༄༅། །དག་ཡིག་རྣམས་ཀྱི་ཟུར་འདེབས་ལེགས་བཤད་མཁས་པ་དགྱེས་བྱེད་བདུད་རྩིའི་མཆོད་སྤྲིན་རྣམ་དག་ཅེས་བྱ་བ་བཞུགས་སོ།།
དགེ་འདུན་ཤེས་རབ།
༄༅། །ཨོཾ་སྭ་སྟི། འཇམ་པའི་དབྱངས་ལ་གུས་བཏུད་ནས། །ཚིག་དོན་ཟབ་མོ་རྟོགས་ཕྱིར་དུ། །ཉེ་བར་མཁོ་བའི་ཡི་གེ་འགའ། །མཁས་པའི་གསུང་བཞིན་བཏུས་ནས་བཤད། །གསུ༷ང་རབ་ནས་གསུ༷ངས་དེ་དག་དང༌(དག་ཡིག་ངག་སྒྲོན་དང་ཟ་མ་ཏོག་ནས)། །རི༷ག་གནས་(མིག་གིས་གཟུགས་རིག་པ་སོགས་ཀྱིས་མཚོན)གཞུང་གི་བརྗོད་བྱའི་རི༷གས། །མ༷ང་དུ་བརྗོད་ན་མ༷ངས་དོགས་ཀྱང༌། །དཔྱད་པའི་སྒོ་ཙམ་བསྟན་ཏེ་དཔེར། །ལོ་འད༷བ་རྒྱས་པའི་ནགས་འད༷བས་སུ། །སྦྱ༷ང་བྱའི་སྡིག་སྒྲིབ་ཀུན་སྦྱ༷ངས་ཚེ། །འཁོར་དང་མང༷ག་གཞུག་(བྲན་གཡོག)གཞན་དུ་མང༷གས། །ཁ༷མ་ཟས་ཆུང་ངུས་ཁ༷མས་སྙོམས་ཕྱིར། །ཚོ༷མ་བུ་ཙམ་རེར་ཚོ༷མས་སུ་བཞེས། །འགྲོ་འོ༷ང་ལས་དང་མ་འོ༷ངས་པའི། །ཤ་གཟུ༷ག་ཟས་དང་གཟུ༷གས་མཛེས་དང༌། །བྲན་གཡོ༷ག་གོས་ཀྱི་སྟོད་གཡོ༷གས་སོགས། །སྤང༷་བྱ་འདི་ཀུན་བློས་སྤང༷ས་པའི། །རྣམ༷་དག་ཆོས་པ་དེ་རྣམ༷ས་ཡིན། ། ལུ༷མ་པའི་ཚལ་ན་གཟུ་ལུ༷མས་(རང་བཟོ་འམ་བབ་ཅོལ་དུ་སྨྲ་བ)མཁན། །རྒྱ༷ང་འཕེན་སྟོན་པ་གད་རྒྱ༷ངས་ཅན།། ཤི༷ག་གིས་ཟོས་ཀྱང་མི་ཤི༷གས་པ། །ཁུ་བའི་འཁྲི༷ག་པ་སྤྲིན་ལྟར་འཁྲི༷གས། །སེམས་མ་ཁུ༷ག་ཚེ་ཁུ༷གས་སུ་ཉལ། །ད་དུ༷ང་སྲེད་པའི་ཡུལ་ལ་དུ༷ངས། །མཆོ༷ང་སོགས་ནོར་ཕྱིར་འགྲོ་ཞིང་མཆོ༷ངས། །གོ༷མ་སྟབས་བདེ་ཡང་བློ་ངན་གོ༷མས། །ཆ༷ང་དང་ཟན་ཆ༷ངས་མ་འཕྲོད་པར། །སྦྱོང་སྨན་དྲ༷ག་པོ་བསྟེན་དྲ༷གས་པས།། སྐྱེ་འག༷ག་བཅས་པའི་སྙན་གྲགས་འག༷གས། །ཆེ༷མ་ཆེམ་སྒྲ་ཡིས་ཁ་ཆེ༷མས་བཞག །གྲོ༷ང་མི་འདུས་ཚེ་གྲོ༷ངས་ཟེར་རོ། །ཡ༷ང་མིན་བརྟན་མཁས་སྤྱན་ཡ༷ངས་ཁྱོད། །འཚ༷ང་རྒྱའི་ཆེད་དུ་དབེན་པར་འཚ༷ངས། ། ན༷མ་ཞིག་བསོད་ན༷མས་སྐྱེ་ཕྱིར་དུ། །བླ༷ང་བྱའི་དགེ་ཚོགས་ཉམས་བླ༷ངས་ནས། །དུས་ལ་བ༷བ་ཚེ་རི་ལས་བ༷བས། །རྩིག་པའི་འགྲམ༷་དུ་འགྲམ༷ས་ཚད་བརྟགས། །རི༷མ་བཞིན་རི༷མས་ནད་གཞོམ་འདོད་དེ། །དཔ༷ག་མེད་ནད་རྐྱེན་བློས་དཔ༷གས་ནས། །སྨྱོ་འབོ༷ག་སོགས་ཀྱི་སྨན་རྣམས་འབོ༷གས། །ལྷག༷་པར་ནད་སེལ་ཕྱིར་དུ་ལྷ༷གས། །འདི་ན་ཕྱུ༷ག་པོའི་ནོར་ཕྱུ༷གས་(ཕྱུགས་རྫི་དང་ཕྱུགས་ནད་ལྟ་བུ)སོགས། །འབྲུག་ལྟར་གྲ༷ག་ཅིང་སྙན་གྲ༷གས་ཆེ། །གཞུ༷ང་དོན་མི་ཤེས་ཡིད་གཞུ༷ངས་(རབ་ཏུ་གྲུབ་པ)པའི། །གྲོ༷ག་མ་ལྟ་བུའི་གྲོ༷གས་མང་ཡང༌། །ཐུན་མོ༷ང་ལས་དང་ཉོན་མོ༷ངས་ཀྱི། །དབང་གིས་ཉམ༷་ཐག་བསོད་ནམས་ཉམ༷ས། །མིག་ལ་ལྡོ༷ང་རོས་(སྨན་གྱི)བྱུགས་ནས་ལྡོ༷ངས(མིག་ལོང་བའི་དོན)། །རྐང་པ་ཆ༷ག་སྟེ་ཟས་ལ་ཆ༷གས། །ཕྲུ༷ག་གུ་རྣམས་ཀྱིས་ལྟོགས་ནས་ཕྲུ༷གས། །གང་ཟ༷ག་དེ་ཡི་མཆི་མ་ཟ༷གས། །ཐ༷བ་ཏུ་སླ་ང་འཛུགས་ཐབ༷ས་དཀའ། །རྐྱེན་ལ་ཐུ༷ག་འདི་ཐུ༷གས་ཀྱི་ཡུལ། །བགྲང༷་(བགྲང་འཕྲེང་ལྟ་བུ)བྱའི་ནད་ཀྱི་གྲངས་བགྲང༷ས་ནས། །སྨན་ལ་རྟོ༷ག་དཔྱོད་ཀྱིས་རྟོ༷གས་ཏེ། ། གཟི༷ག་ཤ་ཆུང་ངུའང་ཐུགས་རྗེས་གཟི༷གས། །ཁ་ས༷ང་བདག་ནི་གཉིད་ས༷ངས་ཏེ། །གཙུ༷བ་ཤིང་གཙུ༷བས་ནས་མེ་སྦར་དུས། །གདུ༷ག་སེམས་ཅན་གྱིས་གདུ༷གས་རྒྱལ་མཚན(ཉིན་མོའི་གདུགས་ལའང་འཇུག)། །བྲག་གི་རྫོ༷ང་གི་ནོར་རྫོ༷ངས་དང༌། །ཁྲག་ཞ༷ག་ཞ༷གས་པ་(འཆིང་བྱེད་ཀྱི་ཞགས་པ)བཅས་པ་བརྐུས། །དེ༷ང་དུས་ཁྱེད་ཅག་གནས་དེར་དེ༷ངས། །ཕྱིན་ཅི་ལོ༷ག་དེ་ལོག༷ས་ཤིག་ཏུ། །མཚོན་གྱིས་དབུ༷ག་སྟེ་སྲོག་དབུ༷གས་ཆོད། །བྱ་གླག༷་སོགས་ཀྱིས་གླག༷ས་ཚོལ་འགྱུར། །སྡི༷ག་ཅན་ཡོངས་ལ་སྡི༷གས་མཛུབ་སྟོན། །མདོག་ན༷ག་གཅོང་རོང་ན༷གས་ཁྲོད་དུ། །སྤྲང་པོས་སྦང༷་མ་ཆུ་རུ་སྦང༷ས། །མགོ་བོ་གྱེན་བསླ༷ང་ཟས་བསླ༷ངས་ནས། །དམའ་བའི་གཤོ༷ང་དང་སྤང་གཤོངས་(སྤང་ལྗོངས)མྱུལ། །བརྩེ་གདུ༷ང་ཉམས་ཏེ་ཤ་ཡིས་གདུ༷ངས། །དཔྱང༷་ཐག་སྣེ་ལ་རྙི་རྣམས་དཔྱང༷ས། །རྩ༷ང་ཐུར་རྩེར་འཁྱུད་རྩ༷ངས་པ་(སྲོག་ཆགས)སོགས། །བུ་ག་དོ༷ག་པོར་འཛིན་གྱིས་དོ༷གས། །ད༷ང་བ་ཅན་ལ་དྭ༷ངས་ཤེལ་དང༌(དྭངས་པའི་མཚོ་ལྟ་བུ)། །ལྷ་ཤིང་ཤུ༷ག་པ་ཤུ༷གས་བསྐྱེད་དེ། །སྣོད་ག༷ང་བཏུས་ནས་ག༷ངས་རིའི་རྩེར། །དྲང༷་པོའི་མི་ཡིས་གྱེན་དྲང༷ས་ནས། །ཆ༷བ་དང་ཟས་ཕུད་ཆ༷བས་ཅིག་(ལྷན་ཅིག)ཏུ། །ཐོ༷ག་མར་ལག་ཏུ་ཐོ༷གས་(མཆོད་རྫས་ཐོགས་པ་ལྟ་བུ)ཏེ་ཕུལ། །བས༷མ་བྱ་བས༷མས་ནས་བསང་བཏང་ཚེ།། གསུ༷ང་སྙན་ཅན་དེས་གསུ༷ངས་ན་མཛེས། ཧ་ཧ་ཧེ་ཧེ་གྲོགས་དག་ལ། །སྤྲོ་བ་བསྐྱེད་པའི་རྩེད་མོ་ཞུ། ། འདི་ལྟར་ཚིག་སྦྱོར་བྱས་ན་བློ་གསར་པ་འགའ་ཞིག་གིས་མི་གོ་སྙམ་དུ་གྲོང་ཚིག་དང༌། རང་གཞན་གྱི་བཤད་སྲོལ་དུ་མའི་རྗེས་སུ་ཞུགས་ཏེ། གསུང་རབ་རྣམས་སུ་གྲགས་ཆེ་བའི་ཡི་གེ་འཁྲུལ་གཞི་འབྱུང་སྲིད་པ་རྣམས་དང༌། སྔར་བཤད་ཟིན་པ་འགའ་ཞིག་ཡང་བསྐྱར་གྱི་ཚུལ་དུ་བཤད་པར་བྱའོ། །
སྨྲས་པ། ཤེ༷ས་བྱའི་མིང་གི་དབྱེ་བ་ཀུན། །ཤེ༷ས་ན་ཚིག་དོན་ཐམས་ཅད་ནི། །ཤེ༷ས་པར་འགྱུར་ཞེས་གསུངས་ཕྱིར་ན། །ཤེ༷ས་རབ་ཆུང་ཡང་འདི་སྐད་སྨྲ། །རྟགས་ཀྱི་འཇུག་པའི་དགོངས་དོན་བཞིན། ། དུས་གསུམ་དབང་གིས་ཐོབ་ཚུལ་སོགས། །ང་ཡིས་གཞན་དུ་བཤད་པ་ལྟར། །རིག་པས་ཡང་ཡང་དཔྱད་ན་ཤེས། །དཔེར་བརྗོད་སྤྲོས་ཀྱང་རྟོགས་མི་ནུས། །འདིར་ནི་མིང་གི་ཆ་ཤས་ལ། །དོགས་པ་སེལ་ཚུལ་མདོར་བསྡུས་བཤད། །
མཆོག་གི་ར༷བ་དང་སྐྱེས་པའི་ར༷བས། །ཕན་ཚུན་ཐུ༷ག་དང་རྒྱལ་བའི་ཐུ༷གས། །ཡོད་པའི་ཚ༷ང་དང་ལྷ་ཚ༷ངས་པ། །སྨྲ་བའི་གཏ༷མ་དང་བྱུར་བུར་གཏ༷མས། །ཞིག་པའི་འཇི༷ག་དང་སྐྲག་པའི་འཇི༷གས། །གནམ་ལྕགས་ཐོ༷ག་དང་ཐོ༷གས་པ་མེད། །གདེ༷ང་ཐོབ་པ་དང་མཚོན་ཆ་གདེ༷ངས(གདེངས་ཀ་ཅན་ལ་འང་འཇུག)། །ཚེ༷མ་དྲུབ་དང་ནི་ཞལ་གྱི་ཚེ༷མས། །ཐུར་དུ་ཕ༷བ་དང་ཆང་གི་ཕ༷བས། །ཁང་པའི་སྐས་གད༷ང་ཞལ་ནི་གད༷ངས། །གོས་ཀྱི་འགེལ་གད༷ང་སྐད་ཀྱི་གད༷ངས་(སྙན་པའི་གདངས་ཅན)། །མི་འགྱུར་རྟག༷་པ་རྟག༷ས་མཚན་མ། །འཆིང་བྱེད་སྒྲོ༷ག་དང་སྒྲ་ཆེན་སྒྲོ༷གས། །རྣམ་པའི་རྣམ༷་དང་མང་ཚིག་རྣམ༷ས། །ཐུང་མིན་རི༷ང་དང་མྱུར་བའི་རི༷ངས(རིངས་པར་བྱོན་ལྟ་བུ)། །འོས་པའི་རུ༷ང་དང་མ་རུ༷ངས་བདུད། །ལྗིད་མེད་ཡ༷ང་དང་རྒྱ་ཁྱོན་ཡ༷ངས། །ལྷ་ཡི་ཕྱག༷་དང་རྩྭའི་ཕྱག༷ས་མ། །འཕོ༷ང་རྐྱེན་བསླབས་དང་ལུས་ཀྱི་འཕོ༷ངས། །ཁ་དོག་ན༷ག་དང་ནག༷ས་ཀྱི་ཚལ། །སྐུལ་བྱེད་ལྕག༷་དང་སྲ་མཁྲེགས་ལྕག༷ས། །ཉག་པོར་གཉག༷་དང་རིགས་ཀྱི་གཉག༷ས(གཉགས་ཀྱི་རིགས་འཁྲུངས་ལྟ་བུ)། །ཞར་བའི་ལོ༷ང་དང་ལྷའི་ལོ༷ངས་སྤྱོད། །དྲག༷་པོ་ཧ་ཅང་ཐལ་ཆེས་དྲག༷ས། །བ་ལ༷ང་རྒོད་པོ་ལ༷ངས་ཏེ་བྲོས། །ཁུ་བྱུག་གྲག༷་དུས་གྲག༷ས་པ་ཐོབ། །གཏམ་གྱི་དཔ༷ང་པོ་མཐོན་པོའི་དཔ༷ངས། །སྒྱེད་པུའི་ཐ༷བ་ཀ་ཐ༷བས་ཅིག་ཏུ། །མཇུག་གི་གཏང་ར༷ག་ཆེ་བའི་ར༷གས(ཕྲ་རགས་ལྟ་བུ)། །རྟེན་གྱི་དྲུ༷ང་དུ་དྲུ༷ངས་ནས་ཕྱུང༌། །ལྷག༷་མ་ཟོས་དུས་ལྷག༷ས་པ་ཆེ། །ལུས་ཀྱི་རྩི༷བ་ལོགས་འཁོར་ལོའི་རྩི༷བས། ། འཛིན་པའི་གཟུ༷ང་བྱ་སྔགས་ཀྱི་གཟུངས(མི་བརྗེད་པའི་གཟུངས་སོགས)། །དེ་ལས་སླར་ལོ༷ག་ཟུར་གྱི་ལོ༷གས། ། ཁ་དོག་ཁ༷མ་སེར་འཇིག་རྟེན་ཁ༷མས། །རྐང་པའི་གོ༷མ་སྟབས་གོ༷མས་སུ་བཅུག །ལྕགས་ཀྱི་ཐུ་ལུ༷མ་སྨན་ལུ༷མས་དང༌། །སྣོད་ཀྱི་གཞོ༷ང་པ་སྤང་གི་གཞོ༷ངས(ལྗོངས)། །སྒ་ཡི་ཡུ༷ང་བ་(སྒ་སེར)ཡུ༷ངས་ཀར་དང༌། །དགྱེས་བཞིན་གན༷ང་དང་གན༷ངས་ཀྱི་དུས། །ཤུ༷བ་བུར་སྨྲ་དང་གྲི་ཡི་ཤུ༷བས། །གཉིས་ཀྱི་ཟུ༷ང་དང་ལུས་ཟུ༷ངས་བཟང༌། །རྟོགས་དཀའི་ཟ༷བ་དང་གཏིང་རིང་ཟ༷བས། །འཁྱགས་པའི་གྲང༷་དང་བརྩི་བྱའི་གྲང༷ས། །བྲག་གི་ཕུ༷ག་དང་གཏན་གྱི་ཕུ༷གས། །སྟོ༷ང་དང་ཁྲི་ཕྲག་ཟད་ནས་སྟོ༷ངས། །འཕྲིན་གྱི་སྤྲི༷ང་ཡིག་བསྐུར་བའི་སྤྲི༷ངས(བསྲིངས་ཀྱང་འཐད)། །རྐང་ལག་འཁུ༷མ་དང་གོ་བའི་འཁུ༷མས། །ལག་པའི་འདོ༷མ་པ་གསང་གནས་འདོ༷མས(བཤད་པའི་འདོམས)། །ཡི་གེའི་ཚེ༷ག་དང་ལས་ཚེ༷གས་ཆེ(ཕྲན་ཚེགས)། །དྲི་མའི་ཟ༷ག་བཅས་སྟོར་བའི་ཟ༷གས། །དཔངས་ཀྱི་འཕ༷ང་(ཁྲི་འཕང་སོགས)དང་རྒྱང་དུ་འཕ༷ངས། །མཐོང་བའི་རི༷ག་དང་གཏོགས་ཚད་རི༷གས(རིགས་རུས་ཀྱི་རིགས་དང་རིགས་པ་ཡང་དག་སོགས)། །མིག་གིས་མཐོ༷ང་དང་ནམ་མཁའི་མཐོ༷ངས(རྒྱ་མཐོངས)། ། རལ་གྲིས་གཤེ༷ག་དང་བྱོན་པའི་གཤེ༷གས། །ཏིལ་གྱི་ག༷ང་བུ་ཁ་བའི་ག༷ངས། །འདམ་པའི་གད༷མ་ང་ཞལ་ནས་གད༷མས། །བློ་ངོར་འཚ༷མ་དང་མཐོ་འཚ༷མས་པ། །རི་ཡི་ལྕོ༷ག་དང་བློ་ཡིས་ལྕོ༷གས། །ཟ༷ང་ཟིང་དངོས་པོ་ཟ༷ངས་དམར་ལྕགས། །ཞབས་ཀྱི་ལོ༷ང་བུ་(ཆེ་ལོང་དང་ལོང་ཡིད་མེད)འཛོམ་པའི་ལོ༷ངས། །རྩྭ་ཡི་འཇ༷ག་མ་སྦྱོར་འཇ༷གས་(བརྟན་འཇགས)བྱས། །ཞལ་དུ་སྟོ༷བ་དང་ལུས་ཀྱི་སྟོ༷བས། །བརྟག༷་དཔྱད་སྒོ་ནས་ལེགས་བརྟག༷ས་ཏེ། །ནད་བསླ༷ང་དུས་སུ་སྨན་རྣམས་བསླ༷ངས། །ཆང་གི་སྦང༷་མ་རྟ་སྦང༷ས་དང༌། །བཙན་དུ༷ག་གདུས་པའི་དུ༷གས་ཀྱིས་བདུགས། །འཕ༷ག་ནས་ལངས་ཚེ་ཁྱད་པར་འཕ༷གས། །ད༷ང་ག་བདེ་དུས་དྭ༷ངས་སྙིགས་བྱས། །འཐབ་རྩོད་འཁྲུ༷ག་པས་སེམས་འཁྲུ༷གས་ནས། །སྐྱིན་པ་འཚ༷བ་ཚེ་ཁྱོད་བློ་འཚ༷བས། །ཁ་ཤ༷གས་འགྱེད་དང་ཏིང་ཏིང་ཤ༷ག །མང་ཚིག་དག༷་(སྐྱོན་དང་དྲི་མ་དག་པ)དང་ཚིག་བླ་དྭ༷གས། །གཉན་གྱི་ལྷོ༷ག་པ་གདོང་ལྷོ༷གས་དང༌། །ཆུ་རུ་བྱི༷ང་དང་སྔགས་ཀྱི་བྱི༷ངས(དུད་འགྲོ་བྱིངས་ན་གནས)། །ཆ༷ག་གྲུམ་སྣོད་དུ་ཟས་ངན་ཆ༷གས། །དཔལ་གྱི་དབང་ཕྱུ༷ག་དུད་འགྲོའི་ཕྱུ༷གས། །བཀུར་སྟིའི་རི༷མ་གྲོ་(ཉིས་རིམ་སོགས་ཀྱིས་མཚོན)ནད་ཀྱི་རི༷མས། །བོ༷ང་བུའི་ལུས་ཀྱི་བོ༷ངས་ཚོད་ཆུང༌། །འཚོ༷ག་ཆས་དོན་དུ་ཕྱོགས་གཅིག་འཚོ༷གས། །འཁོར་གཡོ༷ག་མང་པོས་ས་སྟེང་གཡོ༷གས། །སྟག་གཟི༷ག་ཁྱུ་ལ་གཟི༷གས་པ་ཡི། །རྫོ༷ང་དཔོན་དེ་ལ་རྫོ༷ངས་ཀྱིས་བརྫངས། །ཁོར་ཡུ༷ག་གནས་སུ་ཡུ༷གས་མོ་(འགོམ་ཡུགས)བསྐྲད། །ཕྱོགས་ཀུན་བས༷ང་གཏོར་གྱིས་བས༷ངས་(སྔོ་བསངས་དང་སྐྱོ་བསངས)སོ། །ཚིག་རྐང་རེ་རེས་དོན་གསུམ་བསྟན། །སྔ་མ་གཉིས་ལ་ཡང་འཇུག་མེད། །ཕྱི་མར་ཡང་འཇུག་ཡོད་པ་ནི། །བདེ་བླག༷་བཙོ་བླག༷་(ཚོས་མཁན)རྣ་བ་བླག༷ས། །འདབ་ཆགས་ཤ༷ང་ཤ༷ང་(བྱ)ཞལ་གྱི་ཤ༷ངས། །སྒྱིད་ལུ༷ག་ར་ལུ༷ག་ཁྲིམས་ཀྱི་ལུ༷གས། །ཁོ༷ང་གི་ཁོ༷ང་ཁྲོ་ཁོ༷ངས་སུ་གཏོགས། །ངམ་གྲོ༷ག་ཆུ་གྲོ༷ག་མཛའ་བའི་གྲོ༷གས། །འད༷བ་གཤོག་འད༷བ་མ་རི་ཡི་འད༷བས། །བ༷ག་མ་བ༷ག་ཆགས་རིམ་གྱི་བ༷གས(བགས་ཀྱིས་ཕྲ་ཞིང་ཞེས་པ་ལྟ་བུ)། །དེང་ས༷ང་ས༷ང་ཉིན་གཟའ་པ་ས༷ངས། །བསྟི་སྟང༷་སྟང༷་སྟབས་བཞུགས་སྟང༷ས་ཅན།། འགས་འཆ༷ག་འགྲོ་འཆ༷ག་སྡིག་སྒྲིབ་འཆ༷གས། །མེ་སྟག༷་ཤ་སྟག༷་ཡས་སྟག༷ས་དང༌། །གསུང་བཅ༷ག་རྡོ་བཅ༷ག་ཞབས་ཀྱིས་བཅ༷གས། །ཁ་དོ༷ག་ཕྲག་དོ༷ག་བློའི་དོ༷གས་པ། །ངན་རྟོ༷ག་ལོག་རྟོ༷ག་སེལ་ཚུལ་རྟོ༷གས། །
སྨྲས་པ། འདི་ནི་དཀའ་བའི་གནས་མིན་ཡང༌། །ཚེགས་མེད་ཤེས་པ་ཤིན་ཏུ་དཀའ། །ཀུན་གྱིས་རྟོགས་ཕྱིར་ཕྱོགས་གཅིག་ཏུ། །བསྒྲིགས་ལ་མཁས་པས་ཐུགས་མ་ཁྲེལ། །ཡང་འཇུག་ཡོད་མེད་བསྟན་པའི་སྡེ་ཚན་ཏེ་དང་པོའོ།། །།
ཚིག་རྐང་རེ་རེའི་ནང་ཉིད་དུ། །འདྲ་བ་གཉིས་གཉིས་བསྟན་པ་ནི། །མང་པོའི་རབ་འབྱམ༷ས་འབྱམ༷ས་ཀླས་པ། །རྩེ་གཅིག་བློ་བསྒྲི༷མས་སྲད་བུ་བསྒྲི༷མས། །མགོ་ཡི་ཐོར་ཚུ༷གས་ཤ་ཡི་ཚུ༷གས། །དུས་ཀྱི་མད༷ངས་སང་ཚོན་གྱི་མད༷ངས། །ཟད་པའི་གཏུ༷གས་དང་ཞབས་ལ་གཏུ༷གས། །ནད་ཀྱི་སྐྱ་རྦ༷བ་རྦ༷བ་རྡོ་འདྲིལ། །ནགས་ཀྱི་ཀླུ༷ང་དང་ཆུ་ཡི་ཀླུ༷ང༌། །བཟོད་དཀའི་འོ་བརྒྱ༷ལ་དྲན་མེད་བརྒྱ༷ལ། །མིག་གི་ལྟ་སྟང༷ས་བློའི་འཛིན་སྟང༷ས། །ཚ༷གས་སུ་ཆུད་དང་ཆུ་ཡི་ཚ༷གས། །ནམ་མཁའི་གློང་(ཀློང་)དང་ཆུའི་རྦ་གློང་(ཀློང༌)།། བསྒོ་བ་རྣར་གཟོ༷ན་ཆུད་གཟོ༷ན་དང༌། །འབུབས་པའི་སྦྲ༷་དང་གཙང་སྦྲ༷་དང༌། །ཧམ་པའི་རྔ༷མས་(སྲོག་ལ་རྔམས་ལྟ་བུ)དང་འཐུག་པོའི་རྔ༷མས། །དུཿཁའི་གདུ༷ང་བ་རུས་ཀྱི་གདུ༷ང༌། །སོལ་བའི་མག༷ལ་མེ་ཡ་མག༷ལ་དང༌། །གཅན་གཟན་སྟག༷་དང་ཤིང་སྟག༷་པ། །ང་རྒྱལ་རྒྱ༷གས་པ་ཟས་ཀྱི་རྒྱ༷གས། །ཁལ་བཀ༷ལ་སྐུད་པའི་སྲད་བུ་བཀ༷ལ། །འཁྲུག་ལོང་སྐྱོ་ངོག༷ས་འཇུག་ངོག༷ས་བདེ། །འཐག་རྒྱུའི་ཐག༷ས་དང་ཚེམས་ཐག༷ས་བཟང༌།། འཐབ་ཀྲོ༷ལ་ཅན་དང་ཕུང་ཀྲོ༷ལ་དང༌། །རྟ་ཡི་སྲབ༷་དང་འཐུག་མིན་སྲབ༷། །རྨ་བྱའི་མདོ༷ངས་དང་དཔྲལ་བའི་མདོ༷ངས། །ནད་ཀྱི་མེ་དབ༷ལ་ཕུར་བའི་དབ༷ལ(རྩེ་མོ)། །རྒ་བས་ལུས་ཉམ༷ས་གར་གྱི་ཉམ༷ས། ། སྐྲངས་པའི་རྣག་བརྟོ༷ལ་སྤྱི་བརྟོ༷ལ་(ཐ་ཤལ)ཅན། །སྐ་རགས་ལྕག༷་བོད་རེའུ་ལྕག༷་དང༌། །སེ་གོལ་གཏོ༷གས་དང་ཕྱོགས་སུ་གཏོ༷གས། །མུ་སྟེགས་གཟེ༷གས་གཟན་ཆུའི་གཟེ༷གས་མ། །རི་མོའི་ཚ༷ངས་ཐིག་ཚ༷ངས་སྤྱོད་དོ། །
འདྲ་བ་གསུམ་གསུམ་བསྟན་པ་ནི། །མེ་ཏོ༷ག་ལོ་ཏོ༷ག་ནོར་བུའི་ཏོ༷ག །ཅི༷ག་ཤོས་ཁ་ཅི༷ག་ཐང་ཅི༷ག་དང༌། །གླེ༷གས་བམ་གླེ༷གས་བུ་སྒོ་གླེ༷གས་དང༌། །གཟུགས་བརྙན༷་སྒྲ་བརྙན༷་བརྙན༷་པོའི་གོས། །ཉམ༷་ང་ཉམ༷་ཆུང་ཉམ༷་ཐག་དང༌། །གཏན་ཚི༷གས་དུས་ཚི༷གས་ལྷུ་ཡི་ཚི༷གས། །ལྐོ༷ག་གྱུར་ལྐོ༷ག་མ་ལྐོ༷ག་ཤལ་དང༌། །ཏོ༷ག་སྒྲ་ཞབས་ཏོ༷ག་ཟ་མ་ཏོ༷ག །ལ༷ག་པ་རྩ་ལ༷ག་ཁོ་ལ༷ག་ཡངས། །ཇི༷་ལྟར་ཇི༷་སྲིད་ཇི༷་སྙེད་དང༌། །རྣམ༷་མང་རྣམ༷་གྲངས་རྣམ༷་གཞག་དང༌། །ལྡེ༷་གུ་ལྡེ༷་མིག་མིང་གི་ལྡེ༷། །ཕྱིང་གཟ༷ར་(ཕྱིང་བའི་སྟན་གྱི་མིང)རི་གཟ༷ར་གཟ༷ར་བུ་དང༌། །ན་བཟ༷འ་བཟ༷འ་མི་བཟ༷འ་བའི་ཟས། །ཆ༷བ་འོག་ཆ༷བ་ཤོག་ཆ༷བ་སྒོ་དང༌། །(ལྕགས་ཀྱི)སླ་ང༷་(པུས་མོའི)ལྷ་ང༷་བྱའི་སྒོ་ང༷༌། །གཡ༷ང་ས་གཡ༷ང་གཞི་དཔལ་གྱི་གཡ༷ང༌། །ཡི༷་ཆད་ཡི༷་རང་ཡི༷་དམ་ལྷ། །ཟླ༷་གམ་ཟླ༷་བ་འགྲན་ཟླ༷་བྲལ། །རྒན་ར༷བས་སྔ་ར༷བས་ཚེ་ར༷བས་སོ། །
སྨྲས་པ། ཤེས་པར་སླ་བ་ཐམས་ཅད་ཀྱི། །འགོ་ཕྱུང་ཙམ་ཞིག་འདི་རུ་སྨྲོས། །རེའུ་མིག་རྒྱས་བསྡུས་གཉིས་སུ་ནི། །དཀའ་གནད་ཕལ་ཆེར་བཀོད་ཟིན་ཏོ། །འདྲ་བའི་ཡི་གེ་བསྟན་པའི་སྡེ་ཚན་གཉིས་པའོ།། །།
འདྲ་བ་མིན་ཡང་བརྗོད་ཚུལ་གྱིས། །ཡི་གེ་ནོར་འཁྲུལ་འབྱུང་བ་ནི། །དྲང་པོར་བསྲང༷་དང་ཡུན་རིང་བསྲིང༷༌། །རང་གིས་བསྟེ༷ན་དང་རང་ལ་བརྟེ༷ན། །ནམ་མཁའི་དབྱི༷ངས་དང་སྙན་པའི་དབྱང༷ས། །རྣོ་བའི་གྲི༷་དང་ཞིམ་པའི་དྲི༷། །བརྗོད་པའི་གཏམ་གླེ༷ང་རི་རབ་གླི༷ང་(འབུད་པའི་གླིང་བུ)། །ལུས་ཀྱི་མགོ༷་དང་ཐོག་མའི་འགོ༷ །གོ་འཕང་བརྙེ༷ས་དང་གཞན་ལ་བརྙས༷། །ས་བདག་ཀླུ༷་དང་སྙན་པའི་གླུ༷། ། མིང་པོའི་སྲི༷ང་མོ་འཇལ་བྱེད་སྲང༷་(ལམ་སྲང)། །རྒྱལ་པོས་བཀྲབ༷ས་དང་ལྕག་གིས་བྲ༷བ། །ལུས་ཀྱི་པ༷ང་(མའི་པང་ན་བུ་ཆུང་གནས)དང་མགྱོགས་པའི་བ༷ང༌། །ཆུང་ངུའི་ཕྲ༷ན་དང་འབངས་ཀྱི་བྲ༷ན། །བྱ་བ་བྱས༷་ཚེ་བྱེ༷ས་སུ་བསྡད། །ཟས་ཀྱིས་འགྲ༷ངས་ནས་འགྲེ༷ང་མ་ནུས། །ལྡ༷ང་འདུག་མི་ཤེས་མཁའ་ལ་ལྡི༷ང༌། །རྡ༷ང་ལ་བཏགས་ཀྱང་གཞན་ལ་སྡ༷ང༌། །སྒྲ་ཡིས་བརྡ༷་བྱེད་ལས་བད༷འ་མཁན། །རིན་གྱིས་བླུ༷ས་(ཉོས་པའི་དོན)ནས་བདག་གིས་བསླུ༷ས། །འབུད་པའི་ཆོས་དུང༷་བཙོན་གྱི་དོང༷༌། །འཐས་པའི་ས་བརྐོ༷ས་དཔོན་པོར་བསྐོ༷ས།། རྐུན་མས་བརྐུ༷ས་དང་ཚོན་རྩི་བསྐུས༷། །མི་རོ་ར༷ངས་པོ་ཤིང་ལྟར་རེ༷ངས། །ནམ་མཁའི་གློ༷ག་དང་གླེགས་བམ་ཀློ༷ག །རྩུབ་མོའི་ཚིག་བརླང༷་དུལ་བའི་བརླིང༷༌། །ཡིད་ཆེས་རྟོ༷ན་པ་(རྟོན་པ་བཞི་ལྟ་བུ)ཆོས་སྟོ༷ན་པ།། གྱེན་དུ་བཏེ༷ག་དང་བསྲུང་སྐུད་བཏ༷གས། །གྲངས་ཀྱི་བརྒྱ་སྟོ༷ང་མདའ་ཡི་ལྟོ༷ང༌། །མཐུན་པའི་རྐྱེ༷ན་དང་འཕོང་གི་སྐྱེ༷ན། །རྒོལ་བའི་ཀླན༷་ཀ་ལྷན་པ་གླན༷། །ལམ་གྱི་འཕྲ༷ང་དང་སེམས་ལ་འཕྲེ༷ང༌། །གཞུ་བདུང༷ས་རྔ་ལ་དབྱུག་གུས་བརྡུང༷ས། །ནང་ཁྲོལ་རྒྱུ༷་མ་གཡོ་སྒྱུ༷་མཁན། །འགོར་བའི་དུས་འགྱང༷ས་རྩལ་གྱིས་འགྱིང༷༌། །ལོག་འཚོའི་ཁ་གས༷ག་རྡོའི་གསེ༷ག་མ། །ནང་ནས་ཕྱིར་ཕྱུ༷ང་བརྟེན་ནས་བྱུ༷ང༌། །འཛིན་བྱེད་རྙི༷་དང་རེག་བྱ་སྙི༷། །ལུག་གི་བལ་རྨེ༷ལ་སྒ་ཡི་རྨེ༷ད། །ཐོ་ར༷ངས་འདས་ནས་སྐྱ་རེ༷ངས་ཤར། །སྡིག་པ་སྤོ༷ང་དང་ཕུང་པོར་སྤུ༷ངས། །ཕྱི་དྲོའི་དགོ༷ངས་དང་མཚན་མོའི་དགུ༷ང༌། །མཛེས་པའི་སྡུ༷ག་དང་ཐབས་རྡུ༷གས་པ། །འགྲོད་ལམ་བག༷གས་དང་མནའ་ཚིག་བསྒ༷གས། །འཐག་པའི་ཕྱེ༷་མ་རྡོའི་བྱེ༷་མ། །མཁའ་ལ་རྒྱན་བྲེ༷ས་ལྟོགས་པའི་བཀྲེ༷ས། ། སྐད་ཀྱི་གཟེ༷ངས་བསྟོད་གྲུ་གཟི༷ངས་བསྡམས། །དར་བའི་བདོ༷་(སྙིགས་མ་ལྔ་བདོ་ལྟ་བུ)དང་སྐུ་ལ་བསྡོ༷། །ཞགས་པའི་ཐ༷ག་པ་ཁུར་ཆེན་ཐེ༷ག །མིག་གིས་བལྟ༷ས་དང་རྒྱས་པའི་བརྟ༷ས།། བཟང་པོའི་ལེ༷གས་དང་ཞེ་སའི་ལ༷གས(ཡོད་པའམ་ཡིན་པའི་དོན་ལའང་འཇུག་པ་ཡོད)། །དྲི་མ་འད༷ག་དང་གྱེན་དུ་འདེ༷གས། །བསྐྱར་ནས་བལྡབ༷ས་དང་ཞབས་གཉིས་བརྡབ༷ས། །རིན་ཆེན་སྤྲུ༷ག་དང་རལ་བ་སྤྲུ༷གས། ། ཡ་རབས་དྲ༷་མ་ཤིང་གྲ༷་མ། །པ༷གས་པ་དང་ནི་ཤུན་ལྤ༷གས་པ་(གཞི་དང་འབྲེལ་མ་འབྲེལ་གྱི་ཁྱད་པར)སྲབ། །དོམ་ལྤ༷གས་དོམ་གྱི་པ༷གས་པ་(རྣམ་དབྱེ་དྲུག་པའི་སྒྲ་ཡོད་མེད་ཀྱི་ཁྱད་པར)ནག །ཕྱོགས་གཅིག་སྡུ༷ད་དང་སྐོམ་སྐྱེམས་ལྡུ༷ད། །ཁ་དོག་གས༷ལ་དང་མུན་པ་བས༷ལ། །ལུས་ལ་གོས་བགོ༷་བཤད་པའི་བསྒོ༷། །མགྲོན་པོའི་འགྲུ༷ལ་པ་རུལ་འགྱུར་འདྲུ༷ལ། །ས་ལ་འདྲུ༷ད་དང་བསླུ་བའི་འདྲི༷ད། །བསྟན་ལ་མཇ༷ལ་དང་བློ་ཡིས་འཇ༷ལ། །ཕན་ཚུན་འབྲེ༷ལ་དང་གཞུང་དོན་འགྲེ༷ལ། །གང་ལ་གང་འཚ༷མ་ཕྱོགས་ཀྱི་མཚ༷མས། །བརྒྱབ་པའི་བརྡེ༷ག་དང་ཡོད་པའི་བདོ༷ག །ངལ་བའི་དུ༷བ་དང་རུང་བའི་བཏུ༷བ། །ནོར་བའི་ལམ་གོ༷ལ་གཡོག་སོགས་བཀོ༷ལ། །ཁང་པའི་བར་ཁྱ༷མས་འཕྱན་པའི་འཁྱ༷མས། །ཟད་པའི་འབྲི༷་དང་ཡི་གེར་འ༷དྲི། །དུས་ཀྱི་བསྐལ༷་བ་ཟས་ཀྱི་སྐལ༷། །འགྲོ་བའི་མཆི༷་དང་ཡོད་པའི་མཆི༷ས། །ལུས་ཀྱི་ལྒང༷་བ་རི་ཡི་སྒང༷༌། །མཁས་པའི་མཛ༷ངས་པ་སྐྲ་སོགས་འཛི༷ངས། །བཟོད་དཀའི་མི་བཟ༷ད་ཟ༷ད་མི་ཤེས། །ཉེ་བའི་བཏུ༷ད་དང་དགྲ་བོ་བཏུ༷ལ། །ཕྱི་བཤོ༷ལ་མཁན་དེས་སྣོད་ཆུས་བཤ༷ལ། །ཞི༷ང་གི་ཐོང་གཤོལ་རྔམས་ཞེ༷ང་ཆེ། །སྨྲ་བའི་ངག་ལྐུ༷གས་རྒྱལ་འགུགས་སྐུ༷གས། །འཕྲ༷ལ་གྱི་དོན་དང་ཕན་ཚུན་འཕྲ༷ད། །ཆུ་ཡིས་འཁྲུ༷ད་དང་ནོར་བའི་འཁྲུ༷ལ། །ཆོས་ལུགས་གཤ༷འ་མ་འགབ་ཀྱི་གཤ༷མ། །བྱས་པའི་བགྱི༷ས་དང་བྱེད་པའི་བགྱི༷ད། །ལུས་ཀྱི་རྔུ༷ལ་ཆུ་རིན་ཆེན་དངུ༷ལ། །གསོ༷ང་པོར་སྨྲས་ཏེ་ནེའུ་གསི༷ང་དུ། །ན་ཚོད་བགྲེ༷ས་ཀྱང་བགྲོ༷་གླེང་བྱེད། ། རི་བོའི་གཏོ༷ས་ཙམ་གཏ༷འ་མར་འཇོག །བཞོ༷ན་པ་གླང་ཆེན་ཐལ་ཀར་ཞོ༷ན། །ཟློ༷ག་པ་བྱས་ནས་རྩོད་པ་བཟློ༷ག །རྒྱལ་བའི་བསྟ༷ན་པ་བརྟ༷ན་པར་བྱས། །འབད་རྩོ༷ལ་ཅན་དེས་བཀའ་སྩོ༷ལ་ཅིག །དོང་དུ་བྲུ༷བས་དང་དྲས་དྲུ༷བས་དང༌། །སྔ་དྲོ༷་ཕྱི་དྲོ་ནས་སྲན་གྲོ༷། །ལྷན་ཅིག་འགྲོ༷གས་དང་འབྲོ༷ག་དགོན་པ། །བཀྲ༷ག་མདངས་རྒྱས་ཕྱིར་སྐྲ་རྣམས་བྲེ༷གས(རེགས་ཀྱང་ཟེར)། །ལུས་ཀྱི་ལྦ༷་བ་སྦ༷་བར་བྱ། །ཤེས་པའི་འཚ༷ལ་དང་ཚོན་རྩིའི་མཚ༷ལ། །སྙན་པའི་སྒྲ༷་དང་མི་མཐུན་དགྲ༷། །གྲངས་ཀྱི་ལྔ༷་དང་བརྡུང་བྱའི་རྔ༷། །མང་ཚིག་སྙེ༷ད་(ཇི་སྙེད་དང་དེ་སྙེད་ལྟ་བུ)དང་ནོར་རྫས་རྙེ༷ད། །གཡོ་བའི་འགུ༷ལ་དང་མགྲིན་པའི་མགུ༷ལ། །ཆུ་ཡི་ལྟེ༷ང་ཀ་རྟི༷ང་པ་ཡངས། །ཚིག་རྐང་རེ་རེའི་ནང་ཉིད་དུ། །འདྲ་མིན་གཉིས་གཉིས་བསྟན་ཟིན་ཏོ། །
རང་དང་རང་འདྲ་ཕན་ཚུན་ལ། །ནོར་བར་དོགས་ནས་རྟགས་བྱས་པ། །དེ་ལ་ཝ་བཏགས་ཟེར་ཏེ་དཔེར། །ཀྭ་ཡེ་གྲྭ་པ་སྨན་པ་ཡིས། །ཤྭ་བའི་གྭ་དོར་རྭ་སྣ་ཚོགས། །ལན་ཚྭ་ཟྭ་ཚོད་དྭ་བའི་འབྲུ། །རི་དྭགས་བསེ་རུའི་ཉྭ་ཤ་བཅས། །ཞྭ་དང་ལྭ་བ་བཙོངས་ནས་ཉོས། །ཡི་དྭགས་ལྟ་བུའི་དྭ་ཕྲུག་(ཕ་མ་ཤི་བའི་བྱིས་པ)གིས། །ཤྭ་འོད་ཆུ་ཁར་བྱ་ཁྭ་ཏ། །འཕུར་མ་ནུས་པ་བཟུང་ལྟ་བུ། །
ཕན་ཚུན་ལ་ལྟོས་ཆུང་ངུ་ལ། །གུ་བུ་འུ་གསུམ་འཇུག་སྟེ་དཔེར། །དབྱུག་གུ་ཕྲན་བུ་བེའུ་སོགས། །འདི་འདྲ་སྦྱར་བ་ཤིན་ཏུ་མང༌། །མིང་གི་ཆ་ཤས་འགའ་ཞིག་ཏུ། །ཆུང་ངུ་མིན་ཡང་དེ་གསུམ་འཇུག །ཕ་གུ་གཅེར་བུ་དྲེའུ་སོགས། །སྦྱོར་ཚུལ་དེ་རྣམས་རྟོགས་པར་སླ། །
བཅུ་ནས་བཅུ་དགུའི་བར་དག་དང༌། །བཞི་བཅུ་ལྔ་བཅུ་དགུ་བཅུ་ལ། །བས་འཕུལ་ཡོད་ཅིང་སུམ་ཅུ་དང༌། །དྲུག་ཅུ་བདུན་ཅུ་བརྒྱད་ཅུར་མེད། །ཆིག་བརྒྱ་ཉིས་བརྒྱ་སུམ་བརྒྱ་དང༌། །ཆིག་སྟོང་སོགས་ལ་གས་འཕུལ་སྤང༌། །ཆིག་རྐྱང་སོགས་ལ་རིགས་འགྲེའོ། །
སྨྲས་པ། སྔ་ཕྱིའི་བཀས་བཅད་(རིམ་བཞིན་བཀས་བཅད་གསུམ་མཛད་པར་གྲགས)དབང་གིས་ནི། །ཡི་གེའི་བཤད་སྲོལ་དུ་མ་བྱུང༌། །དག་ཡིག་ངག་སྒྲོན་ནས་གསུངས་པའི། །མིང་གི་སྦྱོར་ཚུལ་ཀུན་ཀྱང་འཐད། །འདྲ་མིན་ཡི་གེ་བསྟན་པའི་སྡེ་ཚན་ཏེ་གསུམ་པའོ།། །།
རྣམ་དབྱེ་དང་ནི་ཚིག་ཕྲད་དང༌། །བརྡ་དང་གྲོང་ཚིག་མངོན་བརྗོད་སོགས། །འདྲེས་པས་ཡི་གེ་སྣ་ཚོགས་བྱུང༌། །རྒྱལ་པོའི་ཞལ་ལ་གསེར་ཞལ་ཟེར། །དེ་ལ་འབུལ་ཕྱིར་གསེར་སྐྱེམས་དང༌། །བླ་ནི་སྟོད་དང་མཐང་ནི་སྨད། །བློ་གོས་མཐང་གོས་ཟེར་བ་ལྟར། །འདོད་རྒྱལ་མིང་རྣམས་མ་གཏོགས་པའི། ། ཆོས་ཀུན་མིང་དོན་ཤེས་དགོས་ན། །དག་ཡིག་རྣམས་ལས་གསུངས་པ་ཡི། །བརྡ་སོགས་དབྱེ་བ་ཅུང་ཟད་བཤད། །ཚར་དུ་དངར་བ་བསྒྲིགས་པའི་མིང༌། །འཕྱང་མོ་ཉུག་ནི་ཐེ་ཚོམ་དང༌། །གོར་མ་ཆག་ནི་ཐེ་ཚོམ་མེད། །ས་སྒྲེ་བོ་ནི་ས་རྗེན་དང༌། །བརྟུལ་ཕོད་པ་ནི་སྙིང་སྟོབས་ཆེ། །འཇུངས་པ་ཞེན་ཆགས་ཆེ་བ་དང༌། ། ཕྱ་ལེ་བ་ནི་ངོས་མཉམ་པ། །འབེལ་གཏམ་ཡང་དག་གཏམ་གྱི་མིང༌། །མི་འགོང་བ་ནི་མི་ཞུམ་པ། །ཡ་མ་བརླ་ནི་སྙིང་པོ་མེད། །བྲུ་ཚ་བ་ནི་བཀྲེས་པ་དང༌། །བྲོ་འཚལ་བ་ནི་ནད་པའི་མིང༌། །ཉིང་ཤ་ཞེས་པ་རང་གི་ཤ །བསླན་པ་ཕྱོགས་སུ་གཏོགས་པ་དང༌། །དཀྱེལ་ཆེ་བ་ནི་ཁོང་ཡངས་པ། །སླད་བཞིན་འབྲང་ནི་ཕྱི་བཞིན་འབྲང༌། །བྱ་མ་རྟ་ནི་ཕོ་ཉའི་མིང༌། །བདུད་ཀྱིས་བརླམས་པ་བསྐྱོད་(བདུད་ཀྱིས)པའི་དོན། །མནོག་ཆུང་བ་ནི་ཁེ་ཆུང་བ། །བསྙུངས་པ་ཆུང་ངུར་བྱས་པ་དང༌། །ཡ་ལད་ཅེས་པ་གོ་ཆ་དང༌། ཕྲུ་མ་(མངལ་གྱི་ཕྲུ་མ)དམག་སྒར་སོགས་ལ་འཇུག །རྔོ་མི་ཐོགས་ནི་མི་ནུས་པ། །མཆིག་དང་མཆིག་གུ་ཡས་མས་གཏུན། ། ལྡོམ་བུ་བ་ནི་བསོད་སྙོམས་པ། །འཁོས་ཁ་ཆུང་བ་ཁ་ཐབས་ཆུང༌། །ལག་གི་བླ་ནི་(དགེ་འདུན་སྤྱིའི)ལས་བྱེད་པ༑ ༑འབྲོངས་པ་ཉེ་བར་བསྟེན་པ་དང༌། །དམུས་བྱུང་བ་ནི་ཡི་ཆད་པ། །གམ་(མཁས་པའི་གམ་དུ་ཞེས་པ་ལྟ་བུ)ནི་དྲུང་ངམ་མདུན་གྱི་དོན། །གཏོལ་མེད་པ་ནི་རྒྱུས་མེད་དང༌། བྱས་པ་གཟོ་བ་དྲིན་གཟོ་བ། །ལུས་མཚག་བཟང་བ་ལུས་ཉམས་རྒྱས། །ག་གེ་ཡུལ་གྱི་སྤྱི་མིང་དང༌། །ཆེ་གེ་གང་ཟག་སྤྱི་ཡི་མིང༌། །སྡོང་གྲོགས་གྲོགས་ཀྱི་མིང་ཡིན་ནོ། །
བཀ༷ར་བཏ༷གས་ཁྲིམས་བསྒྲགས་ཡོ༷ལ་གོ༷་སྣོད། །བ༷ས་པ༷་(ལུས་ཀྱི་ཤ་བས་ཤིང་ཞེས་པ་ལྟ་བུ)ཟད་པ་མུ༷་ཅོ༷ར་རྫུན། །བརྒྱ༷ད་བཀ༷ག་བཀའ་བཀྱོན་དམ༷་རྒྱ༷་ཁྲིམས། །དབུ༷་རྨོ༷ག་དབུ་འཕང་བྱུ༷ར་མྱ་ངན། །གཡ༷ར་ད༷མ་དམ་བཅའ་ཉེ༷་རེ༷ག་ཁྲུས། །བསྟི༷་བ༷་ངལ་གསོ་བཤུ༷ལ་ནི་ལམ། །གོ་༷ར༷་བཙོན་ར་སྔོ༷ན་སྐྱེ༷ས་གཅེན། །མཆི༷ལ་བ༷་ལྕགས་ཀྱུ་རྗེ༷ས་སྐྱེ༷ས་གཅུང༌། །བརྐ༷མ་པ༷་འདོད་ཆགས་དཀོ༷ར་ནི་ནོར། །ཚ༷མ་རྔ༷མས་འཇིགས་སྟངས་གན༷མ་རུ༷་གཞུ། །གཟོ༷ད་མ༷་དང་པོ་ཉ༷ག་ཕྲ༷ན་མདའ། །གཅ༷མ་བུ༷་བཅོས་མ་འཁུ༷་བ༷་འགྲན། །བཀ༷འ་མཆི༷ད་གླེང་མོ་ཅོ༷ག་ནི་ཀུན། །སླ༷ད་རོ༷ལ་ཕྱི་རོལ་བྲོ༷་ནི་མནའ། །མཆེ༷ས་པ༷་ཁས་ལེན་མཆེ༷ལ་བ༷་ཞེན། །དོ༷་ཀེ༷ར་ཐོར་ཅོག་དབྱི༷ག་ནི་ནོར། །སྒྲེ༷ན་མོ༷་གཅེར་བུ་འདྲེ༷ན་བྱེ༷ད་མིག །རླི༷ད་བུ༷་རྐྱལ་བ་བྲ༷ང་འགྲོ༷་སྦྲུལ། །རེ༷ད་པ༷་གྲུབ་པ་རོ༷ད་པ༷་གོས། །ཀྱ༷ལ་ཀ༷་ཀུ་རེ་ཉོ༷ད་པ༷་ཟས། །གོ༷ར་མོ༷་སྡང་སེམས་གོ༷ར་མ༷་རྡོ། །བསྐྲུ༷ན་པ༷་བསྐྱེད་པ་སྒྲུ༷ན་པ༷་འགྲན། །བག༷མ་པ༷་ཉམས་སད་སྒ༷མ་པ༷་ཟབ། །སི༷མ་པ༷་བདེ་བ་སྨེ༷་སྡུག་བསྔལ། །ལྟོ༷་འཕྱེ༷་ལྟོ་འགྲོ་འཕྱེ༷་བ༷་འགྲོ། །བརྣ༷བ་པ༷་འདོད་པ་བརྣ༷ག་པ༷་བསམ། །བསྙེ༷ལ་བ༷་བརྗེད་དང་མཉེ༷ལ་བ༷་ངལ། །འུ༷བས་པ༷་འདུས་པ་སྟུ༷ག་པོ༷་འཐུག །འཕྱ༷ར་གཡེ༷ང་རྣམ་གཡེང་གྱ༷་བ༷་ཉམས། །བརྟུ༷ལ་བ༷་འཇམ་པ་བརྩེ༷ན་པ༷་རོལ། །ཅོ༷་འདྲི༷་མཐོ་མཚམས་རྩ༷་ལ༷ག་གཉེན། །མཁྱུ༷ད་སྤྱ༷ད་མན་ངག་བད༷འ་བ༷་ཞིམ། །ར༷ངས་པོ༷་རིལ་པོ་དབྲོ༷ག་ནི་འཕྲོག །གྱ༷་ཚོ༷མ་མ་བརྟགས་ཞུ༷གས་ནི་མེ། །དཀ༷ར་ཆ༷ག་ཐོ་ཡིག་འཛོ༷ལ་བ༷་འཆུག །སྦྲེ༷བས་པ༷་སྐེམ་པ་འདི༷་ཀོ༷་འདི། །ཕྱ༷ག་བརྙ༷ན་འཁོར་གཡོག་འགེ༷མས་པ༷་འཇོམས། །ཐེ༷ར་ཟུ༷ག་འགྱུར་མེད་འཛེ༷ར་བ༷་ཟེར། །ཞ༷ལ་ལྕེ༷་ཆད་པ་སྒོ༷་འཕ༷ར་(སྒོ་གླེགས་ཀྱང་སྒོ)སྒོ། །ལྟ༷ག་འོ༷ག་གོང་འོག་འཛུ༷ད་པ༷་འཇུག །འཁྲུ༷ན་རི༷ང་དཀྱུས་རིང་ཟ༷ང་ཟི༷ང་ནོར(ནོར་གྱི་སྤྱི་མིང)། །བཟ༷འ་ཚོ༷་བཟའ་མི་གན༷འ་ནི་སྔོན། །སུ༷ག་པ༷་ལག་པ་རོ༷་འཛི༷ན་ལྕེ། །དྲི༷་བསུ༷ང་དྲི་ཞིམ་དང༷གས་ནི་ངག །གཙུ༷ག་ལ༷ག་སྡེ་སྣོད་ལེ༷གས་བྲི༷ས་ལྷ། །ཚི༷་གུ༷་འབྲས་བུ་བསྙུ༷ན་ནི་ནད། །ཟི༷ལ་དང༷ར་བདུད་རྩི་ཀུ༷ན་གས༷ལ་མཁའ། །དཀོ༷ས་ཐ༷ག་ཉམ་ཐག་ཆུ༷་འཛི༷ན་སྤྲིན།། ཕྱི༷་མོ༷་རྩ་བ་ཉ༷ལ་འགྲོ༷་ཆུ། །གཏི༷ང་ཕྱི༷ན་དཔྱིས་ཕྱིན་དྲི༷་བཞོ༷ན་རླུང༌། །གསེ༷ག་ཤི༷ང་འཁར་གསིལ་ཟོ༷ལ་ནི་སྒྱུ། །གྱི༷མ་ཤི༷ང་རོལ་མོ་ཀ༷་ཆ༷འང་ནོར། །མི༷་ང༷ས་རིམས་ནད་དབ༷ང་གཞུ༷་འཇའ། །ཕོ༷་ལོ༷ང་གྲུ་གུ་དཔྱ༷་ནི་ཁྲལ། །བཀྲ༷བས་པ༷་འདམས་པ་ཆུ༷་མཐོ༷ངས་གནམ། །ཉེ༷ར་བསྡོ༷གས་སྟ་གོན་སྲེ༷ག་ཟ༷་མེ། །ལ༷ག་ལྡ༷ན་གླང་ཆེན་བ༷ལ་ལྡ༷ན་ལུག ། བཀུ༷མས་པ༷་བསད་པ་འགུ༷མ་པ༷་འཆི། །ན༷ན་ཏུ༷ར་ནན་ཏན་སྤྲི༷ན་བཅུ༷ད་ཆར། །ད༷ལ་བ༷་ཁོམ་པའི་མིང་ཡིན་ནོ། །
དོན་གཅིག་མིང་གཉིས་ཙམ་གྱིས་བསྟན། །གཉིས་པོ་ཕན་ཚུན་གཞི་མཐུན་དུ། རྣམ་དབྱེ་དྲུག་པས་སྟོན་ཏེ་དཔེར། །བཤད་པ་སྦྲོན་པ་སྦྲན་པ་ནི། །བཤད་པའི་མིང་ཡིན་དེ་བཞིན་དུ། །འོག་མ་རྣམས་ལ་སྦྱར་བར་བྱ། །ངོམས་པའི་སྤྱོམས་དང་བསྡིགས་པའི་སྤྱོས། །དམན་པའི་གྱི་ན་བདེན་པའི་མད། །འགྲོ་བའི་འདོང་དང་བཞུགས་པའི་གཞེས། །བཅོམ་པའི་བཅིལ་དང་ཞིག་པའི་དྲལ། །འཁྱོགས་པའི་ལྡེམ་པོ་འཇིགས་པའི་བསྙེངས། །བརྗེད་པའི་བསྐྱུད་དང་བསྐྲད་པའི་སྤྱུགས། །བརྩོན་པའི་བརྟུན་པ་འགྱངས་པའི་བུལ། །ཆུང་ངུའི་བསྐྱུངས་དང་ཁུང་བུའི་རླུབས། །བཟང་པོའི་བསོད་པ་ཉེས་པའི་ནོངས། །བྱིན་པའི་བསྟབས་དང་མཆོད་པའི་བརྔན། །འཁྲིད་པའི་བཀྲི་བ་ཁྲོ་བའི་བཀྱོན། །སོང་བའི་བྱེར་བ་འགྲོ་བའི་འབྱེར། །སྦེད་པའི་འཆབ་དང་སྦས་པའི་བཅབས། །གཡར་བོའི་བརྙན་པོ་ལེན་པའི་ནོད། །དབུལ་བའི་བཀྲེན་པ་སྟ་ཟུར་དཔྱི། །དེས་པ་འཇམ་པ་སོགས་ལ་འཇུག །དཔལ་གྱི་དབང་ཐང་ཆེ་བ་ནི། །བསོད་ནམས་སྐལ་བ་ཆེ་བའི་མིང༌། །ཉེ་ཞོ་མེད་པ་སྐྱོན་མེད་པ། །གྱ་ནོམ་པ་ནི་ཕུན་སུམ་ཚོགས། །སྒྲིན་པོ་མཁས་པའི་མིང་ཡིན་ནོ། །
སྨྲས་པ། གསར་རྙིང་བརྡ་དང་རྒྱ་བོད་སྐད། །མངོན་བརྗོད་ལ་སོགས་ཤེས་འདོད་ཀྱང༌། །དོན་གཅིག་ཉིད་ལ་མིང་མཐའ་ཡས། །མིང་གཅིག་ཉིད་ཀྱིས་དོན་མང་སྟོན། །དེའི་ཕྱིར་བདག་འདྲས་གཏིང་མི་དཔོག །འོན་ཀྱང་མིང་གི་ཆ་ཤས་རྣམས། །མ་རྟོགས་བར་དུ་དེ་དག་ལ། །བརྟེན་པའི་ཚིག་ཕྲད་སྦྱོར་མི་ཤེས། །དག་ཡིག་རྣམས་ཀྱང་མཐུན་དཀའ་ན། །མཁས་པས་གཙོ་བོར་འཛིན་པ་ཡི། །དག་ཡིག་ཟ་མ་ཏོག་བཞིན་དུ། །འཕུལ་(སྔོན་འཇུག་ལྔ)དང་མཐའ་རྟེན་(རྗེས་འཇུག་བཅུ)སྦྱོར་ཚུལ་དང༌། །ར་ལ་ས་ཡི་མགོ་ཅན་(ར་མགོ)དང༌། །(ར་མགོ་ཅན་བཅུ་གསུམ་ནི། རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་རླའོ། །ལ་མགོ་ཅན་བཅུ་ནི། ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷའོ། །ས་མགོ་ཅན་བཅུ་གཉིས་ནི། སྐ་སྒ་སྔ་སྙ་ལྟ་སྡ་སྣ་སྤ་སྦ་སྨ་སྩ་སླའོ། །)ཡ་ར་ལ་ཡི་སྨད་འདོགས་སོགས། །(ཡ་བཏགས་བདུན་ནི། ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱའོ། །ར་བཏགས་བཅུ་གཅིག་ནི། ཀྲ་ཁྲ་གྲ་མྲ་ཐྲ་དྲ་པྲ་ཕྲ་བྲ་སྲ་ཧྲའོ། །ལ་བཏགས་ལྔ་ནི། ཀླ་གླ་བླ་ཟླ་སླའོ། །)དེ་རྣམས་སྦྱོར་ཚུལ་ཤེས་པ་གཅེས། །བརྡ་གསར་རྙིང་དང་མངོན་བརྗོད་སོགས་ཀྱི་མིང་སྣ་ཚོགས་བསྟན་པའི་སྡེ་ཚན་ཏེ་བཞི་པའོ།། །།
སྨྲས་པ། ༝ ༝(མིང་འགའ་ཞིག་ཧ་ཅང་བསྡུས་པས། བརྟག་དཔྱད་ཡང་ཡང་བྱེད་དགོས)དབྱེ་བ་འགའ་ཞིག་ ༝ ། །༝ ཐབས་ཙམ་དུ་བསྟན་པ་སོགས། །འདི་ལ་ནོར་འཁྲུལ་ཅི་མཆིས་པ། །མཁས་པའི་སྤྱན་སྔར་བཤགས་པར་བགྱི། །བློ་ལྡན་མཁས་པའི་གསུང་རབ་ལ། །བློ་ཡིས་དཔྱད་དེ་བྲིས་པ་འདི། །བློ་སྤྱན་ཡངས་པའི་གྲོགས་དག་གི །བློ་དང་རིག་པ་འཕེལ་ཕྱིར་སྦྱར། །འདི་རུ་མ་བྲིས་གཞན་རྣམས་ཀྱང༌། །འདི་བཞིན་སྦྱར་ན་རྟོགས་པར་སླ། །འདི་ཡིས་མཚོན་པའི་དགེ་ཚོགས་མཐུས། །འདི་ཕྱིའི་དོན་ཆེན་མྱུར་འགྲུབ་ཤོག །ཅེས་པ་འདི་ནི་རབ་འབྱམས་སྨྲ་བའི་དབང་པོ་འཇམ་དབྱངས་བློ་གྲོས་དང༌། དོན་གཉེར་ཅན་གྱི་དགེ་སློང་གསུམ་དང་བཅས་པས། འདི་ལྟ་བུ་ཞིག་བགྱིས་ན་ངེད་ཅག་རྣམས་ཀྱིས་དཔར་དུ་བསྒྲུབ་ཅེས་ནན་གྱིས་བསྐུལ་བའི་ངོར། རབ་བྱུང་བཅུ་བཞི་པའི་ནང་ཚན་དབང་ཕྱུག་ཅེས་པ་མེ་གླང་གི་ལོའི་ས་ག་ཟླ་བའི་ཡར་ཚེས་ལ། དགེ་འདུན་ཤེས་རབ་ཀྱིས་སུག་བྲིས་སུ་བགྱིས་ཏེ། དགའ་ལྡན་བཀྲ་ཤིས་འབྱུང་གནས་(ར་རྒྱ་དགོན་པ)སུ་པར་དུ་བསྒྲུབས་པའོ། །
མཆན། དག་ཡིག་འདི་ར་རྒྱ་དགོན་གྱི་ཤིང་པར་གཞི་བཟུང་ནས་བསྒྲིགས་པའི་དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ་ལས་བདམས་བསྒྲིགས་ཞུས་པའོ། །
རྩོམ་པ་པོའི་ལོ་རྒྱུས།
རབ་འབྱམས་པ་དགེ་འདུན་ཤེས་རབ་ནི་མདོ་སྨད་སྦྲ་ནག་རྐང་ཚའི་ཡུལ་དུ་སྐུ་འཁྲུངས་ཀྱང་། འཁྲུངས་འདས་ཀྱི་ལོ་ཚིགས་མ་རྙེད་སྟབས་འགོད་ཐབས་མ་བྱུང།
བདེ་ཆེན་དང། དབུས་སུ་སྒོ་མང་ཆོས་གྲྭར་ཞུགས། ཐུགས་གཉེར་རྫོགས་ནས་རང་ཡུལ་དུ་ཕེབས། ར་རྒྱ་དགོན་པའི་བླ་མ་དབུ་མཛད་གནང། རང་དགོན་དུ་སངས་རྒྱས་སྟོང་སྐུའི་ཐང་ཀ་ཚར་གཉིས་སོགས་བྲིས་འབུར་གྱི་སྐུ་བརྙན་མང་པོ་བསྐྲུན། སྣར་ཐང་ནས་བཀའ་འགྱུར་ཚར་གཉིས་གདན་དྲངས་པ་བཅས་ནང་བཞུགས་ཀྱི་ལྷ་ཁང་བཞི་བཞེངས་ཏེ་དགོན་གཞུང་དུ་བཞག མ་ཎི་ཟླ་ཆོས་ཁ་ཤས་བཟུང་བས་རིལ་བུ་འཕུར་བའི་རྟགས་མཚན་བྱུང།
[དག་ཡིག་རྣམས་ཀྱི་ཟུར་འདེབས་ལེགས་བཤད་མཁས་པ་དགྱེས་བྱེད་བདུད་རྩིའི་མཆོད་སྤྲིན་རྣམ་དག་]ཅེས་པ་འདི་ནི་མཛད་པ་པོ་ལ་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་རྗེས། བོད་རབ་བྱུང་བཅུ་བཞི་པའི་ནང་ཚན་དབང་ཕྱུག་ཅེས་པ་མེ་གླང་ལོ་སྟེ། ཕྱི་ལོ་༡༨༡༧ ལོའི་བོད་ཟླ་༤ པར་བརྩམས་གནང་མཛད་ཅིང། བྱིན་རླབས་ཀྱི་དྲོད་མ་ཡལ་བར་ཡོད་པས་རྗེ་ཚེ་ཏན་ཞབས་དྲུང་སོགས་དམ་པ་གོང་མ་དག་གིས་ཀྱང་བརྡ་སྤྲོད་འདིར་ཐོག་མར་ཐུགས་གཉེར་གནང་ཞིང་བསྔགས་བརྗོད་ཀྱང་མཛད། བརྡ་སྤྲོད་འདི་ཚིག་སྦྱོར་ལེགས་ཤིང་། ཐ་སྙད་ཀྱིས་འཇུག་ཚུལ་དང་ཁྱད་པར་སོགས་ཀྱང་ཁུངས་བཙན་ཞིང་དོན་ཟབ་ལ་གོ་བདེ་བའི་ཁྱད་ཆོས་དང་ལྡན་པ་ཞིག་ཡིན།