ཆག་ལོའི་ལམ་ཡིག་ལས་མཆེད་པའི་མཛད་བསྡུས།

ཆག་ལོའི་ལམ་ཡིག་ལས་མཆེད་པའི་མཛད་བསྡུས།

【གནད་བསྡུས།】 དུས་རབས་བཅུ་གསུམ་པའི་དུས་མགོ་མ་ཟིན་ཙམ་ན་རྒྱ་གར་འཕགས་ཡུལ་དུ་ཏུ་རུ་ཥའི་དམག་གིས་དཔུང་འཇུག་བྱས་ཏེ་བསྟན་པར་ཆག་འཇིག་བློ་ཡུལ་ལས་འདས་པ་འབྱུང་སྐབས་བསྟུན། ཆོས་རྗེ་ཉིད་ཀྱིས་ལུས་སྲོག་བློས་བཏོང་གིས་ཡུལ་དེའི་གནས་བབས་ཀུན་ལ་རྒྱུས་མྱོང་དང་། ཆག་འཇིག་ཁུར་དུ་བླངས་ཏེ་བསྟན་པ་རྒྱས་པར་མཛད་པའི་སྐུ་ཚེའི་བྱུང་བ་དངོས་སོ།།

【གནད་ཚིག】 ཆག་ལོ་ཙྰ་བ། ཆག་གྲོང་། ཏི་རུ་ཥ། རྡོ་རྗེ་གདན། ན་ལེན་དྲ། སྔགས་ལོག་སུན་འབྱིན། པཎ་ཌི་ཏ་རྰ་ཧུ་ལ་ཤྲི་བྷ་དྲ།

                 ཀ་ཉག་ཚེ་བཀྲ།

ཆག་ལོ་ཙྰ་བ་ཆོས་རྗེ་དཔལ་ནི། དུས་རབས་བཅུ་གཉིས་པའི་ནང་དུ་(1197)ཡབ་སློབ་དཔོན་ཆེན་པོ་དར་མ་འབྱུང་གནས་དང་ཡུམ་ཆོས་འབུམ་གཉིས་ཀྱི་སྲས་སུ་གཉལ་སྨད་ཀྱི་ལྟེའུ་ར་བྱང་གི་ཆག་གྲོང་ཞེས་པར་སྐུ་བལྟམས། དགུང་ལོ་བདུན་པ་ཙམ་དུ་རྒྱ་བོད་གཉིས་ཀྱི་ཡི་གེའི་སྦྱོར་ཀློག་གི་མགོ་བརྩམས་ཏེ་བྱང་ཆུབ་པར་མཛད་པ་དང་། དགུང་ལོ་བཅུ་གཅིག་ནས་ཉི་ཤུའི་བར་དུ་རང་གི་ཁུ་བོ་ཡིན་པ་བོད་ཀྱི་ལོ་ཙྰ་བ་གྲགས་ཅན་ཆག་ལོ་དགྲ་བཅོམ་གྱི་མདུན་ནས་དཔལ་བདེ་མཆོག་སོགས་སྔགས་མཚན་ཉིད་ཀྱི་གཞུང་གི་གདམས་པ་མང་དུ་གསན། དགུང་ལོ་བཅོ་ལྔ་མ་ཟིན་ཙམ་ན་ལྟེའུ་རའི་བཀྲ་ཤིས་ལྷུན་པོར་སྐུ་མཚམས་བཅད་དེ་ཐུགས་དམ་ལྷས་ཞལ་གཟིགས་མ་བྱུང་བར་དུ་བསྙེན་པ་འབུམ་ཕྲག་མང་པོ་བསོགས་ཏེ་བཞུགས། དགུང་ལོ་ཉེར་གཅིག་པར་རང་གི་ཁུ་བོ་ཆག་ལོ་དགྲ་བཅོམ་སྐུ་མྱ་ངན་ལས་འདས་པ་དང་། དེ་རྗེས་ཆོས་རྗེ་གོང་མ་ཆག་ལོའི་ཞལ་ཆེམས་བཞིན་རྒྱ་གར་འཕགས་ཡུལ་དུ་སྐྱོད་མགོ་ཚུགས། རྡོ་རྗེ་གདན་མ་མཐོང་བར་དུ་བོད་ལ་ཕྱིར་མི་ལྡོག་པའི་དབུ་སྙུང་དམ་བཅའ་མཛད་དེ་ཞབས་ཏོག་པ་རང་གི་ཞང་པོ་དབུ་ཚད་ལ་མཁས་པ་ཞིག་དང་མཉམ་དུ་ལམ་ལ་ཆས། གཙང་དུ་ལོ་བཅུར་བཞུགས་ཤིང་བླ་མ་ཆེན་པོ་གུང་ཐང་བ་ལྷ་བཙུན་སོགས་ལས་མངོན་པ་ཀུན་བཏུས་སོགས་གཞུང་ཆེན་མང་དུ་སྦྱངས། དགུང་ལོ་སོ་གཉིས་ཙམ་ན་བལ་ཡུལ་དུ་བླ་མ་རཏྣ་རཀཥི་ཏ་རིན་ཆེན་འཚོ་ལ་ལོ་ཙྰ་མཛད་པས་ཞོར་དུ་བདེ་མཆོག་ལྷ་བཅུ་གསུམ་མ་སོགས་ཀྱི་དབང་ཡང་ཞུས། བླ་མ་ར་བྰིན་དྲ་ལས་འཕགས་སྐོར་དང་རྡོར་ཕྲེང་སོགས་ཀྱི་ཆོས་ལུང་མང་དུ་གསན་ཏེ་ལོ་ངོ་ཧྲིལ་པོ་བརྒྱད་ལ་བལ་ཡུལ་དུ་བཞུགས། རང་གི་ཞང་པོ་ཡང་གནས་དེར་གྲོངས་པས་རྒྱ་གར་རང་དུ་ཞབས་ཏོག་ཅི་ཡང་མེད། འོན་ཀྱང་། མུ་སྟེགས་ཆོས་བྱེད་པ་སུམ་བརྒྱ་ཙམ་དང་ཚུལ་ཁྲིམས་སེངྒེ་བྱ་བ་སོགས་ཉེ་གྲོགས་གཞན་པ་བཅུ་དྲུག་ཙམ་ཡོད་པས་རྒྱ་གར་ཡུལ་དབུས་བར་དུ་གྲོགས་མེད་ཁེར་རྐྱང་ངང་འགྲོ་དགོས་མ་བྱུང་། དགུང་ལོ་བཞི་བཅུ་ཙམ་ནས་ཏི་ར་ཧུ་ཏིར་བྱ་བའི་གནས་སུ་ཟླ་བ་གསུམ་ལྷག་བརྒྱུད་ཅིང་བར་སྐབས་སོ་སོར་མ་ཧེ་སོགས་ཀྱིས་འཇིགས་པ་བྱུང་སྟབས། ལམ་གྲོགས་རེ་གཉིས་རྐྱེན་ལམ་དུ་སོང་བ་དང་ཆོས་རྗེ་ཉིད་ལའང་འགྲོ་སྐྱོད་ཉེས་པས་རྨས་སྐྱོན་སོགས་ཀྱིས་དཀའ་ངལ་མང་པོར་ཕྲད། དེ་རྗེས་ཆོས་རྗེ་རང་ཉིད་ཀྱིས་ལམ་བསྲུང་མཛད་དེ་ཟླ་བ་གཅིག་ཙམ་རིང་ཡངས་པ་ཅན་གྱི་གྲོང་མེད་པའི་མཐའ་འཁོབ་དང་དེའི་བར་གྱི་ཇག་པའི་འཇིགས་པ་སོགས་བརྒལ་ནས་ཕེབས། ཡངས་པ་ཅན་གྱི་གྲོང་ཁྱེར་དུ་བྱོན་པ་ན། ཡུལ་དེའི་མི་སེར་ཡོངས་རྫོགས་②ཏུ་རུ་ཥ་འམ་གར་ལོག་གི་དམག་གི་འཇིགས་པ་འབྱུང་དོགས་ཀྱིས་གང་སར་བྲོས་བྱོལ་བྱས་ཏེ་ཁ་འཐོར་དགུ་འཐོར་དུ་གནས། དེར་བརྟེན། ཆོས་རྗེ་ཉིད་དང་འགྲོག་པའི་ལམ་གྲོགས་རྣམས་ཀྱང་དེ་ནས་གང་སར་བྲོས་ཏེ་རེ་གཉིས་མ་གཏོགས་མ་ལྷག ཆོས་རྗེ་ཉིད་དང་སྐུ་འཁོར་རེ་གཉིས་པོ་གནས་གང་དུ་ཡང་མ་བྱོལ་བར་བཞུགས་མོད། བར་སྐབས་ཤིག་ལ། གནས་དེའི་བུད་མེད་ཅིག་གིས་གར་ལོག་གི་དམག་མི་རྒྱ་གར་ནུབ་ཕྱོགས་སུ་སོང་བར་བཤད་པས་འཇིགས་པ་མ་བྱུང་། ③ཁ་ཅིག་གིས་བུད་མེད་དེ་རྗེ་བཙུན་སྒྲོལ་མ་རེད་ཅེས་བཤད་པ་ཆོས་རྗེ་ཉིད་ཀྱིས་དངོས་སུ་གསུངས་སོ།། ཡངས་པ་ཅན་ནས་རྡོར་གདན་བར་ཉིན་ལམ་བཅུ་གྲངས་ཤིག་ཡོད་ཅིང་བར་དུའང་ཆུ་བོ་གངྒའི་གྲུ་ལ་འཇུག་དགོས་སྟབས། ཆུ་སྲིན་ནཀྲ་སོགས་ཀྱིས་འཇིགས་པ་ཤིན་ཏུ་ཆེན་པོ་བྱུང་ཡང་སྐྱོན་ཅི་ཡང་མེད་པར་རྡོ་རྗེ་གདན་དུ་བདེ་ལེགས་ངང་འབྱོར། ཡིན་ནའང་། རྡོ་རྗེ་གདན་དུ་གར་ལོག་དམག་གིས་ཉེན་པས་མི་གཅིག་ཀྱང་མཐོང་ཡུལ་དུ་མ་གྱུར། ཆོས་རྗེ་སྐུ་འཁོར་དང་བཅས་པ་ཡང་ཉིན་ཞག་བཞི་བཅུ་མ་ཟིན་ཙམ་ལ་བྲོས་བྱོལ་བྱ་དགོས་བྱུང་སྟབས། རེ་ཞིག་ཇོ་བོ་བྱང་ཆུབ་ཆེན་པོའི་སྐུ་བརྙན་སོགས་ལ་མཇལ་བའི་སྐལ་བ་མ་བྱུང་། ཡོངས་གྲགས་སུ་ཁ་ཆེའི་ཆོས་ལུགས་ལས་གཞན་པའི་ཆོས་ལུགས་ཡོད་དོ་ཅོག་ལ་ཏུར་ཥའི་དམག་གིས་གནོད་འཚེ་ཆེན་པོ་བཏང་བར་བཤད་མོད། དོན་དངོས་སུ་དེ་འདྲ་ཞིག་ཡིན་མིན་ལ་དོགས་པ་ཤིན་ཏུ་ཆེ་སྟེ། གན་དྷོ་ལ་དང་བྱང་ཆུབ་ཆེན་པོའི་སྐུ་བརྙན་སོགས་ལ་གནོད་པ་བཟློག་ཆེད། ཕྱི་སྒོ་ལ་འདམ་ཞལ་བརྒྱབ་ནས་དེར་དབང་ཕྱུག་ཆེན་པོ་སོགས་ཀྱི་སྐུ་བརྙན་བྲིས་པར་དཔགས་ན། ཏུར་ཥའི་དམག་གིས་ཧུན་དྷུའི་ཆོས་ལུགས་སོགས་དབང་ཕྱུག་ཆེན་པོ་ཁས་འཆེ་བ་དག་ལ་གནོད་པ་དེ་ཙམ་ཨེ་བྱས་སྙམ་པས་དོགས་མོད། ཁ་ཆེའི་དམག་སྤྱི་ཆེན་མོ་བྷ་ཁྰ་ཌི་ཡར་ཁྰལ་རྗེའི་ལོ་རྒྱུས་ལ་གཞིགས་ན་ཧུན་དྷུ་སོགས་ཆོས་ལུགས་གཞན་ཁག་ལའང་གཏོར་བཅོམ་ཚད་མེད་བྱས་པར་དོགས་པ་མེད་དོ།། རྡོར་གདན་དུ་དམག་དཔུང་ལྡོག་རྗེས་སྔར་བཞིན་བུད་མེད་ཅིག་གིས་གཏམ་སྙན་དེ་བསྒྲགས་པ་དང་སྐབས་བསྟུན། ཕྱིར་རྡོ་རྗེ་གདན་དུ་ཕེབས་ནས་གན་དྷོ་ལ་དང་བྱང་ཆུབ་ཆེན་པོ་སོགས་ལ་ཕྱག་བསྐོར་མང་དུ་མཛད་དེ་གསོལ་བ་ཕུར་ཚུགས་སུ་བཏབ། དགེ་འདུན་པ་རྣམས་ཀྱང་སྔར་བཞིན་ཡུལ་དབུས་སུ་འདུས་པར་སྣང་།  དེར་ཁྱད་དུ་འཕགས་པའི་རྟེན་དང་བརྟེན་པ་སོགས་མང་དུ་མཆིས་མོད་འདིར་རེ་རེ་བཞིན་བྲི་བའི་ངལ་བ་མི་བྱ། གཙོ་བོ་ནི་རྡོ་རྗེ་གདན་གྱི་གན་དྷོ་ལ་བཞེངས་མཁན་དེ་ཆོས་རྒྱལ་མྱ་ངན་མེད་དང་། དེའི་རྟེན་གྱི་གཙོ་བོ་བྱང་ཆུབ་ཆེན་པོའི་སྐུ་བརྙན་དེ་བྲམ་ཟེའི་ཁྱེའུ་གཅུང་པོས་མཛད་ཚུལ་དེ་རེད། དེ་ནི་མཁས་དབང་གཞན་གྱི་བཞེད་པ་དང་ཅུང་མ་འདྲ་བ་ཨེ་ཡོད་སྙམ་ཡང་ཐད་སོར་ཀློག་སྐབས་མ་བྱུང་། སྐབས་འདི་ཙམ་ན།  རྡོ་རྗེ་གདན་གྱི་གཙུག་ལག་ཁང་འདིར་དགེ་སློང་སུམ་བརྒྱ་ཙམ་རེ་རྒྱུན་དུ་དཀོན་གཉེར་གྱི་ཚུལ་དུ་བཞུགས་པས། དགེ་ཆོས་ཀྱིས་འདི་དུས་དེར་གཙུག་ལག་ཁང་འདི་དར་རྒྱས་ཀྱི་སྐབས་ཡིན་པར་བཞེད། འོན་ཀྱང་།  ཉན་ཐོས་པ་མ་གཏོགས་ཐེག་ཆེན་དེ་ཙམ་དར་མེད་པ་④ཆོས་རྗེ་ཉིད་དང་དཀོན་གཉེར་གཉིས་ཀྱི་དྲི་བ་དྲིས་ལན་ལས་གསལ་བོར་རྟོགས་ཐུབ། འདིར་ཕྱི་ནང་གཉིས་ཀྱི་ལྷ་མི་རེ་གཉིས་ཀྱི་གཏམ་རྒྱུད་དང་དངོས་གྲུབ་བསྩལ་བའི་ལོ་རྒྱུས་སོགས་སྣ་ཚོགས་ཡོད་མོད་གཞན་དུ་ཤེས་པས་རེ་ཞིག་འཇོག  རྡོ་རྗེ་གདན་ནས་བྱ་རྒོད་ཕུང་བོའི་རིར་འབྱོར་བ་དང་། རི་དེ་བལྟས་ཚོད་ལ་ཕྱོགས་ཟུར་དང་བཅས་པའི་བོད་ཀྱི་རི་བོ་འབྲིང་མ་ལོང་ཙམ་དུ་ཡོད་པར་བཤད། རྩེ་མོ་ཟླུམ་འཁྱིལ་དང་ཕྱོགས་ཐམས་ཅད་ནགས་ཀྱིས་ཁེངས་པའི་ཆུ་བྲག་རྩི་ཤིང་སོགས་འཛོམས་སྟབས། སྟག་དང་དོམ་དྲེད་སོགས་ཀྱང་གནས་དེར་བག་མེད་དུ་རྒྱུ་བ་ཕྱོགས་མང་པོ་ནས་མཐོང་ཐུབ། ཆོས་རྗེས་མི་མང་པོར་རྔན་པ་སྤྲད་ནས་མདའ་གཞུ་ཐོགས་པ་དང་། རྔ་སྦུབ་སོགས་ཀྱིས་གཅན་གཟན་འབྲོས་པའི་ཐབས་ཤེས་འཐེན་པ་སོགས་ལ་དཔགས་ན། གནས་དེ་ད་སྐབས་དང་ཅུང་མི་འདྲ་བ་ཤེས་སླའོ།། གང་ལྟར། ཆོས་རྗེ་འཁོར་བཅས་རིའི་རྩེ་མོར་འཛེགས་ནས་སངས་རྒྱས་ཀྱི་བཞུགས་ཁྲི་སོགས་ཀྱི་ཤུལ་རྗེས་རེ་རེ་བཞིན་ཞིབ་རྗེས་སུ་མཇལ། དེ་ནས་གནས་དེ་དང་ཉེ་བའི་རྒྱལ་བོའི་ཁབ་ཏུ་བྱིན་ནས་པཎ་ཆེན་ཡ་ཤོ་མི་ཏྲའི་མདུན་དུ་ཆོས་མང་དུ་གསན་པ་སོགས་མཛད་འཕྲིན་གང་སར་བསྐྱངས། དེ་རྗེས་ཡུལ་མ་ག་དྷའི་གཙུག་ལག་ཁང་ཆེན་པོ་ན་ལེན་དྲ་བྱ་བ། རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམས་སུ་ཆགས་པ། རྒྱལ་བོ་དང་རྒྱལ་མོ་སོགས་ཀྱིས་བཞེངས་པའི་གཙུག་ལག་ཁང་ཆེ་ཆུང་བརྒྱ་ཕྲག་ལོང་བ་ཙམ་གྱི་གནས་སུ། དགུང་ལོ་དགུ་བཅུ་ལྷག་ཟིན་པའི་གནས་བརྟན་ཆེན་པོ་བླ་མ་པཎ་ཌི་ཏ་རྰ་ཧུ་ལ་ཤྲི་བྷ་དྲ་བྱ་བའི་མདུན་དུ། སྒྲ་དང་ལེགས་སྦྱར་སོགས་མདོ་སྔགས་རིག་གནས་དང་བཅས་པར་མང་དུ་གསན་ཏེ་མཁས་པའི་ཡང་རྩེར་སོན། ཏུ་རུཥ་ཀའི་དམག་གི་འཇིགས་པ་བྱུང་ནས་སློབ་མ་གཞན་ཐམས་ཅད་བྲོས་ཀྱང་བླ་མ་ལ་ཆགས་ནས་བླ་མ་མ་གཡོལ་བར་དུ་རང་སྲོག་ཀྱང་འདོར་ཐུབ་མཁན་ནི། ཆོས་རྗེ་ལོ་ཙྰ་བ་གཅིག་པུ་ཡིན་པས་བླ་མ་པཎྡིཏས་དམ་ཚིག་ཅན་དུ་དགོངས་ཏེ་ཤིན་ཏུ་མཉེས་སོ།། ཆོས་རྗེ་ཁོང་བཞུད་སྐབས་ཏུ་རུཥ་ཀས་དམག་གིས་ཉམས་དམའ་བ་བྱས་སྟབས། གཙུག་ལག་ཁང་རྣམས་ཀྱང་ཕལ་ཆེར་མི་ཁྱིམ་ལྟ་བུར་གྱུར་བར་བཤད། རྟེན་ཁྱད་པར་ཅན་མང་དུ་བཞུགས་པ་ལས་ཆེས་ཁྱད་དུ་འཕགས་པ་ནི། འཇམ་དཔལ་འཇིང་གཡོན་མ་དང་ཇོ་བོ་ཁ་སར་པ་ཎའི་རྡོ་སྐུ། སྒྲོལ་མ་རྒྱན་མེད་མ་དང་མགོན་པོའི་རྡོ་སྐུ་རང་བྱོན་བཅས་ཡིན་ཞིང་། དེ་དག་གི་ངོ་མཚར་བའི་ལོ་རྒྱུས་གནས་ཚུལ་སོགས་ནི།  ཙན་དྲ་གོ་མི་སོགས་གཞན་གྱི་ལོ་རྒྱུས་སུ་ཡང་གསལ་བས་འདིར་འབྲེལ་ཡང་མང་བར་དོགས་པས་མ་བྲིས། གང་ལྟར། ཆོས་རྗེ་ཁོང་མི་ལོ་རིལ་བོ་གཉིས་ལ་ཡུལ་མ་ག་དྷར་བཞུགས་རྗེས་བླ་མས་བཀའ་ལུང་མང་དུ་གནང་ནས་ཕྱིར་ཕ་ཡུལ་དུ་ལོག ཆུ་བོ་གངྒའི་གྲུ་ལ་ཞུགས་སྐབས་ཆོམ་པོས་འཕྲོག་བཅོམ་བྱས་པའི་དཀའ་ངལ་དང་། ཏི་ར་ཧུ་ཏིའི་གྲོང་ཁྱེར་པ་ཊ་བྱ་བར་ལྟོ་རྒྱགས་ཆད་ཅིང་ནད་གྱིས་སྙུང་པ། ངོ་ཤེས་གྲོགས་པོ་སོགས་གཅིག་ཀྱང་མེད་སྟབས་ཟླ་བ་གཉིས་ལྷག་ལ་སྐུ་ངལ་འོ་བརྒྱལ་ཚད་མེད་མྱངས་ཏེ་སྐུ་མ་གྲོང་ཙམ་དུ་བཞུགས་པ་སོགས་ངལ་བའི་མཛད་པ་མང་དུ་བསྟན། རྗེས་སུ་པཎྡིཏ་ཤྰཀྱ་ཤྲི་བོད་དུ་ཕེབས་སྐབས་ཀྱི་ཞབས་འབྲང་བ་ཞིག་གིས་གནས་ཚུལ་ཆ་ཚང་ཤེས་ནས་གྲོགས་དན་རོགས་རམ་མཛད་དེ་སྙུང་གཞི་ཅུང་ཙམ་དྭངས། དེ་རྗེས་ཡུལ་དེའི་རྒྱལ་བོ་དང་མཆོད་གནས་སུ་གྱུར་ཏེ་བླ་མཆོད་དུ་བཞུགས་པར་བསྐུལ་ཡང་ཉིན་ཞག་རེ་གཉིས་ལས་བཞུགས་ལོང་མེད་ཚུལ་གྱིས་གཡོལ་ཐབས་བྱས། བལ་ཡུལ་བརྒྱུད་མང་གུང་ཐང་དུ་བསླེབས་སྐབས་ནག་ཚོ་ལོ་ཙྰའི་གདན་ས་ཡང་དོག་ཏུ་གདན་ཞུ་ཡང་ཡང་བྱས་ཤིང་། རྒྱུན་ཆགས་སུ་བཞུགས་པའི་གསོལ་བ་ལན་མང་བཏབ་ཀྱང་མི་ལོ་བཞི་ལྔ་ཙམ་ལས་མ་བསྡད་པར་སྣང་། ཡང་དོག་ཏུ་ཕེབས་འཕྲལ་གནས་གཞི་བརྒྱད་ཅུའི་ལྡེ་མིག་དང་གསེར་དང་ནག་ཚས་བྲིས་པའི་གསུང་རབ་པོ་ཏི་ཉིས་བརྒྱ་ཙམ་ཕུལ་འབྱོར་བྱུང་བ་དང་། ཕྱིས་སུའང་གསེར་གྱི་འབུམ་པ་སོགས་ལ་ཀོ་གཏུམ་བྱས་ནས་ཆོས་རྗེ་གར་ཕེབས་ལ་སྤྱན་དྲངས་པར་བསྐུལ་བ་སོགས་མཛད་འཕྲིན་ཤིན་ཏུ་རྒྱས། ཆོས་རྗེ་ས་སྐྱར་བྱོན་སྐབས་ས་པཎ་གྱི་ཞལ་ནས་⑤”ལོ་ཙྰ་བ་རིན་ཆེན་བཟང་པོའི་རྟིང་ལ་ཁྱོད་ལས་མཁས་པ་མ་བྱུང་ངེས་པ་ཡིན། ང་ཡང་ཡབ་མེས་ཀུན་གྱིས་གར་དུ་མ་བཏང་པས་ལན། སྐུ་དྲིན་ཆེ་ལ་ཆུང་དུ་བྱུང་། ཆེ་སྟེ། ཆོས་དང་། ལོངས་སྤྱོད་དང་། མ་བྲལ་པར་མཛད། ཆུང་སྟེ། རྒྱ་གར་དུ་མ་བཏང་”གསུངས་སོ།། སྔར་ཆོས་རྗེ་བལ་ཡུལ་དུ་བཞུགས་སྐབས་ས་པཎ་གྱིས་ཆོས་རྗེ་ཉིད་ཀྱིས་བསྒྱུར་གནང་མཛད་པའི་མཚན་བརྗོད་ཀྱི་འགྲེལ་བ་དཔེ་བསྐུར་བྱུང་བར་བསྐུལ་ནས་མཇལ་སྟབས། ས་པཎ་ལ་ཐུགས་རྩིས་ཤིན་ཏུ་ཆེ་ཞིང་ཁོང་གི་སློབ་མ་རྣམས་ལའང་ཆོས་གསན་པར་བསྐུལ་བར་བཤད། ཕྱིས་སུ་སྐུ་ལུས་ཞན་པས་ཕེབས་མ་དགོས་པ་མ་གཏོགས་ཧོར་གྱི་རྒྱལ་པོས་ཀྱང་སྤྱན་འདྲེན་བྱས་པར་གསལ།  གཉལ་གྱི་ལྟེའུ་རར་ཕེབས་སྐབས། རྒྱ་དཔེ་མང་པོ་མཛོ་ཁལ་དུ་བཀལ་ནས་བྱོན་སྟབས་ཡུལ་མི་མང་པོས་ཆོས་དཔེ་དེ་ཙམ་ཞིག་མི་སྲིད་ཅིང་ཕལ་ཆེར་བུ་རམ་སོགས་ཅ་དངོས་གཞན་པ་ཡིན་ནམ་སྙམ་པ་ཞིག་བྱུང་ངོ་།།  མཉལ་དུ་བྱོན་ནས་ལོ་གཉིས་ཙམ་གྱི་རྗེས་སུ། ཡར་ལུང་སྟག་ཚལ་དུ་པཎྡིཏ་དྰ་ན་ཤྰི་ལར་རྒྱུད་བླ་མའི་མཆོད་བརྗོད་སཾསྐྲིཏའི་སྐད་དུ་གསུངས་ནས་ཤིས་པ་བརྗོད་དུས། པཎྡིཏ་མགུ་ཞིང་ཚིམས་ཏེ་མཁས་པའི་མཁས་པ་ཁྱེད་ལས་སུ་ཞིག་མཆིས་ཞེས་བསྔགས་པ་བླ་མེད་ཐོབ། ཐང་པོ་ཆེར་མི་ལོ་རིལ་པོ་ལྔ་ལ་བཞུགས་པའི་དུས་ཡུན་ནང་། དབྱར་དགུན་གྱི་ཆོས་ཐོག་སོ་སོར་སྤྱོད་འཇུག་ཆེན་མོ་སོགས་ཆོས་སྐོར་སྣ་གཅིག་མ་ལུས་པ་ལྟ་བུའི་གསུང་ཆོས་གནང་བཞིན་ཡིག་བསྒྱུར་དང་གསུང་རྩོམ་མང་དུ་མཛད། སྐབས་གང་ཡོད་ལ་མཚམས་སུ་བཞུགས་པ་དང་ཐུན་མཚམས་སོ་སོར་སྒྲོན་གསལ་ལེའུ་དང་པོའི་ཊྰིཀྰ་སོགས་ལྗགས་རྩོམ་གནང་། བོད་དུ་མ་དག་རྒྱུན་འབྱམས་སུ་བྱིན་པའི་ལྟ་བ་རྣམས་བཟློག་ཆེད་སྒྲོན་གསལ་དང་རིན་ཕྲེང་སོགས་གཙོ་བོར་བཟུང་ནས་ཆོས་འཆད་གནང་། སྔར་འཕགས་ཡུལ་དུ་ཕེབས་པའང་སྔགས་ལོག་སུན་འབྱིན་གྱི་ཆེད་དུ་ཡིན་པར་བཤད། ཡར་ལུང་འཇུ་ཕུར་སོགས་སུ་བྱོན་ནས་ཀྱང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་གསང་བ་འདུས་པའི་དབང་སོགས་ཆོས་སྐོར་མི་འདྲ་བ་བཅུ་གྲངས་རེ་གསུངས་ཤིང་། རབ་བྱུང་དགེ་བསྙེན་སོགས་ཀྱི་སྡོམ་པའང་སྒྲུབ་པར་མཛད། དེ་རྗེས་གཉལ་དུ་བྱོན་སྐབས་སུ་བླ་དཔོན་མང་པོས་ས་སྐྱར་བཞུགས་པར་བསྐུལ་ནའང་། ཁམས་བཟང་ན་འོང་ཆོག་པ་མ་གཏོགས་ད་རེས་ཅིས་ཀྱང་གཉལ་དུ་འགྲོ་དགོས་ཞེས་གསུངས་ནས་ངོ་ཆེན་གང་ལའང་མ་གཟིགས་པར་གཉལ་དུ་བྱོན། བསགས་དངོས་ཐམས་ཅད་སྤོང་དག་མཛད་ཅིང་གདུལ་བྱ་ཐ་མ་རྣམས་ལ་ཆོས་སྟོན་མཛད་དེ་དགུང་ལོ་རེ་བདུན་པར་(1263)ངོ་མཚར་བའི་ལྟས་དུ་མ་དང་བཅས་ཞི་བ་ཆོས་ཀྱི་དབྱིངས་སུ་གཤེགས་པར་གསུངས་ཀྱང་། འགོས་ལོ་ཙྰ་བའི་⑥《དེབ་ཐེར་སྔོན་པོར་》དགུང་ལོ་དྲུག་ཅུ་རེ་བརྒྱད་པར་(1264)གཤེགས་པར་གསུངས་པ་ས་དཔྱད་པར་འཚལ།

① འདིར་བཤད་པའི་《ཆག་ལོའི་ལམ་ཡིག་》ཅེས་པ་ནི་སྔར་པཎ་ཆེན་རྰ་ཧུ་ལས་སྣར་ཐང་ནས་བོད་དཔེ་གདན་འདྲེན་གྲས་སུ་ཚུད་པའི་དཔེ་རྙིང་ཞིག་དང་། འབྲས་སྤུངས་གནས་བཅུ་ལྷ་ཁང་ནས་ཐོན་པའི་དཔེ་རྙིང་ཚིག་སྣ་རྒྱས་བསྡུས་མི་འདྲ་བ་རེ་གཉིས་སོགས་མ་ཕྱི་མཛད་པའི་དཔེ་ཆ་ཞིག་སྟེ། ཡོངས་གྲགས་ལ་《ཆག་ལོའི་ལམ་ཡིག་》ཅེས་པ་དེ་ཡིན་ཞིང་། དེ་ནི་ཆག་ལོ་ཆོས་རྗེ་རང་ཉིད་ཀྱིས་དངོས་སུ་མཛད་པ་མིན་ཡང་ཡི་གེ་པ་འཇུ་བ་ཆོས་དར་རམ་དགེ་བསྙེན་ཆོས་དཔལ་དར་བྱང་གིས་ཁོང་གི་གསུང་སྒྲོས་རྣམས་ཡི་གེར་བཀོད་པའི་བརྩམས་ཆོས་གྲགས་ཆེན་ཞིག་ཡིན། དེར་རྒྱ་གར་ཞིང་གི་བཀོད་པ་དང་ཡུལ་སྲོལ། གཙུག་ལག་ཁང་དང་དེར་བཞུགས་ཀྱི་རྟེན་གྱི་ལོ་རྒྱུས། ལྷག་པར་སྐབས་དེའི་ཛ་དྲག་གི་གནས་སྟངས་སོགས་ཁོར་ཡུག་དང་ས་ཁམས། རྩོམ་རིག་དང་ལོ་རྒྱུས། རིགས་དངོས་དང་ལོ་ཙྰ་སོགས་ཆེས་རིན་ཐང་ལྡན་ཞིང་གལ་གནད་ཆེ་བའི་གསང་བ་མང་པོ་ཞིག་མེ་ལོང་དུ་གཟུགས་བརྙན་ཇི་བཞིན་ཧ་ཅང་དངོས་གསལ་བྱས་ཡོད།

② ཏུ་རུ་ཥ་འམ་གར་ལོག་ཅེས་པ་ནི་ལོ་རྒྱུས་རྣམ་ཐར་ཁག་ལས་ངོས་ཟིན་གསལ་ཐག་ཆོད་པ་ཞིག་དཀའ་ནའང་། གཙོ་བོ་བཤད་ཚུལ་མི་འདྲ་བ་གཉིས་སུ་སྣང་སྟེ། གཅིག་ནི་《ཇོ་བོའི་རྣམ་ཐར་རྒྱས་པར་》གར་ལོག་དམག་གིས་ལྷ་བླ་མ་ཡེ་ཤེས་འོད་བཙོན་འཇུག་བྱས་སྐོར་སྐབས་ཀྱི་གར་ལོག་དང་།《དེབ་ཐེར་དམར་པོར་》མཁས་པ་མི་གསུམ་གྱིས་ཐོག་མར་མངའ་རིས་ནས་གར་ལོག་བསྐོར་ཏེ་ཧོར་ཡུལ་དང་དེ་ནས་མདོ་སྨད་དུ་བྱོན་པར་གསུང་པའི་གར་ལོག་རྣམས་ཡིན་ཞིང་། དེ་ནི་ཕལ་ཆེར་མངའ་རིས་ནུབ་བྱང་བརྒྱུད་དུ་གཏོགས་པའི་གྲུ་གུ་སྟེ་གླིང་རྗེ་གེ་རྒྱལ་བོས་ཧོར་དང་འཇང་། མོན་དང་ཞང་ཞུང་སོགས་ཀྱི་དམག་དཔུང་རྣམས་ཕྱོགས་གཅིག་ཏུ་བསྡེབས་ཏེ་དབང་དུ་བསྡུས་པར་བཤད་པ་དེ་ཉིད་དོ།། གཞན་དེ་ནི་དུས་རབས་བཅུ་གཉིས་པའི་དུས་མགོར་པྰར་ཤི་ཡའི་ལོ་རྒྱུས་སྨྲ་བ་མྰན་ཧྰ་རྗི་ཨ་ཡེ་སེ་ར་རྗིས་བྲིས་པའི་《ལོ་རྒྱུས་ཆེན་མོར་》གསལ་བའི་ཏུར་ཀེ་འམ་དེང་གི་ཨ་ཧྤི་གྷ་ནི་སི་ཋིན་བྱ་བ་དེ་ཡིན་འདུག སྔར་དུས་རབས་བདུན་པའི་ནང་དུ་ཀ་ལིབ་ཨུ་མར་བྱ་བས་ཨ་ཧྤི་རི་ཀའི་བྱང་ཕྱོགས་ཨེ་ཇིད་དང་སི་རི་ཡ། ཨ་རབ་སོགས་དབང་དུ་བསྡུས་ནས་སྲིད་དབང་བཟུང་ཞིང་གཞུང་དེར་རྒྱ་གར་ལོ་རྒྱུས་སུ་ཀ་ལིབ་ཏུ་འབོད། ཀ་ལིབ་ཅེས་པ་ནི་ཨ་རབ་ཀྱི་སྐད་ཡིན་ཞིང་ནང་དོན་ནི་རྒྱུན་འཛིན་ནམ་སྐུ་ཚབ་ཀྱི་དོན་དག་ཡིན། བོད་སྐད་ཐོག་སྒྲ་དེ་རིམ་བཞིན་འགྱུར་ནས་གར་ལོག་ཏུ་འབོད། ཀ་ལིབ་ཨི་མར་བྱ་བ་ནི་དབྱི་སི་ལན་ཆོས་ལུགས་ཀྱི་གཙོ་བདག་གཉིས་པ་དེ་ཡིན་ཞིང་ཁོང་གིས་སྲིད་དབང་ལོ་གཉིས་ལ་(634——644)བཟུང་བ་ནས་རྒྱལ་ཁོངས་ཡོངས་ལ་ཀ་ལིབ་ཅེས་པའི་མིང་དེ་བྱུང་བ་འདྲའོ།། ཕྱི་མ་འདི་ཕལ་ཆེར་《ཆག་ལོའི་ལམ་ཡིག་》ཏུ་གསལ་བའི་ཏུ་རུ་ཥ་འམ་གར་ལོག་དེ་ཡིན་ནོ།།

③ 《ཆག་ལོ་ཙྰ་བའི་རྣམ་ཐར་དང་དགེ་འདུན་ཆོས་འཕེལ་གྱི་གནས་ཡིག》བོད་ཀྱི་དཔེ་མཛོད་ཁང་། 2010ལོ། P14

④ 《ཆག་ལོ་ཙྰ་བའི་རྣམ་ཐར་དང་དགེ་འདུན་ཆོས་འཕེལ་གྱི་གནས་ཡིག》བོད་ཀྱི་དཔེ་མཛོད་ཁང་། 2010ལོ། P25 P26

⑤ 《ཆག་ལོ་ཙྰ་བའི་རྣམ་ཐར་དང་དགེ་འདུན་ཆོས་འཕེལ་གྱི་གནས་ཡིག》བོད་ཀྱི་དཔེ་མཛོད་ཁང་། 2010ལོ། P53

⑥《དེབ་ཐེར་སྔོན་པོ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོ། P1231

 

ཡོང་ཁུངས། ལུག་ཚང་དཔལ་ཡོན།

བརྒྱུད་སྐུལ།

མཆན་སྤེལ།