རྒྱལ་དབང་ཡབ་སྲས་ཀྱི་འཁྲུངས་རབས་མདོར་བསྡུས།

རྒྱལ་དབང་ཡབ་སྲས་ཀྱི་འཁྲུངས་རབས་མདོར་བསྡུས།

༄༅། །ཀུན་གཟིགས་༸རྒྱལ་དབང་ཡབ་སྲས་ཀྱི་འཁྲུངས་རབས་མདོར་བསྡུས་གསོལ་འདེབས་སྨོན་ཚིག་དང་བཅས་པ་བཞུགས་སོ།།

 

༄༅། །ཨོཾ་སྭསྟི། བདེ་ལྡན་ཞིང་མགོན་སྣང་བ་མཐའ་ཡས་སྲས། །ས་བཅུའི་དབང་ཕྱུག་ལག་ན་པད་དཀར་འཆང་། །ཐུགས་རྗེའི་སྒྱུ་འཕྲུལ་དཀོན་མཆོག་འབངས་ལ་སོགས། །འཕགས་ཡུལ་རིམ་བྱོན་དམ་པར་གསོལ་བ་འདེབས། །གངས་ཅན་འཛིན་མར་དགེ་བཅུའི་སྣང་བ་དང་། །བསྟན་པའི་སྲོལ་གཏོད་སྲོང་བཙན་ཉིན་མོར་བྱེད། །ཁྲི་སྲོང་ཁྲི་རལ་འབྲོམ་སྟོན་ཆེན་པོ་སོགས། །རྒྱལ་བློན་པཎ་གྲུབ་རྣམས་ལ་གསོལ་བ་འདེབས། །འཇམ་མགོན་བསྟན་སྲོག་དགེ་འདུན་གྲུབ་རྒྱ་མཚོ། །བསོད་ནམས་ཡོན་ཏན་ངག་དབང་བློ་བཟང་དང་། །རིན་ཆེན་ཚངས་དབྱངས་བསྐལ་བཟང་རྒྱ་མཚོའི་མཚན། །ངུར་སྨྲིག་འཆང་བ་རྣམས་ལ་གསོལ་བ་འདེབས། །བློ་བཟང་རྒྱལ་བའི་མདོ་སྔགས་ཆོས་ཚུལ་སོགས། །ཡོངས་རྫོགས་བསྟན་པའི་བདག་པོར་དབང་ཕྱུག་པའི། །གངས་ཅན་མགོན་པོ་འཇམ་དཔལ་རྒྱ་མཚོའི་སྡེ། །མཁན་ཆེན་ཐམས་ཅད་མཁྱེན་པར་གསོལ་བ་འདེབས། །མཆོག་སྤྲུལ་ཉིན་མོར་བྱེད་པའི་སྣང་བ་ཡིས། །འགྲོ་བློའི་མུན་སེལ་རྟག་བརྟན་ཆོས་འཁོར་བསྐོར། །བདག་སོགས་འགྲོ་ཀུན་ཕྱག་ན་པདྨོ་ཡིས། །རྗེས་བཟུངས་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །

༈ གྲུ་འཛིན་བདག་པོའི་རིགས་བདག་སྣང་མཐའ་ཡས། །ཡེ་ཤེས་སྒྱུ་འཕྲུལ་རབ་འབྱོར་འཇམ་དཔལ་གྲགས། །ལེགས་ལྡན་འབྱེད་དང་འཇིགས་མེད་འབྱུང་གནས་སོགས། །འཕགས་ཡུལ་རིམ་བྱོན་དམ་པར་གསོལ་བ་འདེབས། །འགོས་ལོ་ས་པཎ་གཡུང་སྟོན་རྡོ་རྗེ་དཔལ། །དགེ་ལེགས་དཔལ་བཟང་ཕྱོགས་གླང་དབེན་ས་པ། །ཆོས་ཀྱི་རྒྱལ་མཚན་བློ་བཟང་ཡེ་ཤེས་སོགས། །བོད་ལྗོངས་འགྲོ་འདྲེན་རྣམས་ལ་གསོལ་བ་འདེབས། །ཁྱད་པར་བློ་བཟང་གྲགས་བསྟན་སྤེལ་བ་ལ། །མཁས་བཙུན་བཟང་པོའི་དཔལ་ལྡན་རྒྱལ་ཀུན་གྱི། །ཡེ་ཤེས་རང་གཟུགས་པཎ་ཆེན་ཐམས་ཅད་མཁྱེན། །དཔལ་ལྡན་བསྟན་པའི་ཉི་མར་གསོལ་བ་འདེབས། །ཚེ་མཐའ་ཡས་པའི་ངོ་བོར་བརྟན་བཞུགས་ནས། །མདོ་སྔགས་ཟབ་རྒྱས་དམ་ཆོས་འཁོར་ལོ་བསྐོར། །བདག་ཅག་སྐྱེ་ཀུན་འབྲལ་མེད་ཀ་ལཱ་པར། །རིགས་ལྡན་བླ་མས་དགྱེས་བཞིན་རྗེས་འཛིན་ཤོག །

ཅེས་གངས་ལྗོངས་ཕན་བདེའི་རྩ་ལག་ཡོངས་རྫོགས་བསྟན་པའི་བདག་པོ་རྒྱལ་བ་རྒྱ་མཚོ་ཡབ་སྲས་རྣམ་པ་གཉིས་ཀྱི་འཁྲུངས་རབས་རགས་རིམ་དང་འབྲེལ་བའི་གསོལ་འདེབས་ཚིག་ཉུང་དོན་ཚང་གནད་ལྡན་ཞིག་འབྲི་དགོས་ཞེས་བྱང་ཕྱོགས་ཚིང་གིས་ཁལ་ཁའི་ཡུལ་གྲུ་ཆེན་པོའི་བསྟན་འགྲོ་ཡོངས་ཀྱི་གཙུག་ནོར་༸གོང་མ་ཆེན་པོའི་ལུང་གིས་༸བཀའ་ཡིས་བསྔགས་བསྟན་པ་སྤེལ་ཞིང་འགྲོ་ཀུན་བདེ་བྱེད་༸རྗེ་བཙུན་དམ་པ་བློ་བཟང་ཐུབ་བསྟན་དབང་ཕྱུག་འཇིགས་མེད་རྒྱ་མཚོ་དཔལ་བཟང་པོས། རྒྱ་ནག་སྤལ་རྩེའི་ཐོག་བཀའ་ཐམ་སྩལ་བའི་བཞེད་བཀོད་དུ་༸ཤཱཀྱའི་དགེ་སློང་བློ་བཟང་ཆོས་ཀྱི་དབང་ཕྱུག་གིས་གུས་པ་ཆེན་པོས་སྦྱར་བའོ༎ ༎

༈ ཙོང་ཁ་པ་དང་བླ་མའི་འདི་དག་གི །ཐུགས་རྗེ་ཁོ་ནས་སངས་རྒྱས་བསྟན་པ་དར། །དེ་ཕྱིར་ལས་འབྲས་སྤངས་བླང་ལེགས་སྤྱོད་མཐུས། །བདེ་ཞིང་སྐྱིད་པ་ཀུན་ཏུ་འཕེལ་བར་སྨོན། །༸རྒྱལ་དབང་ཡབ་སྲས་སོགས་ཀྱི་འཁྲུངས་རབས་བསྡུས་པའི་པར་བྱང་མེ་མོས་ཟླ་བ་བཅུ་པའི་ཚེས་བཅུ་དགུ་ལ་ཆོས་སྤྱོད་འཕེལ།།  །

 

འབྱུང་ཁུངས། ཀུན་གཟིགས་རྒྱལ་དབང་ཡབ་སྲས་ཀྱི་འཁྲུངས་རབས་མདོར་བསྡུས་གསོལ་འདེབས་སྨོན་ཚིག་དང་བཅས་པ། ཤིང་དཔར་དཔེ་ཐུང་། ཤོག་བུ་བདུན་ཅན་ཞིག་བཞུགས་པ་ལས་ཞལ་བཤུས་བགྱིས་པའོ། །

བརྒྱུད་སྐུལ།

མཆན་སྤེལ།