དབུས་གཙང་དག་པའི་ཞིང་།
འཕགས་པ་སྤྱན་རས་གཟིགས་ཉིད་ཀྱི་ཐུགས་བསྐྱེད་དང་། བོད་འབངས་སྤྱིའི་བསོད་ནམས་རྟེན་འབྲེལ་འཛོམས་པ་ན། འཕགས་པ་སྤྱན་རས་གཟིགས་ཉིད་མིའི་རྣམ་པར་སྤྲུལ་བ་ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱོན། དེ་དང་མཉམ་དུ་ནམ་མཁའ་ནས་ཡི་གེ་དྲུག་པའི་སྒྲ་དབྱངས་གྲགས་པ་སོགས་ལྟས་དང་ངོ་མཚར་བསམ་ལས་འདས་པ་བྱུང་ཞིང་། བོད་འབངས་ཐམས་ཅད་ཀྱིས་ཡི་གེ་དྲུག་པ་དབྱངས་སུ་བསྒྲགས། ཇོ་བོ་ཤཱཀྱ་མུ་ནེ་དང་ཇོ་བོ་མི་བསྐྱོད་རྡོ་རྗེ་གཉིས་བོད་དུ་ཕེབས། གཞན་ཡང་རང་བྱུང་ཐུགས་རྗེ་ཆེན་པོའི་སྐུ་སོགས་སྐུ་གསུང་ཐུགས་རྟེན་བྱིན་རླབས་ཅན་མང་དུ་ཕེབས།




