འཛམ་གླིང་དཔེ་ཀློག་ཉིན་མོ་བསུ།
མཐའ་ཡས་ཤེས་བྱ་རིག་པའི་འབྱུང་ཁུངས་དང་། །
སྔོན་བྱོན་མཁས་པའི་གསུང་གི་བང་མཛོད་ཀྱི། །
སྒོ་བརྒྱ་འབྱེད་པའི་འཕྲུལ་གྱི་ལྡེ་མིག་ནི། །
དཔེ་དེབ་ཡིན་པས་ཀློག་ལ་བརྩོན་འགྲུས་བསྐྱེད། །
སྔོན་བྱོན་སྐྱེས་བུའི་རྣམ་དཔྱོད་བློ་གྲོས་དང་། །
གནའ་དེང་རིག་གནས་བསམ་བློ་ཀུན་སྤྱོད་དང་། །
ཡང་དག་ལྟ་དང་འཚོ་བའི་ཉམས་མྱོང་རྣམས། །
དམ་པའི་གསུང་རབ་ཀློག་ལས་རྙེད་པར་འགྱུར། །
བཟོ་གསོ་སྒྲ་ཚད་ནང་དོན་རིག་པ་དང་། །
སྙན་ངག་མངོན་བརྗོད་སྡེབ་སྦྱོར་ཟློས་གར་དང་། །
སྐར་རྩིས་ལ་སོགས་བཅུ་ཕྲག་རིག་གནས་ཀྱི། །
ཤེས་བྱའི་གནད་ཀུན་དཔེ་དེབ་དག་ལས་རྙེད། །
རྨད་བྱུང་ལེགས་བཤད་རྒྱན་གྱིས་མཛེས་པ་ཡི། །
བཀའ་བསྟན་གསུང་རབ་མང་དུ་ཀློག་པ་ནི། །
ཤེས་བྱས་ཕྱུག་པའི་མཁས་གྲུབ་ལོ་པཎ་དང་། །
སྐྱེས་བུ་དམ་པའི་ཞབས་པད་བསྟེན་དང་མཚུངས། །
བསླུ་མེད་གྲོགས་ཀྱི་མཆོག་གྱུར་དཔེ་དེབ་ཡིན། །
ལམ་སྟོན་བཤེས་གཉེན་མཆོག་གྱུར་དཔེ་དེབ་ཡིན། །
མཁས་པའི་མྱུར་ལམ་མཆོག་གྱུར་དཔེ་དེབ་ཡིན། །
མཆོག་གྱུར་རྣམ་གསུམ་དཔེ་དེབ་ཀློག་ལ་བརྩོན། །
རྨོངས་སེལ་སྒྲོན་མེ་མཆོག་གྱུར་དཔེ་དེབ་ཡིན། །
ལམ་སྟོན་སྒྲོན་མེ་མཆོག་གྱུར་དཔེ་དེབ་ཡིན། །
རིག་པའི་སྒྲོན་མེ་མཆོག་གྱུར་དཔེ་དེབ་ཡིན། །
སྒྲོན་མེའི་མཆོག་གྱུར་དཔེ་ཀློག་ལས་ལ་བརྩོན། །
མིག་ཡིད་དགའ་སྟོན་དཔེ་དེབ་ཀློག་ལས་རྙེད། །
ཤེས་རིག་སྙིང་བཅུད་དཔེ་དེབ་ཀློག་ལས་རྙེད། །
བློ་གྲོས་རིག་རྩལ་དཔེ་དེབ་ཀློག་ལས་རྙེད། །
རྙེད་གསུམ་འདོད་ན་དཔེ་དེབ་ཀློག་ལ་འབུངས། །
རྣམ་དཔྱོད་བློ་གྲོས་སྦྱིན་མཁན་དཔེ་དེབ་ཡིན། །
ཤེས་རབ་འོད་སྣང་སྦྱིན་མཁན་དཔེ་དེབ་ཡིན། །
བསམ་པའི་རྒྱགས་ཕྱེ་སྦྱིན་མཁན་དཔེ་དེབ་ཡིན། །
རིན་བྲལ་སྦྱིན་མཛད་དཔེ་ཀློག་ལས་ལ་བརྩོན། །
དཔེ་དེབ་བཀླགས་པས་མཐོང་ཐོས་གཞི་རྒྱ་བསྐྱེད། །
དཔེ་དེབ་བཀླགས་པས་ཤེས་ཚད་གོང་མཐོར་འཕེལ། །
དཔེ་དེབ་བཀླགས་པས་ཕུགས་བསམ་མིག་རྒྱང་རིང། །
དཔེ་དེབ་བཀླགས་པས་རྨོངས་པའི་གཉིད་ལས་བསད། །
དམ་པའི་གསུང་རབ་ཁྲི་ཕྲག་བཀླགས་གྱུར་ན། །
འཆད་དང་རྩོད་ལ་ལྕེ་བརྒྱར་སྤྲུལ་བ་དང་། །
རྩོམ་ལ་སྨྱུག་རྩེ་ལྷ་ཡིས་བསྒུལ་བ་ལྟར། །
ཟླ་མེད་མཁས་པའི་གོ་འཕང་འཐོབ་པར་འགྱུར། །
རྩོམ་པ་པོ། ཐུབ་བསྟན་ཡར་འཕེལ།