུར་བ་སོགས། བདུན་པ་དམ་ཚིག བརྒྱད་པ་ལོག་གནོན། དགུ་པ་ཡོན་ཏན་བསྟན་པ་རྣམས་ནི་སྨན་དཔྱད་སྐོར་གྱི་ཟབ་གཏེར་ཤ་སྟག་ཡིན་ཅིང་། གོང་གསལ་རྣམས་ནས་ཟབ་གཏེར་འགའ་ཞིག་རྒྱལ་བ་ལྔ་པ་ཆེན་པོའི་ཉམས་བཞེས་གནང་སྟབས་གསན་ཡིག་གངྒཱའི་ཆུ་རྒྱུན་ནང་དུ་ཡོད་ཅེས་སྡེ་སྲིད་ཁོག་འབུགས་ཤོག་གྲངས་ ༡༠༡ ན་ ༦ ལ་གསལ། གུ་རུ་ཆོས་དབང་ལ་དེ་སྐབས་སུ་བྱོན་པའི་བོད་ཡུལ་བླ་ཆེན་མི་ཆེན་རིས་སུ་མ་ཆད་པས་ཞབས་ལ་གཏུགས་ཤིང་དད་གུས་ཚད་མེད་ཞུ་བ་དང་ཀུན་མཁྱེན་འཕགས་འོད། ཆོས་འོད། བུ་སྟོན་རིན་པོ་ཆེ་སོགས་ཀྱིས་ཀྱང་གུ་རུ་ཆོས་ཀྱི་དབང་ཕྱུག་ནི་འགྲན་ཟླ་དང་བྲལ་བའི་གྲུབ་ཐོབ་ཆེན་པོའོ་ཞེས་བསྔགས་བརྗོད་མཛད། དགུང་ལོ་ང་དགུར་ལྟས་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བསྟན་ཏེ་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས་སོ།།

སློབ་བརྒྱུད་ལ་ལང་གྲོའི་རྣམ་འཕྲུལ་པདྨ་དབང་ཆེན་དང་། གཉལ་ཉི་མ་འོད་ཟེར་སོགས་ཁྱད་པར་ཅན་གྱི་སྲས་བརྒྱད་བར་མ་ཆད་པར་བྱོན་ཅིང་། ཁྱད་པར་སློབ་བརྒྱུད་ཀྱི་གཙོ་བོ་སྨན་ལུང་པ་མི་བསྐྱོད་རྡོ་རྗེ་ཞེས་སྔ་འགྱུར་བཀའ་གཏེར་ཀུན་ལ་མཁས་པ་ཆེན་པོར་གྱུར་པ་དེ་དང་། བལ་པོ་བྷ་རོ་གཙུག་འཛིན་དང་། སྣོད་ལྡན་གྱི་བུ་དགུ  ཀཿཐོག་པ་མ་ཎི་རིན་ཆེན་ཞེས་པ་སོགས་ཀྱིས་འཕགས་བལ་དང་བོད་ཁམས་མཐའ་དབུས་ཀུན་ཏུ་ཐུགས་རྗེ་ཆེན་པོའི་འཕྲིན་ལས་གཙོ་བོར་གྱུར་པའི་ཟབ་ཆོས་སྤེལ་བའི་རྒྱུན་ད་ལྟའི་བར་ཟམ་མ་ཆད་པར་བཞུགས་ཞེས་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ལས་གསལ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༢༨༽ གཏེར་སྟོན་ར་མོ་ཤེལ་སྨན།

བྱམས་པ་འཕྲིན་ལས།

 

གཏེར་སྟོན་ར་མོ་ཤེལ་སྨན་ཞེས་པ་ནི་དཔལ་ལྡན་ས་སྐྱ་པ་དང་ཧོར་རྒྱལ་ཡོན་མཆོད་ཐོག་མར་འབྲེལ་བའི་དུས་ལྷོ་ཁ་ཡར་སྟོད་ར་མོ་སྨན་ཆུ་ཞེས་པའི་ས་ཆར་འཁྲུངས་ཤིང་། གཏེར་སྟོན་འདིས་སྨན་ཆུའི་རྫོང་བྲག་རིའི་ཕུག་པ་ནས་གསོ་དཔྱད་དང་། རྩིས་ཀྱི་སྐོར་མཐའ་ཡས་པ་བཏོན། ཐོག་མར་གསོ་རིག་དང་ཕན་བྱ་གནོད་པའི་སྐོར་མང་པོ་ཉམས་སུ་བཞེས་པས་ཆོས་ཕྱོགས་ཀྱི་འགྲོ་དོན་ཆེར་མ་བྱུང་། གསང་སྨན་སོགས་དམུ་ཆུའི་བཅོས་ཐབས་སྐོར་དང་། འབམ་ནད་ལ་སྨན་དཀར། སྨན་ནག་དེ་བཞིན་རྡེལ་ནད་སོགས་ཐོར་བུ་མ་གཏོགས་གཏེར་ཆོས་ཕལ་ཆེར་ཤོར་སེར་ལས་འབེབས་མ་ཐུབ་པར་ལུས་ཀྱང་། ཆུ་དང་འབམ་གྱི་ཕྱག་ལེན་ནི་ད་ལྟའི་བར་མ་ཉམས་པ་ཡོད་ཅིང་། ཕྱིས་སུ་འབྲི་གུང་ཆོས་གྲགས་རྒྱ་མཚོའི་ཞལ་སློབ་ཐུ་བོ་དཀོན་མཆོག་འགྲོ་ཕན་དབང་པོའམ་ཚེ་དབང་བརྟན་པས་མཛད་པའི་《དམུ་ཆུའི་བཅོས་གསང་བ་སྦུབ་འདྲེན།》ཞེས་པའི་ནང་ར་མོ་ཤེལ་སྨན་གྱི་གཏེར་གཞུང་ལས། གསང་སྨན་སྔོན་མོ་ཆབ་འདྲེན་ནི། ཞེས་པ་བྱིའུ་སྲད་མའམ་བྱིའི་ཤིང་མངར་དུ་གྲགས་པ་ཆུ་སྨན་གསང་བ་ལྔ་སྦྱོར་གྱི་སྨན་གཙོ་བོ་ཡིན་པ་དང་། ཆུ་སྨན་འདི་རྣམས་ཚ་ཆུ་ལ་གི་ཝང་དགུ་པའི་སྟེང་དུ་བསྣན། གྲང་ཆུ་ལ་དྭངས་མ་གནས་འཇོག་གི་སྟེང་དུ་བསྣན། ལྡན་འདུས་ཀྱི་ཆུ་ལ་ཅུ་གང་བདུན་པའི་སྟེང་བསྣན། དེ་གསུམ་ག་སྐྱུ་རུའི་ཆིག་ཐང་གིས་འཕུལ་ནས་བཏང་བས་འཆི་བདག་དམུ་ཆུའི་ནད་ལས་གྲོལ་བ་མང་དུ་བྱུང་བར་རང་གི་མྱོང་གྲུབ་ཡིན་པས་ཤིན་ཏུ་ཟབ་པར་གདམས་སོ། །ཞེས་གསུངས་པ་ལྟར་ར་མོ་ཤེལ་སྨན་གཏེར་གཞུང་ནང་གི་ཆུ་སྨན་ཁྱད་དུ་འཕགས་པའི་རྒྱུ་མཚན་དེ་ལྟར་ཡིན་ནོ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༢༩༽ ཀརྨ་པ་རང་བྱུང་རྡོ་རྗེ།

བྱམས་པ་འཕྲིན་ལས།

 

ཀརྨ་པ་རང་བྱུང་རྡོ་རྗེ་ཞུ་བ་འདི་ཉིད། འཁྲུངས་ཡུལ་མངའ་རིས་མང་ཡུལ་གུང་ཐང་གངས་ཞུར་མོའི་འགྲམ་རྩ་ཕུ་རླུང་ཤོད་ཟེར་བར། ཡབ་སྔགས་འཆང་ཆོས་དཔལ་གྱི་སྲས་སུ་རང་བྱུང་ལྔ་པའི་ཤིང་སྤྲེལ་སྤྱི་ལོ་༡༢༨༤ ལོ་ལ་འཁྲུངས། དགུང་ལོ་ལྔར་ཕེབས་དུས། གྲུབ་ཐོབ་ཨུ་རྒྱན་པ་རིན་ཆེན་དཔལ་དང་མཇལ། དགུང་ལོ་བདུན་ལ་མཁན་པོ་ཀུན་ལྡན་ཤེས་རབ་ཀྱི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་ལ་རང་བྱུང་རྡོ་རྗེ་(1)ཞེས་གསོལ། དགུང་ལོ་བཅོ་བརྒྱད་ལ་མཁན་པོ་གཞོན་ནུ་བྱང་ཆུབ་དང་། ལས་ཀྱི་སློབ་དཔོན་དགེ་འདུན་རིན་ཆེན་གཉིས་ཀྱི་དྲུང་དུ་བསྙེན་རྫོགས་བསྒྲུབས། སྙེ་མདོ་ཀུན་དགའ་དོན་གྲུབ་སོགས་བླ་མ་དང་དགེ་བཤེས་མཁས་པ་མང་པོའི་ཞབས་ལ་གཏུགས། ས་སྐྱ་དང་། བཙན་བྲག ཉང་སྟོད། ཀོང་པོ་སོགས་ཡུལ་ཁག་མང་པོར་ཕེབས་ནས་འགྲོ་དོན་མཛད། རབ་བྱུང་དྲུག་པའི་ལྕགས་ལུག སྤྱི་ལོ་༡༣༣༡ ལོར་ཡོན་རྒྱལ་རབས་ཀྱི་གོང་ལས་པེ་ཅིང་དུ་གདན་དྲངས་ནས་བསྔགས་བརྗོད་དུ། ཆོས་ཀུན་དེ་ཉིད་གཟིགས་པའི་ཀརྨ་པ། ཞེས་པའི་མཚན་ཀྱི་འཇའ་ས་དང་། གུ་ཤྲཱིའི་ཐམ་ཀ་སོགས་བསྩལ། རབ་བྱུང་དྲུག་པའི་ཤིང་ཁྱི་སྤྱི་ལོ་ ༡༣༣༤ ལོ་ལ་བོད་དུ་ཕྱིར་ལོག་ཕེབས། དེ་ནས་ལོ་གཉིས་སོང་མཚམས་སླར་ཡང་གོང་མས་གདན་དྲངས་པ་ལྟར་ཕེབས་ཏེ་ལོ་ངོ་གསུམ་ཙམ་བཞུགས་ནས་དགུང་ལོ་ལྔ་བཅུ་ང་དྲུག་ལ་རྒྱ་ནག་ཏུ་སྐུ་གཤེགས།

ཀརྨ་པ་རང་བྱུང་རྡོ་རྗེ་ནི་ཤེས་བྱ་རིག་གནས་གང་ལའང་མཁྱེན་པའི་སྤྱན་རས་མཆོག་ཏུ་ཡངས་པས་མཚན་ལ་ཆོས་རྗེ་རིན་པོ་ཆེ་རང་བྱུང་རྡོ་རྗེ་ཞེས་ཀྱང་ཞུ་བ་དང་། སྨན་རྩིས་གཉིས་ཀར་མཁས་ཤིང་བྱང་ཆུབ་པ་ཡིན། 《སྨན་གྱི་ནུས་པ་ཕྱོགས་གཅིག་ཏུ་བསྟན་པ་སྨན་མིང་རྒྱ་མཚོ།》ཞེས་མཛད་པ་དེའི་ནང་སྨན་སྣ་བརྒྱད་བརྒྱ་དང་སུམ་ཅུ་ཙམ་གྱི་ནུས་པ་རེ་རེ་བཞིན་བསྟན་པ་དེ་དག་ནང་། རྡོ་ཡི་ནོར་བུ་བཅུ་ནས་འགོ་བཙུགས་ཏེ་ཤིང་སྨན་དང་། སྔོ་སྨན། སྲོག་ཆགས་སྨན་གྱི་རིགས་དང་ནང་གསེས་བཅས་པའི་ཕན་ཡོན་རྒྱས་བཤད་གསལ་བ་དེ་དག་སྐབས་དེའི་དུས་ནས་བཤད་ན་འཁྲུངས་དཔེ་རྒྱས་ཤོས་ཀྱི་གྲས་ཡིན་པ་དང་། ཕྱིས་ཀྱི་སྨན་པ་མཁས་པ་མང་པོས་སྨན་མིང་རྒྱ་མཚོ་འདི་ཉིད་ཧ་ཅང་ཁུངས་ཐུབ་ཚད་ལྡན་དུ་གཟིགས་ནས། སྔོ་འབུམ་མང་པོའི་ནང་དུ་ལུང་འདྲེན་མཛད་འདུག སློབ་མའི་གཙོ་བོ་གཡུང་སྟོན་རྡོ་རྗེ་དཔལ་བ་ཞེས་དུས་འཁོར་དང་། རྩིས་ལ་ཤིན་ཏུ་མཁས་པ་སོགས་བྱུང་བ་ཡིན་ནོ།།

མཆན་བུ། (1) ཀརྨ་པ་རང་བྱུང་རྡོ་རྗེ་ནི་ཀརྨ་པའི་སྐུ་ཕྲེང་གསུམ་པའི་མཚན་ཡིན་པ་དང་། ཀརྨ་པཀྴིའི་ཡང་སྲིད་དུ་ངོས་འཛིན་ཞུས་པ་དེ་བོད་དུ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཐོག་མ་ཡིན་པར་གྲགས།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༣༠༽ བཅོམ་ལྡན་རིག་པའི་རལ་གྲི།

བྱམས་པ་འཕྲིན་ལས།

 

བཅོམ་ལྡན་རིག་རལ་ཞེས་པ་ནི། དུས་རབས་བཅུ་གཉིས་པའི་དུས་འགོར་བྱུང་ཞེས་དེབ་དམར་མཆན་འགྲེལ་ནང་གསལ་བ་དང་། ཆུང་དུས་གཙང་སྣར་ཐང་དགོན་དུ་སློབ་གཉེར་མཛད་དེ་མཁས་པར་གྱུར་ནས། དབུས་པ་བློ་གསལ་སངས་རྒྱས་འབུམ་དང་མཉམ་དུ་སྣར་ཐང་གི་བཀའ་འགྱུར་དང་བསྟན་འགྱུར་ལ་ཞུས་དག་གནང་བ་དང་འབྲེལ་བཀའ་བསྟན་གཉིས་ཀྱི་དཀར་ཆག་ཉི་མའི་འོད་ཟེར་ཞེས་བྱ་བ་བརྩམས་པ་དང་། སྨན་དཔྱད་སྐོར་ལ་<<གསོ་དཔྱད་རྒྱན་གྱི་མེ་ཏོག>>ཅེས་པ་དང་། དེ་མིན་ཚད་མ་རིག་པའི་འགྲེལ་པ་སོགས་གསུང་རྩོམ་པོད་བཅུ་དྲུག་ཙམ་ཡོད། ལོ་རྒྱུས་ཉུང་བསྡུས་དེབ་ཐེར་སྔོན་པོ་ལེ་ཚན་ཆ་པའི་ནང་དུ་གསལ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༣༡༽ ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།

 

བྱམས་པ་འཕྲིན་ལས།

 

ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ནི། ཡབ་དཔལ་ཆེན་འོད་པོ་ཆེ་དང་། ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གྱི་སྲས་སུ་རབ་བྱུང་གསུམ་པའི་ཆུ་སྟག་སྤྱི་ལོ་ ༡༡༨༢ ལོ་ལ་འཁྲུངས། དགུང་ལོ་ཆུང་དུས་མཚན་ལ་དཔལ་ལྡན་དོན་གྲུབ་ཞུ་ཞིང་། རྗེས་སུ་ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་པས་ཀུན་དགའ་རྒྱལ་མཚན་ཞེས་གསོལ། དེ་རྗེས་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷདྲའི་སྤྱན་སྔར་བསྙེན་པར་རྫོགས་ཏེ། མཁན་པོའི་མཚན་གྱི་མཐའ་ཅན་དུ་བྱས་ནས་རྒྱལ་མཚན་གྱི་མཇུག་ཏུ་དཔལ་བཟང་པོ་སྦྱར་བས་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་གྲགས།

སྐུ་གཞོན་ནུའི་དུས་ནས་མཁས་པ་དང་གྲུབ་པའི་བླ་མ་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཏེ། བཟོ་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་རིག་པ་སྟེ་རིག་གནས་ཆེ་བ་ལྔ་དང་། སྙན་ངག མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་ཏེ་རིག་གནས་ཆུང་བ་ལྔ་སོགས་ཕྱི་ནང་རིག་གནས་མཐའ་དག་ལ་མཁས་པར་གྱུར་སྟབས། ས་སྐྱ་པཎྜི་ཏ་ཞེས་མཚན་སྙན་བྱུང་། དུས་རེ་ཞིག་གི་ཚེ་རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་པའི་སྟོན་པ་འཕྲོག་བྱེད་དགའ་བོ་སོགས་དྲུག་བོད་དུ་ཡོང་སྐབས་མང་ཡུལ་སྐྱིད་གྲོང་དུ་རྩོད་པས་ཚར་བཅད། དགུང་ལོ་དྲུག་ཅུ་རེ་ལྔ་བཞེས་པ་རབ་བྱུང་བཞི་པའི་མེ་རྟ་སྤྱི་ལོ་ ༡༢༤༦ ལོར་ཧོར་རྒྱལ་པོའི་རྒྱལ་ས་ལིང་ཅུ་ལ་ཕེབས། དགུང་ལོ་བདུན་ཅུ་ཕེབས་པ་སྤྱི་ལོ་ ༡༢༥༡ ལན་ཀྲོའུ་ཞེས་པར་སྐུ་གཤེགས།།

གསུང་རྩོམ་པོད་གསུམ་ཡོད་པའི་ནང་། མཁས་པར་འཇུག་པའི་སྒོ་དང་། ཚད་མ་རིགས་གཏེར། ས་སྐྱ་ལེགས་བཤད། ཚིག་གཏེར། རོལ་མོའི་བསྟན་བཅོས་སོགས་དང་། གསོ་རིག་སྐོར་ལ་སྤྱིར་གསོ་དཔྱད་ཀྱི་གཞུང་ལུགས་དུ་མ་ལས་བྱུང་བའི་སྐོར་རྣམས་དང་། ལྷག་པར་ཡན་ལག་བརྒྱད་པའི་སྙིང་པོ་དང་། འགྲེལ་པ་ཟླ་ཟེར་དང་བཅས་པ་ཐུགས་སུ་ཆུད་ཅིང་། དེ་དག་གི་དོན་ལེགས་པར་སྟོན་པའི་བསྟན་བཅོས་<<ཡན་ལག་བརྒྱད་པའི་དོན་བསྡུས་>>ཞེས་པ་གསར་རྩོམ་མཛད། ཇི་སྐད་དུ། མ་རིག་རྩ་བ་བཞི་བརྒྱ་རྩ་བཞིའི་ནད། །འཕེལ་ཟད་འཁྲུགས་པའི་གཉེན་པོ་ཚེའི་རིག་བྱེད། །ཐར་པའི་ཚེ་སྲོག་བསྲུང་བའི་ཐབས་ཚུལ་སྟོང་། །ཇི་བཞིན་མཁྱེན་པ་དེ་འདྲ་གཞན་གྱིས་མིན། ཞེས་མཁས་པའི་ཕུལ་དུ་ཕྱིན་པ་དེའི་མཁྱེན་དཔྱོད་ནི་གཞན་གྱི་དོ་ཟླ་དང་བྲལ་བ་ཡིན། ཉིད་ཀྱི་གསུང་ལས་ཀྱང་། སྒྲ་པ་ང་ཡིན་རྟོག་གེ་པ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད། །སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་། །དུས་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་། །དེ་འདྲ་གང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན། །ཞེས་གསུངས་པ་དོན་དུ་གནས། སྔོན་དུས་བོད་ཡུལ་འདིར་ཐེག་པ་གསུམ་དང་། རིག་གནས་ཆ་ཤས་ཙམ་གྱི་འགྱུར་དང་། བཤད་པ་མཛད་པ་ནི་མང་དུ་བྱུང་མོད། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་མ་བྱོན་གོང་དུ་ནི་རིག་གནས་བཅུའི་སྲོལ་ཆེར་མ་དར། དཔེར་ན་ནོར་བུ་རིན་པོ་ཆེ་རྡོག་མ་ཕུལ་དུ་ཕྱིན་པ་ཡོད་ཀྱང་དེ་ཉིད་ལ་བུག་པ་ཕུག་སྟེ་སྲད་བུ་བརྒྱུ་བའི་ལམ་མེད་ན་ལྷ་དང་མི་རྣམས་ཀྱི་མགྲིན་པའི་རྒྱན་དུ་ཅི་ཡང་བྱེད་མི་ནུས། གལ་ཏེ་དེ་ཉིད་ལ་བཟོ་བོ་མཁས་པས་རྡོ་རྗེ་རིན་པོ་ཆེ་ཕ་ལམ་གྱིས་བུག་པ་ཕུག་ཟིན་ན་དར་ལ་སོགས་པའི་སྐུད་པ་འཇམ་པོས་ཀྱང་རིན་པོ་ཆེ་རྣམས་ཕྲེང་བར་བྱས་ནས་མགྲིན་པའི་རྒྱན་དུ་བྱེད་ནུས་པ་ལྟར་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏའི་རྣམ་པར་དཔྱོད་པའི་བློ་གྲོས་ཕ་ལམ་གྱི་ཟེགས་མས་རིག་གནས་རྣམ་བཅུའི་ནོར་བུ་བརྗོད་དོན་ལེགས་པར་འབྱེད་པའི་ཕུག་པའི་སྣང་བས་སྲོལ་མ་ཕྱེ་ན་བོད་ཀྱི་བློ་གསལ་རྣམས་ཀྱི་མགྲིན་པའི་རྒྱན་དུ་རྔོ་གང་ཡང་ཐོགས་པ་མིན་ལ། དེའི་ཕྱིར་བདག་ཉིད་ཆེན་པོས་སྲོལ་བཏོད་དེ་རིག་གནས་བཅུའི་ནོར་བུའི་ཕྲེང་བས་རང་ཅག་རྣམས་ཀྱི་མགྲིན་པའི་རྒྱན་མཛེས་པར་བྱེད་པ་ནི། ཤིང་རྟའི་སྲོལ་འབྱེད་ས་སྐྱ་པཎྜི་ཏ་ཡིན་ཞེས་ཕྱོགས་ཀྱི་དགའ་མའི་རྣ་ལུང་དུ་མཛེས་པར་བྱེད་པ་འདི་ལྟར་དང་། བསྟོད་པ་མཛད་པའི་ནང་དུའང་། ཡོངས་འདུའི་ཚལ་དུ་ཀུམ་བྷི་ད་ར་དང་། །འོད་ལྡན་ཚོགས་པའི་མཁའ་ནང་ཉིན་བྱེད་ལྟར། །མཁས་མང་འདུས་པའི་དབུས་ན་ཐམས་ཅད་མཁྱེན། །ཁྱེད་དང་མཚུངས་པ་སྔོན་དང་ཕྱི་མཐར་སུ། ཞེས་ངག་རིག་པ་དགྲ་འདུལ་དབང་པོས་མཛད་པའི་ཐ་སྙད་རིག་གནས་ལྔ་ཇི་ལྟར་བྱུང་བའི་ཚུལ་གསལ་བར་བྱེད་པ་བློ་གསལ་མགྲིན་རྒྱན་ལེགས་བཤད་ནོར་བུའི་ཕྲེང་བ་ལས་གསལ་བ་ལྟར་རོ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༣༢༽ རྗེ་བཙུན་གྲགས་པ་རྒྱལ་མཚན།

བྱམས་པ་འཕྲིན་ལས།

 

རྗེ་བཙུན་གྲགས་པ་རྒྱལ་མཚན་ཞེས་པ་ནི། རབ་བྱུང་གསུམ་པའི་མེ་ཡོས་སྤྱི་ལོ་ ༡༡༤༧ ལོར་འཁྲུངས་པ་དང་། ས་ཆེན་ཀུན་དགའ་སྙིང་པོའི་སྲས་ཡིན། དགུང་ལོ་བརྒྱད་ནས་བཅུ་གཉིས་བར་ཡབ་ཀྱི་དྲུང་དུ་ཐོས་བསམ་མཛད། བགྲང་བྱ་བཅུ་གཉིས་ལ་ཡབ་འདས་པས་འགྲོ་འོང་བཅུ་གསུམ་ནས་ས་སྐྱའི་གདན་སར་ཕེབས། དགུང་ལོ་བདུན་ཅུ་བར་འཚོ་ཞིང་གཞེས། གསུང་རྩོམ་པོད་བཞི་ཡོད། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་ནང་། རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས། གསོ་དཔྱད་རྒྱལ་པོའི་དཀོར་མཛོད་དང་། ཞེས་གསུངས་པ་ལྟར་ས་སྐྱ་བཀའ་འབུམ་གྱི་དཀར་ཆག་ཏ་པར་སྨན་གཞུང་དེ་དག་བཞུགས། གཙོ་བོ་ཡན་ལག་བརྒྱད་པ་ཕྱག་བཞེས་གནང་བར་གྲགས། གསོ་དཔྱད་རྒྱལ་པོའི་དཀོར་མཛོད། ལ་དཔེ་ཚན་མང་དག་ཡོད་པ་ལས།

གཅིག་ནི་རླུང་མཁྲིས་བད་ཀན་གྱི་རྣམ་བཤད་སྐབས་འདུ་བ་སྤྱིའི་རྣམ་གཞག་སྒྲོན་མ་གསལ་བའི་ནང་ནད་ཀྱི་རྒྱུ་བད་ཀན་དང་། ནད་ཀྱི་རྟ་རླུང་། ནད་ཀྱི་དུག་མཁྲིས་པ་ཡིན་པར་གསུངས་ཤིང་། དེས་ན་ནད་ཀྱི་དུག་ཞེས་པ་ཕྱི་ལུགས་གསོ་རིག་ནང་དུའང་མིང་ཚིག་དེ་འདྲ་ཡོད་འདུག་ཀྱང་དུས་ཚོད་ཀྱི་ཐད་ནས་བྱས་ན་བོད་ཀྱི་སྨན་གཞུང་ནང་གི་ནད་དུག་ཅེས་པའི་མིང་དེ་ཧ་ཅང་སྔ་བ་དང་། ཚ་བ་དང་གཉན་རིམས་མཐའ་དག་གི་རྩ་བ་མཁྲིས་པ་ཡིན་ཞེས་སྔ་ས་ནས་གསལ་པོར་བཤད་འདུག

གཉིས་ནི། བྱང་ཁོག་གི་རྣམ་བཤད་ནང་། མཆིན་པ་ཁྲག་གི་མཚོ་ཡིན་པ་དང་། དོན་སྙིང་གི་འོ་མ་ལུས་ཕྱེད་ཀྱི་རྟེན། སྲོག་ཕྱེད་ཀྱི་གནད་མཆིན་པ་ལ་ཐུར་མ་སྤང་དགོས་ཚུལ། དེ་བཞིན་མཁལ་མ་ནི་སྲོག་པ་རྩའི་དཔྱང་རྡོ། དོན་སྙིང་གི་འཐེན་ཐག་ཡིན་ལུགས་དཔེ་དོན་ཤིན་ཏུ་མཚུངས་པ། ཁོ་བོས་ཕུང་པོ་གཤགས་ལས་ཁ་ཤས་མཐོང་དུས་སྙིང་ལ་བལྟས་ནས་མཁལ་མར་ནད་ཡོད་མེད་རྟོགས་པ་དང་། ཕྱོགས་མཚུངས་མཁལ་མར་བལྟས་ནས་སྙིང་ལ་ནད་ཇི་ཡོད་ཤེས་རྟོགས་བྱུང་བས་ཡིད་ཆེས་ཀྱི་གནས་སུ་གྱུར། གཞན་ཡང་སྣོད་དྲུག་ནང་ཚན་བསམ་སེའུའི་སྐོར། མིང་ཡོད་ལ་གཟུགས་མེད་པ་དཔེར་ན་ཆུ་ཟླ་དང་འདྲ་སྟེ། དོན་སྙིང་རྣམ་པ་ལྔ་ལ་དབང་། སྣོད་རྣམ་པ་དྲུག་ལ་གཏོགས་ཟེར། ཟས་ཟོས་པ་བཅུད་དུ་འགྱུར། སྐོམ་འཐུང་བ་ཁྲག་ཏུ་འགྱུར། ངོ་བོ་དབུགས་ཕྱི་ནང་དུ་རྒྱུ་བ་ལ་བཞག་གོ ཁ་ཅིག་ན་རེ་ཁྲག་ཡིན་ཟེར། ཁ་ཅིག་ན་རེ་སྲོག་རྩ་ཡིན་ཟེར། ཁ་ཅིག་ན་རེ་ཤ་ཤ་རྨེན་བུ་ཡིན་ཡང་ཟེར། དེའི་གསང་ཚིགས་པ་བཅུ་གསུམ་ཡིན་ཏེ་ལུས་སྤྱི་ལ་ཁྱབ་པའི་གསང་ཡིན་ནོ། ཞེས་ངོས་འཛིན་མི་འདྲ་བའི་སྐོར་གསལ་བཤད་མཛད།

གསུམ་ནི། དཔྱད་ཀྱི་སྐབས་ལུམས་ཞེས་བྱ་བ་སྨན་གྱི་ནུས་པ་བ་སྤུར་སོང་བས་ཞེས་པ་དང་། མེ་བཙའ་ནི། མེའི་དྲོད་ཀྱིས་ཁྲག་དང་རླུང་དྲོས་པས་ཞི། གཏར་ག་ནི་ནད་སྒོ་རུ་འབྱིན་པ། བཤལ་གྱིས་ནད་གདོན་པ་ནི་གོས་དྲི་མ་ཅན་འཁྲུད་པ་དང་འདྲ་བ་སོགས་དཔྱད་ཀྱི་དགོས་པ་རྒྱུ་མཚན་སྙིང་པོར་གསུངས་པ།

བཞི་ནི། ཀླད་སྐྱོན་སྐོར་ལ། མིག་དང་། ལྕེ། འགྲོ་འདུག སྐད་ཆ་སོགས་ལ་བརྟག་དཔྱད་བྱེད་ཐབས་མགོ་དཔྱད་པདྨ་དྲི་མེད་ཅེས་པར་ཞིབ་རྒྱས་འཁོད་པ་བཅས་དངོས་འབྲེལ་རྒྱལ་པོའི་དཀོར་མཛོད་ལྟར་སྨན་དཔྱད་ཀྱི་ཐད་ལ་མ་ཚང་བ་མེད་པ་ལྟ་བུར་མངོན།

དམ་པ་འདིའི་རྣམ་ཐར་རྒྱས་པ་བདག་ཆེན་ཨ་མྱེས་ཀྱིས་མཛད་པའི་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ཤོག་གྲངས་ ༣༧ བ་ ༥ ནས་ཤོག་གྲངས་ ༤༦ བ་ ༡ བར་ཡོད་ཚུལ་དེབ་དམར་མཆན་འགྲེལ་དུ་གསལ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༣༣༽ མངའ་བདག་ཉང་རལ་པ་ཅན།

བྱམས་པ་འཕྲིན་ལས།

 

མངའ་བདག་ཉང་རལ་པ་ཅན་ནི། གཏེར་སྟོན་བརྒྱ་རྩའི་རྣམ་ཐར་<<རིན་ཆེན་བཻ་ཌཱུརྱའི་ཕྲེང་བ།>>ཤོག་༤༧ ན་༦ པར་ཡུལ་ཆེ་ས་ཡང་འཁྲུགས་པའི་བསྐལ་པ་འབྱུང་། སྔགས་པ་མཐུ་སྒྲུབ་སྐྱེ་བོས་ཟློག་པ་སློབ། །མི་བསད་སྟོང་ལ་སྐུ་དང་གསུང་རབ་འཇལ། །གྲོང་སྟོད་གྲོང་སྨད་འགྲོ་ལ་སྐྱེལ་མ་འཁྲིད། །སྲིན་མོ་སྦར་རྗེས་མཁོ་མཐིང་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བྱུང་། །མངའ་བདག་སྤྲུལ་པ་ཉང་རལ་ཞེས་པ་འབྱུང་། །ཞེས་པ་ནི་སློབ་དཔོན་ཆེན་པོས་གཏེར་སྟོན་རྒྱལ་པོ་ལྔ་ལ་བྲན་བརྒྱས་བསྐོར། །ཞེས་ལུང་བསྟན་པའི་གཏེར་སྟོན་རྒྱལ་པོ་ལྔ། མཆོག་གི་སྤྲུལ་སྐུ་རྣམ་གསུམ་ཞེས་པའི་དང་པོ་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་ཉིད་བསམ་བཞིན་སྲིད་པ་ཉེ་བར་བཟུང་བ་ཉང་རལ་ཉི་མ་འོད་ཟེར་ནི། ལྷོ་བྲག་གཏམ་ཤུལ་གྱི་བྱེ་བྲག་འཇེད་ས་སེར་དགོན་ཞེས་པར་ཡབ་ཉང་སྟོན་ཆོས་ཀྱི་འཁོར་ལོ་དང་། ཡུམ་པདྨ་བདེ་བ་རྩལ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་ཤིང་འབྲུག་སྤྱི་ལོ་ ༡༡༢༤ ལོར་སྐུ་བལྟམས། དགུང་ལོ་རེ་དགུ་པ་ཆུ་བྱི་སྤྱི་ལོ་ ༡༡༩༢ ལོ་ལ་གཟུགས་སྐུའི་བཀོད་པ་བསྡུས།

སློབ་མའི་གཙོ་བོ་འགྲོ་མགོན་ནམ་མཁའ་དཔལ་བ། དེའི་སྲས་བློ་ལྡན་ཤེས་རབ། དེ་སྲས་བདུད་འདུལ་བཅས་དང་། གཉོས་གྲགས་རྒྱལ། ཞིག་པོ་བདུད་རྩི། སྨན་ལུང་པ་མི་བསྐྱོད་རྡོ་རྗེ་སོགས་བཀའ་བབས་ཀྱི་བུ་ལྔ་གཙོ་བོར་གྱུར་པའི་སློབ་བརྒྱུད་ཀྱིས་བོད་ཡུལ་མཐའ་དབུས་ཀུན་ཏུ་ཁྱབ་ཡོད་པས་ཆོས་ཀྱི་འཕྲིན་ལས་ད་ལྟའི་བར་ཁྱབ་བརྡལ་དུ་འཕེལ་ལོ་ཞེས་དང་གཏེར་ཆེན་འདིའི་རྣམ་ཐར་ཞིབ་པ་མངའ་བདག་ཡབ་སྲས་ཀྱི་སྐྱེས་རབས་རྣམ་ཐར་གཏེར་འབྱུང་སོགས་ལ་རྒྱ་ཆེར་བཞུགས་པ་དང་། སྔ་འགྱུར་རྒྱུད་འབུམ་གྱི་དཀར་ཆག་ལེ་ཚན་དུ་གསལ་པའི་སྐོར་ཞལ་འཕངས་མཛད། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་ཤོག་གྲངས་༡༦༡ ནང་ཟབ་གཏེར་དཔའ་བོ་ལྷ་གསུམ་སྐོར་གྱི་ལས་ཚོགས་རྣམ་བརྒྱད་ཀྱི་གྲས་ལ། སྨྱོ་འབོགས་འདུལ་དང་སྲིའུ་གསོ། མཛེ་ནད་གསོ་དང་སེར་བ་བཟློག ཅེས་པ་ཙམ་ཞིག་དང་། དྲག་སྒྲུབ་ལས་ཚོགས་སུ། ཡམས་ནད་བཟློག་པ། སྲིའུ་གསོ་ཐབས། གཟའ། མཛེ། ལྷོག་གཟེར་སོགས་གཉན་ནད། དུག་ནད་རྣམས་འཆོས་པ། སྨྱོ་འབོགས་འདུལ་བ། བྱིས་ནད་འཆོས་པ། ཀླད་གཟེར། བལ་ནད། ཁྱི་སྨྱོན། ཕོ་མཆིན་ན་བ། སྐྲན་ནད་རྣམས་འཆོས་པ། ཆུ་འགག་སེལ་བ། ལིང་ཏོག་དང་མིག་ནད་སེལ་བ། ལྷོག་རོ་བཤའ་བ་ལ་སོགས་པ་དང་། བདུད་རྩི་འོད་ལྡན་གྱི་རྒྱུད་ལེའུ་བཅུ་དྲུག་བཅས་ཡོད་ཚུལ་འཁོད་འདུག །

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༣༤༽ རྒྱལ་མཚན་དཔལ་བཟང་།

བྱམས་པ་འཕྲིན་ལས།

 

རྒྱལ་མཚན་དཔལ་བཟང་ཞེས་པ་ནི། རྒྱལ་བ་ལྔ་པ་ཆེན་པོས་མཛད་པའི་<<རྒྱུད་བཞིའི་བླ་བརྒྱུད་གསོལ་འདེབས་>>ནང་། སྐྱེ་བར་སྙིང་ཐིག་མངའ་བདག་ཡེ་ཤེས་གཟུངས། །དྲི་མེད་ལུགས་འཛིན་གཞོན་ནུ་ཡེ་ཤེས་དང་། །གཞན་ཕན་གཏེར་འབྱུང་གཡུ་ཐོག་འབུམ་སེང་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །ཚུལ་འདིར་མཁས་གྲུབ་བུདྡྷ་རཏྣའི་མཚན། །རིག་བྱེད་མང་ཐོས་དོན་གྲུབ་རིན་ཆེན་དང་། །དོན་ཀུན་གྲུབ་པ་རྒྱལ་མཚན་དཔལ་བཟང་ལ། །གསོལ་བ་འདེབས་སོ་གཞན་ཕན་སྣང་བ་སྩོལ། །ཞེས་གསུངས་པ་ལྟར་གཡུ་ཐོག་གསར་མའི་བརྒྱུད་འཛིན་དྲི་མ་མེད་པའི་གྲས་ཀྱི་སྨན་པ་མཁས་པ་ཞིག་ཡིན་པར་སོམ་ཉི་བྲལ། དེ་སྔོན་རྒྱལ་མཚན་དཔལ་བཟང་གི་རྣམ་ཐར་དང་། གསོ་རིག་སྐོར་གྱི་མཛད་རྗེས་ཇི་ཡིན་ཤེས་རྟོགས་མ་བྱུང་བར་དེ་མུར་ལུས་པའི་སྐབས། རང་རེ་སྨན་ཁང་གི་མཁས་དབང་དགེ་རྒན་བློ་བཟང་སྙན་གྲགས་མཆོག་རྩེ་པོ་ཏཱ་ལའི་དཔེ་མཛོད་ཁང་དུ་ཕེབས་སྐབས་སྨན་རྩིས་དཔེ་ཆ་རིན་ཐང་བྲལ་བ་མང་པོ་གཟིགས་རྗེས་རང་སྐྱོང་ལྗོངས་རིག་དངོས་བདག་གཉེར་ཨུ་ཡོན་ལྷན་ཁང་བརྒྱུད་གོང་གསལ་སྨན་དཔེ་རྣམས་སྨན་རྩིས་ཁང་ལ་གཡར་པོ་གནང་བ་དེའི་གྲས་སུ་རྒྱལ་མཚན་དཔལ་བཟང་གིས་མཛད་པའི་<<རྡོ་རྗེ་དབྱུག་པའི་མན་ངག>>ཅེས་པ་བྲིས་མ་རྙིང་སོང་ཞིག་འདུག་པ་དེའི་ཁ་ཤོག་སྟེང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྐུ་ངོ་མའི་ཕྱག་བྲིས། རྒྱལ་མཚན་དཔལ་བཟང་གིས་མཛད་པ། ས་རཱས་བརྟགས། ལེགས་ཆ་བཻ་སྔོན་མ་བུར་བཀོད་ཅེས་མཚལ་ཡིག་ཕྱག་བསྟར་མ་གནང་བ་དེ་དག་ཁོ་བོར་མཇལ་རྒྱུའི་གོ་སྐབས་རྙེད་པར་བརྟེན་གཞི་ནས་རྒྱལ་མཚན་དཔལ་བཟང་གི་བརྩམས་ཆོས་དང་། རྣམ་ཐར་ས་བཅད་མ་སྟོང་ཙམ་དུ་འདི་དག་བྲིས་པ་ཡིན།

རྡོ་རྗེ་དབྱུག་པའི་མན་ངག་ཅེས་པ་ལས། བླ་མེད་ཡོན་ཏན་རྒྱ་མཚོ་ཡི། །བླ་མེད་བླ་མ་མཆོག་གྱུར་པའི། །བླ་ན་མེད་པའི་བླ་མ་ལ། །བླ་ན་མེད་པར་གུས་ཕྱག་འཚལ། །བླ་མའི་ཞལ་ལས་རྙེད་པ་ཡི། །རྡོ་རྗེ་དབྱུག་པའི་མན་ངག་ལ། །བསྡོམས་ནི་རྒྱུ་དང་མི་བརྡེག་གནས། །བརྡེག་པའི་གནས་དང་ལོག་གནོན་ནོ། །དང་པོ་རྒྱུ་ནི་སྦ་ལྕག་གམ། །སྨྱག་ཤད་སྦོམ་ཕྲ་རན་པ་སྟེ། །རིང་ཐུང་ཁུ་གང་སོར་བཞིའི་ཚད། །ཅེས་དང་།

མི་བརྡེག་གནས་ནི་གསང་དང་ནི། །ནད་ཀྱི་སྒོ་ནས་སྤངས་བའོ། །དང་པོ་ཚངས་བུག་དབང་པོའི་སྒོ། །སྙིང་འཕར་བ་དང་ནུ་མའི་སྟེང་། །མཁུར་འཛུམ་གཉིས་དང་ལྟག་རྩ་ནག །མཆིན་པ་མཆེར་པ་མཁལ་མའི་སྟེང་། །ལྟེ་བ་ཕོ་མོའི་འབྲས་བུ་དང་། །སོག་པའི་མེ་ལོང་པུས་མོ་ཡི། །གཉན་གོང་དང་ནི་ལྷ་ང་དང་། །རྨེན་པ་དང་ནི་ཉྭ་བཞི་དང་། །ཆུ་རྒྱུས་རྩ་གཉན་ཀུན་ལ་སྤང་། །གཉིས་པ་ཚད་རིམས་མཁྲིས་པ་དང་། །དུག་ནད་ཚ་སྐྲན་མིག་སེར་དང་། །ཤ་དྲོད་ཆེ་དང་འབྲུམ་བུ་དང་། །རྨ་དང་སྐྲངས་པ་ཀུན་ལ་སྤང་། །རྡེག་པའི་གནས་ལ་གསང་དང་ནི། །དམིགས་པ་བསྒོམས་ལ་རྡེག་ཐབས་སོ། །ནད་གསང་དང་ནི་རང་བཞིན་གསང་། །ནད་གསང་གང་དུ་ན་བའི་སར། །བ་སྤུ་ལོག་དང་ཤ་མདོག་སྐྱ། །དྲོད་ཆུང་འབྲུམ་བུ་སིབ་བེ་སྣང་། །མཐེབ་མོས་མནན་ཚེ་གཏིང་ནས་ན། །ཤ་གཉན་རྩ་གཉན་མེད་པ་དང་། །ན་སར་བསྣུན་པ་ཤིས་པའོ། །རང་བཞིན་གསང་ལ་མགོ་གསང་དང་། །ལག་པ་མདུན་རྒྱབ་སྒལ་པའི་གསང་། །སྨད་ཀྱི་གསང་དང་རྣམ་པ་དྲུག །ཅེས་སོགས་དང་།

དབྱུག་པ་ལོག་པས་རླུང་སྐྱེས་ན། །དབྱུག་ཤུལ་མིན་པ་བསྐུ་བྱུག་བྱ། །ཚད་པ་སྐྱེས་ན་དབྱུག་པའི་ཤུལ། །དྲི་ཆུས་བཀྲུ་དང་ག་པུར་སོགས། །བསིལ་བའི་སྨན་གྱིས་བཀྲུ་བར་བྱ། །དོན་གཉེར་སློབ་མས་བསྐུལ་བའི་ངོར། །ཤཱཀྱའི་དགེ་སློང་རྒྱལ་མཚན་དཔལ་བཟང་པོས་དབེན་གནས་བྲག་དཀར་དུ་རྡོ་རྗེ་དབྱུག་པའི་མན་ངག་དོན་གསལ་སྒྲོན་མེའི་གཏེར་མཛོད་འདི། གཞན་ལ་ཕན་ཕྱིར་ཡི་གེར་བཀོད། ཅེས་གསུངས་སོ།།

དེ་ལྟར་རྒྱལ་མཚན་དཔལ་བཟང་གིས་མཛད་པའི་རྡོ་རྗེ་དབྱུག་པའི་མན་ངག་ཅེས་པ་འདི་ལས་སྨན་དཔེ་གཞན་དག་ལག་སོན་མ་བྱུང་བས་ཡང་བསྐྱར་ཁ་སྐོང་མཛད་རྒྱུ་གལ་འགང་ཆེ་བར་མ་ཟད། ལྷག་པར་དབྱུག་བཅོས་འདི་བཞིན་རང་ཅག་བོད་ཀྱི་སྨན་གཞུང་ནང་ནས་དཔྱད་ཀྱི་སྐོར་ལ་སྟབས་བདེ་ཞིང་ཕན་ནུས་ཆེ་བ་ཞིག་ཡིན་འདུག་པས་བར་སྐབས་ཉམས་ཆག་ཏུ་གྱུར་པ་སླར་གསོ་ཡོང་རྒྱུར་འཚོ་བྱེད་རྣམ་པས་འབད་བརྩོན་ལྷོད་མེད་གནང་རོགས་ཞུ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༣༥༽ འཁྲུལ་ཞིག་སྨན་པ།

བྱམས་པ་འཕྲིན་ལས།

 

འཁྲུལ་ཞིག་སྨན་པ་ནི་གཡུ་ཐོག་བཀྲ་ཤིས་མགོན་གྱི་དངོས་སློབ་ཡིན་ཅིང་། ཕལ་ཆེར་དུས་རབས་བཅུ་གཉིས་པའི་དཀྱིལ་ཙམ་ལ་བྱུང་། འཁྲུངས་ཡུལ་དང་ཡབ་ཡུམ་བཅས་པའི་ཁུངས་མ་རྙེད། ཁོ་བོས་མཇལ་བའི་སྨན་དཔེ་<<གཡུ་ཐོག་ལུགས་ཀྱི་མཁས་པའི་ཕྱགས་བཞེས་ཟུར་བཀོལ་>>ཞེས་པ་ནི་འཁྲུལ་ཞིག་སྨན་པས་སློབ་དཔོན་གྱི་གསུང་ལྟར་ཟིན་བྲིས་བཀོད་པ་ཞིག་ཡིན་འདུག་པས་དེ་ནི་སྔོན་ཆད་མཐོང་ཐོས་དཀོན་པའི་སྨན་དཔེ་རྩ་ཆེན་དུ་མངོན། དཔེར་ན་ཨ་ག་རུ་ལ་ནུས་པ་གསུམ་ལྡན་ཡིན་པའི་སྐོར་ལ། ཨ་ག་རུ་རོ་ཚ་ལ་སྦྲིད། ནུས་པ་བསིལ་རྒོད་ཡིན་ཏེ་སྙིང་གི་ཤ་དམར་པོ་དེ་ཚད་པ་ཆེ་བས་དེ་སེལ། ནུས་པ་བསིལ་དྲོད་སྙོམས་པས་དེས་སྙིང་གི་གཤམ་གྱི་ཚིལ་བུ་དེ་བད་ཀན་ཆེ་བས་དེ་སེལ། ཞུ་རྗེས་དྲོད་དུ་ཡོད་པས་སྲོག་རྩ་དང་རླུང་གི་ནད་སེལ། དེ་དག་ཨ་ག་རུ་ཡི་ནུས་པ་གསུམ་ཡིན། སྐེམ་ཡིན། སྙིང་ལ་ཆུ་སེར་ཡོད་པ་ལ་ཕན། རྒྱ་ནས་འོང་བའི་རྭ་འདྲ་བ་དེ་ཟབ། རྗེས་དྲོད་ཤིན་ཏུ་ཆེ། ཁྱད་པར་རྙིང་རླུང་ལ་འགྲོ། གྲང་བ་ལ་ཡང་མི་གནོད། ལར་གྱི་འགྲོ་སྒོ་ཆེ་ལ་ཕོག་ཐུག་སྟེ་རླུང་རྒོད་ལ་ཤིན་ཏུ་རྒོད། གྲང་བ་རྒད་པོ་ལ་ཡང་ཨེན་ཙམ་གནོད་གསུངས་ཞེས་སོ།།

ཡང་ཤིང་མངར་སྐོར་ལ། ཤིང་མངར་རོ་མངར་ནུས་པ་ཨེན་བསིལ་ལ་ལར་གྱི་སྙོམས། རྗེས་རྩའི་ཤེད་སྐྱེད། མིག་སྨན་ལ་འགྲོ། རོ་ཙ་དང་། ཤ་སྐྱེད་ལ་འགྲོ གློ་གཤལ་ལ་མེད་ཐབས་མེད་གསུངས། ཚད་པ་ཙམ་ལ་མི་གནོད། མགོ་སྲིན་སོགས་སྲིན་ཙམ་ལ་གནོད། སློང་ན་དགོས། ལར་གྱི་འཇམ་ལ་འགྲོ་སྒོ་ཆེ། ཁྱད་པར་རྩ་ཤེད་སྐྱེད་པ་ལ་མེད་ཐབས་མེད་གསུངས་སོ།།

ཡང་བསེ་ཡབ་རོ་མངར་ལ་སྐྱུར། ནུས་པ་བསིལ་རྒོད་ཡིན། ཆུ་གྲང་དང་སྦྱར་ན་བད་ཀན་སྨུག་པོའི་ནད་ལ་ཆིག་ཐུབ་ཡིན། དུག་ཙམ་ལ་འགྲོ། རྒྱས་ཚད་སོགས་ཚད་པ་ཙམ་ལ་འགྲོ། འཁྲུགས་ལ་འགྲོ། བད་ཀན་སྐྱ་བོ་སོགས་ཚད་པ་ཙམ་ལ་གནོད་ཁྱད་པར་མཁལ་ནད་ཆུ་འགག་ལ་གནོད། རྨའི་ཆུ་འཐུང་ལ་འགྲོ། ཚད་པ་གསར་པ་ལ་འགྲོ། ལར་གྱི་རྩུབ་པ་ཡིན་གསུང་ངོ་ཞེས་པ་ལྟ་བུ་ཧ་ཅང་ཟབ་ཁྱད་ཀྱི་མྱོང་བྱང་ཁོ་ནར་འདུག ཡང་ཤིང་ཀུན་གྱི་སྐོར་ལ་ཤིང་ཀུན་རོ་ཚ། ནུས་པ་རྗེས་གཉིས་ཀ་དྲོ་ལ་ལྕི། སྤྱིར་གྲང་བ་ཙམ་ལ་ཕན། ཁྱད་པར་རླུང་ནད་ཐམས་ཅད་དང་། གཉན་ལ་མཆོག་ཏུ་ཕན། གདོན་ལ་འགྲོ། སྨུག་པོ་དང་ཁྲག་ཚད་ཐམས་ཅད་ལ་དུག་དང་མཚུངས། ལར་གྱི་འགྲོ་སྒོ་ཆེ། དྲོ་ལ་རྩུབ་པའི་སྨན་ཡིན་གསུང་ངོ་། ཤིང་ཀུན་ཟོལ་མེད་མི་སྲིད་དོ། །ཅིའི་ཕྱིར་ན། ཤིང་ཀུན་ཟོལ་མེད་དེ་སྲན་མ་ཙམ་རེ་བཏང་ན་ནུས་པ་ཐུ་དྲགས་པས་འཆི་བ་ཡིན། དེས་ན་ཤིང་ཀུན་ཟོལ་མེད་དེ་ལ་ཕབས་བྱས་ནས་ཤ་རུལ་ལ་འཆོས་པ་ཡིན། དེས་སྨན་ཡོང་བ་ཡིན་གསུང་། ཞེས་པས་མཚོན། མང་དག་ཡོད་པ་དང་། ཐ་ན་འགའ་ཤས་སྟབས་བདེ་ཞིང་ཕན་ནུས་ཆེ་བའི་བཅོས་ཐབས་ཀྱང་མང་དག་མཆིས། ཕག་རུས་ལ་མཚོན་ན་གསར་རྙིང་གང་རྙེད་ཅིག་བསྡུས་ཐང་གིས་སྨུག་པོ་ཤིན་ཏུ་ཐུ་བ་སེལ། རུས་པ་ཞིབ་ཏུ་བརྡུང་བའི་ཕྱེ་མ་འགམ་ཀྱང་ཤིན་ཏུ་ཕན། ཁྱད་པར་ཕག་རུས་གསར་རྙིང་བསྡུས་ཐང་གིས་སེ་རྒོད་འབྲུ་གུའི་ཕྱེ་མ་འཕུལ་ན་ཤིན་ཏུ་ཟབ། ལག་ལེན་མིན་རེ་ཤི་གསུང་ངོ་། །ཞེས་དང་། སྤང་རྒྱན་དཀར་པོ་སྐྱེས་པའི་སྐྱེ་བ་གཅོད་པའི་ཆིག་ཐུབ་ཡིན་ཟབ་ཟེར། སྟག་གི་ཁྲག་གིས་སྐྱེ་བ་གཅོད་ཅེས་སོགས། སྨན་གྱི་ཕན་ཡོན་ཁྱད་པར་ཅན་དེ་འདྲ་རང་ཅག་རྗེས་འཇུག་རྣམས་ཀྱི་མིག་ལམ་དུ་མཐོང་སྐབས་སྔོན་གྱི་མཁས་དབང་གོང་མ་རིམ་བྱོན་ཚོས་དཀའ་བ་སྤྱད་པའི་གྲུབ་འབྲས་ཇི་ཡོད་སྤ་གསང་མེད་པར་སློབ་མར་བརྒྱུད་སྤྲོད་གནང་བ་དང་། ཕྱོགས་མཚུངས་སློབ་མ་རང་གིས་ཀྱང་བརྗེད་ངས་སུ་མ་སོང་ཞིང་ཇི་སྲིད་ཡུན་གནས་ཡོང་ཕྱིར་ཟིན་བྲིས་བཀོད་པ་དེས་དེང་གི་དུས་སུའང་ལག་ལེན་བལྟས་ཆོག་པ་ཡོད་པ་འདི་འདྲ་རང་ཅག་རྣམས་ཀྱིས་མིག་དཔེར་བཟུང་ནས་སླད་ཕྱིན་དགེ་སློབ་ཚང་མས་མཐོང་བརྒྱུད་མན་ངག་མཐའ་དག་རྩ་བརླག་མི་འགྲོ་བར་དགོངས་པ་ཆེ་བཞེས་མཛད་རྒྱུར་རེ་འདུན་ཞུ།།

གོང་གསལ་<<གཡུ་ཐོག་ལུགས་ཀྱི་མཁས་པའི་ཕྱག་བཞེས་ཟུར་བཀོལ*>>ཞེས་པ་ད་ལྟ་ཉར་འཚག་བྱས་ཡོད་པ་དང་། ད་དུང་འཕྲུལ་འཁོར་གྱི་སྤར་སློག་ཀྱང་རྒྱབ་ཡོད།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༣༦༽ གཡུ་ཐོག་བཀྲ་ཤིས་མགོན།

བྱམས་པ་འཕྲིན་ལས།

 

གཡུ་ཐོག་བཀྲ་ཤིས་མགོན་ཞེས་པ་ནི་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་དངོས་སློབ་ཡིན་ཞིང་། བརྩམས་པའི་བསྟན་བཅོས་ནི་སྡེ་སྲིད་ཁོག་འབུགས་ནང་། གཡུ་ཐོག་བཀྲ་ཤིས་མགོན་གྱིས་<<ལེ་གྲངས་བསྡུས་དོན་>>དང་། འཕེལ་ཟད། རོ་སྦྱོར། ནི་རུ་ཧའི་ལས་རིམ། མཚན་ཉིད་ཉི་ཤུ་ལ་སོགས་པའི་ཤོག་ཁྲ་མཛད་ཅེས་འཁོད་པ་དང་། ཡང་གཡུ་ཐོག་པའི་བརྒྱུད་འཛིན་གྲས་སུ་བྲང་ཏིའི་སྨན་པ་རྣམས་ཡིན་ཚུལ་གྱི་འགྲེལ་བཤད་ཀྱང་གནང་འདུག དཔེར་ན། གཡུ་ཐོག་རྒྱལ་དང་། གཡུ་ཐོག་འབུམ་སེང་། དེའི་སློབ་མ་འབལ་སྨན་ཉི་མ་དཔལ། གཡུ་ཐོག་འཇམ་དཔལ། དེ་ནས་བྲང་ཏི་དཔལ་ལྡན་བཟང་པོ། བྲང་ཏི་རྒྱལ་བ་བཟང་པོ། བྲང་ཏི་དཔལ་ལྡན་འཚོ་བྱེད། བྲང་ཏི་དཔལ་ལྡན་རྒྱལ་མཚན་བཅས་དེ་ལྟར་རིམ་པ་བཞིན་དུ་ལུང་བཤད་ཀྱི་རྒྱུན་མ་ཉམས་པ་ཡོད་པའི་སྐོར་གསུངས་པར་བལྟས་ན་དུས་དེའི་མཚམས་ནས་བཟུང་གཡུ་ཐོག་ལུགས་དང་། བྲང་ཏིའི་ལུགས་གཉིས་ཟུང་སྦྲེལ་བྱུང་བའི་དབང་གིས་གཙང་ཕྱོགས་སུ་གསོ་དཔྱད་བསྟན་པ་སླར་ཡང་དར་ཞིང་རྒྱས་པ་དང་། སྨན་པ་མཁས་པ་མང་པོ་ཞིག་སྐྱེ་འགྲོའི་དཔལ་དུ་བྱོན་པར་གྱུར། དེའི་ནང་ནས་གཡུ་ཐོག་བཀྲ་ཤིས་མགོན་ནི་གསོ་དཔྱད་ཀྱི་དོན་རྣམས་རང་བྱན་དུ་ཆུད་དེ་ཉམ་ཐག་ནད་པར་ཐུགས་རྗེའི་འཇུག་པ་ཧ་ཅང་བཟང་བས་གདམས་པའི་མན་ངག་གི་ཟབ་རྒྱ་རྣམས་ཐུགས་ནས་ཐུགས་སུ་བརྒྱུད་དེ་ཇི་སྲིད་བར་འགྲོ་དོན་བྱེད་པའི་ཆེད་དུ་འཁྲུལ་ཞིག་སྨན་པར་གནང་འདུག

འཁྲུལ་ཞིག་སྨན་པས་ཟིན་བྲིས་བརྗེད་ཐོར་བརྒྱབ་པའི་ནང་། གསང་བ་ལས་ཀྱང་ཆེས་གསང་བ་དང་། དཀོན་པའི་ནང་ནས་ཆེས་དཀོན་པའི་སྨན་བཅོས་ལག་ལེན་གྱི་ཉམས་མྱོང་དེ་ནས་དཔེ་ཁ་ཤས་ཞུས་ན། ཙན་དན་དཀར་དམར་གྱི་རོ་ནུས་ཞུ་རྗེས་སྐབས། ཙན་དན་དཀར་པོ་རོ་ཁ། ནུས་པ་བསིལ་རྗེས་བསིལ་རྒོད་(རྩུབ་)སྤྱིར་ཚད་པ་ཙམ་ལ་འགྲོ། ཁྱད་པར་རྒྱས་ཚད། སྨུག་པོ། དུག་ལ་འགྲོ་ཞེས་ཕན་པའི་སྐོར་དང་། ཆུ་འགག་དང་། ཁྱད་པར་མཁལ་མའི་ནད་དང་། གྲང་བ་ལ་དུག་དང་མཚུངས་ཞེས་གནོད་པའི་སྐོར་གསུངས་ཤིང་། ད་དུང་གསུངས་དོན། ཙན་དཀན་དཀར་པོ་སྙིང་དང་སྲོག་རྩའི་ནད་ལ་ཆིག་ཐུབ་ཡིན། ཁྱད་པར་སྙིང་ཚིལ་དཀར་པོའི་ཚད་པ་ལ་ཕན་ནོ། །ལར་འགྲོ་ཆེ། རྩུབ་པའི་སྨན་ཡིན་ཞེས་དང་། ཙན་དན་དམར་པོ་ནི་དཀར་པོ་དང་རོ་ནུས་ཞུ་རྗེས་གསུམ་ཆ་མཚུངས་པ་ཡིན། སྤྱིར་ཁྲག་དང་ཆུ་སེར་སྐེམ་དང་རོལ་དུ་གསོད་པ་ལ་ཁྱད་པར་དུ་འགྲོ། སེངྒེ་ལས་ཙན་དན་དམར་པོ་རྙེད་པ་དགའ། ཁྱད་པར་སྙིང་ཁྲག་དང་། སྙིང་གི་ཤ་དམར་པོའི་ཚད་པ་སེལ། སྙིང་གི་ཚད་པ་དང་། སྲོག་རྩའི་ཚད་པ་ལ་ཆིག་ཐུབ་འཕེར་བ་ཡིན། ཟབ་གསུངས། གཞན་ཐམས་ཅད་དཀར་པོ་དང་ཆ་མཚུངས་སོ་ཞེས་ཙན་དན་དཀར་དམར་གྱི་ནུས་པ་དང་། བྱེད་ལས་ཐད་ཕན་གནོད་གཉིས་ཀྱི་སྒོ་ནས་དབྱེ་འབྱེད་དེ་ལྟ་བུ་མཛད་ཐུབ་པ་ནི་ལག་ལེན་མྱོང་བ་ཤིན་ཏུ་ཟབ་པ་གསལ་པོར་མཐོང་།

དེ་བཞིན་ཕྱི་རྒྱུད་མ་ནུ་བཞི་ཐང་གི་རྒྱུ་མཚན་གསུངས་དུས། ཚད་པ་མ་སྨིན་པ་བད་རླུང་གིས་བུས་པ་ཡིན། དེ་ལ་མ་ནུ་བཞི་ཐང་གཏོང་བའི་གཏན་ཚིགས། སྒ་ཡིས་བད་ཀན་སེལ། ཁྲག་འདྲིལ་བཤིག །འཁྱགས་པ་འཇུ། ཀཎྜ་ཀ་རིས་དྭངས་སྙིགས་འབྱེད་མ་ནུས་ཁྲག་གཟེར་གཅོག་ཅིང་དྭངས་སྙིགས་འབྱེད། ཚད་པ་གཅོག །སླེ་ཏྲེས་ཀྱིས་རླུང་སེལ་ཞིང་དྭངས་སྙིགས་འབྱེད་པ་བཅས་མ་ནུ་བཞི་ཐང་གི་ཕན་ཡོན་དང་། དགོས་པ། རྒྱུ་མཚན་བཅས་གནད་དུ་སྨིན་པ་དེ་འདྲ་བ་ནི་སྨན་རྫས་རིག་པའི་ཐད་ལ་མཁས་པ་ཆེན་པོ་ཡིན་པ་གོར་མ་ཆག

གཞན་ཡང་སྦྲང་རྩིས་བད་ཀན་ལ་ཕན་པའི་རྒྱུ་མཚན་དྲངས་སྐབས། སྦྲང་རྩི་བསིལ་ཡིན་ཡང་བད་ཀན་ལ་ཕན་པའི་གཏན་ཚིགས། རོ་མངར། ནུས་པ་བསིལ་བས་བད་ཀན་དང་གྲང་བ་སློང་། ཞུ་རྗེས་དྲོ་ལ་འཇམ་པས་བད་ཀན་འཇོམས་པ་ཡིན། གསུངས་པ་སོགས་སྨན་སྣ་མང་པོར་གནད་འགག་ཆེ་བའི་གསལ་བཤད་གནང་བ་དང་། ཐ་ན་ཆུང་ཙག་སོ་ཕག་དེ་རྫ་གྱོ་མོ་ལ་ཟེར་བ་ཡིན་ཞེས་པ་དང་། རི་བོང་གི་སྙིང་ལ་སོགས་སྙིང་ཐམས་ཅད་རོ་ནུས་ཞུ་རྗེས་ཐམས་ཅད་དྲོ་ལ་འཇམ། སྙིང་རླུང་། རྗེད་བྱེད། སྨྱོ་བྱེད་ལ་ཁྱད་པར་དུ་འགྲོ། རི་བོང་སྙིང་ལ་ཡོན་ཏན་བཅུ་གཉིས་ཡོད། ལོ་བསྐོར་བཅུ་གཉིས་ཀྱི་སྙིང་གི་གོ་ཆོད། སྨ་ར་སྟག །རྣ་བ་བོང་བའམ་ནམ་ཚོང་རྟ། རྒྱུ་མ་སྦྲུལ། བཤུལ་པ་འབྲུག ཚང་ར་ར་དང་ལུག སྣ་གོང་སྤྲེའུ། མཆུ་བྱ། སྡེར་མོ་ཁྱི། ལུས་ཚུགས་བྱི་བ། སྒལ་པ་ཕག གཉའ་བ་གླང་བཅས་ཡོན་ཏན་བཅུ་གཉིས་ཚང་བས་ལོ་བསྐོར་བཅུ་གཉིས་ཀྱི་གོ་ཆོད་ཅེས་པ་སོགས་ཡ་མཚན་དང་། ངོ་མཚར་ཆེ་བའི་གསུང་ཚུལ་མང་དག་མཆིས།

མདོར་ན་གཡུ་ཐོག་བཀྲ་ཤིས་མགོན་གྱིས་རང་གི་ཡབ་མེས་བརྒྱུད་བཅས་ཀྱིས་ཕྱག་ལེན་མཛད་པའི་ཉིང་ཁུ་མ་ལུས་པ་རྗེས་འཇུག་དོན་དུ་བཀའ་རྒྱ་བཀྲོལ་ཏེ་རང་སློབ་འཁྲུལ་ཞིག་སྨན་པར་གནང་ནས་<<ཕྱག་བཞེས་ཟུར་བཀོད*>>ཅེས་པའི་དཔེ་ཚན་རྩ་ཆེན་རྙིང་སོང་དེ་དག་ད་ལྟའང་མཐོང་རྒྱུ་ཡོད། །

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༣༧༽ སུམ་སྟོན་ཆེན་པོ་ཡེ་ཤེས་གཟུངས།

བྱམས་པ་འཕྲིན་ལས།

 

སུམ་སྟོན་ཡེ་ཤེས་གཟུངས་ཞེས་པ་ནི། འཁྲུངས་ཡུལ་སྙེ་མོའི་མདའ་སུམ་པ་ཞེས་པ་ནས་ཡིན་ཞིང་། འཁྲུངས་ལོ་གང་ཡིན་དཔྱད་གཞི་མ་རྙེད། སྐུ་གཞོན་ནུའི་སྐབས་ནས་རིག་གནས་མཐའ་དག་ལ་སྦྱངས་པ་མཐར་ཕྱིན་པ་གནང་། དེ་རྗེས་རྗེ་གཡུ་ཐོག་པའི་རྣམ་ཐར་གསན་པས་ཐུགས་ལ་དད་གུས་ཚད་མེད་འཁྲུངས་ཏེ་གསོ་དཔྱད་ཀྱི་གདམས་པ་དོན་དུ་གཉེར་བའི་ཆེད་དུ་གཡུ་ཐོག་པའི་ཞབས་ལ་གཏུགས་ནས་མི་ལོ་བཅུ་གཉིས་ཀྱི་བར་དུ་མཉེས་པ་གསུམ་གྱི་ཞབས་ཏོག་ཞུས་པས་རྒྱུད་རྒྱལ་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད་ཅེས་པ་སུམ་སྟོན་ཡེ་ཤེས་གཟུངས་མ་གཏོགས་སུ་ལ་ཡང་མ་སྤེལ་བས་ཐུགས་ཀྱི་སྲས་མཆོག་དམ་པར་གྱུར།

དེའི་སྐོར་<<བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད།>>ལས། ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་བ་མཚན་བརྗོད་པར་དཀའ་བ་གཡུ་ཐོག་པའི་སྤྱན་སྔར། རྗེ་དེ་ཉིད་ཀྱི་ཐུགས་རྗེའི་བཀའ་དྲིན་གྱིས་འཚོ་བ་རུ་མཚམས་སུ་སྐྱེས་པའི་སུམ་སྟོན་ཡེ་ཤེས་གཟུངས་བདག་གིས་སྒོ་གསུམ་གུས་པའི་སྒོ་ནས་ལོ་གྲངས་དུ་མར་ཞབས་ལ་གཏུགས་ཤིང་མཉེས་པ་རྣམ་གསུམ་གྱིས་དགྱེས་པར་བྱས་པ་ལ་བརྟེན་གཞུང་དང་གདམས་པའི་ཟབ་བཅུད་བཀའ་ལུང་ཕྱག་ལེན་ལྷག་མ་མེད་པར་བུམ་པ་གང་བྱོའི་ཚུལ་དུ་ཕ་ཕོགས་སུ་ཕོགས། འཕྱུགས་གོལ་མེད་པའི་ཟབ་གནད་མཐའ་དག་ནི་བསྟན། ཉམས་ཁྲིད་ཟབ་མོའི་རྒྱ་བོར་ནས་བཏོན། ཐུགས་ཀྱི་སྲས་དམ་པར་ནི་དབང་བསྐུར། མཚུངས་པ་མེད་པའི་རྗེ་བཙུན་བླ་མ་དམ་པ་འདི་ཉིད་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དངོས་སུ་ཁ་ཚིག་ཙམ་མ་ཡིན་པར་ཞེ་ཐག་པ་ནས་ཐག་ཆོད་ཅིང་དེའི་བྱིན་རླབས་ཀྱིས་བདག་གིས་ཀྱང་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་གནས་ལུགས་ཐུན་མོང་མ་ཡིན་པ་ཕྱིན་ཅི་མ་ལོག་པའི་ལྟ་བ་ཟབ་ཅིང་ཕྲ་བ་ཡང་ཇི་ལྟ་བ་བཞིན་བདེ་བླག་ཏུ་རྟོགས་པས། རང་གཞན་གྱི་དོན་གཉིས་འབད་མེད་ལྷུན་གྱིས་གྲུབ་པའི་རྟེན་འབྲེལ་ཡང་དག་པར་བསྒྲིགས། ཁྱད་པར་དུ་ཡང་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་རྒྱལ་པོ་དཔལ་ལྡན་རྒྱུད་བཞི་ཆ་ལག་དང་བཅས་པའི་བཀའ་གཏད་ནི་ཁོ་བོ་གཅིག་པུ་ལས་གཞན་མ་མ་གནང་ཞིང་། ཁོ་བོ་ལ་བརྒྱུད་པ་གང་ཐུབ་ཚད་ནི་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་དོན་བཙན་ས་ཟིན་ནས། གསོ་བ་རིག་པས་སེམས་ཅན་ལ་ཕན་པ་གཞན་དོན་བསམ་གྱིས་མི་ཁྱབ་པ་དང་། བརྗོད་ཀྱིས་མི་ལངས་པ་བྱེད་པར་འགྱུར་རོ། ཞེས་ལུང་བསྟན་ཡང་དགྱེས་པར་མཛད་པ་ཡིན་ལ། ཞེས་དང་། <<སྐུ་ལྔ་ལྷུན་གྲུབ་མར>> ཁོ་བོ་རུ་མཚམས་སུམ་པའི་བུ། །ཛྙཱ་ན་དྷ་ར་བདག་འདྲ་ཡིས། །དཔོན་ཁོང་གི་སྙན་པ་རྒྱང་ནས་ཐོས། །མཚན་ཐོས་པ་ཙམ་གྱིས་མོས་པ་སྐྱེས། །ལམ་དཀའ་བ་སྤྱད་ནས་སྤྱན་སྔར་ཕྱིན། །ཞལ་མཐོང་བ་ཙམ་གྱིས་བྱིན་རླབས་ཕོག །ལོངས་སྤྱོད་འབུལ་ནོར་མི་ཆེ་ཡང་། །ཕ་ཞིང་རྟ་རུ་བཙོངས་ནས་ཕུལ། །ལུས་ཀྱིས་ཞབས་ཏོག་མ་གྲུབ་ཀྱང་། །བླ་མས་ཅི་གསུངས་བཀའ་མ་བཅག །ཚིག་དོན་དཔྱོད་ཁམ་མི་ཆེ་ཡང་། །གཡེལ་འཁྲུལ་མེད་པར་ལོ་གསུམ་བསླབས། །རྒྱ་ཕྱེད་སྙན་གྲོང་སྡོད་དུས་སུ། །གདམས་པའི་རྩ་བ་མ་ཆད་ཀྱང་། །ལན་ཅིག་སྨོན་ལམ་ཐུགས་རྗེ་ཡིས། །གསོ་བ་རིག་པའི་རྒྱུད་འདི་གནང་། །ཆད་ལྷག་མེད་པའི་དབུ་སྙུང་བཞེས། །དྲང་སྲོང་བརྒྱུད་པའི་བྱིན་རླབས་མཛད། །ཆིག་བརྒྱུད་རྒྱུན་མི་ཆད་པའི་ཕྱིར། །ད་རེས་ཁྱེད་ལ་གཏད་པ་ཡིན། །ད་ཡང་མི་སྤེལ་གཏེར་དུ་སྦེད། །མཆེད་གྲོགས་གཞན་གྱིས་མ་མཐོང་བར། །ཕག་ཏུ་ཡིག་ཆུང་ཟིན་བྲིས་ཐོབ། །ལོ་སྐོར་གཅིག་ཏུ་གསང་ཐུབ་གྱིས། །དེ་ཡིས་དངོས་གྲུབ་ཐོབ་པོ་གསུངས། །གསུངས་པ་བཞིན་དུ་ལག་ལེན་བྱས། །རེས་འགའ་རི་བོའི་རྩེ་ལ་བྲིས། རེས་འགའ་གྲོག་པོའི་ཕུགས་སུ་བྲིས། །རེས་འགའ་ཤིང་གསེབ་རྩིག་ཕག་བྲིས། །དེ་ནས་ལོ་གྲངས་བཅུ་གསུམ་ན། །གནམ་ལོ་རྒྱལ་པོ་རྟ་ལོ་ལ། །གཡས་རུ་དཔལ་སྐོར་ལྷ་ཁང་དུ། །ཕྱི་མོ་ཟིན་བྲིས་དཔེ་ལ་བཤུས། །སྔོན་ཆད་ཐོས་ཚོར་མཐོང་བ་མེད། ད་ནི་མཁའ་ལ་ཉི་ཤར་བཞིན། །འགྲོ་བའི་དཔལ་དུ་ཤར་བར་ཤོག །

མཁས་པ་གཡུ་ཐོག་མགོན་པོ་དེ། །རིག་པའི་ཡེ་ཤེས་ལགས་པ་འདྲ། །དངོས་རང་ཡིད་ལས་སྐྱེས་སམ་སྙམ། །ཚེ་རབས་ཀྱི་བླ་མ་ཡིན་པར་ངེས། །བསམ་གྱིན་སྐུ་དྲིན་ཆེ་བའི་ཕྱིར། །མི་བརྗེད་དུས་གསུམ་གཙུག་ཏུ་འཁུར། །རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །དཔོན་ཁོང་ལ་བུ་སློབ་གྲངས་མང་ཡང་། །སྐུ་ཚེའི་སྟོད་ལ་གྲགས་པ་དེ། །རྩིས་མདའ་བྱང་སྨན་དཔེ་ལེ་ཡིས། །ཆེ་འགྲན་དཔོན་ལ་བྱེད་བྱེད་ནས། །གདམས་པ་འདི་ཡི་རྩད་མ་ཆོད། །དེང་སང་གྲགས་པ་ཅི་ལ་བྱེད། །སྐུ་ཚེའི་བར་དུ་གྲགས་པ་དེ། །ཁམས་ཀྱི་སྟོན་པ་ཨ་ཚེས་ཡིན། །བརྒྱད་པའི་རྩ་འགྲེལ་བསྒྲིགས་བསྒྲིགས་ནས། །གདམས་པ་འདི་ཡི་རྩད་མ་ཆོད། །དེང་སང་གཞུང་བཤད་གང་ལ་བྱེད། །སྐུ་ཚེའི་སྨད་དུ་གྲགས་པ་དེ། །ནུབ་ཀྱི་དགེ་བཤེས་རོག་ཆུང་ཡིན། །རིགས་བརྒྱུད་ཆེ་ས་འཛིན་འཛིན་ནས། །གདམས་པ་འདི་ཡི་རྩད་མ་ཆོད། །དེང་སང་འཁོར་རྣམས་ཅི་ཡིས་སྐྱོང་། །ཐོག་མར་དུས་མེད་བསྒྲིལ་བ་ཡིས། །སྲས་པོ་གཉིས་དང་མག་པ་གཉིས། །དཔོན་སློབ་གོམས་འདྲིས་འཁྱེར་འཁྱེར་ནས། །གདམས་པ་འདི་ཡི་རྩད་མ་ཆོད། །དེང་སང་བུ་སློབ་ཅི་ཡིས་སྐྱོང་། །ཕྱོགས་ནས་བྱོན་པའི་བུ་སློབ་རྣམས། །ལ་ལ་སྡིག་ཐོག་སྣ་རེ་སློབ། །ལ་ལ་སྣང་ཚད་གཅེས་པར་འཛིན། །ལ་ལ་རྩད་གཅོད་ནན་ཞུས་བྱེད། །ལ་ལ་བྱུང་ཚད་ཡིག་སྣ་སྒྲུབ། །ལ་ལ་ཟོང་མེད་སྟོང་ལོག་བྱེད། །ལ་ལ་ལག་ལེན་བལྟས་ནས་འགྲོ། །ལ་ལ་གཞས་དང་དགོད་འཕྱོ་བྱེད། །ལ་ལ་དོན་མེད་ལྡོང་ལྡང་བྱེད། །གདམས་པ་འདི་ཡི་རྩད་མ་ཆོད། །ཁོང་དེང་སང་ནད་ཅི་ཡིས་སྐྱོང་། །མཁས་པ་གཡུ་ཐོག་མགོན་པོ་ཡི། །གདམས་པ་ཐོབ་པ་ཨ་བོ་ཙམ། གཡུ་ཐོག་བཀའ་བབས་བདག་ལ་བབས། །འཚོ་བྱེད་གཞོན་ནུ་བྱོན་ལགས་ཀྱང་། །སྨན་དཔྱད་ཞུ་རྒྱུ་མེད་དམ་སྙམ། །བདག་སྙན་གྲགས་བསོད་ནམས་མི་དགོས་ཏེ། །བླ་མ་དྲང་སྲོང་དངོས་དང་མཇལ། །གདམས་ངག་མི་ཚེའི་ཀ་ཐབས་མེད། །ཞེས་གསུངས་སོ།།

སུམ་སྟོན་གྱི་བརྩམས་ཆོས་ནི་<<གཡུ་ཐོག་པའི་རྣམ་ཐར་བཀའ་རྒྱ་མའམ་སྐུ་ལྔ་ལྷུན་གྲུབ་མ་>>དང་། <<གསང་བའི་རྣམ་ཐར།>> <<བཤད་རྒྱུད་ཀྱི་འགྲེལ་པ་འབུམ་ནག་གསལ་སྒྲོན།>> <<རྐང་འབམ་གསོ་བ་སྙན་བརྒྱུད་ཟིན་བྲིས་>>ལ་སོགས་པ་དང་། གཙོ་བོར་དཔལ་ལྡན་རྒྱུད་བཞིའི་འཕྲིན་ལས་རྒྱ་ཆེར་བསྐྱངས་པ་ཡིན།

སུམ་སྟོན་གྱི་སློབ་མའི་གཙོ་བོ་ནི་གཞོན་ནུ་ཡེ་ཤེས་ཡིན་ཏེ། སྐུ་ལྔ་ལྷུན་གྲུབ་མ་ལས། རིག་པའི་ཡེ་ཤེས་གཡུ་ཐོག་མགོན་པོ་ལགས། །ཡིད་ལས་སྐྱེས་ནི་སློབ་དཔོན་ལྷ་རྗེ་ལགས། །དངོས་རང་འཚོ་བྱེད་གཞོན་ནུ་ཡེ་ཤེས་ལགས། །ཚེ་རབས་ཐོག་མ་མེད་པའི་སློབ་དཔོན་ལགས། །བླ་མའི་ཐུགས་རྗེས་ཁོ་བོ་ཟིན་པ་ལགས། །སྣོད་ལྡན་བདག་ལ་བླ་མ་བཀའ་དྲིན་ཆེ། །ཞེས་གསུངས་པ་ལྟར་རོ།། །།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༣༨༽ གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ།

བྱམས་པ་འཕྲིན་ལས།

 

གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ཞེས་པ་ནི། སྔར་གྱི་གཡུ་ཐོག་རྙིང་མའི་རིགས་ལས་མཆེད་པའི་གདུང་རབས་བཅུ་གསུམ་པ་ན། གཙང་ཉང་སྟོད་ཀྱི་སའི་ཆ་སྒོ་བཞི་(1)རེ་ཐང་དུ་ཡབ་གཡུ་ཐོག་ཁྱུང་པོ་རྡོ་རྗེ་(2)དང༌། ཡུམ་པདྨ་འོད་ལྡན་གྱི་སྲས་སུ་དགེ་ལེགས་ཀྱི་མཚན་མ་བསམ་གྱིས་མི་ཁྱབ་པ་དང་བཅས་རབ་བྱུང་གཉིས་པའི་མེ་རྟ་སྤྱི་ལོ་ ༡༡༢༦ ལོ་ལ་སྐུ་འཁྲུངས། ཆུང་ངུ་ནས་བག་ཆགས་བཟང་པོའི་སྣང་བས་སྨན་གྱི་ངོས་འཛིན་ལ་སོགས་པ་འཁྲུལ་བ་མེད་པར་མཁྱེན། ཉིད་ཀྱི་གསུང་ལས་ཀྱང༌། ཁོ་བོ་གཡུ་ཐོག་མགོན་པོ་ཡིས། །ལོ་བརྒྱད་ལོན་ནས་སྨན་དཔྱད་བསྐྱངས། །ཞེས་གསུངས་པ་ལྟར་འགྲོ་ཕན་གྱི་སྤྱོད་ཚུལ་བསྐྱངས།

དགུང་ལོ་བཅུ་གཉིས་ཀྱི་སྐབས་སུ་མང་མཁར་ཚ་ལུང་པ་རོག་སྟོན་དཀོན་ཅོག་སྐྱབས་སྒོ་བཞི་རེ་ཐང་དུ་བྱོན་དུས་རྒྱས་པ་འབུམ་དང༌། རྟ་སྒ་སྲབ་བཅས་འབུལ་བ་གྱ་ནོམས་པ་ཕུལ་ཏེ་དཔལ་ལྡན་རྒྱུད་བཞི་རྫོགས་པར་ཞུས་ནས་རེ་ཞིག་ཆིག་བརྒྱུད་ཀྱི་བཀའ་རྒྱ་མ་བཀྲོལ་བར་རང་གིས་ཟབ་བཞེས་སུ་མཛད། སྔ་ཕྱིར་རྒྱ་གར་དུ་ལན་དྲུག་དང༌། དེ་དུས་སིངྒྷ་ལ་དང་གསེར་གླིང་ཚུན་ཆད་ལ་ཕེབས། རྫུ་འཕྲུལ་གྱི་བཀོད་པ་བསྟན་པ་བསམ་ལས་འདས་ཤིང་བརྟན་གཡོའི་དངོས་པོ་ཀུན་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་གཟིགས་ཏེ། བཀའ་འགྱུར་དང་བསྟན་འགྱུར་ཐུགས་ཐོག་ནས་འཆད་པ་དང༌། རྒྱ་གར་རྡོ་རྗེ་གདན་དུ་པཎ་ཆེན་བརྒྱ་ཕྲག་དུ་མའི་ཚོགས་དཔོན་མཛད། སྐུ་ཚེའི་སྟོད་དུ་ཡན་ལག་བརྒྱད་པ་ཁོ་ནའི་འཕྲིན་ལས་བསྐྱངས།

དེ་ནས་《རྩ་དཔྱད་རིག་པ་དང་རང་གསལ་》སྡེ་ཚན་ལྔ་པ་དང༌། 《ལག་ལེན་པོད་ཆུང༌།》 《རྒྱུད་ཆུང་བདུད་རྩི་སྙིང་པོ།》 《ཤོག་དྲིལ་སྐོར་གསུམ།》 《ལྡེ་མིག་སྐོར་དྲུག་》སོགས་སྨན་གཞུང་མང་པོ་བརྩམས་པར་མཛད། ཉིད་ཀྱི་རྣམ་ཐར་ནང༌། ཁོ་བོ་གཡུ་ཐོག་མགོན་པོ་བདག་གིས་ནི། །སུམ་ཅུ་བཞི་ལ་རྒྱ་གར་ཡུལ་དུ་ཕྱིན། །ཡན་ལག་བརྒྱད་དང་ལྕང་ལོ་ནག་པོའི་རྒྱུད། །བསིལ་གཟེར་གནད་དང་རྒྱུད་རིགས་དྲུག་ཅུ་ལྔ། །དེ་ལ་སོགས་པའི་གསང་བའི་གདམས་པ་རྣམས། །མ་ནོར་སོ་སོར་བདག་གིས་ཀུན་ཐོས་ནས། །མི་ལོ་མང་དུ་འཇིག་རྟེན་གདམས་པ་རྣམས། །མ་ནོར་སོ་སོར་བདག་གིས་ཀུན་ཐོས་ནས། །མི་ལོ་མང་དུ་འཇིག་རྟེན་ཁམས་སུ་བསྡད། །བུ་སློབ་དོན་དུ་ཤོག་དྲིལ་སྐོར་གསུམ་མཛད། །ད་ནི་གཡུ་ཐོག་ཤི་ཡང་འགྱོད་པ་མེད། །ཅེས་དང༌། ཡང་རྣམ་ཐར་ལས། གཡུ་ཐོག་མགོན་པོ་བདག་གིས་ནི། །མི་ལོ་བདུན་ཅུ་རྩ་བདུན་དུ། །རིན་ཆེན་གསོ་དཔྱད་སྲོག་བཞིན་བསྐྱངས། །ཞེས་གསུངས་པ་བཅས་མདོར་ན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའི་སྐུ་ཚེ་ཧྲིལ་པོ་ནི་ནད་པའི་འགྲོ་དོན་བསྐྱངས་ནས་བཞུགས་པའི་ཁར་སྐུ་ཚེའི་མཇུག་ཏུ་དཔལ་ལྡན་རྒྱུད་བཞི་འདི་ཉིད་གསོ་དཔྱད་ཀུན་གྱི་ཡང་རྩེར་གཟིགས་ནས་ཕྱི་རབས་ཀྱི་དོན་དུ་བཀའ་རྒྱ་བཀྲོལ་ཏེ་ལུས་ཅན་ཀུན་གྱི་སྤྱི་ནོར་དུ་སྤེལ་ནས་རྩ་རྒྱུད་ཀྱི་ལེའུའི་གྲངས་དང༌། བཤད་རྒྱུད་དུ་ཇ་དང་སྨན་ཟས་ལེའུ་སོགས་སུ་ཐོར་བུའི་བསྣན་ཁ་བཅོས། ཕྱི་རྒྱུད་དུ་སྨན་དཔྱད་ཟླ་བའི་རྒྱལ་པོའི་དགོངས་པ་རྩ་ཆུའི་བརྟག་པ་དང་མ་བུ་དགྲ་གྲོགས། ཇ་དཀར་ཡོལ་ལ་སོགས་པ་དང༌། མན་རྒྱུད་དུའང་དོན་གོང་མཚུངས་ཀྱི་བསྣན་ཁ་དང་ཞུས་ལེགས་པར་མཛད་དེ། བུའི་དོན་དུ་གསེར་མཆན་དང༌། སློབ་མའི་ངོར་ཟོང་མཆན་ཞེས་པའི་མང་ཉུང་གཉིས་བཀོད།

རྒྱུད་བཞིའི་འཆད་ཐབས་སུ་ཆ་ལག་བཅུ་གསུམ་མམ་བཅོ་བརྒྱད་དུ་གྲགས་པ་《ཁོག་འབུགས་ཁྱུང་ཆེན་ལྡིང་བ་》དང༌། 《སྟོང་ཐུན་མཛེས་པའི་འཇའ་རིས།》 《ས་བཅད་སྟག་མོའི་རྔམས་ཐབས།》 《ཌིཀྐ་མུན་སེལ་གྲོན་མེ།》 《འགྲེལ་བ་འབུམ་ནག་གསལ་སྒྲོན།》 《རྩོད་བཟློག་གེགས་སེལ་འཁོར་ལོ།》 《སྐོར་ཚོམས་སྟོང་ཐུན་བཅུ་གཅིག》 《མིང་དོན་བརྡ་སྤྲོད་རྣམ་ལྔ།》 《ལག་ལེན་རིན་ཆེན་གཏེར་སྤུངས།》 《ཁ་ཐོར་རིན་ཆེན་སྤུངས་པ།》 《ལག་ལེན་སྨར་ཁྲིད་ཡིག་ཆུང༌།》 《མེད་ཐབས་མེད་པ་རྣམ་གསུམ།》 《གབ་པ་བཅོ་བརྒྱད།》 《ཟབ་པ་རྣམ་གསུམ།》 《མཁས་ཁྱད་ངོ་མཚར་བཞི་སྤྲུགས།》 《རྒྱུད་ཆུང་བདུད་རྩི་སྙིང་པོ།》 《གསོ་དཔྱད་མུ་ཏིག་ཕྲེང་བ།》 《ཕན་བྱ་སྔགས་འབུམ་དཀར་པོ་》བཅས་རྣམས་ཡོད་པ་ལས། 《སྐོར་ཚོམས་སྟོང་ཐུན་བཅུ་གཅིག་》དང༌། 《ལག་ལེན་སྨར་ཁྲིད་ཡིག་ཆུང༌།》 《གབ་པ་བཅོ་བརྒྱད།》 《མེ་ཐབས་མེད་པ་རྣམ་གསུམ།》 《ཁ་ཐོར་རིན་ཆེན་སྤུངས་པ།》 《ཁྱད་པར་ཟབ་པ་རྣམ་གསུམ།》 《མཁས་ཁྱད་ངོ་མཚར་བཞི་སྤྲུགས།》 《བདུད་རྩི་སྙིང་པོ།》 《མུ་ཏིག་ཕྲེང་བ་》རྣམས་གཡུ་ཐོག་པ་རང་གི་གསུང་ཡིན་པར་ཕལ་ཆེར་བཞེད་པ་དང༌། གཞན་མ་རྣམས་རྫ་ཡེ་ཤེས་གཟུངས་དང༌། ཤག་རམ་པ་ཉི་མ་དཔལ། འབལ་སྨན། བྲང་ཏི། རོག་སྟོན་དཀོན་ཅོག་སྐྱབས་སོགས་ཀྱིས་བརྩམས་ཤིང༌། དེ་མིན་《ཊྰིཀྐ་མུན་སེལ་སྒྲོན་མེ་》དང༌།  《མིང་དོན་བརྡ་སྤྲོད་རྣམ་ལྔ་》སོགས་བཻ་རོས་མཛད་ཅེས་ཟེར།

གཞན་ཡང་སྨན་པའི་རྒྱལ་པོ་གཡུ་ཐོག་གསར་མ་ཞེས་པ་དེས་《སྔོ་འབུམ་ཆེན་མོ་》དང༌། 《མན་ངག་སྙིང་པོ་དྲིལ་བ་འབུམ་ཁུ་ཚུར།》 《ཐོར་བུ་མེ་ལེན།》 《དེབ་ཆིངས་སྐྱོགས་ཀྱི་དཔེ་རིས།》 《བྱང་ཁོག་གི་རྩ་པྲ།》 《སྨུག་པོ་གསོ་བ་ཆུ་རྒྱུན་གྱི་གདམས་པ།》 《ལག་ལེན་པོད་ཆུང༌།》 《ཆུའི་འཁོར་ལོ།》 《པྲ་གསལ་བའི་མེ་ལོང༌།》 《བུ་དོན་མ།》 《འབྱུང་བ་ལུས་འཁྲུགས་ཀྱི་གེགས་སེལ།》 《དུག་ནད་ཞི་བ།》 《མོ་ནད་བཅོས་ཐབས་ཡིག་སྣ་བཅུ་བཞི་པ།》 《གཟེར་སྨན་གཉེན་པོ་ལྔ་སྦྱོར།》 《སྨན་པའི་བྱ་བ་མདོར་བསྡུས་》སོགས་མཛད་དེ་བོད་གངས་ཅན་གྱི་ཡུལ་དུ་གསོ་དཔྱད་ཀྱི་བསྟན་པའི་སྒྲོན་མེ་ཆེས་ཆེར་སྤར་བར་མཛད། དམ་པ་དེ་ལ་རྗེས་འཇུག་གི་སློབ་མ་ཀུན་བསྡོམས་ན་གནམ་གྱི་སྐར་མ་དང་སའི་དྲེག་ པའི་དཔེ་བཞིན་བྱུང་བ་ནས་ཡོངས་གྲགས་ནི་ལྗང་སྨན་ལེབ་སེ། འབལ་སྨན་ཉི་མ་དཔལ། རྫ་ཡེ་ཤེས་གཟུངས། སྟོན་པ་ཨ་ཚེས། ཤག་རམ་པ་ཉི་མ་དཔལ། གཡུ་ཐོག་འབུམ་སེང་དང༌། བསོད་སེང༌། སུམ་སྟོན་ཡེ་ཤེས་གཟུངས། དགེ་བཤེས་རོག་ཆུང་རྣམས་ཡིན་ནོ།། །།

(1) སྒོ་བཞི་ནི། ཤར་སྒོ་རྭ་ལུང་ཆོས་ཀྱི་སྒོ། ལྷོ་སྒོ་ཉིང་རོ་ཤིང་གི་སྒོ། བྱང་སྒོ་རྡོ་ལྕགས་ལྕགས་ཀྱི་སྒོ། ནུབ་སྒོ་རྒྱ་བྲག་ནས་ཀྱི་སྒོ། ཞེས་མྱང་ཆོས་འབྱུང་ལས་གསུངས།

(2) བྲང་ཏིའི་ཤེས་བྱ་རབ་གསལ་རྒྱས་པ་ལས་ཁྱུང་པོ་རྡོ་རྗེ་ནི། མཁས་གྲུབ་ནུས་མཐུ་ལྡན་པའི་སྨན་པ་རྣམ་བཞི་དྲངས་སྐབས་ལུང་མར་གྱི་གཡུ་ཐོག་ཁྱུང་པོ་ཞེས་གསལ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༤༠༽  གཏེར་སྟོན་ཀུ་ས་སྨན་པ།

བྱམས་པ་འཕྲིན་ལས།

 

གཏེར་སྟོན་ཀུ་ས་སྨན་པ་ནི་ཐང་ཡིག་ལས། ལ་སྟོད་བཙན་ཡུལ་བོན་ལ་སོ་ནམ་བྱེད། །འཛམ་གླིང་རྒྱལ་པོའི་དཔོན་བརྒྱུད་འབངས་མི་ནོན། །ལྷོ་གཏེར་གཏེར་ཕྲན་འགའ་ཞིག་སྦས་པ་འདི། །མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང་། །གཏེར་སྟོན་ཀུ་ས་སྨན་པ་ཞེས་བྱ་འབྱུང་། །ཞེས་པ་ལྟར་སྤྱིར་གཏེར་མར་གྲགས་པ་ནི། སློབ་དཔོན་པདྨའི་གསུངས་ལས། མ་འོངས་དོན་དུ་རིན་ཆེན་ཆོས་གཏེར་སྦས། །དེས་ན་གཏེར་གྱིས་འགྲོ་བ་དཔག་མེད་འདྲེན། །ཞེས་གསུངས་པ་ལྟར་གྱི་ཟབ་གཏེར་ནང་ཆོས་དང་། སྨན། རྩིས། བོན་ལ་སོགས་པ་དཔག་ཏུ་མེད་པར་ཡོད་པའི་ཁར་ད་དུང་ནོར་གྱི་བྱེ་བྲག་མང་པོ་ཞིག་ཀྱང་གཏེར་དུ་སྦས་ནས་རྒྱལ་བརྒྱུད་ཕྱི་མ་རྣམས་ཀྱི་ནོར་སྐལ་ལྟ་བུར་བཞག་པའང་ཡོད་འདུག་དཔེར་ན་རྒྱལ་པོ་བཀའ་ཐང་ནང་། རྒྱལ་བརྒྱུད་ནོར་སྐལ་དཀོར་ནོར་སྦས་པ་དང་། །ས་དམིགས་འདོམ་དང་མདའ་ཡིས་གཞལ་ཚོད་རྣམས། །ནང་ནོར་སེམས་ལ་གཏེར་སྲུང་མཆོད་དེ་ཐོན། །བློ་ཐུབ་ནང་བློན་ཐུགས་གཅེས་ཁྲིད་ནས་ནི། །ནུས་པ་ལྡན་པའི་སྐྱེས་བུས་ས་ལ་བྲུས། །གསང་ཐུབ་བློན་ཆེན་རྒྱལ་བརྒྱུད་ཕྱི་རབས་རྣམས། །ནོར་ཆེན་གང་འདོད་ལོངས་ལ་སྤྱོད་ཅིང་མཆོད། ཅེས་གསུངས་པ་དང་།

གོང་གསལ་ཀུ་ས་སྨན་པ་ཞེས་པས་འབྲུག་ཡུལ་གྱི་སྦ་གྲོ་བཅལ་སོགས་ནས་ཆོས་དང་། སྨན། བོན་གསུམ་གྱི་ཟབ་གཏེར་དུ་མ་བཏོན་རིང་ལྷག་པར་གཏེར་ཆོས་གཞན་ལས་ཀྱང་སྨན་དཔྱད་ཀྱི་འགྲོ་དོན་རྒྱ་ཆེ་བ་ཞིག་བྱུང་བའི་སྐོར་སྡེ་སྲིད་ཁོག་འབུགས་ནང་འཁོད་པ་དང་། ཡང་ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པ་རིན་ཆེན་བཻ་ཌཱུརྱའི་ཕྲེང་བ་ཞེས་པའི་ཤོག་གྲངས་༤༢ བ་༢ ནང་། གཏེར་སྟོན་ཀུ་ས་སྨན་པ་ནི། བཻ་རོའི་སྐྱེ་མཐའ་ལྷོ་བྲག་གི་ཕྱོགས་སུ་འཁྲུངས། རྟེན་སྨན་སྔགས་དཀྱུས་མ། དབེན་གནས་རྣམས་སུ་སྒྲུབ་པ་མཛད་པས་ཀུན་སྤང་ཟླ་འོད་དང་། སྨན་པ་པདྨ་སྐྱབས་སུ་གྲགས། ཀུ་ས་ནི་ས་མིང་དང་། སྟོན་པ་ནི་གཞུང་ལུགས་ཅི་རིགས་པ་མཁྱེན་པའི་སྦས་པའི་རྣལ་འབྱོར་ཆེན་པོ་སྟེ་དེ་ཉིད་ཀྱིས་སྦ་གྲོ་བཅལ་གྱི་བྲག་སྡིག་རུ་འཛིངས་པ་འདྲ་བ་ནས་གཏེར་ཞལ་ཕྱེ་པ་ལས། གཏེར་སྒྲོམ་དྲིལ་བུའི་དབྱིབས་སོགས་བཞི་བྱུང་བའི་དྲིལ་བུ་ལས་ཆོས། གཤང་ལས་བོན། གཙག་ཆའི་སྒྲོམ་བུ་ལས་སྨན། གབ་ཙེ་ལས་རྩིས་ཀྱི་སྐོར་རྒྱ་ཆེར་ཐོན་པར་གྲགས་ནའང་དེང་སང་དབང་ལག་གི་བཅུད་ལེན་དཔེ་ལུང་གཉིས་ཀའི་རྒྱུན་བཞུགས་པ་ཙམ་ལས་གཞན་མ་མཇལ་ཞེས་དང་། ཤོག་གྲངས་༤༣ ན་༣ ནང་འདི་ཉིད་ཆོས་དབང་རིན་པོ་ཆེའི་སྐུ་ཚེའི་སྟོད་གཡུ་ཐོག་པ་དང་དུས་མཉམ་དུ་བྱོན་པར་གསལ་བས་བོན་གྱི་གཏེར་འབྱུང་འགའ་རེར་གཡུ་ཐོག་པ་དང་གཅིག་པར་བྱས་ཀྱང་དེ་གཉིས་གཅིག་པའི་གནས་མེད་དོ་ཞེས་གསུངས་འདུག། །།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༤༡༽ ཨ་ཡ་བོན་པོ་ལྷ་འབུམ།

བྱམས་པ་འཕྲིན་ལས།

ཨ་ཡ་བོན་པོ་ལྷ་འབུམ་ནི། བྱང་གི་ཕྱི་གོང་རུ་བ་འཚུབ་མས་ཁྱེར། །བོད་འདིར་དམ་ཆོས་བསྟན་པ་གསུམ་དུ་གྱེས། །བཀའ་གཏེར་གཉིས་ཀྱིས་སངས་རྒྱས་བསྟན་པ་སྐྱོང་། །གཙང་གི་རུ་མཚམས་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །ཨ་ཡ་བོན་པོ་ལྷ་བའུམ་ཞེས་བྱ་འབྱུང་། །ཞེས་པ་བཻ་རོ་ཙ་ན་དང་དྲན་པ་ནམ་མཁའ་ཟུང་དུ་འཇུག་པའི་རྣམ་འཕྲུལ་གཙང་རྟ་ནག་གི་ཕྱོགས་སུ་འབྲོམ་སྟོན་པ་སོགས་དང་དུས་མཉམ་དུ་འཁྲུངས། རྟེན་བོན་སྔགས། མཚན་ལྷ་འབུམ་མམ་བོན་གྱི་ཕྱོགས་སུ་གུ་རུ་རྣོན་རྩེར་གྲགས།

འདིས་གཙང་གི་རུ་མཚམས་དང་ཉེ་བའི་རྟ་ནག་དུང་ཁོར་བྲག་ནས་ཆོས་བོན་སྨན་རྩིས་ཀྱི་སྐོར་རྒྱ་ཆེའི་གཏེར་ཞལ་ཕྱེ་བར་གྲགས་ཀྱང་། རང་ལུགས་ལ་མདོས་ཕྲན་ཙམ་གྱི་ལུང་རྒྱུན་ལས་གཞན་མི་བཞུགས་ཞེས་གོང་གསལ་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་རིན་ཆེན་བཻཌཱུརྱའི་ཕྲེང་བ། ཤོག་གྲངས་༤༣ བ་༡ པར་གསལ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་ཤོག་གྲངས་༩༤ ན་༦ ནང་། ཡུལ་སྟོད་ལུང་དུ་འཁྲུངས་ཤིང་། རུས་བོན་ཡིན་པས་མིང་ལ་ཨ་ཡ་བོན་པོ་ལྷ་འབུམ་དུ་གྲགས་པ་དེས་ཀྱང་སྨན། རྩིས། ཆོས། བོན་བཞི་ཀ་རུ་མཚམས་ནས་ཕྱུགས་ཞེས་འཁྲུངས་ཡུལ་ཅུང་ཟད་མི་འདྲ་ཙམ་འདུག །

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༤༢༽ གཏེར་སྟོན་དབོན་གསས་ཁྱུང་རྒོད།

བྱམས་པ་འཕྲིན་ལས།

 

གཏེར་སྟོན་དབོན་གསས་ཁྱུང་རྒོད་ནི། སྤུ་རངས་རྒྱལ་པོས་དབུས་ལ་གསེར་འདོད་འབྱུང་། །སྡེ་པ་གྱེས་ཤིང་གནས་གཞི་ཐོབ་ཤ་བྱེད། །གྲོམ་པ་རྒྱང་ལ་སྦས་པའི་གཏེར་ཁ་འདི། །མི་བཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་། །གཏེར་སྟོན་དབེན་གསས་ཁྱུང་ཐོག་ཅེས་བྱ་འབྱུང་། །ཞེས་པའི་གཏེར་སྟོན་དབོན་གསས་ཁྱུང་ཐོག་ནི། འདིའི་དུས་རྟགས་ལྷ་བཙུན་བྱང་ཆུབ་འོད་ཀྱིས་བོད་བཙུན་རྣམས་ལ་ཤམ་ཐབས་མགོ་ཁྲལ་གྱི་གསེར་བསྡུས་ནས་ཇོ་བོ་རྗེ་སྤྱན་དྲངས་པའི་དུས་དེ་ཡིན་པར་འདོད། འཁྲུངས་ཡུལ་ལ་སྟོད་ལྷ་རྩེ་དང་ཉེ་བའི་ཕྱོགས་སུ་དབོན་གསས་ཞེས་བོན་གྱི་བླ་བརྒྱུད་ཅིག་ཏུ་འཁྲུངས། མཚན་ཁྱུང་ཐོག་སྩལ། རྟེན་བོན་གྱི་སྔགས་འཆང་། བཻ་རོའི་བྱིན་རླབས་ལ་བརྟེན་རུ་ལག་གྲོམ་པ་རྒྱང་གི་གཙུག་ལག་ཁང་ནས་ཆོས་བོན་སྨན་རྩིས་དྲག་སྔགས་བཅས་ཀྱི་ཟབ་གཏེར་རྒྱ་ཆེར་བཞེས་པར་གྲགས་ཀྱང་ཐོག་སྔས་པས་དེང་སང་ཆོས་བོན་གཉིས་ཀའི་ཕྱོགས་ལ་དཔེ་ལུང་གི་རྒྱུན་བཞུགས་པ་མ་མཇལ་ཞེས་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་རིན་ཆེན་བཻཌཱུརྱའི་ཕྲེང་བ་ལས་གསུངས་པ་དང་།

ཡང་དེ་ཉིད་ལས། གང་ལྟར་ཡང་སྦས་པའི་རྣལ་འབྱོར་གྱི་ཚུལ་གྱིས་འགྲོ་དོན་ཡུན་རིང་དུ་བསྐྱངས་ནའང་གྲོང་སྔགས་དཀྱུས་མའི་ཚུལ་ལས་ཆོས་ཀྱི་འཕྲིན་ལས་རྒྱ་ཆེར་མ་བྱུང་བར་མངོན། སྐུ་ཚེ་ཡུན་རིང་དུ་བཞུགས་ཤིང་མཐར་གཟུགས་ཅན་རྣམས་ཀྱི་སྣང་ངོར་སྐུ་འོད་ཀྱི་ཕུང་པོ་ཨ་ཡིག་དཀར་པོའི་རྣམ་པ་མཁའ་ལ་ཐིམ་པར་གསལ། དེ་ལྟར་ན་ཐང་ཡིག་གི་ལུང་བསྟན་དོན་ནི་འདི་ཁོ་ནར་ངེས། གཞན་དུ་བོན་རྣམས་རིག་འཛིན་རྒོད་ལྡེམ་ལ་དབོན་གསས་ཁྱུང་རྒོད་ཅེས་མཚན་འདོགས་ཤིང་། ཕྱིས་རིག་འཛིན་ཆོས་རྗེ་གླིང་པའི་དུས་སྟག་མོ་གཏེར་སྟོན་དབོན་གསས་ཁྱུང་ཐོག་ཅེས་པ་ཞིག་ལ་སྟོད་དུ་བྱུང་པ་དེའི་རྣམ་ཐར་ཟུར་དུ་ཡོད་ཅེས་གསལ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་ཤོག་གྲངས་༡༠༢ བ་༡ ནང་། གཏེར་སྟོན་དབོན་གསས་ཁྱུང་རྒོད་ཀྱིས་ལྷོ་བྲག་ནས་ཟབ་གཏེར་ལ་སྤྱན་དྲངས་པ་བདུད་རྩི་བུམ་པ་འབྲིང་བ་ཞེས་འཁོད་པ་བཅས། མདོར་ན་དབོན་གསས་ཁྱུང་ཐོག་ནི་ཇོ་བོ་ཨ་ཏི་ཤའི་དུས་ཙམ་སྟེ་ཧ་ཅང་སྔ་བའི་དུས་སུ་བྱུང་བའོ།། །།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༤༣༽ དགེ་སྦྱོང་པྲ་བྷ་རཏྣ།

བྱམས་པ་འཕྲིན་ལས།

 

དགེ་སྦྱོང་པྲ་བྷ་རཏྣ་ཞེས་པ་ནི། མཉམ་མེད་དྭགས་པོ་ལྷ་རྗེའི་རྗེས་སུ་ཞུགས་ཏེ་གསོ་དཔྱད་སོགས་གང་ལའང་མཁས་པར་སྦྱངས་པའི་སྐྱེས་བུ་ཁྱད་དུ་འཕགས་པ་ཞིག་ཡིན། དམ་པ་དེའི་འཁྲུངས་ལོ་དང་། ཡབ་ཡུམ་གྱི་མཚན་སོགས་རྣམ་ཐར་མ་མཐོང་ཡང་། ཁོང་གིས་ཕྱོགས་སྒྲིག་གནང་བའི་སྨན་དཔེ་མིང་ལ་”ཆོས་རྗེ་རིན་པོ་ཆེ་དྭགས་པོ་ལྷ་རྗེའི་གསུང་སྒྲོས་ཕན་བྱེད་རིག་པའི་མཛོད་”ཅེས་བྱ་བ་ལེའུ་བཅོ་ལྔའི་བདག་ཉིད་ཅན་འདུག་པ་དེའི་ནང་། དང་པོ་ཕན་པ་སྔགས་ཀྱི་ལེའུ་དང་། གཉིས་པ་སྲིན་ནད་གསོ་བ། གསུམ་པ་རྩ་བཤལ། བཞི་པ་དབང་པོ་རང་ནད་བཅོས་པ། ལྔ་པ་གཉན་ནད་བཅོས་པ། དྲུག་པ་འབྲས་ནད་བཅོས་པ། བདུན་པ་འཁྱིམས་པ་དྲངས་པ་དང་། བླུགས་པ་སྡོམས་པ། བརྒྱད་པ་གཏར་བསྲེག་མདོར་བསྟན། དགུ་པ་སྨན་རྣོ་འཇམ་ཉེ་བར་མཁོ་བའི་ལེའུ། བཅུ་པ་གློ་ནད་གསོ་བ། བཅུ་གཅིག་པ་མ་བུ་གཉིས། བཅུ་གཉིས་རིམས་ནད་གསོ་བ། བཅུ་གསུམ་ཡན་ལག་དང་པོ་མགོ་བཅོས་པའི་ཐབས། བཅུ་བཞི་བྱང་ཁོག་རིན་པོ་ཆེ་དུམ་བུ་ཁྲིགས། བཅོ་ལྔ་ཡན་ལག་རིན་པོ་ཆེ་དུམ་བུ་ཁྲིགས་ཀྱི་ལེའུ་བཅས་པར་ཁྱོན་དཔེ་ཐུང་ཤོག་གྲངས་༢༡༦ ཅན་ངོ་མཚར་ཆེ་བ་ཞིག་འདུག དེའི་ནང་རྩ་ཡི་གནས་ལུགས་བཤད་དུས། ད་ནི་རྩ་ཡི་གནས་ལུགས་ལ། །ཀླད་པའི་རྩ་དང་ལྷ་བའི་རྩ། །ཤ་ཡི་རྩ་དང་གསུམ་དུ་འདོད། །དང་པོ་ཀླད་རྩའི་གནས་ལུགས་ལ། །ཀླད་པའི་རྩ་ཡི་དོན་སྙིང་ནི། །རྣམ་པ་ལྔ་ལ་རེ་རེ་གྱེས། །རྐུན་ལུག་ཐག་པས་བཏགས་པ་འདྲ། །དོན་སྙིང་རྣམ་ལྔའི་སྒྲིལ་ཐག་ནི། །རིན་པོ་ཆེ་ཡི་སྲོག་རྩ་ཡིན། །ཞེས་སོགས་གསུངས།

ལྷ་བའི་རྩ་ནི་དེ་ཉིད་ལས། ད་ནི་ལྷ་རྩའི་གནས་ལུགས་བཤད། །ལྷ་རྩ་ཞེས་བྱ་འདི་རྣམས་ཀྱང་། །དོན་སྙིང་རྣམ་ལྔའི་སྤྱི་རྩ་ཡིན། །ཀླད་པའི་གཟེར་རྩ་སྡོང་པོ་འདྲ། །ལྷ་བའི་རྩ་ནི་ཡལ་ག་འདྲ། །ཀླད་རྩ་གདུང་མ་ལྷ་རྩ་ཕྱམ། །ཞེས་སོགས་ཀྱི་དཔེ་དོན་དང་། ཤ་རྩའི་གནས་ལུགས་ནི། ད་ནི་ཤ་རྩའི་གནས་ལུགས་བསྟན། །རྩ་བྲན་རྣམ་པ་མང་ཡོད་ཀྱང་། །ཆོད་ན་གཉན་པ་འདི་རྣམས་ཡིན། །དཔྲལ་བའི་ནང་ཟུར་གཉིས་ན་ཡར། །འཕར་རྩ་འགྲེང་བུ་རེ་རེ་ཡོད། །རྣ་བའི་ནང་ཆན་གཉིས་ན་ཡར། །ལྗོན་ཤིང་ཞེས་བྱའི་རྩ་གཉིས་གནས། །ལོང་དང་རྒྱུ་མའི་རྩ་ཡིན་ཟེར། །ཞེས་སོགས་འཁོད་འདུག

དེ་བཞིན་འདྲ་དཔེའི་སྐོར་ཡང་།  ད་ནི་དོན་སྣོད་ཡུལ་བཤད་པ། །བྱང་ཁོག་གཡུ་ཡི་སྒྲོལ་མ་ནས། །བྱང་ཁོག་སྟོད་ནི་རིན་ཆེན་གསེར་ལས་བྱས་ཏེ་གཉན་ཏེ་སླེན། བྱང་ཁོག་སྨད་ནི་ལྕགས་ལས་བྱས་ཏེ་གྱོང་སྟེ་འགྲིན། བྱང་ཁོག་སྟོད་ནི་མེ་ཡི་ཁམས་ལས་བྱས་ཏེ་དྲོ། །བྱང་ཁོག་སྨད་ནི་ཆུ་ཡི་ཁམས་ལས་བྱས་ཏེ་གྲང་། །བྱང་ཁོག་སྟོད་ནི་ལྷ་ཁང་སྟོང་པ་འདྲ་སྟེ་ཡངས། །བྱང་ཁོག་སྨད་ནི་ཚོང་པའི་འབྲུམ་རྩེར་འདྲ་སྟེ་དོག །བྱང་ཁོག་སྟོད་ནི་ལུང་རིང་སྟོང་པ་འདྲ་བར་འདུག །བྱང་ཁོག་སྨད་ནི་ལུ་མ་གྱ་གྱུ་འདྲ་བར་འདུག །བྱང་ཁོག་སྟོད་ནི་རྒྱལ་བློན་སྟེང་རིགས་འདྲ་སྟེ་མཛངས། །བྱང་ཁོག་སྨད་ནི་གཉན་དང་ཀླུ་ནག་འདྲ་སྟེ་འཕྱོ། །ཞེས་བྱང་ཁོག་སྟོད་སྨད་ཀྱི་འདྲ་དཔེ་དང་། གཉན་པའི་གནས་ལུགས་སོགས་ལ་དཔེ་དོན་མང་པོ་གསུངས་འདུག

ལྷག་པར་པྲ་བྷ་རཏྣ་ཞེས་པ་དེ་ཉིད་ཀྱིས་དྭགས་པོ་ལྷ་རྗེའི་གསུང་སྒྲོས་ཕན་བྱེད་རིག་པའི་མཛོད་ཅེས་བྱ་བའི་མཇུག་ཏུ། ཁོ་བོས་གཞོན་ཚེ་མཁས་མང་བསྟེན། །གདམས་ངག་ཐོས་ཤིང་ལག་ལེན་མཐོང་། །དེ་ནས་རྒས་གཏུགས་ནད་པ་གསོས། །ཕན་དང་གནོད་པ་དུ་མ་མཐོང་། །ཡུལ་དང་བྱེས་ཀྱི་མཁས་པ་ལ། །གདམས་ངག་ཆོག་ཤེས་མེད་པར་ཞུས། །ད་ནི་ནད་པ་མཐོང་བའི་ཚེ། །མན་ཤེལ་ནང་གི་གཟུགས་བརྙན་བཞིན། །ཕྱི་ནང་མེད་པར་གསལ་མཐོང་བས། །སད་མདའ་མི་དགོས་གང་ལའང་། །ཐོག་བབས་ཉིད་དུ་བཅོས་པ་འཚལ། །དེ་ཡི་ཉམས་མྱོང་ཡོད་པ་དང་། །མཁས་གཞན་ཚིག་གི་ཟེགས་མ་དང་། །ཡ་གར་མ་བྱས་ཞལ་གདམས་རྣམས། །ཁོ་བོ་ཡུལ་གཞན་གཤེགས་པའི་ཚེ། །ནུབ་ཀྱི་དྭོགས་ནས་ཡི་གེར་བཀོད། །འདིར་བཤད་ལག་ལེན་ཐམས་ཅད་ལ། །ཐེ་ཚོམ་མི་འཚལ་བཅོས་པས་འཚོ། །སྨན་སྦྱོར་ཇི་སྙེད་ཡོད་པ་རྣམས། །ནད་ལ་ཕན་ཞིང་སྒྲུབ་པ་སླ། །འབངས་མོ་བ་སླད་འཚོལ་བ་བཞིན། །མུ་གསེབ་ཕྱིན་པས་རྙེད་པར་འགྱུར། །ཚིག་གི་རྒྱན་དང་སྙན་ངག་རྣམས། །གཙོ་བོར་མ་བྱས་གོ་སླར་བཀོད། །ཚིག་ཉུང་དོན་མང་གབ་ཡིག་དང་། །དོན་དང་མ་འབྲེལ་ཚིག་སྟོང་མེད། །ལོ་པཎ་བཀས་བཅད་བཞིན་དུ་བསྡེབས། །འོན་ཀྱང་ཚུར་རོལ་མཐོང་བ་ལ། །ནོར་བ་སྲིད་པས་ནོར་བ་ཀུན། །མཁས་པ་རྣམས་ལ་བཟོད་པར་གསོལ། །ཞེས་གསོ་བ་རིག་པའི་བསྟན་བཅོས་ཕན་བྱེད་རིག་པའི་མཛོད་ཅེས་བྱ་བ་མཁས་པར་སྦྱངས་པའི་དགེ་སྦྱོང་པྲ་བྷ་རཏྣ་ཞེས་བྱ་བས། ལུང་དང་རིགས་པ་ལ་བརྟེན་ནས་ཕྱི་རབས་ཀྱི་གང་ཟག་རྣམས་ལ་ཕན་པའི་བསམ་པས་སྦྱར་ནས། ཆོས་འཁོར་གྲོ་མཁར་གྱི་གཙུག་ལག་ཁང་དུ་སྦྱར་ཞེས་འཁོད་པས་མཉམ་མེད་དྭགས་པོ་ལྷ་རྗེའི་གསུང་སྒྲོས་དྲི་མ་མེད་པ་ཡིན་ངེས་ལགས།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༤༤༽ མཉམ་མེད་དྭགས་པོ་ལྷ་རྗེ།

བྱམས་པ་འཕྲིན་ལས།

 

མཉམ་མེད་དྭགས་པོ་ལྷ་རྗེ་ཞེས་པ་ནི། ཡབ་སྙི་བ་རྒྱལ་པོ་དང་། ཡུམ་ཤོ་མོ་བཟའ་ཚེ་ལྕམ་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་ས་ལུག་སྤྱི་ལོ་༡༠༧༩ ལོར་སྐུ་བལྟམས་ཤིང་། མཚན་ལ་དར་མ་གྲགས་ཞེས་བཏགས། སྙིང་པོ་ཀུན་དགའ་ཞེས་ཀྱང་ཟེར། དགུང་ལོ་བདུན་ཅུ་དོན་ལྔ་ཙམ་བཞུགས་སོ།།

སྐུ་ཆུང་དུས་ནས་གསོ་རིག་དང་སྔགས་ལ་སྦྱངས་བརྩོན་མཛད་པས་མཁས་པར་གྱུར་པ་དང་། སྨན་བཅོས་གཙོ་གྱུར་གྱིས་འགྲོ་དོན་རྒྱ་ཆེན་པོ་མཛད་པས་མཉམ་མེད་དྭགས་པོ་ལྷ་རྗེ་ཞེས་པའི་མཚན་སྙན་ཕྱོགས་ཀུན་ཏུ་ཁྱབ། དགུང་ལོ་ཉི་ཤུ་སྐོར་ནས་ཁབ་བཞེས་པས་སྲས་དང་སྲས་མོ་གཉིས་ཙམ་བྱུང་རུང་སྔ་རྟིང་དུ་སྐུ་ཚེ་མ་ཟིན། དེ་ནས་སླར་ཡང་སྐུ་ཟླ་དེ་ཉིད་བསྙུན་གཞི་ལྕི་བས་མནར་ཏེ་བཅོས་ཐབས་ཇི་ལྟར་མཛད་ཀྱང་མ་ཕན་པར་སྐུ་ཚེའི་འདུ་བྱེད་བཏང་བས་ཐུགས་ཡིད་ཤིན་ཏུ་སྐྱོ་སྟེ་དགུང་གྲངས་ཉེར་དྲུག་སྟེང་རབ་བྱུང་དང་བསྙེན་རྫོགས་དུས་གཅིག་ཏུ་བསྒྲུབས་ནས་མཚན་ལ་དགེ་སློང་བསོད་ནམས་རིན་ཆེན་དུ་གསོལ། ཐོག་མར་བཀའ་གདམས་པའི་དགེ་བའི་བཤེས་གཉེན་མང་པོའི་དྲུང་ནས་དམ་ཆོས་གསན་སྦྱོང་མཛད་ཅིང་། དགུང་ཕྲེང་སུམ་ཅུ་སོ་གཅིག་ལ་ཕེབས་སྐབས་གནས་སྐོར་བ་འགའ་ལ་གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་འདྲི་བརྩད་གནང་རྗེས་ཐུགས་ལ་མི་ཕྱེད་པའི་དད་པ་འཁྲུངས་ཏེ་ལམ་བར་དཀའ་བ་ཁྱད་དུ་བསད་ནས་རྗེ་བཙུན་མི་ལ་རས་པའི་དྲུང་དུ་ཕེབས་ནས་བཀའ་བརྒྱུད་ཀྱི་ཆོས་སྐོར་དུ་མ་གསན་ཏེ་ཐུགས་སྲས་དམ་པར་གྱུར།

དགུང་ལོ་བཞི་བཅུ་ཞེ་གསུམ་སྟེང་ལ་སྟོད་ཕྱོགས་ནས་ཕྱིར་ཕེབས་ཏེ་དྭཌ་ལྷ་སྒམ་པོར་དགོན་པ་བཏབ་ཅིང་། སློབ་བརྒྱུད་མང་པོ་བྱུང་ནས་དྭགས་པོ་བཀའ་བརྒྱུད་ཅེས་པའི་ཆོས་བརྒྱུད་དར། དྭགས་པོ་ལྷ་རྗེ་ནི་སྨན་དཔྱད་སྐོར་ལ་ཧ་ཅང་མཁས་པས་དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་དང་ཟབ་གསལ་སྙིང་ཐིག་ཅེས་པའི་ནང་ལུང་འདྲེན་མི་ཉུང་བ་ཞིག་ཡོད་པ་དང་། ལྷག་པར་དམ་པ་འདིས་དུག་བཅོས་སྐོར་ལ། དབང་རིལ་གྱི་ཕྱག་ལེན་ཐུན་མོང་མ་ཡིན་པའི་ཉམས་བཞེས་མཛད། དེའི་ནང་ནས་བསྒྲུབ་པའི་དབང་རིལ་གྱི་སྐོར་གསུངས་དུས། ངས་དབང་པོ་རིལ་བུའི་ལག་ལེན་ཐམས་ཅད་ཤེས་ཀྱང་ལག་ཏུ་མ་བླངས་པ་ཡིན། དེ་ཅི་མ་འཚལ་ན་བསྒྲུབ་པའི་པི་ལིང་འདི་ནི་འཛད་མེད་རལ་སྡུག་མེད་པའི་དབང་རིལ་དངོས་ཡིན་འདུག་གོ། །འདིས་མ་ཐུབ་ན་གཞན་གྱིས་མི་ཐུབ། དེ་བས་དབང་རིལ་བསྒྲུབ་པ་འདི་ནུས་པ་ཆེ། ངས་འདིས་ནད་པ་མང་པོ་གསོས་པ་ཡིན་ཞེས་ཞལ་བཞེས་གནང་།

བསྒྲུབ་པའི་པི་པི་ལིང་ཞེས་པ་ནི། ཐོར་འབུམ་ལས། འདི་ནི་ཀླུ་ཡིས་བསྒྲུབ་པ་ཡི། །དབང་པོ་རིལ་བུ་ཞེས་བྱའོ། །སེངྒེའི་འོ་མ་ཞེས་ཀྱང་བྱ། །རང་བྱུང་དབང་རིལ་སེང་འོ་ལས། །རྫས་དང་གྲུབ་པ་འདི་ཉིད་ལྷག །བསྒྲུབ་པའི་པི་པི་ལིང་ཡང་ཟེར། །པི་པི་ལིང་ཞེས་བྱ་བའི་དོན། །མང་དུ་ཚོགས་པའི་པི་ལིང་ཞེས། །མ་ཚང་མེད་པར་སླར་ཡང་པི། །ནད་ཀུན་འདུལ་བས་ལིང་ཞེས་བརྗོད། །སྔགས་དང་ལྡན་པས་བསྒྲུབ་ཅེས་བྱ། །ཞེས་པའི་མིང་གི་རྒྱུ་མཚན་དང་། སྨན་ནི། སྔོ་ལེབ་སྤུ་དང་དུག་འཕྲལ་གཙོ། །ཧོང་ལེན་དཔའ་སེར་ཨ་རུ་ར། །ཚ་བ་གསུམ་དང་ཤིང་མངར་དང་། །ཞེས་སོགས་ནས་གཞན་ཡང་ལང་ཐང་ཙེ་དང་ནི། པདྨ་གྷི་ཝང་བཅས་པ་སྟེ། །ཐམས་ཅད་ཚང་ལ་ཆ་མཉམ་པ། མ་འདྲེས་བཀོད་པ་བུམ་པའམ། །རིན་ཆེན་སྣོད་དུ་བཤམ་པར་བྱ། །ཞེས་གསུངས།

དེ་བཞིན་དྭགས་པོ་ལྷ་རྗེས། རྒྱ་ནག་ཞི་ཐན་གྱི་རྒྱལ་པོའི་སྨན་པ་ཟུར་ཕུད་གཅེས་ཞེས་བྱ་བ་ལ་གཏུགས་ནས་དབང་པོ་རིལ་བུའི་གཏོང་ཐབས་ལག་ལེན་བདུན་བརྒྱ་དང་བཞི་བཅུ་ཞེ་གསུམ་མཁྱེན་པའི་སྐོར། གོང་གསལ་དིའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ཟབ་གསལ་སྙིང་ཐིག་ཅེས་པའི་ནང་ཞིབ་རྒྱས་འཁོད་འདུག གཞན་ཡང་མང་ཚོགས་ཁྲོད་དུ་བཤད་སྒྲོས་ལྟར་དྭགས་པོ་ལྷ་རྗེའི་ཡུམ་ཉིད་ལ་ཕུག་མཆོད་ཉེས་སུ་སོང་བས་ཕོ་གཅོང་གི་ནད་ཕོག་ནས་སྐུ་གཤེགས་པ་དང་། དེ་ལ་དྭགས་པོ་ལྷ་རྗེ་སྐུ་ངོ་མས་ཡུམ་གྱི་སྐུ་ཕུང་གི་ནང་ནས་ལ་ཕུག་བླངས་ཏེ་སྨན་སྣ་གང་དང་གང་ལ་ཕོ་ལོང་རྒྱུ་གཅོང་ནད་ལ་ཕན་ནུས་ཇི་ཡོད་ཞིབ་འཇུག་གནང་མཐར། དྭགས་སྨན་བཅོ་ལྔའམ་བཅོ་ལྔ་དྲག་སྦྱོར་ཞེས་པ་མ་ཞུ་ཕོ་ལོང་རྒྱུ་གཅོང་སོགས་ལ་ཤིན་ཏུ་ཕན་པ་འདི་གསར་བཟོ་མཛད་ཚུལ་དང་། དེ་ནས་བཟུང་དྭགས་ཀོང་བརྒྱུད་ཀྱི་མང་ཚོགས་ནང་ཟས་དུག་དང་། ཕོ་བ་རྒྱུ་མའི་ནད་རིགས་ལ་བཅོ་ལྔ་དྲག་སྦྱོར་ལས་ཟབ་པ་མེད་ཚུལ་བཤད་པར་མ་ཟད། དེང་གི་དུས་སུའང་སྨན་བཅོས་ལག་ལེན་སྐབས། མདོར་ན་ཕོ་ལོང་རྒྱུ་གཅོང་ལ། །སྨན་མཆོག་འདི་ལས་ལྷག་པ་མེད། །རྣོ་བ་སྤུ་གྲིས་གཅོད་དང་མཚུངས། །སྨན་ནག་ཐུགས་ཀྱི་དཀྱིལ་དུ་ཆོངས། །ཞེས་གསུངས་པ་བཅས། མདོར་ན་མཉམ་མེད་དྭགས་པོ་ལྷ་རྗེ་ཕྱོགས་གང་དུ་བྱོན་པའི་གནས་དེར་མི་ནད་དང་ཕྱུགས་ནད་ཡམས་ནད་ལ་སོགས་པ་ཐམས་ཅད་རྒྱུན་ཆད་ཅིང་། བཀྲ་ཤིས་བདེ་ལེགས་དང་ལྡན་པར་མཛད་པ་ཡིན་ཏེ། དེ་ལྟར་ཡང་ཁམས་པ་རིན་པོ་ཆེའི་བསྟོད་པ་ལས། ཁྱོད་ནི་མཐོང་ཐོས་དྲན་པ་ཙམ་གྱིས་ཀྱང་། །སྡུག་བསྔལ་ཟུག་རྔུ་མ་ལུས་གཅོད་བར་བྱེད། །སྨན་པའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་འབྱུང་བ་ལྟར་རོ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༤༥༽ དབུས་པ་དར་གྲགས།

བྱམས་པ་འཕྲིན་ལས།

 

དབུས་པ་དར་གྲགས་ཞེས་པ་ནི་གྲ་པ་མངོན་ཤེས་ཞིང་ལ་མ་ཕེབས་གོང་གསོ་རིག་གི་གཞུང་མན་ངག་ལག་ལེན་དང་བཅས་པ་གནང་ས་དེ་ཡིན། འཁྲུངས་ལོ་བསྟན་རྩིས་འགའ་ཤས་ནང་གཡུ་ཐོག་གསར་མ་དང་དགུང་སྙིང་གཅིག་པ་མེ་རྟ་རབ་བྱུང་གཉིས་པ་སྤྱི་ལོ་༡༡༢༦ ཡིན་ཞེས་གསལ་བ། ཡང་མདོ་སྨད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་གདན་རབས་རང་བཞིན་དབྱངས་སུ་བརྗོད་པ་ལྷའི་རྔ་བོ་ཆེ་ཞེས་པ་དཔལ་མང་པཎྜི་ཏས་མཛད་པའི་ནང་། གཏེར་མའི་ལོ་རྒྱུས་ནི། བཻ་རོས་བོད་དུ་བསྒྱུར་ནས་ཆོས་རྒྱལ་ཁྲི་སྲོང་གི་ཕྱག་ཏུ་ཕུལ། དེས་གཏེར་དུ་སྦས་པ་གྲ་པ་མངོན་ཤེས་ཀྱིས་གཏེར་ནས་བཏོན་ཏེ་དགེ་བཤེས་དབུས་པ་དར་གྲགས་ལ་གནང་། དེས་རོག་སྟན་དཀོན་ཅོག་སྐྱབས་དང་། དེས་གཡུ་ཐོག་ཡོན་ཏན་མགོན་པོ་ལ་གནང་། དེ་ནས་རིམ་པར་སུམ་སྟོན་ཡེ་ཤེས་གཟུངས་དང་། འཚོ་བྱེད་གཞོན་ནུ་ཡེ་ཤེས། གཡུ་ཐོག་མཁས་པ་འབུམ་སེང་། གཙང་སྟོན་སངས་རྒྱས་རིན་ཆེན། མཁས་པ་དོན་གྲུབ་རིན་ཆེན། བསྟན་འཛིན་དོན་གྲུབ་རྒྱལ་མཚན། བྲང་ཏི་དཀོན་ཅོག་རྒྱལ་མཚན། བྲང་ཏི་དཔལ་ལྡན་འཚོ་བྱེད། དགེ་སློང་ཚལ་པ་དབང་གྲགས། མཁས་མཆོག་ཕུན་ཚོགས་བཟང་པོ། དྲང་སྲོང་ཟུར་མཁར་མཉམ་ཉིད་རྡོ་རྗེའི་བར་དུ་གྲགས་པ་ལ་ཟུར་ལུགས་སུ་གྲགས་སོ། །ཞེས་གསུངས་པ་ལྟར་དབུས་པ་དར་མ་གྲགས་པ་ནི་གྲ་པ་མངོན་ཤེས་ཅན་གྱི་ཐུགས་སྲས་གཙོ་བོ་ཡིན་པ་དང་། གཏེར་མའི་ལོ་རྒྱུས་ལྟར་བྱས་ན་དབུས་པ་དར་གྲགས་ཤིན་ཏུ་ཉེ་བརྒྱུད་ཡིན་པར་བཤད་སྲོལ་ཡོད་ཅེས་སོ།།

ཡང་གོང་གསལ་བཀྲ་ཤིས་འཁྱིལ་གྱི་གདན་རབས་ནང་ཤོད་སྲོལ་གཞན་ཞིག་ཡོད་པའི་སྐོར་གསུངས་དུས། འདི་ལ་ཡང་ལོ་ཆེན་རིན་ཆེན་བཟང་པོ་ནས། ཞང་ཞུང་པ་ཤེས་རབ་འོད་དང་། དེ་ནས་རྒྱལ་སྟོན་གྲགས་པ་ཤེས་རབ། གཡུ་ཐོག་རྒྱ་གར་རྡོ་རྗེ། གཡུ་ཐོག་བརྗིད་པོ་སོགས་ལ་བརྒྱུད་པའི་ལོ་རྒྱུས་དང་། ཞང་གཟི་བརྗིད་འབར་གྱིས་རྒྱ་གར་དུ་བྱོན་ནས་དྲང་སྲོང་ཙནྡྲ་པ་ལ་གསོ་དཔྱད་རྫོགས་པར་གསན། དེ་ནས་རིམ་པར་བརྒྱུད་དེ་ཚ་ལུང་པ་དཀོན་ཅོག་སྐྱབས་ཀྱིས་གཡུ་ཐོག་པ་ཡོན་ཏན་མགོན་པོ་ལ་གནང་བའི་ལོ་རྒྱུས་འདུག་པས་ཟུར་ལུགས་དང་། གཡུ་ཐོག་ལུགས་ཀྱི་སྨན་དཔྱད་མཐའ་དག་གཏེར་མ་ཁོ་ནར་འདོད་པ་ནི་ཁུངས་མ་ཆོད་པར་མངོན་ནོ། ཞེས་ཀྱང་གསུངས་འདུག ། 

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༤༦༽ སྟོད་སྟོན་དཀོན་ཅོག་སྐྱབས།

བྱམས་པ་འཕྲིན་ལས།

 

སྟོད་སྟོན་དཀོན་ཅོག་སྐྱབས་སམ་རོག་སྟོན་དཀོན་ཅོག་སྐྱབས་ཀྱང་ཞུ་བ་ནི་འཁྲུངས་ཡུལ་སྟོད་ལྷ་རྩེ་ཁུལ་གྱི་མང་མཁར་ཚ་ལུང་པ་ཞེས་པ་ནས་ཡིན་ཅིང་། འཁྲུངས་ལོ་ཞིབ་པར་མ་ཤེས་རུང་དབུས་པ་དར་གྲགས་དང་གཡུ་ཐོག་གསར་མ་རྣམས་སྔ་རྗེས་སུ་བྱུང་བ་ནི་ཀོང་སྤྲུལ་གྱི་ཤེས་བྱ་ཀུན་ཁྱབ་མཛོད་ནང་། ཞང་སྟོན་སྟོད་སྟོན་གཉིས་ཀྱང་འཕགས་ཡུལ་ཕྱིན། བརྒྱད་པ་ལ་མཁས་གཞུང་བརྩམས་འཕྲིན་ལས་རྒྱས། ཞེས་གསལ་བ་ལྟར་ཞང་སྟོན་གཟི་བརྗིད་འབར་དང་། སྟོན་སྟོན་དཀོན་ཅོག་སྐྱབས་གཉིས་རྒྱ་གར་དུ་ཕེབས་ནས་ཞང་སྟོན་གྱིས་ནཱ་ལེནྡྲར་དྲང་སྲོང་ཙནྡྲ་པ་བྱ་བ་དང་། སྟོད་སྟོན་གྱིས་ཐམས་ཅད་མཁྱེན་པ་ཤནྟི་པ་ཕྱི་མ་དང་མཇལ། ཡན་ལག་བརྒྱད་པ་ལ་མཁས་པར་བསླབས་ནས་སྟོད་སྟོན་གྱིས་ས་བཅད་བསྡུས་དོན་རིན་པོ་ཆེའི་ཕྲེང་བ་དང་། གཞུང་ལ་མཆན་བཏབ་ནས་གཡུ་ཐོག་པ་ལ་གནང་སྟེ་འཕྲིན་ལས་རྒྱས་སོ་ཞེས་དང་།

སྡེ་སྲིད་ཁོག་འབུགས་ལས། གྲ་པ་མངོན་ཤེས་ཀྱིས་གཞུང་མན་ངག་དང་བཅས་པ་དབུས་པ་དར་གྲགས་ལ་གནང་། དེས་སྟོད་སྟོན་དཀོན་ཅོག་སྐྱབས་ཞེས་པ་རུས་རོག་ཡིན་པ་དེས་དབུས་སུ་མཚན་ཉིད་ཀྱི་སློབ་གཉེར་ལ་བྱོན་པ་རྐང་འབམ་གྱིས་བསྙུན་ནས་གཡུ་ཐོག་ཡོན་ཏན་མགོན་པོས་གསོས། རྗེས་སུ་དམུ་ཆུས་ལྟེམ་པ་དབུས་པ་དར་གྲགས་ཀྱིས་བཅོས། གཡུ་ཆེན་དྲུག་དམར་ནམ་མཁའ་གསལ་བ་ཞེས་ནས་ཁལ་སྟོང་ཕྲག་རི་བ་དེ་དབུས་པ་དར་གྲགས་ལ་ཕུལ་ནས་རྒྱུད་བཞི་རྫོགས་པར་ཞུས། དེས་སྔར་རྐང་འབམ་གྱི་ནད་གསོས་པའི་དྲིན་ལན་ལ་གཡུ་ཐོག་པར་གཏད་ཅེས་གསུངས། བརྩམས་ཆོས་ནི་ཡན་ལག་བརྒྱད་པའི་བསྡུས་དོན་རིན་པོ་ཆེའི་དྲྭ་བ་དང་། གཞུང་གི་མཆན་བུ། རྩོད་བཟློག་གེགས་སེལ་སོགས་ཡིན་ནོ།། །།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༤༧༽ ཞང་གཟི་བརྗིད་འབར།

བྱམས་པ་འཕྲིན་ལས།

 

ཞང་གཟི་བརྗིད་འབར་ཞེས་པ་ནི་ཡུལ་ཡར་ལུང་གད་པ་སྟེང་དུ་ཡབ་དགེ་བཤེས་བསོད་ནམས་དབང་ཕྱུག་དང་། ཡུམ་མེར་བཟའ་འབུམ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། གཉགས་སྙིང་པོ་རྒྱལ་མཚན་ལས་རབ་ཏུ་བྱུང་། བྱམས་ཆོས་སྡེ་ལྔ་ལ་སོགས་པར་མཁས་པར་སྦྱངས། ལྡུམ་རར་རི་བོང་བྱུང་བ་ལ་རྡོ་བརྒྱབ་པས་རྐང་པ་ཆག སྒྱོགས་བསྐུར་བས་གསོས་པས་རི་བོང་སྨན་པར་གྲགས།

དེས་བྲོད་ཁ་རྙེད་པ་ལྟ་བུས་སྨན་དཔྱད་སློབ་པའི་བློ་སྐྱེས་རུང་མིང་དོན་མཚུངས་པའི་སློབ་དཔོན་མ་རྙེད་པས་ཞང་གི་ཐུགས་ལ་མཁས་པ་མི་དགུའི་བརྒྱུད་པ་རྣམས་ལ་གཏུགས་ཏེ་ཐེ་ཚོམ་ཆོད་པར་བྱའོ་སྙམ་པའི་དམ་བཅས་ནས་ཐོག་མར་སྨད་ཀྱི་སྨན་པ་གཡོ་རུའི་གཡའ་གྱོང་པོ། སྟོད་ལུང་གི་ལྷ་རྗེ་སུམ་སྨན། དབུ་རུའི་མཐའ་བཞི་རྣམས་བསྟེན་པས་ཡིག་སྣ་རེ་རེ་གཉིས་གཉིས་ཙམ་ཞུས་གནང་ལས་རྣམ་རྟོག་ཆོམས་པའི་བློ་ཁ་རྫོགས་པ་མ་བྱུང་རྐྱེན་སྟོང་སྨན་གྱི་ཞབས་ལ་གཏུགས་ནས་བཞུགས་དུས་ཞང་ཤེས་རབ་ཆེ་བས་གོང་ལ་ཤོར་དྭོགས་ཀྱིས་གདམས་པ་མ་བྱིན། ཡང་དེའི་སློབ་མ་འཕན་ཡུལ་དར་སྨན་བདུད་རྩི་བྱ་བ་དེར་གཏུགས། དེ་ནས་གཡུ་ཐོག་རྒྱ་གར་རྡོ་རྗེ་ལ་ཡན་ལག་ཤིང་ཆེན་གྱི་འཁོར་ལོ། མི་ཉག་ཟླ་གྲགས་ལ་སྔོ་སྦྱོར་ཆེ་མོ་ལ་སོགས་པ་དང་། བྲང་ཏི་རྒྱལ་བ་ལ་མགོའི་ལྷག་ཆས་ལ་སོགས་པ་གསན་ཀྱང་སྔོན་མ་ལྟར་གྱུར། དེ་ནས་སྟོད་ཀྱི་བི་ཇི་ལྷུན་ནེ། འུག་པ་ཆོས་སེང་། ཆེར་རྗེ་སྟག་ལ་དགའ་གསུམ་ལ་རིམ་བཞིན་གཏུགས་པས་ཆ་ལག་མང་ལ་གདམས་ངག་ཆུང་བར་གཟིགས་རྗེས་མཐར་གསེར་མང་དུ་བསྒྲུབས་ཏེ་རྒྱ་གར་དུ་བྱོན། ལམ་དུ་རྔོག་བློ་ལྡན་ཤེས་རབ་(1)དང་མཇལ། སྒྲ་ལ་མཁས་པར་སྦྱངས་ནས་རིམ་གྱིས་བགྲོད་དེ་དཔལ་ནཱ་ལེནྡྲར་ཕེབས།

ཐམས་ཅད་ལ་སྨན་པ་སུ་མཁས་ཞེས་དྲི་གནང་མཛད་པས་དྲང་སྲོང་ཙནྡྲ་པ་བྱ་བ་མཁས་ཟེར་བར་ཁ་མཐུན། དེར་དྲང་སྲོང་འཇག་མའི་སྤྱིལ་བུ་ན་བཞུགས་པའི་དྲུང་དུ་ཕྱིན་ནས་སྒོ་འགྲམ་དུ་ཞག་བདུན་གྱི་བར་དུ་བསྡད་པས་ཁྱེད་དེ་ཙམ་གྱི་དོན་དུ་ཅི་གཉེར་ཞེས་གསུངས་པར། སྨན་དཔྱད་ཤེས་པར་འདོད་པའི་རྒྱུ་མཚན་ཞུས་པས་དྲང་སྲོང་གི་ཐུགས་ཐོག་ནས་ཡན་ལག་བརྒྱད་པ་ཚར་གཅིག་གནང་ནས་ལག་ཏུ་བསྩལ་བས་དེས་མི་ཁྲོལ་ལམ་ཞེས་གསུངས། སླར་གསེར་གྱི་མཎྜལ་དང་བཅས་ཞུས་པས་དཔེ་ཐོག་ནས་གཞུང་ཚར་གཅིག་དང་། ཁོག་འབུགས། མན་ངག་ལག་ལེན་དང་བཅས་རྫོགས་པར་བསྩལ་ཏེ་ཡིག་སྣ་རྩོམས་ལ་འགྲོ་ཕན་རྒྱ་ཆེ་བར་གྱིས་ཤིག་གསུངས་པ་ལྟར་བོད་དུ་བྱོན་ཏེ་སློབ་མ་བསྐྱངས། གཞུང་དྲི་མེད་གཟི་བརྗིད་ལེའུ་བཞི་པ་དང་། དེ་འགྲེལ་ཉི་མའི་འོད་ཟེར། དཔེ་སྟོན་གྲངས་ཀྱི་ཕྲེང་བ་གསུམ་སྤུག་སྟོན་རྒྱ་དཀར་རཱ་ཛ་དང་། བལ་སྟོན་ཤེས་རབ་ཁྲི་འབུམ་གྱི་དོན་དུ་ལེགས་པར་བརྩམས། དེ་ནས་གདམས་པ་སུམ་ཅུ་པ་དང་སྟོད་སྨད་ཀྱི་འགྲེལ་པ་གསུམ་རྩོམ་འཕྲོར་བཞག་པ་སྤུག་སྟོན་རྒྱ་གར་གྱིས་མུ་མཐུད་པར་གྲགས། ཞང་གི་སློབ་མ་ལྷ་སའི་བལ་ཆུང་ལ་ཕྱི་སྐོར་ནང་སྐོར་དང་། འོལ་ཁའི་རྫིང་ཆུང་ལ་ཁོང་སྙིང་དང་འདྲ་བའི་དཀྱུས་བཀོད་རྣམ་གསུམ། གཉལ་གྱི་རོག་ཆུང་ལ་གདམས་པ་སུམ་ཅུ་པ། ཉེ་གནས་སྐྱོགས་ཤེས་རབ་ཁྲི་ལ་དྲི་མེད་གཟི་བརྗིད་མ་བུ་རྣམས་སོ་སོར་གནང་། ལྷ་སའི་བལ་ཆུང་། འོལ་ཁའི་རྫིང་ཆུང་། གཉལ་གྱི་རོག་ཆུང་། ཉེ་གནས་སྐྱོགས་ཤེས་རབ་ཁྲི་བཅས་བཞི་དང་། སྟོང་སྨན་གྱི་སློབ་མ་དར་སྤྱན་ལྔ་ལ་དོམ་པོ་རིང་མོས་ཞུས་ཏེ། གདམས་པ་སུམ་ཅུ་པའི་ཞལ་ཤེས། ཚད་འཕྲང་བཅུ་གསམ། གདམས་ཕྲན་གཞན་དག་དང་དྲི་མེད་གཟི་བརྗིད་ལ་ས་མ་འགྲེལ། འབྲུ་འགྲེལ་སྟོང་ཐུན། ཚད་པ་གལ་འགག་གཟེར་ཆེན་སོགས་བརྩམས་ནས་མཁས་པ་རྒྱུན་མ་ཆད་པ་བྱུང་ཞེས་ཀོང་སྤྲུལ་གྱི་ཤེས་བྱ་ཀུན་ཁྱབ་མཛོད་ཀྱི་ནང་དུ་གསལ།། །།

མཆན་བུ།

(1) རྔོག་བློ་ལྡན་ཤེས་རབ་ནི། སྔོན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་རྔོག་ཆེན་པོ་བྱ་བའི་སྐུ་བརྒྱུད་དང་། ཡར་འབྲོག་དོའི་ཕྱི་རོལ་གྱི་མཚོ་ཆེན་པོའི་འགྲམ་དུ་གྲོང་ཆགས་པའི་སྔགས་རྙིང་མ་པའི་དགེ་བཤེས་རྡོ་རྗེ་གཞོན་ནུ་ལ་སྲས་ལྔ་བྱུང་བའི་བཞི་པ་ཆོས་སྐྱབས་ཀྱི་སྲས་སུ་ས་ཕག་སྤྱི་ལོ་༡༠༥༩ ལོ་ལ་འཁྲུངས། དགུང་ལོ་བཅུ་བདུན་ལ་ཁ་ཆེར་སློབ་གཉེར་ལ་ཕེབས། པཎྜི་ཏ་སཛྙ་ན་དང་། པ་ཏ་ཧི་ཏ། བྷ་དྲ་ལ་སོགས་པ་སློབ་དཔོན་དུ་བསྟེན་ནས་ལོ་ངོ་བཅུ་བདུན་རིང་བཞུགས། སླར་བོད་དུ་བྱོན་ཚད་མ་རྒྱན་ཞེས་པ་པཎྜི་ཏ་སྐལ་ལྡན་རྒྱལ་པོ་དང་། རྔོག་གཉིས་ཀྱིས་བསྒྱུར། བོད་དུ་ཡང་པཎྜི་ཏ་འབུམ་ཕྲག་གསུམ་པ་དང་། སུ་མ་ཏི་ཀིརྟི་གཉིས་ལ་ཆོས་གསན། ལྷ་ས་དང་བསམ་ཡས་སོགས་ལ་བཤད་པ་མཛད་དུས་མཁས་བཙུན་གྲྭ་པ་ཁྲི་ཕྲག་དུ་མ་འདུས། དགུང་ལོ་ལྔ་བཅུ་ང་གཅིག་ལ་བསམ་ཡས་སུ་སྐུ་གཤེགས།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༤༨༽ གཏེར་སྟོན་གྲ་པ་མངོན་ཤེས།

བྱམས་པ་འཕྲིན་ལས།

 

གྲ་པ་མངོན་ཤེས་ཞེས་པ་ནི། ལྷོ་བྲག་མར་པ་ལོ་ཙཱ་དང་དགུང་མཉམ་དུ་ཆུ་ཕོ་བྱི་བ་སྤྱི་ལོ་༡༠༡༢ ལོར་གྲ་ནང་ཁུལ་དུ་སྐུ་བལྟམས་ཞིང་། སྐུ་གཞོན་ནུའི་དུས་སྔ་ཡུལ་བ་ཞེས་པའི་ཁྱིམ་ཚང་གི་ར་རྫི་བ་ལོ་ལྔ་ཙམ་མཛད། དེ་ནས་ཀླུ་མེས་ཀྱི་མཁན་བུ་དགེ་བཤེས་ཡབ་ཤུད་རྒྱལ་བ་འོད་ལ་རབ་ཏུ་བྱུང་ནས་མཚན་ལ་ཤེས་རབ་རྒྱལ་བར་བཏགས། རང་གི་ཁུ་བོ་ཞང་སྟོན་ཆོས་འབར་ལ་མདོ་སྔགས་ཀྱི་ཆོས་སྐོར་མང་པོ་དང་། གཟུས་ལ་གསོ་དཔྱད་གསན་པར་ཡང་གྲགས། ཞང་སྟོན་ཆོས་འབར་འདས་པའི་རྗེས་སུ་དེའི་སློབ་མ་ཞིག་གིས་གྲ་པ་མངོན་ཤེས་སྤྱན་དྲངས་སྐབས་མདོ་སྔགས་ཀྱི་གཞུང་ལ་མི་འཇིགས་པའི་སྤོབས་པ་ཐོབ་པའི་གསུང་བཤད་གནང་སྟེ། མཁས་པ་རྣམས་ཡིད་མགུ་བས་དགེ་བཤེས་གྲ་པ་དང་། ཆོས་མངོན་པ་ལ་མཁས་པས་གྲ་པ་མངོན་ཤེས་སུ་གྲགས། ཕ་དམ་པ་སངས་རྒྱས་དང་། ཁ་ཆེའི་པཎྜི་ཏ་ཟླ་བ་མགོན་པོ་གཉིས་ལས་གདམས་པ་དཔྱིས་ཕྱིན་པར་བཞེས། རང་གི་བླ་མ་གཟུས་སྙིང་ཆུ་བསགས་པར་སྨན་གྱིས་མ་འདྲོངས་པར་ཞལ་རྒྱུན་དུ། ནད་པར་ཆུ་གྲང་མོ་གཏོར་ནས་དངངས་པ་ཆབས་ཅིག་སྙིང་ཐུར་བཏང་ནས་སྙིང་ཆུ་འདོན་རྩིས་གནང་རུང་ཐུར་ལོག་ཏུ་སོང་ནས་གཟུས་དགོངས་པ་རྫོགས། དེའི་སྡིག་སྦྱོང་དུ་གྲ་ཐང་སོགས་གནས་གཞི་བརྒྱ་དང་བརྒྱད་བཞེངས་པ་དང་། དེའི་ནང་ནས་གཙོ་ཆེ་བ་བདུན་གྱི་ཕུད་དུ། བདུན་ཕུད་ཆོས་འཁོར་(ད་ལྟ་རྡོ་ཕུད་ཆོས་འཁོར་)ཞེས་པ་གསར་བཞེངས་གནང་ངོ་།།

སློབ་མ་གྲ་སྟོན་འབུམ་ལྷས་འབར་དང་། གདོན་ཆུང་སྟོན་པ། དགེ་བཤེས་ལྷབས། བྷནྡྷ་བྱང་ཆུབ་སེམས་དཔའ་རྣམས་བྱུང་། བསམ་ཡས་དབུ་རྩེ་ནས་རྒྱུད་བཞི་གཏེར་ནས་བཏོན། རྒྱུད་ཀྱི་བསྡུས་དོན་སོགས་བརྩམས་ཤིང་འགྲོ་དོན་མཐར་རྒྱས། དགུང་ལོ་བདུན་ཅུ་དོན་དགུ་ལ་རང་གི་སློབ་མ་ལ་ལག་ལེན་བསླབ་ཆེད་སྙིང་ཐུར་བརྒྱབ་པ་ཐལ་སྐྱོན་གྱིས་ཞིང་གཞན་དུ་གཤེགས། གསོ་རིག་གི་གཞུང་མན་ངག་དང་བཅས་པ་དབུས་པ་དར་གྲགས་ལ་གནང་། དེས་སྟོད་སྟོན་དཀོན་ཅོག་སྐྱབས་ལ་གནང་། དེས་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ལ་གནང་སྟེ་འགྲོ་དོན་རྒྱུན་མི་ཆད་པ་བྱུང་ངོ་།། །།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༤༩༽ ལོ་ཆེན་རིན་ཆེན་བཟང་པོ།

བྱམས་པ་འཕྲིན་ལས།

 

ལོ་ཆེན་རིན་ཆེན་བཟང་པོ་ཞེས་པ་ནི། སྤྱི་ལོ་༩༥༨ བོད་ས་རྟ་ལོར་མངའ་རིས་གུ་གེའི་(1)ཆ་སྙུང་ཝཾ་རཏྣ་ཞེས་པར་སྐུ་འཁྲུངས། དགུང་ལོ་ཆུང་དུས་ནས་མཛད་པ་ངོ་མཚར་ཆེ་ཞིང་།  ཤེས་རབ་དང་བརྩོན་འགྲུས་ཕུན་སུམ་ཚོགས་པས་མངའ་རིས་རྒྱལ་བརྒྱུད་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་ཕྲུག་བློ་རྣོ་བ་ཉི་ཤུ་རྩ་བདུན་རྒྱ་གར་དུ་སློབ་གཉེར་བྱེད་པར་མངགས་པའི་གྲས་སུ་ཚུད། འཕགས་ཡུལ་དང་།  ཁ་ཆེར་ལོ་ངོ་བཅུ་ཙམ་བཞུགས། ཇོ་བོ་ནཱ་རོ་ཏ་པ་སོགས་པཎྜི་ཏ་བདུན་ཅུ་རྩ་ལྔ་བསྟེན་པས་གསུང་རབ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཞིང་།  བསྟན་པ་ཕྱི་དར་ལ་སྐད་གཉིས་སྨྲ་བའི་དབང་ཕྱུག་དམ་པར་གྱུར་ཏེ་བོད་ལ་ཕྱིར་ཕེབས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་མཐུན་རྐྱེན་སྦྱར་ཏེ་གསང་སྔགས་ཀྱི་གཞུང་དང་།  བཀའ་བསྟན་བཅོས་མཐའ་ཡས་པ་བསྒྱུར། ལྷག་པར་ཁ་ཆེ་པཎྜི་ཏ་ཛ་ན་དྷ་ལ་ལ་གསེར་སྲང་བརྒྱ་ཕུལ་ཏེ་སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་།  དེའི་ཚིག་དོན་རྒྱས་པར་འགྲེལ་པ་ཟླ་ཟེར་ཞེས་པ་ཁ་ཆེ་པཎ་ཆེན་ཟླ་བ་མངོན་དགས་མཛད་པ་གཉིས་ལེགས་པར་བསྒྱུར་ཏེ་གཏན་ལ་ཕབ་ནས་བོད་ཡུལ་ཀུན་ཏུ་དར་རྒྱས་ཆེ།

ལོ་ཆེན་དེ་ཉིད་ལ་གསོ་རིག་གི་བརྒྱུད་པ་འཛིན་པའི་སློབ་མ་མང་དུ་བྱུང་བ་ལས་གྲགས་ཆེ་བ་ནི། མྱང་འདས་སེངྒེ་སྒྲ། ཤཀ་ཁྲི་ཡེ་ཤེས་འབྱུང་གནས། ཨོང་སྨན་ཨ་ནེ། མང་མོ་སྨན་ཚུན་བཅས་ལ་སྤུ་རངས་ཀྱི་སྨན་པ་མི་བཞིར་གྲགས། དེའི་ནང་ནས་མང་མོ་སྨན་ཚུན་མཁས་ཤིང་འཕྲིན་ལས་ཆེ་བས་དབུས་གཙང་གི་སྨན་པ་ཕལ་ཆེར་གྱིས་མཇལ། ཆེ་རྗེ་ཏི་པང་ལ་གཞུང་དང་ཟླ་ཟེར་རྫོགས་པར་གནང་།  དེ་རྗེས་ཆེ་རྗེ་ཏི་པང་གིས་རང་སྲས་བྱང་ཆུབ་འོད། ཨུ་ལང་བཀྲ་ཤིས་མཁར། དགྲ་ལས་རྒྱལ་པོ་གསུམ་ལ་སླར་ཡང་སྤེལ། སྲས་བར་བ་ཨུ་ལང་ཞེས་པ་གཞུང་ལག་ལེན་ཀུན་ལ་མཁས་པས་འཚོ་བྱེད་གཞོན་ནུའི་(2)སྤྲུལ་པ་ཡིན་པར་བྱེད། དེས་གཅེན་གྱི་སྲས་ཇོ་བཀྲ་དང་།  གཡུང་དྲུང་།  ཇོ་བཙན། རང་སྲས་ཟླ་བ་དང་།  སྙིང་པོ། གཅུང་སྲས་འབྲོང་ཚ་དང་དྲུག་ལ་གསུངས། དེ་དག་གིས་རྟག་རྟོག་རྒྱལ། ཇོ་འཕན། ཇོ་ནག་གསུམ་ལ་བཤད། དེའི་སྔ་མ་རྟག་རྟོག་རྒྱལ་གྲགས་པ་ཆེ་བ་བྱུང་།  བར་པ་ཇོ་འཕན་ལུང་རྒྱུད་ལ་མཁས། མཐའ་མ་ཇོ་ནག་གདམས་ངག་ལག་ལེན་འཛོམས་པར་གྲགས། སློབ་བརྒྱུད་འཛིན་པ་ཆེ་རྗེ་ཞང་སྟོན་ཞིག་པོའམ་ཐུགས་རྗེ་ཁྲི་འོད་ཅེས་པ་སྨན་དཔྱད་མཐར་ཕྱིན་པ་ཞིག་བྱུང་།  དེས་《ཁོག་འབུགས་རྒྱལ་མཚན་རྩེར་འབར་》སོགས་བརྩམས་པ་གོང་གསལ་ལྟར་དང་།  སློབ་མ་བདེ་བ་དཔལ་སོགས་དུ་མ་བྱུང་།  དེའི་ནང་ནས་གཙང་སྟོད་དར་མ་མགོན་པོས་སློབ་མའི་དོན་དུ་ཟིན་ཏིག་དང་།  བུའི་དོན་དུ་ཡང་ཏིག་བརྩམས་ནས་ལོ་ཆེན་རིན་ཆེན་བཟང་པོའི་སྨན་རྒྱུན་དར་རྒྱས་སུ་གཏོང་བར་མཛད།

གོང་གསལ་ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་གནང་མཛད་པའི་སློབ་དཔོན་དཔའ་བོའི་《ཡན་ལག་བརྒྱད་པ་》དང་།  །འགྲེལ་པ་《ཟླ་ཟེར།》 《རྟ་དཔྱད་ཤཱ་ལི་ཧོ་ཏྲ་》བཅས་བོད་ཀྱི་བསྟན་འགྱུར་ནང་བཀོད་ཡོད། དེའི་ཕྱིར་ཀོང་སྤྲུལ་རིན་པོ་ཆེའི་ཤེས་བྱ་ཀུན་ཁྱབ་མཛོད་ནང་།  ཕྱི་དར་རྒྱ་གཞུང་སྔ་རྗེས་བསྒྱུར་མང་ཡང་།  །རིན་ཆེན་བཟང་པོས་བརྒྱད་པ་སྤེལ་བ་ལས། །སྤུ་ཧྲེང་སྨན་པ་བཞི་ལས་ལེགས་བརྒྱུད་དེ། །ཞང་ཞིག་དར་མགོན་གཡུ་ཐོག་པ་ལ་སོགས། །བོད་ཀྱི་གཞན་ཕན་ཅན་རྣམས་ཐོག་མར་གྱེས། །ཞེས་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོའང་ལོ་ཆེན་འདིའི་སློབ་བརྒྱུད་ཡིན་པར་གསུངས། ལྷག་པར་ལོ་རྒྱུས་ཐོག་བོད་གངས་ཅན་ལྗོངས་སུ་གསོ་བ་རིག་པའི་མཛད་རྗེས་ཆེ་བ་དར་བྱེད་ལྔ་བཅུ་རྩ་བརྒྱད་བགྲངས་སྐབས། ལོ་ཆེན་རིན་བཟང་བརྒྱད་པའི་བཤད་སྲོལ་དར། ཞེས་པ་དང་།  དེ་བཞིན་ལོ་ཆེན་རིན་ཆེན་བཟང་པོ་ལ་སྨན་པ་དགེ་བའི་བཤེས་གཉེན་གྱི་མཚན་གྱི་རྣམ་གྲངས་བརྗོད་དུས། པཎྜི་ཏ་ལྟར་མཁས་པ་གཅིག་ཅེས་པའི་མཚན་སྙན་ཡོད། དགུང་ལོ་དགུ་བཅུ་གོ་བརྒྱད་ལ་སྐུ་གཤེགས་སོ།།

མཆན་བུ།

(1) གུ་གེ་ཞེས་པ་ནི། རྦ་བཞེད་ནང་ཞང་ཞུང་བོན་གྱི་ས་རྟགས་ལ། སྟོད་གངས་དཀར་ཏི་སེའི་གནས་མཆོག་འདིར། སྤུ་རངས་གངས་ཀྱིས་བསྐོར་དང་གཅིག །མང་ཡུལ་ཆབ་ཀྱིས་བསྐོར་དང་གཉིས། །གུ་གེ་གཡའ་ཡིས་བསྐོར་དང་གསུམ། །བསྐོར་གསུམ་ཡོད་པས་རྫིང་བུ་འདྲ། །བོན་མངའ་འབངས་ཀྱི་རིས་སུ་གཏོགས་པ་ལ། །སྟོད་མངའ་རིས་བསྐོར་གསུམ་གྲགས་པ་ཡིན། ཞེས་པ་ད་ལྟ་རྩ་མདའ་རྫོང་ག་ཁོངས་སུ་ཡོད་སྐད།

(1) འཚོ་བྱེད་གཞོན་ནུ་ནི། འཕགས་ཡུལ་གྱི་སྨན་པ་ཤིན་ཏུ་མཁས་པ་སྐད་གྲགས་ཅན་དེའི་མཚན་ཡིན། ལོ་རྒྱུས་འགའ་ཤས་ནང་གཞོན་ནུས་གསོས་ཞེས་སུ་གྲགས། སྡེ་སྲིད་ཁོག་འབུགས་ནང་རྒྱལ་པོ་གཟུགས་ཅན་སྙིང་པོས་ཚོང་དཔོན་གྱི་ཆུང་མ་དང་དགའ་མགུར་སྤྱད་པ་ལས་འཚོ་བྱེད་གཞོན་ནུ་འཁྲུངས་ཤིང་།  ཚོང་དཔོན་གྱི་ཆུང་མས་རང་ལ་བྱུང་བའི་བུ་དེ་རྒྱལ་པོ་གཟུགས་ཅན་སྙིང་པོའི་མངག་གཏམ་བཞིན་སོར་གདུབ་ཀྱི་རྒྱ་མགུལ་དུ་བཏགས། སེང་རས་ཀྱིས་དཀྲིས་ཏེ་སྒྲོམ་བུའི་ནང་དུ་བཅུག་ནས་བུ་མོ་མངག་གཞུག་མ་ལ་རྒྱལ་པོའི་ཕོ་བྲང་གི་སྒོ་དྲུང་དུ་མེ་བུས་ནས་སྡོད་དགོས་པའི་ཁ་ཏ་བྱས་པ་བཞིན་སྡོད་སྐབས་རྒྱལ་པོ་ཁང་བཟང་གི་སྟེང་དུ་གཞོན་ནུ་འཇིགས་མེད་དང་ལྷན་ཅིག་ཏུ་སོང་བས་ཕོ་བྲང་གི་སྒོ་འགྲམ་དུ་མེ་བུས་པ་ཅི་ཡིན་ལྟོས་ཤིག་གསུངས་དུས་སྒྲོམ་བུ་ཁ་ཕྱེ་བ་དང་རྒྱལ་པོས་སོར་གདུབ་ཀྱི་རྒྱ་དང་།  སེང་རས་ངོ་ཤེས་ནས་ཁྱེའུ་དེ་གཞོན་ནུ་འཇིགས་མེད་ལ་བྱིན་ཏེ། དེས་བསྐྱེད་བསྲིང་གསོས་པས་གཞོན་ནུས་གསོས་ཞེས་གྲགས། རྡོ་འཇོག་གི་སྨན་པ་རྒྱུན་ཤེས་བུའི་སར་སྨན་བསླབས་ཏེ་སྨན་པའི་རྒྱལ་པོར་ལན་གསུམ་དབང་བསྐུར་བ་དང་།  སངས་རྒྱས་ཞལ་བཞུགས་དུས་སྨན་བཅོས་གནང་མཁན་གྱི་སྨན་པའང་ཡིན།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༥༠༽ གཏེར་སྟོན་རྡོར་འབུམ་ཆོས་ཀྱི་གྲགས་པ།

བྱམས་པ་འཕྲིན་ལས།

 

གཏེར་སྟོན་རྡོར་འབུམ་ཆོས་ཀྱི་གྲགས་པ་ནི། སྤྲུལ་པའི་གཏེར་སྟོན་ཞེས་མཚན་སྙན་ཡོངས་སུ་གྲགས་པའི་སྐྱེས་བུ་དེས་ཨོ་རྒྱན་ཆེན་པོས་མངའ་བདག་ལ་གདམས་པ་ཁོང་པའི་སྙིང་ངམ་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་དཔེ་དང་སྦྱར་བའི་བདུད་རྩི་བུམ་ཆེན་གྱི་ཤོག་སེར་ཕལ་ཆེར་བྱང་སྤྲ་དུན་རྩེའི་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ཐུགས་ཀ་ནས་སྤྱན་དྲངས་པ་དང་།  ད་དུང་བདུད་རྩི་བུམ་ཆེན་གྱི་ཁ་སྐོང་ཟུར་བཀོལ་དུ་སྦས་པ་འགའ་ཞིག་བྱམས་སྤྲིན་རྡོ་སྐུའི་འོག་ནས་བཏོན་པ་དེ་ལ་ཕྱི་ལྟར་དཀར་ཆག་ཏུ་བསྟན་པ་རྩ་བ་མ་ཡིག་གི་སྐོར་དང་། ནང་བར་ཐེམས་ལྟར་བསྟན་པ་དགོངས་འགྲེལ་མདེ་ཐུང་སོགས་བུ་ཡིག་གི་སྐོར། དཀར་ཆག་དང་།  བར་ཐེམས་ལས་དངོས་སུ་མ་གསལ་བ་ཐེམས་མེད་ཀྱི་སྐོར། དེ་དག་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བ་དགོངས་གཏེར་གྱི་སྐོར་དང་བཞི་ཡོད་པ་ལས།

དང་པོ་ཕྱི་ལྟར་དཀར་ཆག་ཏུ་བསྟན་པ་ལ་གཏེར་གཞུང་དཀར་ཆག ཏུ། གདམས་པ་བདུད་རྩིའི་བུམ་པ་ལ། །རྒྱུད་གསུམ་གྱད་ལྔ་སྲོག་གཏེར་གྱད། །གསང་མཛོད་འབྱེད་པའི་ལྡེ་མིག་ལྔ། །མཁའ་འགྲོའི་གསང་བའི་སྙིང་ཁྲག་གཅིག །ཅེས་པ་ལྟར་འཆི་མེད་བདུད་རྩི་བུམ་པ་རྩ་རྒྱུད་གཞུང་ཡན་ལག་བརྒྱད་པ་ལེའུ་བཅུའི་བདག་ཉིད་ཅན་སོགས་རྒྱུད་གསུམ་དང་།  གྱད་ལྔ་ཞེས་སྣོད་རུང་དབང་གི་གྱད་དང་།  མ་ལས་ལྷག་པའི་བུའི་གྱད། དེའི་ནང་གཙོ་བོ་གཉན་རིམས་ཀྱི་ནད་བསྲུང་བ་དང་གསོ་བའི་ཐབས་རྣམ་པ་ལྔ། བྱིན་ལོག་ལས་རྣམ་པར་རྒྱལ་བ་དང་།  གཟེར་ཐུང་ལས་རྣམ་པར་རྒྱལ་བ། ལྷོག་པ་ལས་རྣམ་པར་རྒྱལ་བ། གག་པ་ལས་རྣམ་པར་རྒྱལ་བ། རྒྱུ་གཟེར་ལས་རྣམ་པར་རྒྱལ་བ། འབྲུམ་བུ་ལས་རྣམ་པར་རྒྱལ་བ། བེག་གེ་ལས་རྣམ་པར་རྒྱལ་བ་ལ་སོགས་པ་རྣམས།

ཡང་གསང་སྦས་པ་མཛོད་ཀྱི་གྱད་ལ། གཉན་རིམས་གདུག་པ་ཅན་ཅོག་འགྱེལ་ནག་པོ་གསུམ་འདྲིལ་བཅོས་ཐབས་མདོར་བསྡུས་འཆོར་བ་མེད་པའི་སྨན་དཔྱད་ལག་ལེན་བདུད་རྩི་བུམ་པའི་སྙིང་པོ་སྨན་གྱི་གཏོང་ཐབས་དང་བཅས་པ་གསལ་བའི་སྒྲོན་མེ་ཞེས་པ། འཆི་མེད་གྲུབ་པ་སྲོག་གི་གྱད་ནི། ཧ་ལ་ཅོག་འགྱེལ་ཞེས་བྱ་བའི་བཅོས་ཐབས་རྒྱལ་དབང་པདྨའི་མགུར་ལས། སྲོག་གཟེར་ཆེན་པོའི་སྦྱོར་བ་ཉེ་བའི་རྒྱུ་རྐྱེན་རྩ་ཆུ་མཐོང་བ་སྒྲ་གསང་རྟགས་བཅས་དྲུག་གི་ངོས་འཛིན་འཕྲུལ་གྱི་མེ་ལོང་བཅོས་ཐབས་བསྡུ་བསད་སྦྱང་བ་སྡོང་ཟླ་བསད་པ་ཞེས་བྱ་བ། གསང་བ་སྙིང་ཁྲག་གདམས་པའི་གྱད་ལ། རབ་གནས་བདུད་རྩི་སྨན་སྒྲུབ་སོགས་སྔོན་འགྲོ་དང་།  དངོས་གཞི་ཁྲོལ་བུ་ཕྱེ་མ་རིལ་བུ་སོགས་དང་།  རྗེས་གསོ་སྲུང་ཕན་ཡོན་དང་བཅས་པ། སྲོག་གཏེར་གྱི་གྱད་ནི། ཇི་སྐད་དུ། ལོག་གནོན་སྲོག་གི་ཀ་ཆེན་འདི། །གུད་དུ་བཀོལ་བའི་རྒྱུད་གཅིག་ཡིན། །ཞེས་པ་ལོག་གནོན་ཆིངས་ཀྱི་ཤོག་དྲིལ་མཁའ་འགྲོའི་ལུང་བསྟན་ཡང་གསང་སྲོག་གི་ཀ་ཆེན་སུམ་འདྲིལ་རྟ་ཞོན་འཇུག་སྒོ་འགྲིམས་གསང་གནས་ཡུལ་རྫོང་བསྲུང་རྟགས་གསོ་བ་འཆི་འཚོའི་བརྟག་རྗེས་རྣམས་ཚང་བ་དང་།  བརྒྱུད་འཛིན་རེ་རེར་མཐར་ཐོན་པ་ཤོག་ཅེས་པའི་སྨོན་ལམ་དང་བཅས་པ། གསང་མཛོད་འབྱེད་པའི་ལྡེ་མིག་ལ་ལྔ་ལས། ༡ གསང་མཛོད་སྒོ་འབྱེད། ༢ གཅེས་པ་བཅོ་བརྒྱད་དང་བསྔགས་པ་དགུའི་བསྡུས་དོན་ཁོག་འབུགས། ༣ ལས་ཀྱི་མཐའ་བསྒྱུར་ཟུག་གཟེར་གཅོག་པའི་ལྡེ་མིག ༤ ལུད་པ་འགྱུར་དུ་མ་འདོད་ན་འཕྲུལ་འཁོར་ཆེ་མོའི་སྦྱོར་བ་གདམས་པ་གནད་ཀྱི་ཡིག་ཆུང་གསང་སྒོ་འབྱེད་པའི་ལྡེ་མིག ༥ འཁོར་ལོའི་ལྡེ་མིག་གནད་ཀྱི་ཉིང་ཁུ་བཅས། མཁའ་འགྲོ་གསང་བའི་སྙིང་ཁྲག་ཅེས་པར། གླེང་གཞི་རྒྱུ་རྐྱེན་དབྱེ་བ་བརྟག་བཅོས་སོགས་ལེའུ་བཅུ་གཉིས་ཀྱི་བསྡོམས་དང་བཅས་པ་དང་།   དེའི་ཞར་བྱུང་མཁའ་འགྲོའི་སྙིང་ཁྲག་དྲུག་ཤིན་ཏུ་གཅེས་པའི་ཡང་སྙིང་ལྡེ་མིག་རྣམས།

ཡན་ལག་ནི། ཡང་གསང་སྦས་པའི་མཛོད་ཆེན་ལ། །དཔའ་བོ་གྱད་ཀྱི་རལ་སྐོར་ཡོད། །ཅེས་གོང་དུ་བསྟན་པའི་གྱད་ལྔའི་ནང་ཚན་གསུམ་པའི་ཡན་ལག་ལོག་གནོན་གྱད་ཀྱི་སྦྱོར་བ་ཞེས་པ་རླུང་མཁྲིས་བད་ཀན་ཁྲག་གྲང་བ་སྲིན་བུ་འདུས་པ་སོགས་ཀྱི་གཉེན་པོའི་སྐོར་དང་།  ལག་ལེན་བདུད་རྩིའི་ཕྲེང་བ་གྱད་ལྔའི་ནང་ཚན་བཞི་པའི་ཆ་ལག་ཏུ་ཧ་ལ་ཅོག་འགྱེལ་བཅོས་ཐབས་ཆིག་བརྒྱུད་ཐབས་ཤེས་གསུམ། དཔའ་བོ་བཞི། ཁྱུང་ལྔ། དཀར་པོ་དྲུག གི་ཝང་བདུན། དྲི་ལྡན་བརྒྱད། སེར་པོ་དགུ་སྦྱོར། སྤྱི་དོན་བརྒྱད་ཀྱི་མཐར་ཐུག་པ་བདུད་རྩིའི་རིལ་བུའི་ཕྲེང་བ་མཁར་ཆེན་བཟའ་ལ་གདམས་པ་འདི་ཡན་གྱིས་མ་ཡིག་དཀར་ཆག་གི་རིམ་པ་རྣམས་རྫོགས།

གཉིས་པ་ནང་བར་ཐེམས་ལྟར་བསྟན་པ་དགོངས་འགྲེལ་མདེ་ཐུང་སོགས་བུ་ཡིག་གི་སྐོར་ལ། སྤྱི་དང་ཁྱད་པར་གཉིས་ཀྱི་ནང་མདེ་ཐུང་དགུ་ཡོད་པའི་དང་པོ་ནང་དུ་ཟུག་གུ་གཟུད་པའི་མདེ་ཐུང་།  གཉིས་པ་ཕུར་མས་བསྲུང་བའི་མདེ་ཐུང་།  གསུམ་པ་བྱུགས་པས་གསོ་བའི་མདེ་ཐུང་།  བཞི་པ་ཀླད་གཟེར་རྟགས་བཅོས་ཀྱི་མདེ་ཐུང་།  ལྔ་པ་སྟོད་བབས་གཟེར་ཐུང་གི་མདེ་ཐུང་།  དྲུག་པ་སྨད་བབས་རྒྱུ་གཟེར་རྒྱ་ནད་བཅོས་པའི་མདེ་ཐུང་།  བདུན་པ་གག་པའི་བཅོས་ཐབས་ཀྱི་མདེ་ཐུང་།  བརྒྱད་པ་ལྷོག་པ་བཅོས་ཐབས་ཀྱི་མདེ་ཐུང་།  དགུ་པ་བསྲུང་བའི་མདེ་ཐུང་།  གཞན་ཡང་ཆམ་པ་དང་།  རྒྱ་ནད་རྒྱུ་གཟེར། བྱིན་ཆུང་།  རྒྱ་ནད་མིག་སེར། ས་ནད་གག་ལྷོག འབྲུམ་ནག་གི་མདེ་ཐུང་སོགས་དང་།  འཛུམ་ཁ་རྩེག་ཅེས་བའི་བརྟག་ཐབས་སོགས་ཨོ་རྒྱན་ཆེན་པོས་མངའ་བདག་ལ་གདམས་པ་རྣམས།

གསུམ་པ་དཀར་ཆག་བར་ཐེམས་ལས་དངོས་སུ་མ་གསལ་བ་ཐེམས་མེད་སྐོར་ལ། ལུས་སྲོག་བསྲུང་བའི་གོ་ཆ་ཆིག་རྐྱ་འཁོར་ལོའི་གྱད་སོགས་སྣ་ཚོགས་དང་།  དོན་ཏིག་ཤོག་དྲིལ་བཅུ་གསུམ་བདུད་རྩི་བུམ་པའི་སྙིང་པོ་ལ། ༡ ལྷོག་པ་ཁོག་གསོད་ཀྱི་ཤོག་དྲིལ། ༢ གཉན་ཚད་འཇོམས་པའི་ཤོག་དྲིལ། ༣ གག་པ་སྐྱུགས་འདྲེན་གྱི་ཤོག་དྲིལ། ༤  མིད་འཆུས་སེལ་བའི་ཤོག་དྲིལ། ༥ དམར་བཤལ་གསོ་བའི་ཤོག་དྲིལ། ༦ བྱིན་ལོག་གསོ་བའི་ཤོག་དྲིལ། ༧ དངུལ་ཆུས་ལྷོག་པ་གསོ་བའི་ཤོག་དྲིལ། ༨ སྟོད་གཟེར་གློ་ཚད་འཇོམས་པའི་ཤོག་དྲིལ། ༩ དཔའ་བོ་སྐྱ་འདེད་ཀྱིས་གག་ལྷོག་འཇོམས་པའི་ཤོག་དྲིལ། ༡༠ གཞན་གྱིས་བཅོས་ཉེས་པ་ལ་སྦྱོང་གི་ཤོག་དྲིལ། ༡༡ ལྷོག་པ་དངོས་སུ་བསད་པའི་ལོག་གནོན་གྱི་ཤོག་དྲིལ། ༡༢ གཉན་ནད་མ་ལུས་པ་སེལ་བའི་འཁྲུད་པ་བདུད་རྩི་ཆུ་རྒྱུན། ༡༣ རང་བསྲུང་དང་སྦྱོང་གི་ཞལ་ཤེས། སྨན་གྱི་ཕྱག་ཚད་སོགས་ལག་ཏུ་བླངས་པའི་ཤོག་དྲིལ་བཅས་སོ།།

བཞི་པ་དེ་དག་ཉམས་སུ་ལེན་པ་ལ་ཉེ་བར་མཁོ་བ་དགོངས་གཏེར་ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ་གྱིས་ལེགས་བསྒྲིག་མཛད་པ་དང་།  སྤྲུལ་སྐུ་དམ་པ་དམར་པོ་སྦ་གྲོ་བཅས་ཀྱིས་བྲག་སེངྒེའི་ཁོག་པ་འདྲ་བའི་ཕ་བོང་སྡིག་རུ་ཅན་གྱི་རྩ་བ་ནས་སྤྱན་དྲངས་པའི་དངོས་གྲུབ་ཀུན་གྱི་རྩ་བ་བདུད་རྩི་ཆེན་པོའི་བཅུད་ལེན་སྐོར་སོགས་སྔར་གུ་རུ་རིན་པོ་ཆེས་མཛད་པའི་མཐའ་ཅན་རྣམས་གཉན་རིམས་ཀུན་ལ་ཐུན་མོང་མ་ཡིན་པའི་ཟབ་ཁྱད་ཀྱི་ཕན་ནུས་ཡོད་པར་བརྟེན། སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་ནས་མན་ངག་ལྷན་ཐབས་གསར་དུ་རྩོམ་སྒྲིག་མཛད་སྐབས་དེ་དག་གི་ལེགས་ཆ་མཐའ་དག་བསྡུ་ལེན་མཛད་དེ་གཉན་རིམས་བཅོ་བརྒྱད་ཀྱི་ལེའུ་ཁ་སྐོང་གནང་བ་རྣམས་ཤིན་ཏུ་ཁུངས་ལྡན་ཡིན་པ་ཡང་རྩ་བ་གོང་གསལ་གཏེར་གཞུང་རྣམས་གཞིར་བཟུང་བས་ཡིན་པ་གསལ་པོར་མངོན། ཡང་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་རིན་ཆེན་བཻཌཱུརྱའི་ཕྲེང་བ་ཤོག་གྲངས་༩༧ བ་༤ ལས། རྡོར་འབུམ་ཆོས་ཀྱི་གྲགས་པ་ནི། མར་པ་དང་དུས་མཚུངས་སུ་ཡུལ་མངའ་རིས་སུ་འཁྲུངས་ཡབ་ཡུམ་འབྱོར་པ་དང་ལྡན་པས་གསེར་གྱི་རྡོ་རྗེ་གཅོད་པ་དང་།  རྒྱས་པ་འབུམ་བཞེངས་པའི་དུས་སུ་སྐུ་འཁྲུངས་པས་མཚན་རྡོ་རྗེ་འབུམ་དུ་བཏགས། རབ་ཏུ་བྱུང་བའི་མཚན་ཆོས་ཀྱི་གྲགས་པ། གཏེར་ལུང་ལས། འོད་ཀོར་རྨ་བྱའི་མདོངས་མཐའ་ཅན་ཞེས་གསུངས་པ་ནི་དཔྲལ་བར་ཐིག་ལེ་རྨ་བྱའི་མདོངས་ལྟ་བུ་ཡོད་པས་དེ་ལྟར་གྲགས། འདིས་བྱང་མཐའ་འདུལ་པྲ་དུན་རྩེའི་གཙུག་ལག་ཁང་གི་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་ཐུགས་ཀ་ནས་《གསོ་དཔྱད་བདུད་རྩི་བུམ་ཆེན་》གྱི་རྩ་བ་དང་།  བྱམས་སྤྲིན་རྡོ་སྐུའི་འོག་ནས་《ཁ་སྐོང་ཟུར་བཀོལ་》འགའ་ཞིག་དང་།  གུར་ཆུང་མགོན་པོའི་ཐུགས་ཀ་ནས་《བདུད་རྩི་བུམ་ཆུང་》གི་སྐོར་རྣམས་སྤྱན་དྲངས་པའི་དབང་ལུང་ཕྱག་བཞེས་ཀྱི་རྒྱུན་མ་ཉམས་པ་དེང་སང་བར་བཞུགས་པས་གངས་ཅན་ཕན་བདེའི་རྩ་ལག་བླ་ན་མེད་པར་གྲུབ་བོ་ཞེས་གསུངས་སོ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༥༡༽ གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།

བྱམས་པ་འཕྲིན་ལས།

 

གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ནི། སྟོད་ལུང་སྐྱིད་སྣ་ཞེས་པར་ཡབ་གཡུ་ཐོག་ཁྱུང་པོ་རྡོ་རྗེ་དང་། ཡུམ་རྒྱ་ས་ཆོས་ཀྱི་སྒྲོན་མེ་གཉིས་ཀྱི་སྲས་སུ་ས་སྤྲེལ་སྤྱི་ལོ་༧༠༨སྤྲེལ་ཟླའི་ཚེས་༡༥་(1)ཉིན་ངོ་མཚར་གྱི་དགེ་ལྟས་དུ་མ་དང་བཅས་སྐུ་བལྟམས། དགུང་ལོ་གསུམ་ལ་ཡབ་ཀྱི་དྲུང་དུ་ཀློག་བསླབས་ཤིང་། དགུང་ལོ་ལྔ་ནས་གསོ་དཔྱད་གསན། དེ་རྗེས་ཆོས་རྒྱལ་མེས་ཨག་ཚོམ་གྱིས་བསམ་ཡས་སུ་སྤྱན་དྲངས། བྲང་ཏི་རྒྱལ་མཉེས་མཁར་ཕུག་སོགས་བོད་ཀྱི་སྨན་པ་དང་རྩོད་གླེང་གནང་བས་གང་གི་མཁྱེན་དཔྱོད་ལ་རྒྱལ་པོ་ཡབ་སྲས་དད་པར་གྱུར་ཏེ་སྐུའི་བླ་སྨན་མཛད།

བསམ་ཡས་སུ་བཞུགས་དུས་ནད་པ་རྩིབ་མ་གློ་བ་ལ་འབྱར་བ་ཞིག་ལ་རྟ་རྒྱུགས་གློད་དེ་ཕན་པ་དང་། སྨན་པ་ཀུན་རྒྱུག་གི་བུ་མོ་བཙུན་མ་ཆགས་པ་ལངས་ནས་ལ་ཕུག་གི་ཆུ་རྟེན་མཚན་མར་ལུས་པར་དུ་ཚྭ་སྦྱར་ནས་སྣ་ལ་བཏབ་པས་སྦྲིད་པ་བྱུང་སྟེ་ཐོན་པ། དེ་བཞིན་ཁྲི་སྲོང་སྤྱན་སྙུང་བར་ཕྱག་གིས་སྤྱན་ལ་ཐོ་མ་ཤོར་བའི་ཆེད་དུ་ཞབས་འཕོངས་ལ་རུས་པ་མི་སྐྱེ་བའི་ཕྱིར་འཕུར་འཕུར་གཏོང་དགོས་ཚུལ་གསུངས་པ། གཞན་ཡང་རྒྱལ་པོ་ཚེམས་སྙུང་བར་ཡ་རྐན་ལ་མཛེར་བ་མི་སྐྱེ་བའི་ཐབས་སུ་ལྗགས་རྩེས་ཡ་རྐན་འཕུར་བཅུག་ནས་ཚེམས་ཀྱི་སྙུང་གཞི་དྭངས་པ་སོགས་ངོ་མཚར་གྱི་མཛད་ཚུལ་བསམ་ལས་འདས་པ་བྱུང་།

དགུང་ལོ་ཉི་ཤུ་ལོན་པའི་ཚེ་བསམ་ཡས་སུ་ཕྱོགས་རིགས་སྨན་པ་དགུ་དང་ཕན་ཚུན་བགྲོ་གླེང་སྐབས་གཡུ་ཐོག་པའི་མཁྱེན་དཔྱོད་ཕུལ་དུ་ཕྱིན་པར་ཡ་མཚན་དང་དད་པ་སྐྱེས་ཏེ་མགྲིན་གཅིག་ཏུ། སྔོན་བསགས་སྦྱངས་པའི་ཡོན་ཏན་རབ་རྒྱས་ཤིང་། །འགྲོ་བ་མགོན་མེད་རྣམས་ཀྱི་མགོན་གཅིག་པུ། །གཡུ་ཐོག་པ་ཞེས་ཟླ་མེད་མཁས་པའི་མཆོག །གྲུབ་པའི་གྲགས་སྙན་འབར་བ་ཁྱོད་ཕྱག་འཚལ། །ཁྱད་པར་གསོ་རིག་གཞུང་ལུགས་བསྟན་པའི་སྲོག །ཉམ་ཐག་འགྲོ་བ་ནད་པའི་སྐྱབས་གཅིག་པུ། །བོད་ཡུལ་མུན་པ་སེལ་བའི་ཉི་མ་མཆོག །ཡོན་ཏན་མགོན་པོའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དེ་ཞབས་སྤྱི་བོར་བླངས་སོ། །

དགུང་ལོ་ཉི་ཤུ་རྩ་ལྔ་ལ་བལ་ཡུལ་བརྒྱུད་རྒྱ་གར་དུ་བྱོན། ལམ་བར་དུ་ལོ་ཙཱ་བཻ་རོ་ཙ་ན་མཇལ། སློབ་དཔོན་ཙནྡྲ་དེ་ཝ་ལས་རྒྱུད་བཞི་ཁ་སྐོང་དང་བཅས་པ་ལོངས་ཤིང་། སློབ་དཔོན་གྱིས་རྒྱལ་པོ་དང་ཁྱེད་རང་ལ་སྤྲོད་དགོས་པའི་ཞལ་མངག་ཡོད་པས་བོད་དུ་ཕྱིར་བྱོན་གསུངས་དུས། གཡུ་ཐོག་པས་དཔལ་ལྡན་རྒྱུད་བཞི་བདག་ནམ་སླེབས་བར་བསམ་ཡས་དབུ་རྩེའི་བར་ཁང་གི་ཀ་བ་བུམ་པ་ཅན་ལ་གཏེར་དུ་སྦོས་གསུངས་པ་ལྟར་ལོ་ཙཱ་དང་རྒྱལ་པོས་དེ་ལྟར་མཛད། དེ་ནས་གཡུ་ཐོག་གིས་པཎ་ཆེན་ཙནྡྲ་དེ་ཝ་མཇལ། པཎ་ཆེན་གྱིས་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ནས་བསྒྱུར་བ་ལྟར་བོད་ཀྱི་རྒྱལ་པོ་དང་སྨན་པ་ལ་གདམས་པ་བྱུང་ངམ་ཞེས་གསུངས་པར་ལམ་བར་མཇལ་བའི་ལོ་རྒྱུས་རྣམས་ཞུས། དེ་ནས་གསོ་རིག་གི་གདམས་པ་མང་པོ་གནང་བ་གཡུ་ཐོག་པ་རང་མཐོང་སྐྱེས་ཏེ། བོད་ཀྱི་སྨན་པ་གཡུ་ཐོག་མགོན། །སྔོན་ནས་ཚོགས་གཉིས་བསགས་པའི་མཐུས། །བླ་མ་གྲུབ་ཐོབ་རྗེ་དང་མཇལ། །གདམས་ངག་གི་གཏེར་མཛོད་ཐང་མར་བརྡལ། །གསོ་དཔྱད་ཀྱི་བསྟན་པ་སྤེལ་བ་ལ། །སྔར་ཡང་བོད་ན་ང་རང་ཙམ། །ད་ནི་ང་ལས་ལྷག་པ་སུ། །ཞེས་གསུངས་ནས་བོད་དུ་བཞུད་དེ་རྒྱལ་པོ་ཡང་ཤིན་ཏུ་མཉེས་པས་གཡུ་ཐོག་རྒྱ་གར་ནས་བྱོན་པའི་དྲིལ་ཆེན་པོ་བསྒྲགས་སོ། །

དགུང་ལོ་སོ་ལྔ་བཞེས་དུས་རྒྱ་གར་ལ་ཐེངས་གཉིས་པ་ཕེབས། །སླར་ཡང་པཎ་ཆེན་ཙནྡྲ་དེ་ཝའི་དྲུང་ནས་གདམས་ངག་མང་པོ་ཞུས་ཏེ་བོད་དུ་ཕེབས། དེ་དུས་རྒྱལ་པོས་རྒྱུད་བཞི་གཏེར་ནས་བཏོན་ན་དྲག་གསུངས་པས། གཡུ་ཐོག་གིས་བདག་རྒྱ་གར་ལ་ད་དུང་སྐོར་གཅིག་འགྲོ་བ་དེ་བར་མི་འདོན་ཞུས་ནས་དགུང་ལོ་སོ་བརྒྱད་ལ་རྒྱ་གར་དུ་ཕེབས། བླ་མ་བརྒྱ་རྩ་གཅིག་དང་མཇལ། ཕྱི་ནང་རིག་གནས་དང་གདམས་པ་མང་པོ་ཞུས། ཁྱད་པར་དཔལ་ལྡན་《རྒྱུད་བཞིའི་གབ་པ་གསལ་བྱེད་ཐོ་བྱང་》དང་བཅས་པ་ཐོབ་ནས་སླར་བོད་དུ་ཕེབས། རྒྱལ་པོ་འཁོར་བཅས་དང་སྨན་པའི་དབུས་སུ། མཁས་པ་གཡུ་ཐོག་མགོན་པོ་ངས། །ཟུག་རྔུ་ཅན་གྱི་ནད་པ་དང་། །ལན་ཆགས་བུ་དང་སློབ་མའི་དོན། །རྒྱ་གར་ཡུལ་ལ་ལན་གསུམ་ཕྱིན། །བླ་མ་གྲུབ་ཐོབ་འགའ་དང་མཇལ། །གདམས་ངག་རྒྱལ་པོའི་དཀོར་མཛོད་ཐོབ། །རིག་གནས་ཕྱི་ནང་མཐའ་དག་ཤེས། །ཞེས་པ་ནས། ཁྱད་པར་རྒྱུད་བཞི་ཐེམ་ཡིག་དང་། །གབ་པ་གསལ་བྱེད་ཐོ་བྱང་དང་། །རྒྱུད་ཀྱི་ཁ་སྐོང་དཀར་ཆག་དང་། །རྒྱུད་ཀྱི་ཆ་ལག་གདམས་པ་ཤེས། །ཞེས་སོགས་གསུངས་པས། རྒྱལ་པོའི་ཞལ་ནས། འབྲེལ་ཚད་དོན་ལྡན་གཡུ་ཐོག་པ། །སྨན་པ་ཆེ་མཆོག་གཙོ་བོ་རྒྱལ། །ཞེས་པ་ནས། རྒྱ་གར་ཡུལ་ལ་ལན་གསུམ་བྱོན། །གནད་ཟབ་མན་ངག་དུ་མ་བླངས། །བོད་ཡུལ་མུན་པ་སེལ་བར་མཛད། །ཁྱད་པར་གསོ་དཔྱད་བསྟན་པ་སྤེལ། །བཀའ་དྲིན་ཆེའོ་གཡུ་ཐོག་པ། །ཞེས་གསུངས་ནས་དྭགས་ཀོང་ཁྱུང་གསུམ་གཡུ་ཐོག་པར་འབུལ་གནང་མཛད།

དགུང་ལོ་ཞེ་ལྔ་བཞེས་དུས་རྒྱུད་བཞི་གཏེར་ནས་སྤྱན་དྲངས། གསོ་དཔྱད་ཀྱི་དཔེ་ཆ་མང་པོ་བརྩམས་པ་མཇུག་ཏུ་འཁོད་ཡོད། དགུང་ལོ་ང་ལྔ་ལ་སློབ་མ་བདེ་བ་དཔལ་ཕྱག་ཕྱིར་ཁྲིད་ནས་ཀོང་པོ་སྨན་ལུང་དུ་བྱོན་པས་སློབ་མ་སུམ་བརྒྱ་ཙམ་འདུ་བ་བྱུང། དེ་རྣམས་ལ་རྒྱུད་བཞི་ཆ་ལག་ཁ་སྐོང་དང་བཅས་པ་གནང་བས་སྨན་པ་འབུམ་རམས་པ་བྱ་བ་ལྔ་བཅུ། །སྨན་པ་རབ་འབྱམས་པ་བྱ་བ་ལྔ་བཅུ། སྨན་པ་དཀའ་བཅུ་པ་བྱ་བ་བརྒྱ་ཙམ་བྱུང་སྟེ་དགུང་ལོ་དྲུག་ཅུ་རེ་ལྔ་བར་བཞུགས་སོ། །

དེ་ནས་དར་རྩེ་མདོ་དང་། རི་བོ་རྩེ་ལྔ་སོགས་ལ་ཕེབས་ནས་འགྲོ་བ་མང་པོའི་སྲོག་བསྐྱབས་ཤིང་ཕྱིར་འཁོར་ནས་དཔོན་སློབ་སྟོང་ཙམ་གྱིས་ཀོང་པོའི་སྨན་ལུང་དུ་སྨན་གྱི་དགོན་པ་ལྟ་ན་སྡུག་ཅེས་བྱ་བ་ཕྱག་བཏབ་སྟེ་སྨན་པའི་རིགས་སུ་གྱུར་པའི་བྱ་བྲལ་པ་ཐམས་ཅད་འཆད་ཉན་གྱིས་སྒྲོ་འདོགས་ཆོད་པ་བྱུང་། དེ་མིན་སློབ་མའི་ནང་བྱ་ཡུལ་གྱི་མདའ་མི་སྨན་བཙུན་ཞེས་པ་བུད་མེད་སྨན་པ་ཞིག་ཀྱང་ཡོད། དགུང་ལོ་གྱ་ལྔ་ལ་དཔོན་སློབ་རགས་བསྡུས་ཤིག་ཙཱ་རིར་བྱོན། རྡོ་རྗེ་མཚོ་མོ་ཁབ་ཏུ་བཞེས་པས་རིམ་གྱིས་སྲས་འབུམ་སེང་དང་། དཔལ་འབུམ་དགའ་དགའ་གསུམ་འཁྲུངས། སྐུ་ཚེ་འདིར་རྒྱ་གར། རྒྱ་ནག་ཙམ་མ་ཟད་བོད་ཀྱི་ས་གནས་མང་པོར་ཕེབས། ཉེ་རིང་མེད་པར་སྨན་སྦྱིན་གནང་། ཉིད་ཀྱི་ཞལ་ནས། ཁྱེད་རྣམས་རང་འདོད་ཁོག་འགྲས་སེར་སྣ་ངན་གཡོ་བོར་ལ། བྱང་ཆུབ་སེམས་ཀྱིས་གཞི་བཟུང་། འགྲོ་བ་ནད་པའི་དོན་དུ་གཉེར། མཐོ་གྲོགས་དང་ཁེ་ཚོང་མ་བྱེད། ངན་སློང་མཐའ་ནས་སྐྱོངས། མི་ངོ་ཟས་ངོ་མ་ལྟ་བར་ནད་ལ་ཕན་པའི་སྨན་དཔྱད་མཛོད། ཕྱོགས་ཆ་ཉེ་རིང་སྤོངས་ལ་ཀུན་ལ་ཁྱབ་པའི་སྨན་པ་མཛོད། བདག་བཟུང་གི་གནས་མ་བརྟེན་པར་རྒྱལ་ཁམས་ཕྱོགས་མེད་འགྲིམས་ལ་ནད་པ་ཕྱོགས་མེད་ལྟོས། ཆེ་བཙུན་གྱི་བླ་སྨན་མ་བྱེད་པར་སྦྲང་ལོང་བརྩེ་བས་སྐྱོངས། ནག་ཆང་ཕྱོགས་སུ་མ་འདོད་པར་དཀར་གསུམ་ལྟོ་ལ་བསྟེན། །རྟ་དྲེལ་བཞོན་པ་སྤོངས་ལ་ནད་པའི་བྲན་དུ་རྒྱུགས། མི་ཤེས་ཤེས་པར་མ་རློམས་རྒས་ཀྱང་སློབ་གཉེར་མཛོད། མི་སྲོག་ལ་ཚོད་ལེན་མ་བྱེད་མི་ཤེས་པ་ངོས་ལོངས། སྒོ་གསུམ་ཆོས་ལ་འབད་ལ་ཕྱི་མའི་ལམ་སྣ་ཟུངས། ཞེས་སོགས་སྨན་པའི་ཀུན་སྤྱོད་སྐོར་གྱི་ཞལ་གདམས་བསླབ་བྱ་བྱིན་རླབས་ཀྱི་མཚན་ཁ་འབར་པ་དུ་མ་གནང་།

གསོ་དཔྱད་སྐོར་གྱི་གསུང་རྩོམ་ནི་《རིག་གནས་ཕྱི་ནང་》ལ་ལེའུ་བརྒྱ་དང་སོ་གསུམ་དང་། 《སྡེ་སྐོར་ཕྱི་ནང་གསང་གསུམ་》ལ་ལེའུ་ང་ལྔ།  《རིག་པའི་གནས་མཆོག་བཅོ་བརྒྱད་》འགྲེལ་པ་ཁ་སྐོང་དང་བཅས་པ། 《རྒྱུད་འགྲེལ་སྟོང་དང་རྩ་གཅིག་》ལ་ལེའུ་ཆིག་སྟོང་སུམ་བརྒྱ། མན་ངག་ཕན་བྱེད་དང་གནོད་བྱེད་གྲངས་ལས་འདས་པ། 《དམར་འདེད་ཀྱི་མན་ངག་》ལ་ལེའུ་བརྒྱ་དང་དགུ་བཅུ། ཕྲན་ཚེགས་མན་ངག་བསམ་གྱིས་མི་ཁྱབ། 《རོ་བཀྲ་འཕྲུལ་གྱི་མེ་ལོང་》ལ་ལེའུ་ཉེར་ལྔ། 《བྱང་ཁོག་གསང་དབྱེ་》ལ་ལེའུ་བརྒྱད། 《ཐུར་དཔྱད་གནད་ཀྱི་ལྡེ་མིག་》ལ་ལེའུ་སོ་ལྔ། 《མངོན་ཤེས་གནད་ཀྱི་འཁྲུལ་འཁོར་》ལ་ལེའུ་བཅོ་ལྔ། 《གསང་ཐིག་རིན་ཆེན་སྒྲོན་མེ་》ལ་ལེའུ་བཅོ་བརྒྱད། 《ནག་རྩིས་འཁོར་འདས་གཏན་འབེབས་》ལ་ལེའུ་བརྒྱད་དང་ཉི་ཤུ། 《འབྲས་རྩིས་》ལ་ལེའུ་ཉེར་ལྔ། 《སྐར་རྩིས་རི་བོ་རྡུལ་འབེབས་》ལ་ལེའུ་དྲུག་ཅུ། 《རྒྱུད་བཞིའི་ཐེམ་ཡིག་》དང་། 《གབ་པ་གསལ་བྱེད་ཐོ་བྱང་།》 རྒྱུད་ཀྱི་ཁ་སྐོང་། དཀར་ཆག ཆ་ལག 《མེ་བཙའ་མདོ་ཆོད་ནག་པོ།》 《གཏར་ཁ་ལག་ལེན་འཕྱུག་མེད།》 《གྱེན་འདྲེན་ལྕགས་ཀྱུས་ཉ་འཛིན།》 《ཐུར་འབེབ་རི་བོ་རྦབ་སྒྲིལ།》 《ཉམས་ཡིག་མཐོང་བ་དོན་ལྡན།》 《འཁྲིད་ཡིག་བརྒྱ་དང་རྩ་གཅིག》 ནད་པ་ལ་གཅེས་པ། 《སྲོག་འཚོ་དཔལ་སྐྱེད་ཀྱི་གདམས་པ།》 སྨན་པ་ལ་གཅེས་པ། 《བསྐྲད་པ་ལྔ་ལྡན་གྱི་གདམས་པ་》ལ་སོགས་པ་གངས་ཅན་སྐྱེ་འགྲོའི་གསོས་སུ་སྨིན་པར་མཛད།

མཐར་དགུང་ལོ་བརྒྱ་དང་ཉེར་ལྔ་བཞེས་དུས་གཡུ་ཐོག་ཆེན་པོས། མཁས་པ་གཡུ་ཐོག་མགོན་པོ་ང་། །བོད་ཡུལ་མུན་པའི་ནགས་ཁྲོད་དུ། །གསོ་དཔྱད་སྒྲོན་མེ་སྤར་ནས་ཡོད། །ཁྱད་པར་དཔལ་ལྡན་རྒྱུད་བཞི་ལ། །གབ་དང་འཁྲུག་པ་མ་གོ་བ། །མུན་ཁུང་ཉི་མ་ལྟར་དུ་གསལ། །ཞེས་པ་ནས་མཐར་སྐུ་གཤེགས་ཁར། འགྲོ་བ་ནད་པ་བརྩེ་བས་སྐྱོངས། །དྲིན་བཟོ་མེད་པར་སྨན་སྦྱིན་ཐོངས། །ཚ་གྲང་མ་ལོག་བསིལ་དྲོད་སྡེབས། །ནད་རྟགས་ངོས་འཛིན་མན་ངག་སློབས། །མི་ངོ་ཟས་ངོ་མ་ལྟོས་ཤིང་། །ཉེ་རིང་སྤངས་པས་ནད་པ་བསྐོར། །ཁ་དྲག་ཆེ་འདོད་མ་བྱེད་པར། །དམན་ཆ་བཟུང་ལ་ནད་པ་བསྐོར། །ཞེས་གསུངས་ཏེ་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་མོ། །

མཆན་བུ།

(1) ཧུ་ལེན་དེབ་ཐེར་དམར་པོར་གྲགས་པའི་ཡང་གསལ་སྒྲོན་མེ་ལས། ས་གླང་ལོ་སློབ་དཔོན་པདྨ་བོད་དུ་བྱོན་པའི་ལོ་གསུམ་པ་མེ་ཡོས་ལ་བསམ་ཡས་བཞེས་པའི་འགོ་བཙུགས། ས་མོ་ཡོས་ཀྱི་ལོ་བཅུ་གསུམ་ལ་ཚར་རོ། །ལྕགས་ཡོས་ལ་གསོ་དཔྱད་པ་ཁྱུང་པོ་གཡུ་ཐོག་སྔ་མ་ཡོན་ཏན་མགོན་པོའི་ཉི་ཤུ་རྩ་ལྔ་ཡིན་ཞེས་འཁོད་རུང་གཡུ་ཐོག་རྙིང་མའི་རྣམ་ཐར་གཟི་བརྗིད་རིན་པོ་ཆེའི་གཏེར་མཛོད་ནང་འཁྲུངས་ལོ་ས་སྤྲེལ་ཡིན་པ་དང་། སྨན་རྩིས་ཁང་གི་ལོ་ཐོའི་བསྟན་རྩིས་ལའང་ས་སྤྲེལ་འགོད་གནང་མཛད་འདུག་པ་ཁུངས་ཆེ་བར་མངོན།།

མཆན། རྗེ་གཡུ་ཐོག་པ་སྤྱི་ལོ་༧༩༠ ལོར་འཁྲུངས་པར་བཞེད་མཁན་ཡང་ཡོད་པས་ཁོང་གི་རྣམ་ཐར་ལ་མཁས་པའི་གསུང་ཚུལ་རིགས་མི་འདྲ་བ་མང་ངོ་། ། 

  འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༥༢༽ བོད་སྨན་མཁས་པ་མི་དགུ།

བྱམས་པ་འཕྲིན་ལས།

བོད་སྨན་མཁས་པ་མི་དགུ་ཞེས་པ་ནི། སྟོད་ན་ཆེར་རྗེ་ཞིག་པོ་དང་།  འུག་པ་ཆོས་བཟང་།  བི་བྱི་ལེགས་མགོན་གསུམ། བར་ན་གཡུ་ཐོག་མགོན་པོ་དང་།  མི་ཉག་རོང་རྗེ། བྲང་ཏི་རྒྱལ་བཟང་གསུམ། སྨད་ན་གཉའ་པ་ཆོས་བཟང་དང་།  མཐའ་བཞི་དར་པོ། སྟོང་པ་གྲགས་རྒྱལ་གསུམ་བཅས་སོ།།

གོང་གསལ་བོད་སྨན་མཁས་པ་མི་དགུ་བྱོན་པའི་དུས་ཚོད་ཐད་བཤད་སྟངས་མི་འདྲ་བ་ཡོད་རུང་མཁས་པ་མང་པོ་ཞལ་མཐུན་པར་བི་བྱི་དང་།  མཐའ་བཞི། བྲང་ཏི། གཉའ་པ་བཅས་ནི་ཆོས་རྒྱལ་སྐབས་ཀྱི་བླ་སྨན་ཡིན། གཞན་རྣམས་ནི་མངའ་བདག་རྩེ་ལྡེའི་སྤྱི་ལོ་༡༠༧༦ སྐབས་སུ་ཨུ་རྒྱན་གྱི་སྨན་པ་སྐྱེས་བུ་མེ་ལྷ་ཕྱག་རྡུམ་བོད་ལ་ཕེབས་དུས་བྱུང་བ་ཡིན་ཞེས་གསུངས།

ཆེར་རྗེ་ནི། མང་མཁར་གྱི་གཞུང་ན་ཆེར་རྗེའི་གུང་ཞེས་པ་མཁར་དང་བཅས་པ་ཡོད། དེར་ཆེར་རྗེ་ཏི་པང་དང་།  ཇོ་ནག འཕན་ཕྱུག རྟག་རྟོག་རྒྱལ་པོ་ལ་སོགས་པ་མཁས་པ་མང་དུ་བྱོན། ཆེར་རྗེ་ཞང་སྟོན་ཞིག་པོའམ་ཐུགས་རྗེ་ཁྲི་འོད་ཅེས་པ་ནི། ལོ་ཆེན་རིན་ཆེན་བཟང་པོའི་སློབ་བརྒྱུད་གྲས་ཀྱི་སྔ་རབས་སྨན་བླ་ལྟ་བུ་བཅུར་གྲགས་པའི་ནང་ཚན་སྨན་དཔྱད་དཔྱིས་ཕྱིན་པར་མཁྱེན་ཅིང་། 《ཤིས་བྱ་སྤྱིའི་ཁོག་འབུགས་རྒྱལ་མཚན་རྩེར་འབར་》དང་། 《ས་བཅད་དོན་འཁྲིགས་འབྱེད་པའི་ལྡེའུ་མིག》 《དཀའ་ཚོམ་གེགས་སེལ་གནམ་ལྕགས་འཁོར་ལོ།》 《ཚིག་དོན་ཞིབ་རྒྱས་སུ་འགྲེལ་པ་མུ་ཏིག་གི་ཕྲེང་བ་》རྒྱས་བསྡུས་གཉིས། སྐྱིད་སྨད་ཁོལ་མའི་ཞང་སྟོང་འདུལ་བ་སོགས་ཀྱི་དོན་དུ་ལག་ལེན་དམར་འཁྲིད་རྒན་མོ་མཛུབ་ཚུགས་ཀྱི་ཚུལ་དུ་འཆད་པ་《བདུད་རྩི་ཐིགས་པ་》རྣམས་བརྩམས། གཞུང་ལ་ནག་མཆན་ལེགས་པར་བཏབ། སློབ་མ་བདེ་བ་དཔལ་དང་།  ཡོན་ཏན་རྒྱ་མཚོ། གཙང་སྟོད་དར་མ་མགོན་པོ་སོགས་དུ་མ་བྱུང་།  དེ་དག་གི་བརྒྱུད་འཛིན་བོ་དོང་རོག་ཚོའི་སྐོར་ན་མང་བར་གྲགས། དར་བྱེད་ལྔ་བཅུ་རྩ་བརྒྱད་ཀྱི་མཛད་རྗེས་དྲངས་སྐབས། ཆེར་རྗེ་ན་གུས་མོ་ནད་སྒོས་བཅོས་དར། ཞེས་གསུངས།

འུག་པ་ཆོས་བཟང་ནི། སྔོན་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་དུས། དཔལ་ཨཽ་ཌི་ཡཱ་ནའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཟབ་ཆོས་ཀྱི་བཀའ་བབས་སོ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་པོར་གྲགས་པའི་ཟུར་འུག་བྱ་ལུང་པ་གསང་སྔགས་རྙིང་མ་ལ་ཐོས་བསམ་སྒོམ་པ་མཐར་ཕྱིན་པ་ཞིག་བྱུང་བའི་སྐོར། ྋརྒྱལ་བ་ལྔ་པ་ཆེན་པོས་མཛད་པའི་རྩིས་དཀར་ནག་ལས་བརྩམས་པའི་དྲིས་ལན་ཉིན་བྱེད་དབང་པོའི་སྣང་བ་ཞེས་བྱ་བའི་ནང་གསུངས་པ་དང་།  དེ་དང་འདྲ་བ་མངའ་རིས་སྨན་པ་ཆོས་སྐྱོང་བཟང་པོའི་གསོ་རིག་ཁོག་འབུགས་བདུད་རྩི་ཆུ་རྒྱུན་ནང་།  འུག་པ་ལུང་པ་ཞེས་རྙིང་མ་བ་ཡིན་ཏེ་འདིའི་བརྒྱུད་པ་ད་ལྟ་ཡང་ཡོད། བསྟན་བཅོས་ནི་《ཡན་ལག་ཁོག་པ་སྒྲོན་བཞིའི་བསྡུས་དོན་》དང་《འདུ་བ་སྤྱི་བཅོས་》ཞེས་པ་མཛད། དར་བྱེད་ལྔ་བཅུ་རྩ་བརྒྱད་ཀྱི་མཛད་རྗེས་དྲངས་དུས། འུག་པ་ཆོས་སེང་ཞེས་བྱ་བས། དབྱིག་ཤེལ་དོན་གྱི་འགྲེལ་པ་སོགས། ཞེས་དང་།  ཡང་དེ་ཉིད་ལས། འུག་པ་ཆོས་སེང་ཡན་ལག་རྒྱོགས་བཅོས་དར་ཞེས་གསུངས་སོ།།

བི་བྱི་ལེགས་མགོན་ནི། སྔར་རྒྱལ་པོ་ཐོ་ཐོ་རི་སྙན་བཙན་གྱི་སྐབས་འཕགས་ཡུལ་ནས་ཕེབས་པའི་སྨན་པ་དགའ་བྱེད་བི་བྱིའི་རྒྱུད་པ་ཡིན་པ་དང་།  སྡེ་སྲིད་རིན་པོ་ཆེའི་ཁོག་འབུགས་ཤོག་གྲངས་༧༨ ན་༤ ནང་ག་ལེས་ནོས་རྗེའི་བླ་སྨན་དུ་བཞུགས། ཕལ་ཆེར་ལྷ་སར་སྟན་(གཏན་)ཆགས་ཤིང་བསྟན་བཅོས་ཀྱང་དུ་མ་བརྩམས་པར་གྲགས། ཡུམ་ཁབ་ཏུ་བཞེས་པར་སྲས་གསུམ་བྱུང་བའི་ཆེ་བ་གཙང་སྟོད་དུ་བཏང་བས་བི་ཇི་སོགས་ཀྱི་རྒྱུད་པ་དར་ཞེས་དང་།  ཡང་ཤོག་ཙན་པ་ཤི་ལ་ཧ་དེས་ཕྱིས་བོད་དུ་སྲིད་བསྐྱངས། བི་ཇིའི་རྒྱུད་པ་ཤོག་གྲངས་༨༠ བ ༣ སྔར་བྱུང་གྲུབ་རུང་འདི་ནས་འཕེལ་བར་གྲགས། སློབ་བརྒྱུད་ལ་ཞང་དང་།  སྟོང་དང་།  བྲང་ཏི་གསུམ་གྱིས་གཙོས་དུ་མར་འཕེལ་ཞེས་གསུངས་པས་བི་བྱི་དང་བི་ཇི་གཉིས་ཀ་དོན་གཅིག་ཡིན་པས་ཡི་གེ་དག་པ་ནི་བི་བྱི་ཡིན་པར་སེམས།

གཡུ་ཐོག་པ་ནི། གསར་རྙིང་གཉིས་བྱུང་བ་མཁས་པ་མི་དགུའི་སྐབས་གཡུ་ཐོག་གསར་མར་བཞེད། རྣམ་ཐར་གཤམ་དུ་གསལ།

མི་ཉག་རོང་རྗེ་ཞེས་པ་ནི། ཁམས་མི་ཉག་གི་ཡུལ་ནས་ཡིན་ཞིང་།  དམར་དཔྱད་ལ་ཤིན་ཏུ་མཁས་པ་ཅིག་བྱུང་།  དེས་《དུམ་ཆེན་ནག་མོ་རྨ་ཆའི་སྐོར་གསུམ་》དང་《དམྱལ་བ་ཁྲག་འཛགས་》ལ་སོགས་པ་མཛད། དར་བྱེད་ལྔ་བཅུ་རྩ་བརྒྱད་ཞེས་པ་བགྲངས་སྐབས། མི་ཉག་རོང་རྗེ་འགའ་འགའ་ཡིས། རི་བོ་བརྩེགས་པའི་འགྲེལ་པ་སོགས། ཞེས་དང་།  སྡེ་སྲིད་ཁོག་འབུགས་ནང་།  བརྩོན་འགྲུས་སྙིང་པོས་མཛད་པའི་《སུ་ཁུག་》ལ་སོགས་པ་མི་ཉག་གི་ལུགས་ཞེས་པའང་བྱུང་བར་གསུངས་སོ།།

བྲང་ཏི་རྒྱལ་བཟང་ནི། རོང་དུར་སྨིག་རྒྱུད་དུ་བྱུང་ཞིང་།  དེའི་ཐོག་མར་ནི་ཆོས་རྒྱལ་མེས་ཨག་ཚོམ་དུས་ཀྱི་བླ་སྨན་བྲང་ཏི་རྒྱལ་མཉེས་མཁར་ཕུག་ཡིན་ཞིང་།  བརྒྱུད་ནས་བརྒྱུད་དུ་རྒྱལ་པོའི་བླ་སྨན་དུ་དབང་བསྐུར་བ་ལོ་རྒྱུས་ཐམས་ཅད་མཐུན། དེས་《བྱང་ཁོག་དོན་ཐིག་》དང་《ཚིག་དོན་བརྒྱ་པ།》 ཁྱད་པར་《དཔྱད་བཅུ་གཉིས་》དང་《དམར་སྒྲོམ་ཆེན་མོ་》ལ་སོགས་པ་མཛད། དེའི་རྗེས་སུ་བྲང་ཏི་དར་མ་སྙིང་པོ་དང་།  བྲང་ཏི་གྲགས་པ་འབུམ། བྲང་ཏི་ཇོ་བཙུན། བྲང་ཏི་དཔལ་ལྡན་འབུམ་སོགས་གནང་རིགས་རྗེས་སྦྱངས་ཀྱི་སྨན་པ་བར་མ་ཆད་པ་བྱུང་སྟེ་བདུད་རྩི་ཡུར་འདྲེན་ལ་སོགས་པ་མན་ངག་ཆིག་བརྒྱུད་ཟབ་མོ་རྣམས་རིམ་གྱིས་ཡི་གེར་བཏབ་པ་ལ་བྲང་ཏིའི་《པོད་ཁྲ་》དང་《པོད་དམར་》དུ་གྲགས་པ་རྣམས་དང་།  དུས་ཕྱིས་བྲང་ཏི་འཇམ་དཔལ་བཟང་པོའི་སྐབས་ས་སྐྱ་སྨན་གྲོང་དུ་གྲགས་པའི་བརྒྱུད་པ་བྱུང་སྟེ་དེའི་ཁྱད་ཆོས་《གསེར་བྲེ་》དང་《དངུལ་བྲེ་》ཞེས་པ་ཡིན།

གཉའ་པ་ཆོས་བཟང་ནི། སྔོན་མདོ་ཁམས་བྱང་ཕྱོགས་གེ་སར་གྱི་ཡུལ་གྲུར་མངའ་བསྒྱུར་བའི་ཆོས་རྒྱལ་དགེ་བ་འཛིན་ཞེས་བྱ་བ་ལུགས་གཉིས་ཀྱི་མཁྱེན་པ་རྒྱས་ཤིང་།  སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་མ་ལྟར་མཉེས་ཤིང་བྱམས་པས་ཀུན་གྱིས་མིག་གི་བདུད་རྩིར་གྱུར་ནས་ཐམས་ཅད་ཀྱིས་ངག་མཐུན་པར་འདི་ནི་ཀུན་གྱིས་ གཉའ་བར་འཁུར་རིགས་སོ་ཞེས་ཟེར་བ་ལས་མཚན་ལ་གཉའ་པར་གྲགས། དེའི་སྲས་ལྔའི་ཆེ་བ་གཉའ་བ་ཆོས་ཀྱི་བཟང་པོ་སྒོ་བཟང་སྐྱེ་མཆེད་དྭངས་ཤིང་དད་པ་དང་ཤེས་རབ་ཆེ་བའི་སྙན་གྲགས་དང་ལྡན་པར་ལྷ་བཙན་པོ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས་གསན་ཏེ་མདོ་ཁམས་ནས་དབུས་སུ་འགུགས་པར་མཛད། དེ་ནས་གསེར་གྱི་པ་ཏྲ་མང་པོ་དང་གྲོགས་དུ་མར་བཅས་ཏེ་རྒྱ་གར་དུ་རིག་པ་སློབ་པ་དང་ལོ་པཎ་སྤྱན་འདྲེན་པར་མངགས། འཕགས་ཡུལ་དུ་ལོ་མང་བཞུགས་ནས་རིག་གནས་ཕལ་ཆེར་ལ་སྦྱངས་ཏེ་མཁས་པར་གྱུར་ནས་བོད་དུ་བྱོན། རྒྱལ་པོ་ཤིན་ཏུ་མཉེས་ཏེ་བླ་མཆོད་དང་ལྷ་རྗེ་ཟུང་དུ་དབང་བསྐུར། བོད་སྨན་མཁས་པ་མི་དགུའི་གཙུག་རྒྱན་དུ་གྱུར། མཐར་གཉའ་པ་ནམ་མཁའ་གཞོན་ནུ་དང་།  གཉའ་པ་རྡོ་རྗེ་འབུམ་སོགས་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་གཉའ་པའི་བརྒྱུད་འཛིན་ལྷུན་ལྡིང་རྣམ་རྒྱལ་རྡོ་རྗེ་ཞེས་པའི་བར་སྨན་པ་མཁས་པ་རྒྱུན་མ་ཆད་པར་བྱུང་བ་ཡིན་ནོ།།

མཐའ་བཞི་ནི། ཐོག་མར་མཐའ་བཞི་སྟོང་གསུམ་གང་བས་ཁབ་བཞེས་སྲིད་བསྐྱངས་པ་ལས་བྱུང་བའི་བརྒྱུད་པ་དེ་ཡིན། དར་བྱེད་ལྔ་བཅུ་རྩ་བརྒྱད་ཅེས་པའི་ནང་།  མཐའ་བཞི་རིན་ཆེན་ཞེས་བྱ་བས། །སྐྲ་ཤད་འཛིང་པའི་དོན་བསྡུས་དང་།  །དར་སེང་མགོ་བོའི་བཅོས་ཁ་སོགས། །ཞེས་གསལ་བ་ལས་མཐའ་བཞི་དར་པོ་ཞེས་པའི་མཚན་དངོས་སུ་མི་གསལ། འོན་ཀྱང་མཐའ་བཞིའི་ལོ་རྒྱུས་སྐོར་སྐྱེས་བུ་མེ་ལྷའི་སློབ་མ་གཉའ་དང་།  མཐའ་བཞི། སོག་པོ་གསུམ་གྱིས་བློ་ངན་སྐྱེས་ཏེ་སློབ་དཔོན་བཀྲོངས་པར་བརྩམས་པ་མཐའ་བཞིས་སེམས་ཀྱིས་མ་བཟོད་པར་སློབ་དཔོན་ལ་བྱ་བཏང་པས་སློབ་དཔོན་གྱིས་མཚན་མོ་བྲོས་པ་རྗེས་བསྙེགས་བྱས་ཏེ་སྐྱིད་ཤོད་ཀྱི་ཆུ་ལ་བྲིམས་ཞེས་ཆོས་སྐྱོང་དཔལ་བཟང་གིས་མཛད་པའི་《གསོ་རིག་ཆོས་འབྱུང་བདུད་རྩི་ཆུ་རྒྱུན་》ནང་གསལ། སློབ་མ་འདི་གསུམ་དམར་བྱང་ལ་ཤིན་ཏུ་མཁས་ཤིང་《ཡན་ལག་རྣམ་གསུམ་》དང་། 《ཐོར་དཔྱད་མུ་ཏིག་ཕྲེང་བ།》 《མཐའ་བཞིའི་ཞུ་བ་བཞི་ལྡན།》 《གཉའི་མགོ་རོ་ཁྲག་གཅོད་》སོགས་དུ་མ་མཛད།

སྟོང་པ་གྲགས་རྒྱལ། དེའི་སྐོར་ཡིག་ཆ་མ་མཐོང་ཞིང་།  དར་བྱེད་ལྔ་བཅུ་རྩ་བརྒྱད་སྐབས་སུ། དེ་ལ་དང་པོ་སྟོང་སྨན་ནི། ལོ་ཙཱ་ཛྙཱ་ན་མི་ཏྲ་ཡིས། དབུས་མཐའ་ཡི་དོན་རྒྱལ་བ་སོགས། །དྷརྨ་ཕ་ལས་རིག་པ་འབུམ། །ཀུན་དགའ་དབང་ཕྱུག་རྩ་ཆུ་ཡི། །སྟོང་ཐུན་འཕྲུལ་གྱི་མེ་ལོང་བརྩམས། །ཞེས་པ་ནས། སྟོང་ལ་སྟག་ཆུང་ཞེས་བྱ་བས། །རྩ་བཤད་ཕྱི་གསུམ་འགྲེལ་པ་དང་།  །མན་ངག་རྒྱུད་ལ་བཀའ་མཆན་སོགས། །ཞེས་པ་ལས། སྟོང་པ་གྲགས་རྒྱལ་གྱི་སྐོར་དམིགས་བསལ་མི་འདུག སྟོང་སྨན་སྟག་ཆུང་ཞེས་པ་ནི་སྐྱེས་བུ་མེ་ལྷ་ཕྱག་རྡུམ་བོད་ལ་ཕེབས་རྗེས་ཐུགས་སྲས་སློབ་མ་བཞིའི་ནང་གི་གཅིག་རེད། དེའི་སྐོར་སྙན་བརྒྱུད་བཻ་བུམ་ནག་པོ་ལེའུ་དང་པོའི་ནང་།  ཡར་ལུང་སྟོང་སྨན་ཤག་ཆུང་ལ། །ཚ་གྲང་རླུང་གསུམ་བསླབས་པ་ལགས། །ཞེས་དང་།  ཡང་ཕྱག་རྡུམ་གྱིས་མཛད་པའི་མན་ངག་རིན་ཆེན་འདུས་པ་ལས། རྒྱ་གར་མཁས་པ་ཛི་ན་མི་ཏྲས་མཛད། །ལག་རྡུམ་དངོས་ཀྱིས་བོད་ཡུལ་དབུས་སུ་བསྒྱུར། །མཁས་པ་སྟོང་སྨན་སྟག་ཆུང་ལ། །མན་ངག་སྦྱིན་པས་ད་ལྟ་བོད་ལ་ཕན། །ཞེས་གསུངས་པ་དང་།  ད་དུང་སྡེ་སྲིད་ཁོག་འབུགས་ནང་།  ཞང་གཟི་བརྗིད་འབར་གྱིས་སྟོང་སྨན་ལ་གཏུགས་ཀྱང་ཞང་ཤེས་རབ་ཆེ་བས་གོང་ཤོར་བྱེད་དྭོགས་ཀྱིས་གདམས་པ་མ་བྱིན། དེའི་སློབ་མ་འཕན་ཡུལ་རྒྱལ་བ་དར་སྨན་བདུད་རྩི་བྱ་བ་དེར་གཏུགས་པ་སོགས་འཁོད་པས་ཞང་གིས་བསྟེན་པའི་སྟོང་སྨན་ཞེས་པ་སྔ་ཕྱིའི་དུས་ཚོད་ལ་བལྟས་ན་སྟོང་སྨན་སྟག་ཆུང་རང་ཡིན་པར་སྙམ། འོན་ཀྱང་སྟོང་པ་གྲགས་རྒྱལ་གྱི་སྐོར་རྗེས་སུ་ཡིག་ཆ་རྙེད་པ་འདྲ་བྱུང་ཚེ་མཁྱེན་ལྡན་ཆོས་ཁ་གསབ་དང་དག་བཅོས་ཡོད་པ་ཞུ་རྒྱུ།

བོད་སྨན་མཁས་པ་མི་དགུའི་བརྩམས་ཆོས་སྐོར། གོང་སྨན་དཀོན་མཆོག་འཕན་དར་གྱིས་མཛད་པའི་གསོ་རིག་དགོས་འདོད་ཀུན་འབྱུང་ཤོག་གྲངས་༣ ན ༤ ལས། བོད་དུ་ཡོངས་གྲགས་མཁས་པ་མི་དགུ་ལ། །བླ་ཡིག་འོད་འབར་མདོ་བརྒྱད་སྨན་སྒྲོམ་དང་།  །ཐུགས་བདུན་སྒྲོན་མེ་ལ་སོགས་བི་བྱིའི་ལུགས། །ཡན་ལག་ཁོག་པ་བཞི་ཡི་སྒྲོམ་དང་ནི། །བསྡུས་དོན་འདུ་བ་སྤྱི་བཅོས་འུག་པའི་ལུགས། །བདུད་རྩི་ཐིགས་པ་མ་བུ་སྡེ་སྐོར་དང་།  །ཐིགས་ཆུང་གསལ་སྒྲོན་ལ་སོགས་ཆེར་རྗེའི་ལུགས། །ཉམས་ལེན་བརྒྱ་རྩ་ལག་ལེན་པོད་ཆུང་སོགས། །སྨན་བླ་གཉིས་པ་གཡུ་ཐོག་མགོན་པོའི་ལུགས། །ཚིག་དོན་བརྒྱད་པ་མཁས་ཁྱད་བཅུ་གཅིག་དང་།  །སྨན་གྱི་ཐེམ་ཡིག་ཆེ་མོ་ལ་སོགས་པ། །མཁས་པའི་མཆོག་གྱུར་བྲང་ཏི་པ་ཡི་ལུགས། །དུམ་ཆེན་ནག་པོ་རྨ་ནི་སྐོར་གསུམ་དང་།  །དམྱལ་བ་ཁྲག་འཛག་ལ་སོགས་མི་ཉག་ལུགས། །སྡེ་སྐོར་བཤད་སྒྲོལ་སྟོང་སྨན་སེང་གྲགས་ལུགས། །རྩ་ཚིག་སྒོས་བཅོས་མཁས་པ་གཉའ་ཡི་ལུགས། །བྱང་ཁོག་སྐོར་གསུམ་འདུ་བ་རྣམ་གསུམ་དང་།  །ཐོར་དཔྱད་མུ་ཏིག་ཕྲེང་སོགས་མཐའ་བཞིའི་ལུགས། །མཁས་མཆོག་མི་དགུའི་གདམས་ངག་མཛད་ཚུལ་ཡིན། །ཞེས་གསུངས་སོ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༥༣༽ བཻ་རོ་ཙ་ན།

བྱམས་པ་འཕྲིན་ལས།

 

བཻ་རོ་ཙ་ན་(1)ཞེས་པ་ནི་ཇི་སྐད་དུ། རྣམ་པར་སྣང་མཛད་ཡེ་ཤེས་འོག་མིན་ནས། །སྤྲུལ་པའི་ཉི་མ་སྲིད་ན་ལོ་ཙཱ་བར། །གྲགས་ཀྱང་གནས་ལྔའི་དོན་གཟིགས་པཎྜི་ཏ། །ཐུབ་བསྟན་གསལ་མཛད་བཻ་རོ་ཙ་ནར་དད། །ཅེས་གསུངས་པ་ལྟར། ལོ་རབས་བརྒྱ་ཕྲག་བདུན་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་རྒྱ་གར་ནས་སློབ་དཔོན་པདྨ་འབྱུང་གནས་གདན་དྲངས་པ་དང་།  དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་རྣམས་བཞེངས། དམ་པའི་ཆོས་བསླབ་པའི་ཕྱིར་རྒྱལ་པོས་བོད་ཕྲུག་དབང་པོ་གསལ་ཞིང་བློ་རྣོ་བ་མང་པོ་བསྐོངས་ནས་ལོ་ཙཱ་བསླབས་ཀྱང་སཾ་སྐྲྀ་ཏའི་སྒྲ་དག་པོ་མ་བྱུང་བར། རྒྱལ་པོ་ཐུགས་ཕམ་པའི་ཚེ་སློབ་དཔོན་ཆེན་པོས། གཙང་གི་སྙེ་མོ་བྱེ་དཀར་བྱ་བ་ཡི། །གནས་གཞི་ཞིག་གི་གྲོང་ཁང་དམིག་གུ་ན། །ཕ་མིང་སྦ་གོར་ཧེ་འདོད་བྱ་བ་ལ། །མ་མིང་བྲན་ཀ་བཟའ་སྒྲོན་སྐྱིད་བྱ་བ། །གན་ཇག་ཐང་ཏ་ཞེས་པ་ལོ་བརྒྱད་པ། །ཕ་མ་གཉིས་ལ་བསླངས་ཏེ་འདི་རུ་མཆིས། །སྤྲུལ་པའི་ལོ་ཙཱ་རྩོད་མེད་གྲགས་པ་འབྱུང་།  །ཞེས་ལུང་བསྟན་པ་ལྟར། གཙང་ཉང་ཆབ་དང་།  གཙང་ཆབ་འཛོམས་པའི་འགྲམ་དུ་ཡབ་སྦ་གོར་ཧེ་འདོད་དང་།  ཡུམ་སྒྲོན་བཟའ་སྐྱིད་གཉིས་ལ་གན་ཇག་ཐང་ཏ་ལོ་བརྒྱད་ལ་སླེབས་པ་དེ་རྒྱལ་པོ་རང་ཉིད་ཕེབས་ནས་སློང་བར་མཛད།

ལོ་བདུན་གྱི་བར་དུ་དཀར་གསུམ་མངར་གསུམ་ཁོ་ནའི་ཟས་ཀྱིས་གསོས་པ་དང་།  ཤེས་རབ་བསྐྱེད་ཐབས་སུ་བློ་འཕེལ་གྱི་གཟུངས་སྒྲུབ་ཏུ་བཅུག དེ་ནས་ལོ་ཙཱ་སྒྲ་རྣམས་མཁས་པར་བསླབས་ཞེས་པ་ལྟར་སློབ་དཔོན་པདྨ་འབྱུང་གནས་དང་།  མཁན་ཆེན་ཞི་བ་འཚོ་གཉིས་ཀྱི་དྲུང་དུ་དགུང་ལོ་བཅོ་ལྔའི་བར་སྒྲ་རིག་པ་གསན་པས་མཁས་པའི་ཕུལ་དུ་གྱུར། བསམ་ཡས་ཁྲུས་ཁང་གླིང་དུ་མཁན་ཆེན་བྱང་ཆུབ་སེམས་དཔའི་དྲུང་དུ་རབ་བྱུང་སྡོམ་པ་ཞུས།

དེ་རྗེས་རྒྱལ་པོས་གན་ཇག་ཐང་ཏ་དང་།  གཙང་སྔོན་ལེགས་གྲུབ་གཉིས་རྒྱ་གར་དུ་རྒྱུ་འབྲས་ལས་འདས་པའི་ཆོས་ཤིག་འཚོལ་བར་གཏོང་གནང་མཛད་དེ། ཁྱེའུ་གཉིས་ལ། གསེར་གྱི་པ་ཏྲ་ཐོད་པའི་དབྱིབས་སུ་བྱས་པ་མགོར་བཀོན། པ་ཏྲ་དང་།  ཐུར་མ་དང་།  ལུ་གུ་རྒྱུད་འགའ་ནི་དུག་ལོག་གི་གསེང་ཏུ་སྦས། གསེར་ཕྱེ་བ་མེན་གྱི་རྭ་དོ་དང་།  གསེར་ཐུམ། དངུལ་ཆས་མི་འདྲ་བ་སོགས་དགོས་ཆ་ཐམས་ཅད་རྟ་མཚའ་ལུ་བྱ་གདོང་ལ་བཀལ་ཏེ་རྒྱ་གར་འཕགས་པའི་ཡུལ་དུ་བྱོན། ལམ་བར་དུ་དོ་ཤི་དོ་ཆད་ཀྱི་དཀའ་བ་ཆེན་པོ་བཅུ་དྲུག་(1)སྤྱད་པའི་མཐར་སློབ་དཔོན་ཤྲཱི་སིདྷ་ལ་སོགས་པ་པཎ་ཆེན་ཉི་ཤུ་རྩ་ལྔ་ལ་ཟབ་རྒྱས་ཀྱི་ཆོས་དུ་མ་ཞུས་ནས་མཐར་བོད་དུ་ཆས་པའི་ཚེ་རྒྱ་གར་བས་བོད་ཀྱི་བན་དེས་ཆོས་ནི་མ་རྙེད། མུ་སྟེགས་ཀྱི་ཆོས་ལོག་འཁྱེར་ཟེར་བའི་ཕྲ་མའི་ཡི་གེ་བོད་དུ་བསྐུར་པ་རྒྱལ་པོས་གཟིགས་པས། བཻ་རོ་རྒྱ་ནས་འཁོར་འཕྲལ་མཇལ་ཁ་མ་གནང་བར་བརྟེན་རྗེ་ལ་ཞུ་འཕྲིན་ཕུལ་བ་ནི།

བོད་ཀྱི་མངའ་བདག་རྒྱལ་པོ་ཆེན་པོ་བདག །འཇིག་རྟེན་འཁོར་བའི་ཆོས་ལ་ཐུགས་ཕྱུངས་ཏེ། །མ་ནོར་ཡང་དག་བདེན་པའི་ཆོས་འདོད་ནས། །གསེར་ཕྱེ་བརྫངས་ནས་བདག་ཅག་འཚོལ་དུ་བཏང་།  །དམྱལ་སྤྱོད་ལམ་བཅད་མཐའ་ཡི་ཁ་བསྐོར་ཏེ། །ལས་འཕྲོ་དག་པས་མཁས་ཞལ་མང་པོ་འཁུམ། །བཟོ་དང་བསྟན་བཅོས་གསོ་དཔྱད་སྨན་ལ་སོགས། །ཚེ་འདིར་དགོས་པའི་ཕན་བྱ་སྣ་ཚོགས་པ། །དམ་ཉམས་སྒྲོལ་བའི་བསྟན་སྲུང་སྣ་ཚོགས་དང་།  །ཕྱིར་རྒོལ་བཟློག་པའི་ལུང་རིགས་མཚོན་ཆ་དང་།  །དབང་པོའི་རིམ་འཇུག་ལམ་སྟེགས་རང་རང་ལམ། །རྒྱུ་འབྲས་ཐེག་པ་མ་ལུས་ཐམས་ཅད་དང་།  །བདེ་ཆེན་ལྷུན་རྫོགས་སངས་རྒྱས་ཀུན་གྱི་ཐུགས། །རྨད་བྱུང་བསྟན་པའི་སྙིང་པོ་ཐེག་པའི་མཆོག །རྒྱུ་འབྲས་གཉིས་མེད་རྩོལ་མེད་རྫོགས་པ་ཆེ། །མ་ལུས་ལུས་པ་མེད་པ་བདག་ལ་མཆིས། །ཞལ་གཡར་མཆིས་ནས་བཀའ་མཆིད་གསན་དུ་གསོལ། །ཡུན་དུ་མ་མཇལ་གཡར་ཁམས་སྙོམ་ལགས་སམ། །མངའ་བདག་རྒྱལ་པོ་ཞལ་མཇལ་ཞེ་ས་འབུལ། །ཞེས་ཕུལ་བར་རྒྱལ་པོས། འཁོར་པའི་རྫིངས་ཆེན་འདྲ་བའི་ཁ་དཔོན་བདག །ཅེས་སོགས་ཀྱི་ལན་གནང་སྟེ་མ་འགྱངས་པར་མངའ་བདག་གི་དབུ་སྐྲ་ཐེམ་པར་བཀྲམས་ཏེ་དེའི་སྟེང་ནས་ལོ་ཙཱ་བ་ཆེན་པོ་སྤྱན་དྲངས། རྟ་མཚའ་ལུ་མེ་སྟག་དང་།  ངང་པ་གསེར་ལྡོངས་གཉིས་གསེར་སྒ་གཡུ་ཡིས་སྤྲས་པ་དང་།  གསེར་དངུལ། དར་ཐབ། གཡི་སྤྱང་གི་ཐུལ་པ། བཟང་སྐྱེམས་ལ་སོགས་པ་དྲངས་ཏེ་བཀུར་བསྟི་བསམ་གྱིས་མི་ཁྱབ་པ་གནང་།  ཕན་ཚུན་གསུང་གླེང་མཛད་པས་བཻ་རོའི་མཁྱེན་དཔྱོད་ལ་རྒྱལ་པོ་ངོ་མཚར་སྐྱེས་ནས་རྒྱལ་པོས་མན་ངག་གི་རྒྱ་མཚོ་ལྷའི་རྗེ་ཞེས་མཚན་གསོལ།

བོད་དུ་དམ་པའི་ཆོས་དང་སྨན་རྩིས་ལ་སོགས་པ་མཐའ་ཡས་པ་བསྒྱུར་པས། ཐང་ཡིག་ལས། འདས་དང་མ་འོངས་ད་ལྟ་ཐམས་ཅད་དུ། །བཻ་རོ་ཙ་ན་འདྲ་བའི་ལོ་ཙཱ་བ། །སྔར་ཡང་མ་བྱོན་ད་ཡང་འབྱོན་རེ་ཀན། །མ་འོངས་རྒྱ་གར་ཕལ་སྐད་ཤེས་ཙམ་ལ། །ལོ་ཙཱར་བཞེད་སྲིད་བཻ་རོའི་ཆར་མི་ཉེ། །ལོ་ཙཱར་བཏགས་ཀྱང་དོན་ལ་པཎྜི་ཏ། །འདི་ཡི་ཆོས་དྲིན་ཡོད་དོ་ཕྱི་རབས་རྣམས། །ཞེས་གསུངས་པ་དང་།  ཁྱད་པར་ཐང་ཡིག་ཤེལ་བྲག་མའི་ལེའུ་བཞི་པར། བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། །བཻ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། །བཻ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར། །མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས། །སྔགས་བསྒྱུར་ནང་དུ་བཻ་རོ་ཙ་ན་བྲིས། །བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་བྲིས། །རྩིས་བསྒྱུར་ནང་དུ་ཨིཎྜ་བཻ་རོ་བྲིས། །སྨན་བསྒྱུར་ནང་དུ་ཆོས་འབར་བྱ་བ་བཅུག །མདོ་ཆོས་དགོངས་འགྲེལ་དང་བཅས་ཕལ་ཆེར་བསྒྱུར། །ཞེས་གསལ་བ་དང་།  ཡང་མཁས་པ་འགའ་ཞིག་གིས། བཻ་རོ་ཙ་ནས་རྒྱུད་བཞི་བོད་དུ་བསྒྱུར་པ་དང་།  འགྱུར་བྱེད་ལོ་པཎ་གྱི་ཕྱག་ཅེས་པའང་བཀོད་ཡོད་པ་སོགས་ཁུངས་སྐྱེལ་མཛད་པ་ལྟར། ལྔ་པ་ཆེན་པོས་ཀྱང་།  དེ་འདྲའི་རིག་བྱེད་རྒྱུ་སྐར་ཕྲེང་བའི་དབུས། །ཚིག་ཉུང་དོན་རྒྱས་རྒྱུད་བཞིའི་ཆུ་ཤེལ་དབང་།  །དོན་གྱི་པཎ་ཆེན་འཇིག་རྟེན་མིག་གཅིག་པུ། །བཻ་རོའི་མཁྱེན་དཔྱོད་རླུང་གི་ཤིང་རྟས་དྲངས། །ཞེས་བསྔགས་བརྗོད་གནང་།  ལོ་རྒྱུས་འགར་སྨན་གཞུང་《ཌིཀྐ་མུན་སེལ་སྒྲོན་མེ་》དང་། 《མིང་དོན་བརྡ་སྤྲོད་རྣམ་ལྔ་》གཉིས་གསར་དུ་བརྩམས་པར་བཞེད། དེ་མིན་《སྨན་དཔྱད་ཟླ་བའི་རྒྱལ་པོ་》དང་། 《སྨན་དཔྱད་སྣ་ཚོགས་སྔོའི་མན་ངག》ཅེས་པའམ་《འཇམ་དབྱངས་སྔོ་འབུམ་》དུ་གྲགས་པ། སློབ་དཔོན་ཉི་མ་སེངྒེས་མཛད་པའི་《དུག་བཅོས་ཤ་མོ་ལས་དཀྱུས་》སོགས་དང་།  གཞན་ཡང་བཀའ་བསྟན་བཅོས་དུ་མ་བསྒྱུར་གནང་མཛད་པར་བརྟེན་ལོ་ཙཱ་བློ་ལྡན་ཤེས་རབ་ཀྱི་ཞལ་སྔ་ནས། བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་གཉིས་ནི་ཉི་ཟླ་ཟུང་སྦྲེལ་ཡིན། །རིན་ཆེན་བཟང་པོ་ཐོ་རེངས་སྐར་ཆེན་འདྲ། །ཁོ་བོ་ཡང་ནི་སྲིན་བུ་མེ་འཁྱེར་ཙམ། །ཞེས་ལོ་ཆེན་བཻ་རོ་ཙ་ནའི་དགོངས་པ་ནམ་མཁའ་ལྟ་བུ་ཕ་མཐའ་ཡས་པར་བསྟོད་བསྔགས་དང་།  རང་ཉིད་ལ་ཁེངས་སྐྱུངས་མཛད་དེ་སྲིན་བུ་མེ་འཁྱེར་ཚུལ་དུ་གསུངས་པ་བཅས་བོད་གངས་ཅན་གྱི་ལྗོངས་སུ་བཻ་རོ་ཙ་ན་འདྲ་བ་འདས་དང་མ་འོངས་ད་ལྟ་བཅས་པར་མ་བྱུང་འབྱུང་བར་མི་འགྱུར། ད་ལྟ་ཡང་ནི་ཡོད་པ་མ་ཡིན་ནོ།།

ཡང་བཻ་རོའི་འཁྲུངས་ཡུལ་སྐོར། བསམ་ཡས་བཻ་ཙ་གླིང་གི་གྱང་ལྡེབས་སུ་བྲིས་པའི་བཻ་རོའི་རྣམ་ཐར་རི་མོ་དང་།  གསལ་བཤད་ནང་འཁོད་པར། མྱང་ཆབ་དང་།  གཙང་ཆབ་འཛོམས་པ་མྱང་སྨད་ཟངས་དཀར་གྱི་ཡུལ་གྲོང་ཡབ་སྦ་གོར་རྡོ་རྗེ་རྒྱལ་པོ། ཡུམ་སྒྲོན་ས་སྒྲོན་སྐྱིད་ཀྱི་སྲས་སུ་གན་ཇག་ཐང་ཏ་ཞེས་པ་སྐུ་འཁྲུངས། སྐུ་གཞོན་ནུའི་དུས་སུ་ནག་པོ་རི་དང་།  བྲག་པོ་ཆེའི་བྲག་གཉིས་སུ་ཉི་ཟེར་ལ་ཆིབས་ནས་ཕར་འབྱོན་ཚུལ་(ཚུར་)འབྱོན་མཛད་ཅིང་།  ཡུལ་དེར་རྡོ་ལ་ཞབས་རྗེས་བཞག་པ་ད་ལྟའང་ཡོད། སྒྲ་བསྒྱུར་སུམ་བརྒྱ་དྲུག་ཅུ་མ་བསླབས་པ་ཐུགས་ལ་འཁྲུངས། ཡབ་འདས་རྗེས་ཨ་ཁུ་སྦ་གོར་ཧེ་འདོད་ཀྱིས་བསྐྱངས། དེ་ནས་མྱང་སྨད་ནས་ཡུལ་འཕོས་ཏེ་སྙེ་མོར་བྱོན། བྱེ་མཁར་ལ་བཞུགས་ཡུལ་མཛད་དེ། འཕྱིས་བྱོན་ནས་ཡུལ་དེའི་ཤར་སྨད་ན་སྒྲུབ་ཕུག་སྐུ་རྗེས་དང་བཅས་པ་ཡོད།

དེ་དུས་མངའ་བདག་རྒྱལ་པོས་བསམ་ཡས་ཀྱི་གཙུག་ལག་ཁང་རྣམས་གྲུབ་ནས། ཆོས་བསྟན་འཛུགས་པར་དགོངས་ཏེ་བོད་ཕྲུག་ལྕེ་བདེ་བ་རྣམས་ལ་སྒྲ་བསྒྱུར་བསླབས་ཀྱང་མ་ཤེས་པར་རྒྱལ་པོ་ཐུགས་ངལ་ཞིང་།  མཁན་སློབ་གཉིས་ལ། ཆོས་བསྟན་མི་ཚུགས་ཇི་ལྟར་ལེགས་ཞེས་ཞུ་དུས། སློབ་དཔོན་ཆེན་པོས་ལུང་བསྟན་མཛད་དེ། འཁྲུངས་ཡུལ་དང་ཡབ་ཡུམ་མཚན་བཅས་མི་འདྲ་ཙམ་མཆིས་པ་ཁོ་བོས་བསམ་ཡས་ནས་མཐོང་བྱུང་།  ཕྱོགས་མཚུངས། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས་ཞེས་བྱ་བ་ལས། ཅག་པོ་ཡུ་བ་གདོང་གི་གྲོང་དེར་ལོ་ཙཱ་བ་བཻ་རོ་ཙ་ན་《ཕལ་ཆེ་བས་འཇིག་རྟེན་གྲགས་གཏམ་བླུན་ཚིག་ལ་སྙེ་མོ་བྱེ་དཀར་དུ་འཁྲུངས་ཀྱང་ཟེར་རོ།།》འཁྲུངས་པ་བཻ་རོའི་འདྲ་འབག་འཁྲུལ་མེད་ལས་བཤད་དོ་ཞེས་དང་།  ད་དུང་ཕོ་བྲང་བསམ་རྩེའི་ཤར་ཕྱོགས་སྐྱིད་བདེ་སྦུག་གི་ཕུག་ན་ཡོད་པའི་བཻ་རོ་ཕུག་པ་ཡོད་པ་དེ་ཡིན་ནོ། །ཟངས་ཁར་རིའི་འོག་ཙམ་བཻ་རོས་རྡོ་ལ་ཞབས་རྗེས་དང་།  གཞན་ཡང་སྒྲུབ་རྟགས་ཀྱི་ཁྱད་པར་བསྟན་པ་སོགས་ཡོད་དོ། །ཞེས་གསུངས་པ་ལྟར། བསམ་ཡས་བཻ་ཙ་གླིང་གི་གྱང་ལྡེབས་ཀྱི་གསལ་བཤད་དང་ཆ་མཐུན་པས་བཻ་རོ་ཙ་ནའི་ཐོག་མའི་འཁྲུངས་ཡུལ་ནི་སྙེ་མོ་མིན་པ་དང་།  རྗེས་སུ་སྙེ་མོར་བྱོན་པ་ཡིན་ནོ།།

མཆན་བུ།

(1) བཻ་རོ་ཙ་ན་ཞེས་པ་ལེགས་སྦྱར་སྐད་ཡིན་ཅིང་།  བོད་སྐད་དུ་རྣམ་པར་སྣང་མཛད་ཅེས་སུ་གྲགས། འཁྲུངས་ལོ་མེ་ཡོས་སྤྱི་ལོ་༧༢༧ དང་།  བཻ་རོའི་རྣམ་ཐར་རྒྱས་པ་འདྲ་འབག་ཆེན་མོ་ཞེས་བྱ་བ་དང་།  དེ་མིན་པདྨན་བཀའ་ཐང་དང་བཀའ་ཐང་སྡེ་ལྔ་ལ་སོགས་པར་འཁྲུངས་རབས་མདོར་བསྡུས་ཙམ་མཆིས། བཻ་རོ་ཙ་ནའི་མཁྱེན་དཔྱོད་དོ་ཟླ་བྲལ་བའི་དབང་གིས་བོད་ཀྱི་སྒྱུ་རྩལ་ཐང་ག་དང་།  ལྡེབས་རིས། འཇིམ་བཟོའི་སྐུ་བརྙན་བཞེངས་དུས་ཤེས་རབ་ཕུལ་བྱུང་གི་མཚོན་རྟགས་ཡེ་ཤེས་ཀྱི་སྤྱན་དང་།  དབུ་ལ་འཕགས་ཡུལ་གྱི་པཎ་ཞྭ་དམར་པོ་བཞེས་ཡོད། །

(2) གྱོན་པར་དཀའ་བའི་གསེར་གྱི་པ་ཏྲ་གྱོན། །བགྲོད་པར་དཀའ་བའི་རྒྱ་གར་ཡུལ་དུ་བགྲོད། །འཛེགས་པར་དཀའ་བའི་མཐའ་ལམ་གཟར་མོ་འཛེགས། །གཤེག་པར་དཀའ་བའི་ཁ་བ་བུ་ཡུག་གཤགས། །གསོས་པ་དཀའ་བའི་མཐའ་ནད་མིག་སེར་གསོས། །བཟའ་བར་དཀའ་བའི་མཐའ་ཟས་མང་པོ་ཟོས། །མཐོང་བར་དཀའ་བའི་མཁས་པའི་ཞལ་རྣམས་མཐོང་།  །ཤེས་པར་དཀའ་བའི་སྡེ་སྣོད་མང་པོ་ཤེས། །ཞེས་པ་ནས་གྱོན་པར་དཀའ་བའི་ཟོམ་ལྷྭམ་ཕྱིར་ལོག་གྱོན། །ཐར་བར་དཀའ་བའི་གཅན་འཕྲང་གསོད་ལས་ཐར། །དོ་ཤི་དོ་ཆད་ཡང་ནས་ཡང་དུ་བྱས། །བརྟོལ་བར་དཀའ་བའི་བོད་ཡུལ་དབུས་སུ་བརྟོལ། །འདི་ལ་སུ་མོས་ཐུགས་རྗེ་ཤར་བར་སྨོན། །ཞེས་བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ་ཤོག་གྲངས་༡༤༣ ན་༦ ནང་གསལ།།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༥༤༽ སྨན་པ་དུང་གི་ཐོར་ཅོག་ཅན།

བྱམས་པ་འཕྲིན་ལས།

 

སྨན་པ་དུང་གི་ཐོར་ཅོག་ཅན་ནི་ལྷ་ཐོ་ཐོ་རི་སྙན་བཙན་སྐབས་སུ་བྱུང་ཞིང་།  ཡབ་རྒྱ་གར་གྱི་སྨན་པ་དགའ་བྱེད་བི་བྱི་ཞེས་བྱ་བ་དང་།  ཡུམ་ཐོ་ཐོ་རི་སྙན་བཙན་གྱི་སྲས་མོ་ཡིད་ཀྱི་རོལ་ཆ་ཞེས་པ་དེ་ཉིད་ཡིན། དུང་གི་ཐོག་ཅོག་གི་ཐོག་མའི་རིགས་རུས་ནི་འོད་གསལ་ལྷ་ལས་ཆད་པ་དང་།  དེ་ཡང་ལྷ་བུ་དམ་པ་ཏོག་དཀར་ཞེས་པ་མི་ཡུལ་དུ་བབས་པ་ནས་བཟུང་སྟེ་རིམ་པས་མི་བརྒྱུད་མང་པོ་ཞིག་སོང་བའི་རྗེས་སུ་གོང་གསལ་དགའ་བྱེད་བི་བྱི་དང་།  ཆུང་གྲོགས་བི་དགའ་ལྷ་མཛེས་གཉིས་བོད་དུ་ཕེབས་སྐབས་རྒྱལ་པོས་བོད་ལ་གསོ་དཔྱད་དར་བའི་ཆེད་དུ་སྲས་མོ་ཡིད་ཀྱི་རོལ་ཆ་བཙུན་མོར་ཕུལ་བས་སྨན་པ་དུང་གི་ཐོར་ཅོག་ཅན་ཞེས་བྱ་བ་འཁྲུངས་པར་བཤད།

དེ་ནས་རིམ་པས་གདུང་རྒྱུད་འདེད་ན་མཐར་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྨན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཞེས་པའང་དུང་གི་ཐོར་ཅོག་ཅན་གྱི་རྒྱུད་པ་དྲི་མ་མེད་པ་ཡིན་པར་གྲགས། དེའི་སྐོར་སྨན་བླའི་གསུང་སྤྲུལ་གཡུ་ཐོག་བ་ལྷ་བབས་རྒྱལ་རིགས་སཱ་ལ་ཆེའི་ཡོན་ཏན་རྒྱ་མཚོའི་བྱུང་ཚུལ་ལས་《གདུང་རབས་རྣམ་ཐར་མདོར་བསྡུས་》ཞེས་པའི་ནང་། འཆི་མེད་རིགས་ལས་བློ་གྲོས་སྟོབས་ལྡན་རྒྱལ་སྲིད་དར་བའི་ཡོངས་འདུའི་དབང་པོ་ཚོགས་གཉིས་འབྲས་བུ་གཡུར་ཟ་ཞིང་། །ཐོག་མའི་མགོན་པོའི་རྣམ་འཕྲུལ་མཆོག་གང་འཛམ་གླིང་བྱང་ཕྱོགས་འདུལ་བྱའི་ཚད་གདུངས་ཡོངས་སུ་སྐྱོབ་པའི་གྲིབ་བསིལ་ཅན། །ཀུན་མཁྱེན་གསུང་གི་གསང་བ་མཆོག་བརྙེས་དཔག་ཡས་ཡོན་ཏན་ནམ་མཁའི་ཁྱོན་དང་རབ་འགྲོགས་ལེགས་བཤད་ལོ་འདབ་རྒྱས། །ལྷ་མིའི་བླ་མ་མགོན་པོ་མཆོག་ལ་གུས་པས་འདུད་དོ་བདག་སོགས་འགྲོ་འདི་དེང་ནས་ཚེ་རབས་ཀུན་ཏུ་སྐྱོངས། །དཔག་ཡས་གཞུང་ལུགས་མཁའ་ལ་བགྲོད། །གནས་ལྔ་རིག་པའི་ཆ་ཤས་རྫོགས།་།མན་ངག་བདུད་རྩིའི་འོད་སྟོང་ཅན། །མཚན་མོའི་མགོན་པོའི་མཛད་ཚུལ་བཤད། །རྫོགས་སངས་རྒྱས་ཀྱི་འཕྲིན་ལས་ཀྱི། །འོད་གསལ་མེས་པོ་བ་ནུ་ཞེས། །དམ་པ་ཏོག་དཀར་གདུང་རིགས་ཤིག །འཛམ་གླིང་བསྟི་བའི་གནས་སུ་བྱོན། །བྲམ་ཟེ་ཆོས་ཀྱི་བློ་གྲོས་ལ། །བཙུན་མོར་གྱུར་ནས་སྲས་གཉིས་ཀྱི། །ཆུང་བ་བྲམ་ཟེ་ཤེས་རབ་ཀྱི། །རལ་གྲི་ཞེས་བྱའི་བཙུན་མོའི་མཆོག །སྨན་གྱི་ལྷ་མོ་མི་གཟུགས་ཅན། །ཡེ་ཤེས་མཁའ་འགྲོའི་མཚན་ལྡན་མ། །སྐྱེས་པའི་ཡིད་འཕྲོག་མ་ཞེས་པ། །འཛམ་གླིང་དབང་བསྡུད་འགྲོ་བའི་མགོན། །དེ་གཉིས་སྲས་མཆོག་བྲམ་ཟེ་ནི། །དགའ་བའི་བློ་གྲོས་ཞེས་བྱ་འཁྲུངས། །ཆོས་རྒྱལ་ཨུཏྤལ་ཡི་གདོང་།  །བཙུན་མོ་སྲས་ནི་མཛེས་ལྡན་གཉིས། །མི་རྒོད་ལག་ཏུ་ཤོར་རྐྱེན་གྱིས། །རྒྱལ་པོ་ཐུགས་འབྱུང་རྒྱལ་སྲིད་བཙོངས། །འགྲོ་བའི་དཔལ་མོ་ཡིད་འཕྲོག་མས། །རིན་ཆེན་གསེར་ནི་བྲེ་བོ་ཆེའི། །གསེར་ཁལ་བྱེ་བ་བཅོ་བརྒྱད་ཕུལ། །རྒྱལ་སྲིད་ཉོ་ཞེས་རྒྱལ་པོ་ཡི། །ཐུགས་དགོངས་ཐམས་ཅད་རྫོགས་མཛད་མཐུས། །ཡིད་འཕྲོག་མ་ཡང་བཙུན་མོར་བཟུང་།  །བྲམ་ཟེ་ཤེས་རབ་རལ་གྲི་ནི། །བློ་གྲོས་ཡོན་ཏན་སྟོབས་ལྡན་པས། །བློན་པོ་དྲུག་ཁྲི་ཐམས་ཅད་ཀྱི། །དཔོན་དུ་མངའ་གསོལ་རྒྱལ་པོ་མཛད། །བློན་པོ་བློ་གྲོས་ཆེན་པོར་གྲགས། །དེ་སྲས་བྲམ་ཟེ་དགའ་བའི་བློ། །རྒྱལ་བུ་དགའ་བའི་བློ་གྲོས་ཞེས། །ཡུལ་དབུས་རྒྱལ་པོ་ཆེན་པོར་གྱུར།།

དེ་ནས་ཡིད་འཕྲོག་ལྷ་མོ་དེ། །སྨོན་ལམ་རྫུ་འཕྲུལ་སྟོབས་ལྡན་པས། །འཕགས་ཡུལ་ནས་བརྩམས་འཛམ་གླིང་འདིར། །སྨན་གྱི་ས་བོན་བཏབ་དགོངས་ཚེ། །ཐོག་མར་རྡོ་རྗེ་གདན་དུ་བྱོན། །རྒྱལ་པོ་རྗེ་འབངས་ཐམས་ཅད་དང་།  །སྨན་བླ་དྲང་སྲོང་ཐམས་ཅད་དང་།  །སངས་རྒྱས་བྱང་སེམས་ཐམས་ཅད་འདུས། །སྨན་གྱི་ས་བོན་འདེབས་གྲོགས་མཛད། །དེ་ནས་རིང་ཞིག་ལོན་པ་ན། །རྫུ་འཕྲུལ་ཐོགས་མེད་པཎྜི་ཏ། །ཁྲུས་ཀྱི་སྡོང་པོར་གསོལ་བཏབ་ནས། །འཛམ་གླིང་སྨན་གྱི་ས་བོན་རྣམས། །ཐེབས་སམ་མ་ཐེབས་ཐུགས་རྗེས་གཟིགས། །གསོལ་བ་བཏབ་པས་པཎ་ཆེན་གྱིས། །གྲོང་ཁྱེར་ལྟ་ན་སྡུག་ཏུ་བྱོན། །སྨན་བླ་དྲང་སྲོང་རིག་འཛིན་མཇལ། །བྱིན་རླབས་ལུང་བསྟན་ཐོབ་པའི་མཐུས། །རྒྱལ་བའི་ཐུགས་རྗེས་སྤྲུལ་པའི་གནས། །མ་ལ་ཡ་སོགས་རི་བོ་བཞིར། །ཕེབས་ཤིང་འཛམ་གླིང་ཐམས་ཅད་ན། །སྨན་གྱི་ས་བོན་ཐེབས་པར་གཟིགས། །ཡིད་འཕྲོག་ལྷ་མོའི་དྲུང་དུ་བྱོན། །འཛམ་གླིང་སྨན་གྱི་ས་བོན་རྣམས། །ལེགས་པར་ཐེབས་པའི་ལོ་རྒྱུས་བསྙད། ཡིད་འཕྲོག་ལྷ་མོའི་ཐུགས་དགོངས་རྫོགས། །འཇའ་ལུས་འོད་དུ་མཁའ་ལ་གཤེགས། །རྒྱལ་པོ་དགའ་བའི་བློ་གྲོས་ལ། །རྒྱལ་པོ་པདྨའི་དཔལ་ཞེས་འཁྲུངས། །དེ་ལ་སྲས་ཞིག་ཡུན་རིང་ཡང་། རྒྱལ་པོ་དཔལ་ལྡན་ཕུན་ཚོགས་འཁྲུངས། །དེ་སྲས་རྰ་མ་ཎ་དང་ནི། །རྒྱལ་པོ་གདོང་ཟླུམ་རྣམ་གཉིས་བྱོན། །གདོང་ཟླུམ་སྲས་ནི་རྔ་ཆེན་དང་།  །ལེགས་པའི་བློ་གྲོས་རྣམ་གཉིས་ཡིན། །རྔ་ཆེན་བཙུན་མོ་གངས་ལྷ་ལ། །རྒྱལ་པོ་བི་བྱི་དགའ་བྱེད་བྱོན། །དེ་དང་དྲིལ་བཟོའི་བུ་མོ་མཆོག །བི་ལྷ་དགའ་མཛེས་བཙུན་མོར་གྱུར། །དེ་གཉིས་སྔོན་གྱི་སྨོན་ལམ་གྱིས། །རྒྱལ་སྲིད་སྤངས་ནས་རྒྱུན་ཤེས་སྲས། །དྲུང་དུ་གསོ་རིག་གསན་སྦྱོང་མཛད། །རྫོགས་པར་གྱུར་ཞིང་མཁས་པར་གྲགས། །སླར་ཡང་འཚོ་བྱེད་གཞོན་ནུའི་དྲུང་། །གསོ་རིག་བསྟན་པའི་བདག་པོར་གྱུར། །བདུད་རྩི་སྨན་གྱི་སྒྲུབ་པ་མཛད། །འཆི་མེད་ཚེ་ཡི་རིག་འཛིན་བརྙེས། །དེང་སང་དུས་ནའང་བཞུགས་པར་གྲགས། །མཁས་པར་གྱུར་ཞིང་སྨན་པ་གཉིས། །ཙན་དན་ནགས་གསེབ་བཞུགས་པའི་ཚེ། །རྗེ་བཙུན་སྒྲོལ་མས་དབང་མེད་པར། །མཐའ་འཁོབ་བོད་ཀྱི་ཡུལ་དུ་བརྫངས། །བོད་ཡུལ་རྗེ་འབངས་དཔལ་དུ་བྱོན། །ལོ་སྐོར་གཉིས་བཞུགས་རྒྱལ་པོའི་སྲས། །ལྷ་ལྕམ་ཡིད་ཀྱི་རོལ་ཆ་ལ། །སྨན་པ་དུང་གི་ཐོར་ཅོག་འཁྲུངས། །དེ་ནས་སྨན་པའི་གདུང་རྒྱུད་རེ། །བོད་རྒྱལ་རེ་དང་མཉམ་དུ་བྱོན། །ཞེས་གསུངས་པ་དང་།

ད་དུང་དེའི་སྐོར་《དཔལ་ལྡན་གསོ་བ་རིག་པའི་ཁོག་འབུགས་དྲང་སྲོང་དགྱེས་པའི་དགའ་སྟོན་》ཤོག་གྲངས་༡༠༥ན་༣ ལས་གསོ་དཔྱད་རང་ལུགས་སུ་དང་པོ་རྒྱ་གར་གྱི་ཡུལ་པདྨའི་གླིང་གི་གྲོང་ཁྱེར་དགུའི་དབུས་ལ་པདྨའི་སྙིང་པོར་ལྷའི་བུ་དམ་པ་ཏོག་དཀར་ཞེས་བྱ་བ་མི་ཡུལ་དུ་བབས་ནས་འདོད་འཇོའི་བའི་འོ་མ་ཕུལ་བ་བཞེས་པས་བ་ནུར་གྲགས། དེ་དང་བྲམ་ཟེ་ཆོས་ཀྱི་བློ་གྲོས་བསྟང་དཔྱལ་མཛད་པས་སྲས་བྲམ་ཟེ་ཐོག་འབེབས་དང་།  ཤེས་རབ་རལ་གྲི་གཉིས་བལྟམས། དེ་གཉིས་ལ་ཡབ་ཀྱིས་ནོར་སྐལ་གསེར་བུམ་པ་རེ་གནང་སྟེ་རྨུ་ཐག་བརྒྱུད་ལྷ་ཡུལ་དུ་ཕྱིར་བྱོན། ཤེས་རབ་རལ་གྲི་ཆང་ཚོང་གི་བུ་མོ་ཡིད་འཕྲོག་མ་ཞེས་པ་སྨན་གྱི་ལྷ་མོའི་སྤྲུལ་པ་དེ་དང་ཁྱིམ་ཐབ་ཏུ་གྱུར། སྲས་དགའ་བའི་བློ་གྲོས་འཁྲུངས། རྒྱལ་པོ་དགའ་བའི་བློ་གྲོས་ལ་བཙུན་མོ་དཔལ་གྱི་ཁྲིམས་མཛེས་བསུས་པར་སྲས་པདྨའི་དཔལ། དེའི་བཙུན་མོ་དཔལ་སྒྲོན་ལ་སྲས་དཔལ་ལྡན་ཕུན་ཚོགས། དེའི་བཙུན་མོ་དབྱངས་ཀྱི་ལྷ་མོ་ལ་སྲས་སྡོང་དུམ་སྐྱེས། དེའི་བཙུན་མོ་རོལ་རྙེད་མ་ལ་སྲས་རྔ་ཆེན་པོ་དང་ལེགས་པའི་བློ་གྲོས་གཉིས། རྔ་ཆེན་པོས་རྔ་བཟོ་བའི་བུ་མོ་གངྒཱའི་ལྷ་མོ་དང་འགྲོགས་པ་ལས་སྲས་བི་བྱི་དགའ་བྱེད། དྲིལ་བཟོའི་བུ་མོ་དང་བསྡེབས་པས་སྲས་མོ་བི་ལྷ་དགའ་མཛེས་མ་གཉིས་འཁྲུངས། དེ་གཉིས་ཆུང་གྲོགས་སུ་གྱུར་ནས་གསོ་དཔྱད་ཀྱི་བསྟན་པ་ལ་ཞུགས། རྒྱུན་ཤེས་ཀྱི་བུ་དང་འཚོ་བྱེད་གཞོན་ནུ་ལ་གསོ་བའི་གདམས་པ་མང་དུ་ཞུས། བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པས་འཆི་མེད་ཚེའི་དངོས་གྲུབ་བརྙེས། རྗེ་བཙུན་མ་སྒྲོལ་མས། ཚེ་སྔོན་སྨོན་ལམ་བཏབ་པའི་མཐུས། །ཁྱེད་རང་བརྒྱུད་པར་བཅས་རྣམས་ཀྱིས། །གསོ་དཔྱད་བསྟན་པ་འཛིན་པར་ནུས། །དགའ་བར་གྱིས་ལ་བོད་དུ་བཞུད། །ཅེས་བསྐུལ་བ་ལྟར་མཆེད་གཉིས་བོད་དུ་བྱོན། ལྷ་ཐོ་ཐོ་རི་སྙན་བཙན་གྱིས་ཕོ་བྲང་ཡུམ་བུ་བླ་སྒང་དུ་སྤྱན་དྲངས། གསེར་དུ་མ་དང་།  བི་བྱི་དགའ་བྱེད་ཀྱི་ཆུང་མར་ལྷ་ལྕམ་ཡིད་ཀྱི་རོལ་ཆ་ཞེས་པ་ཕུལ། དེ་ལ་སྲས་སྨན་པ་དུང་གི་ཐོར་ཅོག་ཅན་བལྟམས། ཆེར་འཚར་བ་དང་ཡབ་ཀྱིས་《སྨན་དཔྱད་འཚོ་བའི་མདོ་》དང་། 《འགྲེལ་བཤད་ཁོག་འབུགས།》 《ས་བཅད་ལག་ལེན་》དང་བཅས་པ་གནང་སྟེ་ལྕམ་སྲིང་གཉིས་རྒྱ་གར་དུ་ཕྱིར་བྱོན།

དུང་གི་ཐོར་ཅོག་ཅན་གྱི་སྲས་བློ་གྲོས་ཆེན་པོ། དེའི་སྲས་བློ་གྲོས་མཚུངས་མེད། དེ་སྲས་བློ་གྲོས་རྒྱས་མཛད། དེ་སྲས་བློ་གྲོས་བཤེས་གཉེན་རྣམས་རིམ་པར་མངའ་བདག་ཁྲི་གཉན་གཟུངས་བཙན་དང་།  འབྲོང་གཉན་ལྡེའུ། སྟག་རི་གཉན་གཟིགས། གནམ་རི་སྲོང་བཙན། སྲོང་བཙན་སྒམ་པོ་རྣམས་ཀྱི་བླ་སྨན་མཛད་པར་གྲགས་ཞེས་གསུངས། །ཡང་《གཡུ་ཐོག་རྙིང་མའི་རྣམ་ཐར་》ལ་གོང་དང་འདྲ་བར། སྨན་པ་དུང་གི་ཐོར་ཅོག་ཅན་ནས་ཆོས་རྒྱལ་གྱི་གདུང་དང་།  གཡུ་ཐོག་པའི་གདུང་ཐབས་ཤེས་ཟུང་འབྲེལ་ལྟ་བུར་བྱུང་ཚུལ་དང་།  མཐར་མངའ་བདག་འོད་སྲུང་དང་།  ཡུམ་བརྟན། དཔལ་འཁོར་བཙན། སྐྱིད་ལྡེ་ཉི་མ་མགོན། བཀྲ་ཤིས་ལྡེ་བར་དུའང་གཡུ་ཐོག་གདུང་རྒྱུད་ཀྱིས་ཆོས་རྒྱལ་གྱི་བླ་སྨན་གནང་བའི་སྐོར་འཁོད་པ་བཅས་ཀྱིས་དུང་གི་ཐོར་ཅོག་གི་རྒྱུད་པ་གཡུ་ཐོག་གསར་རྙིང་ལ་ཐུག་པའི་བཤད་ཚུལ་དེ་ལྟར་ཡིན་ནོ།། །།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

 

 

༥༥༽ དྲང་སྲོང་དཔྱད་བུ་ཁྲི་ཤེས།

 

བྱམས་པ་འཕྲིན་ལས།

 

དྲང་སྲོང་དཔྱད་བུ་ཁྲི་ཤེས་ཞེས་པ་ནི། སྔ་རབས་ཞང་ཞུང་ཡུལ་དུ་བྱུང་བའི་གསོ་དཔྱད་མཁས་པ་ཞིག་དང་།  སྟོན་པ་གཤེན་རབ་ཀྱི་སྐུའི་གདུང་སྲས་བརྒྱད་ཀྱི་ནང་ནས་བགྲེས་ཤོས་དེ་ཡིན། དེའི་སྐོར་བོན་གཞུང་《ལེགས་བཤད་མཛོད་》ལས། བདུད་རྒྱལ་རམ་པ་དུག་འགྱེད་ཀྱིས་སེམས་ཅན་རྣམས་ལ་ནད་ཀྱི་བསྐལ་པ་དར་བར་བྱེད་པ་ལ། སྟོན་པས་དཔྱད་བུ་ཁྲི་ཤེས་ལ་བདུད་རྩི་དཔྱད་ཀྱི་མདོ་དགུ་སོགས་བསྟན་ནས་སེམས་ཅན་བདེ་ལ་བཀོད། ཅེས་དང་། 《བསྟན་པ་གཉེར་གཏད་ཀྱི་མདོ་》ལས་ཀྱང་།  དཔྱད་རྒྱུད་ཉིས་ཁྲིར་གྱུར་པ་རྣམས། དཔྱད་བུ་ཁྲི་ཤེས་དག་གིས་བསྡུས། ཞེས་སྔ་རབས་ཞང་ཞུང་གི་གསོ་རིག་བསྟན་པའི་སྒྲོན་མེ་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཡིན་པར་ཁུངས་སྐྱེལ་བྱས་འདུག

མཁས་པའི་དབང་པོ་དེའུ་དམར་བསྟན་འཛིན་ཕུན་ཚོགས་ཞབས་ཀྱིས་མཛད་པའི་《གསོ་རིག་གི་ཡིག་ཐོ་གསལ་བྱེད་མལླི་ཀའི་རྒྱུན་ཐག》ཅེས་པའི་དཀར་ཆག་ཀུ་པའི་ནང་ཚན་དབང་པོ་རིལ་བུ་གསུམ་གྱི་ལག་ལེན་གསལ་བའི་བསྟན་བཅོས་ཟབ་གསང་སྙིང་གི་ཐིག་ལེ་ལས་ཞང་ཞུང་ལུགས་ཀྱི་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་《དུག་བཅོས་གཡུང་དྲུང་འཁྱིལ་བ་》ཞེས་པའི་ནང་།  སྔོན་དུས་སྟོན་མཆོག་དབང་པོ་གཤེན་རབ་ཀྱིས། །སྐྱབས་གནས་སྲུང་མར་བཅས་ལ་དམོད་འདི་བོར། །སྙིགས་དུས་མ་རུངས་བདུད་ཀྱི་སྤྲུལ་པ་འགས། །ཟུངས་ངན་དུག་སྦྱོར་ཉེས་པ་ཡོད་མིན་གྱིས། །མི་ཆེན་སྲོག་ལ་ཧུར་ཐུམ་བྱེད་དུས་སུ། །དེ་ཉིད་འཇོམས་པའི་སྨན་མཆོག་རིན་ཆེན་འདི། །མཐུ་ལྡན་རང་བཞིན་དངོས་གྲུབ་སྩལ་དུ་གསོལ། །གསུངས་པས་ལྷུང་བཟེད་ནང་དུ་དངོས་གྲུབ་ཀྱི། །རིལ་བུ་རིགས་ལྔ་བྱུང་བ་ཕྱོགས་བཅུར་བོར། །ཕྱོགས་ཀུན་ཁྱབ་ནས་འགྲོ་ལ་ཕན་པར་ཤོག །ཅེས་གསུངས་དབང་གིས་གནས་ལ་མ་ངེས་པ། །སྲོག་ཆགས་ཀུན་དང་ཁྱད་པར་རྨ་བྱ་སོགས། །སྲོག་རྩ་རྭ་རྩེ་མཁྲིས་རྩ་ཀླད་པ་དང་།  །ཕོ་ལོང་རྒྱུ་མ་མཆིན་པ་སོགས་ལས་འབྱུང་།  །རྒྱ་གར་སྨན་གྱི་ནགས་སུ་སྐྱེས་པའང་ཡོད། །ཡུལ་དེའི་གླ་བ་དཀར་པོ་སྨན་ཟ་བའི། །རྩི་ཤིང་ཁ་ལྟེམ་དག་ལས་ངེས་པར་འབྱུང་།  །ཞེས་དང་།  །ཡང་དེ་ཉིད་ལས། །དཀར་པོ་ཆེ་བ་ཅོ་གའི་སྒོ་ང་ཙམ། །རྒྱལ་པོ་རིལ་བུས་མི་རྟ་བཅུ་གསུམ་སོས། །དམར་སེར་འབྲིང་བ་ཤ་བའི་རིལ་མ་ཙམ། །བློན་པོ་རིལ་བུས་མི་རྟ་དགུ་འཚོ་ཐུབ། །ཆུང་བ་སེར་པོ་ལུག་གི་རིལ་མ་ཙམ། །བཙུན་མོ་རིལ་བུས་མི་རྟ་བདུན་ལ་ཕན། །སྔོ་དང་དཀར་པོ་ཡང་ཆུང་སྲན་མ་ཙམ། །འབངས་ཀྱི་ཡིན་པས་སྔ་མ་དེ་ཡིས་ནི། །མི་རྟ་ལྔ་འཚོ་ཕྱི་མས་གསུམ་ལ་ཕན། །ཁ་དོག་དབང་གིས་ཆེ་ཆུང་ཁྱད་པར་ལས། །ཆེ་དང་སྲ་མཁྲེགས་ལྡན་པ་བཟང་བའི་རིགས། །ཆུང་དང་གསོབ་ལ་བཀྲག་འཚེར་མེད་ངན་རིགས། །ཞེས་དུག་འཇོམས་དབང་པོ་རིལ་བུའི་ལོ་རྒྱུས་དང་།  ནང་གསེས་དབྱེ་བ། སོ་སོའི་ཕན་ཡོན་ཞིབ་གསལ་འཁོད་པར་གཞིགས་ན་ཞང་ཞུང་གི་དཔྱད་བུ་ཁྲི་ཤེས་ཞེས་པ་ནི་ཧ་ཅང་སྔ་བའི་དུས་ནས་སྨན་དཔྱད་ཀྱི་བསྟན་པའི་བྱ་བར་ཞུགས་པ་ཞིག་ཡིན་པ་དོན་གྱིས་གྲུབ།།

དེ་བཞིན་མཁས་པའི་དབང་པོ་ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་《ཤེས་བྱ་སྤྱིའི་ཁོག་འབུགས་》ནང་།  ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བ་དེའང་མ་ངེས་ཏེ། བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་ལ། བོན་པོ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་དང་དུས་མཚུངས་སུ་གཤེན་རབ་མི་བོ་ཆེ་ཞེས་བྱ་བ་པུ་རངས་སུ་བྱོན་པར་བཤད་པའི་ཕྱིར་རོ། ཞེས་གསུངས་པ་ནི་ལོ་རྒྱུས་དང་མཐུན་པའི་སྡོམ་ཚིག་ཡང་དག་པ་ཡིན་པར་སེམས།

དེ་རྗེས་གཉའ་ཁྲིའི་སྐབས་སྨན་དཔྱད་ཡར་རྒྱས་ཇི་བྱུང་སྐོར། གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པ་《ལེགས་བཤད་སྐལ་བཟང་མགྲིན་རྒྱན་》ལས། རྒྱུ་ཡི་བོན་བཞི་སྤྱི་ལས་སྔ་དར་བ། ཤེས་པ་ཅན་གྲངས་བཅུ་གཉིས་སྔོན་རིམ་ལྟར། །ཁྱད་པར་རྒྱལ་པོ་གཉའ་ཁྲིའི་སྐུ་རིང་དར། །དེ་ཡང་ཤེས་པ་ཅན་ཞེས་གང་ཞེ་ན། །ཞེས་པ་ནས། ཕན་ཤེས་སྨན་དཔྱད་བོན་ཞེས་བྱ་བ་ནི། །བྲོ་ནད་གསོ་བས་ཚེ་ཡི་བར་ཆད་སེལ། །ཞེས་པའི་བར་གསལ་བ་དང་།  ཕྱོགས་མཚུངས་གཉའ་ཁྲིའི་དུས་སུ་སྨན་དཔྱད་དར་ཚུལ་སྐོར། ཡར་རྗེ་ཨུ་རྒྱན་གླིང་པས་གཏེར་ནས་སྤྱན་དྲངས་པའི་བཀའ་ཐང་སྡེ་ལྔའི་ནང་ཚན་《བློན་པོ་བཀའ་ཐང་》ཤོག་གྲངས་༧བ་༦ ནང་།  བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོ་ཡར་ལུང་བཙན་ཐང་སྒོ་བཞིར་བྱོན་དུས་དོགས་པ་དྲུག་སྟེ། རྐུ་ཡོད། སྡང་ཡོད། དགྲ་ཡོད། གཡག་ཡོད། དུག་ཡོད། བྱད་སྟེམས་ཡོད། ཅེས་གསུངས་པར། རྩིབ་ལྷ་སྐར་མ་ཡོལ་སྡེས། བོད་འདིར་རྐུ་ལ་ལན་ཡོད། སྡང་ལ་བྱམས་ཡོད། དགྲ་ལ་གཉེན་ཡོད། གཡག་ལ་མཚོན་ཡོད། དུག་ལ་སྨན་ཡོད། བྱད་སྟེམས་ལ་འགྲོལ་ཐབས་ཡོད་ཅེས་ཞུས་པའི་ནང་ནས་དུག་ལ་སྨན་ཡོད་ཅེས་པ་དེས་སྐབས་དེར་སྨན་དཔྱད་ཀྱི་སྲོལ་ཀ་དར་རྒྱས་བྱུང་སྟེ་དུག་སེལ་སྨན་གྱི་བྱ་ཐབས་ཡོད་པ་ཤིན་ཏུ་གསལ། དེ་དང་འདྲ་བར་《ལྡེའུ་རྒྱལ་སྲས་ཀྱི་ཆོས་འབྱུང་》ལས་ཀྱང་།  དུས་དེ་ཙམ་ན་རྒྱལ་ཕྲན་བཅུ་གཉིས་ཀྱིས་དབང་བྱེད་པ་ལ། རྒྱལ་ཕྲན་ཆེ་བ་མ་འཆམས་ནས་བོད་ཀྱི་རྗེ་མ་བཏུབ་པའི་དུས་སུ། ཞང་གསུམ། བློན་བཞི་ལ་སོགས་པ་དང་།  ཤེས་པ་མཁན་མི་བཅུ་གཉིས་ཀྱིས་མཆིད་བགྲོས་ནས་རྗེ་བཙལ་ཏེ། རྩིབ་ལྷ་སྐར་མ་ཡོལ་སྡེ་ལ། རྗེ་བཏུབ་པ་གང་ན་ཡོད་དྲིས་པས། སྨྲས་པ། གནམ་རིམ་པ་ལྔའི་སྟེང་ན། རྗེ་གཉའ་ཁྲི་བཙན་པོ་བྱ་བ། ལྷའི་སྲས་པོ། རྨུའི་ཚ་བོ་ཡོད་པ་དེ་བདག་གིས་སྤྱན་དྲང་ངོ་ཟེར་ནས་སྐར་མ་ཡོལ་སྡེས་སྨྲས་པ། རྗེ་གཉའ་ཁྲི་བཙན་པོ། ཡུལ་སོ་དྲུག་མ་གི་ན། ཡུལ་ན་རྗེ་མེད་དེ་ཁ་དོད་ཀུན་ཀྱང་རྗེ། གནག་ན་གཡག་མེད་དེ་རྭ་ཐོག་ཀུན་ཀྱང་རུང་།  རྟ་ལ་སྐྱོན་མ་མཆིས་ངམ་འབྲོག་ཁྱུང་ཕྱུར་ཙམ། དོག་ཡབ་ཀྱི་ཁབ་གཤེགས་འཚལ་ལོ་ཞུས་པས། རྗེའི་ཞལ་ནས། ས་མ་ཀི་ལ་རྐུ་ཡོད། སྡང་ཡོད། དགྲ་ཡོད། གཡག་ཡོད། དུག་ཡོད། བྱད་དང་སྟེམས་ཡོད་གསུངས་པས། སྨྲས་པ། རྐུ་ལ་ལན་ཡོད། སྡང་ལ་བྱམས་ཡོད། དགྲ་ལ་གཉེན་ཡོད། གཡག་ལ་མཚོན་ཡོད། དུག་ལ་སྨན་ཡོད། བྱད་སྟེམས་ལ་གྲོལ་ས་ཡོད། ཅེས་གསོལ་ནས་གཤེགས་པར་ཆས་པ་སོགས་གོང་གི་ལུང་དང་མཚུངས་པར་སྣང་།

རྗེས་སུ་དུས་རབས་བརྒྱད་པའི་སྐབས། ཆོས་རྒྱལ་ཁྲི་སྲིང་ལྡེའུ་བཙན་གྱིས་བསམ་ཡས་སུ་ཕྱོགས་རིགས་ཀྱི་སྨན་པ་མཁས་པ་དགུ་གདན་དྲངས་ཏེ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དང་ཕན་ཚུན་བགྲོ་གླེང་གནང་སྐབས། འཕགས་ཡུལ་གྱི་སྨན་པས། གསོ་བ་རིག་པའི་བཀའ་བབས་ཚུལ་ཇི་ལྟར་ཡིན་ཞེས་གཡུ་ཐོག་པར་དྲི་བ་བཏོན་དུས་རེ་རེ་བཞིན་ལན་བཏབ་པའི་ནང་།  ཞང་ཞུང་གི་ལུགས་ལ་ནད་ཐུར་དུ་བབས་པ་བཤལ་གྱི་རྒྱུད། བོད་ཀྱི་ལུགས་ལ་ནད་ཞི་བར་བྱེད་པ་གཉེན་པོ་བཞི་ལྡན་གྱི་རྒྱུད། གཡུང་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེད་པ་དུགས་ལུམས་བྱུག་གསུམ་གྱི་རྒྱུད་ཡོད། ཅེས་གསུངས་པའི་སྐོར་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རྣམ་ཐར་《གཟི་བརྗིད་རིན་པོ་ཆེའི་མཛོད་》ཅེས་པའི་ནང་གསལ་བ་ལྟར། བོད་ཀྱི་གསོ་རིག་《རྒྱུད་བཞི་》ཡི་ནང་ཚན་《ཕྱི་མ་རྒྱུད་》ཀྱི་སྦྱོང་བྱེད་ལས་ཀྱི་མདོ་ཞེས་པའི་ནང་བཤལ་གྱི་ལེའུ་ཡོད་པ་དང་།  དེ་བཞིན་འཇམ་རྩུབ་དཔྱད་ཀྱི་མདོ་ཞེས་པར་འཇམ་པོའི་དཔྱད་དུགས་ལུམས་བྱུག་པ་གསུམ་གྱི་ལེའུ་སོ་སོར་ཡོད་པ་དེས་ཞང་བོད་གསོ་རིག་དབར་གྱི་ལོ་རྒྱུས་འབྲེལ་བ་ཇི་བཞིན་གསལ་བཤད་བྱུང་ཡོད། དེ་དང་ཕྱོགས་མཚུངས་ཟུར་མཁར་བློ་གྲོས་རྒྱལ་པོས་གྲ་ཐང་རྒྱུད་བཞི་ཞུ་དག་དང་།  པར་བརྐོ་མཛད་དུས་དང་།  དེ་རྗེས་མི་དབང་པཎྜིཏ་སངས་རྒྱས་རྒྱ་མཚོས་སླར་ཡང་རྒྱུད་བཞིར་དག་བཅོས་གནང་སྐབས་འཕགས་ཡུལ་དང་།  རྒྱ་ནག ཏ་ཟིག་སོགས་ཀྱི་སྨན་གཞུང་དང་།  ཡང་སྒོས་《འཁོར་ལོ་རྒྱལ་པོའི་བེ་བུམ་》ལྟ་བུ་ཞང་ཞུང་གི་སྨན་དཔྱད་ལའང་དཔྱད་གཞི་མཛད་པ་མཇུག་བྱང་དུ་འཁོད་པར་མ་ཟད། རྒྱུད་བཞིའི་ནང་དར་ཡ་ཀན་དང་།  སླེ་ཏྲེས། ད་ཏྲིག མོན་ཆ་ར། བ་རུ་ར། ཏྲེས་སམ་སོགས་སྔ་རབས་ཞང་ཞུང་གི་སྨན་མིང་མི་ཉུང་བ་མཐོང་རྒྱུ་ཡོད་ཅིང་།  ལྷག་པར་ཏུན་ཧོང་ནས་རྙེད་པའི་《བོད་ཀྱི་གསོ་རིག་མེ་བཙའི་བཅོས་ཐབས་》ཞེས་པའི་མཇུག་ཏུ། དཔྱད་ཡྀག་འདྀ་ནྀ་ཕྱག་སྦལ་ན་ཡང་མེད་དེ། ཞང་ཞུང་དཔྱད་ཕུགས་པ་དང་།  སྦྱར་ཏེ་བགྱྀས་པ་ལགས་སོ། །ཞེས་གསལ་བ་བཅས་ཀྱིས་བོད་ཀྱི་གསོ་རིག་ལ་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པའི་ར་སྤྲོད་འདི་ལྟར་ཡིན་ལགས།། །།

འདི་ནི་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་བརྩམས་པའི་དཔེ་དེབ་《གངས་ལྗོངས་གསོ་རིག་བསྟན་པའི་

ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་》ནས་ཟུར་བཏོན་བྱས་པ་ཞིག་ཡིན།

བརྒྱུད་སྐུལ།

མཆན་སྤེལ།