༄༅། །བོད་ཀྱི་སྐད་ལས་གསར་རྙིང་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང༌།
སྐྱོགས་སྟོན་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས།(?)
ན་མོ་མ་མཉྫུ་ཤྲཱི་ཡེ། དེ་ཡང་འདིར་བརྡ་གསར་རྙིང་གི་ཐ་སྙད་བཤད་པ་ལ། ཐུ་མི་ས་འབོ་(ལྷོ་གཉལ་གྱི་ཐུ་མི་སྣང་གྲགས་ཀྱི་བུ་ཨ་ནུ་སྟེ། སམྦྷོཊ་དང༌། སམྦྷ་དྲ་སོགས་རྒྱ་སྐད་དུ་བཞེད་པ་བྱུང་ཡང༌། འདི་གཉལ་ན་ཡོད་པ་ས་འབུར་པོ་ཞིག་འདུག་པས། ས་འབོ་ར་ཡིན་པ་འདྲ། གང་ནའང་བོད་སྐད་དུ་སྣང་)ར་དང༌། བཙད་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་དང་པོར་བྱས་པའི་འགྱུར་རྣམས་ནི། དང་པོའི་བཀས་བཅད་ཀྱིས་བསྒྱུར་བ་སྟེ། སངས་རྒྱས་ཕལ་པོ་ཆེ་དང༌། ལུང་སྡེ་བཞི་དང༌། མདོ་སྡེ་ཁ་ཅིག་དང་ཤེར་ཕྱིན་གྱི་མདོ་ཁ་ཅིག་སྟེ། སྐད་གསར་བཅད་ཀྱིས་གཏན་ལ་མ་ཕབ་པ་རྣམས་སོ། །
དེ་ལ་ནི། གང་ལ་གག་དང༌། ཅི་ཕྱིར་ལ་ཇི་རོབ་དང༌། ཇི་སྙམ་ལ་ཇི་ལྟར་དང༌། རྩེ་མོ་ལ་སྤྱི་བོ་དང༌། ཤིན་ཏུའམ་རབ་ཏུ་ལ་ཏེ་པོར་དང༌། ཡང༌། ཝཱ་ཌྷཾ་ཞེས་པ་བསྒྱུར་བའི་ཏེ་པོར་ནི། དམ་པ་དང༌། སྲ་བ་དང༌། དྲག་པ་དང༌། ཚབས་ཆེ་བ་རྣམས་ལ་འཇུག་པ་དང༌། རྐྱེན་སྨན་ལ་རྐྱེན་རྩི་དང༌། ལྟག་པ་ལ་གླག་པ་དང༌། སྤོས་དང་སྤོས་ཕོར་ལ་པོག་དང་པོག་ཕོར་དང༌། བསལ་བ་ལ་བསྩལ་བ་དང༌། སོགས་པ་ལ་སྩོགས་པ་དང༌། བསུ་བ་ལ་བསྩུ་བ་དང༌། དྲི་བསུང་ལ་དྲི་བསྩུང་དང༌། བསངས་པ་ལ་བསྩངས་པ་དང༌། རྫོགས་སོ་ལ་རྫོགས་སྷོ། གཡོགས་པ་ལ་ཡོགས་པ་དང༌། གོ་ཆ་ལ་གོ་ཅ་དང༌། བྲག་ཆ་ལ་བྲག་ཅ་དང༌། རིན་པོ་ཆེ་ལ་རིན་པོ་ཅེ་དང༌། དཀོན་མཆོག་ལ་དཀོན་ཅོག་དང༌། རིན་ཆེན་ལ་རིན་ཅེན་དང༌། ཁྱིམ་ལ་སྡུམ་པ་དང༌། དབུས་ལ་དབུང་དང༌། འགྲོ་བ་ལ་བགོམ་པ་དང༌། གྲུབ་པ་ལ་རེད་པ་དང༌། འགྲེལ་བ་ལ་འགྲོལ་བར་བསྒྱུར་བ་ལ་སོགས་པ་མང་སྟེ། རྒྱས་པར་ནི་གསུང་རབ་ལས་ཤེས་པར་བྱའོ། །ཡང༌། དེ་དག་ཏུ་ད་དྲག་དང༌། དཔྱིད་སླ་ར་བ་སོགས་དང༌། དེའ་ལའ་ནིའ་ཞེས་པ་ལྟ་བུ་འ་ཡིག་མཐའ་རྟེན་སྦྱར་བ་ནི་སུམ་རྟགས་ཀྱི་དགོངས་པ་ཡིན་ཀྱང་དོན་ལ་ཐོབ་པ་གཞིར་བཅས་ནས་ཡི་གེ་ཉུང་བའི་སླད་དུ་བཞག་པ་དང༌། ཡང༌། མྱེད། མྱིན་སོགས་ཡ་བཏགས་པ་དང༌། རལ་གྱི་སོགས་ནི་ལོ་ཙཱ་བ་ཁ་ཅིག་གིས་ཡུལ་སྐད་ཤོར་བར་གྲགས་པ་ཡིན་ནོ། །
གཉིས་པ་སྐད་གསར་བཅད་ལ་ནི་དེ་དག་གི་ཟླས་དྲངས་པ་ཇི་སྐད་བཤད་པ་རྣམས་དང༌། གཞན་ཡང་གསུང་རབ་ལ་གྲགས་པའི་མིང་ཕལ་ཆེ་བ་རྣམས་སོ། །བཀས་བཅད་གཉིས་པོ་དེ་ནི་མངའ་བདག་ཁྲི་རལ་པ་ཅན་ཡན་ཆད་དུ་སྐ་ཅོག་ཞང་གསུམ་ལ་སོགས་པས་མཛད་པ་ཡིན་ནོ། །
བཀས་བཅད་གསུམ་པ་ནི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་ཀྱི་སྒྲ་སྒྱུར་ལོ་ཙཱ་བ་ཆེན་པོ་རིན་ཅེན་བཟང་པོ་ནས་དཔང་ལོ་ཙཱ་བ་ཆེན་པོ་དང་སྙིགས་དུས་ཀྱི་སྐད་གཉིས་སྨྲ་བ་གཅིག་པུ་པ་ལོ་ཆེན་དྷརྨ་པཱ་ལ་བྷ་དྲའི་བར་དུ་བྱོན་པ་རྣམས་ཡིན་ལ། ལོ་ཆེན་གྱིས་ནི། གཉི་ཟླ་ལ་ཉི་ཟླ་དང༌། བསྟན་བཅོས་ལ་བསྟན་ཆོས་དང༌། སྟུག་པོ་ལ་འཐུག་པོ་དང༌། ཉི་ཤུ་དང་སུམ་ཅུ་དང་སུམ་བརྒྱ་རྣམས་ལ། གཉིས་བཅུ་དང་གསུམ་བཅུ་དང་གསུམ་བརྒྱ་དང༌། བསམ་གཏན་ལ་བསམ་བཏན་སོགས་འཆོས་པར་མཛད་ཀྱང༌། བཀས་བཅད་བར་པ་བཞིན་དུ་གནས་པ་མང་ཞིང༌། དེ་དག་གི་བརྡའི་ཁྱད་པར་གསུང་རབ་རྣམས་སུ་འབྱུང་བ་འདི་སྙེད་ཅིག་མཆིས་ཏེ། ཀྭ་དང་གག་ནི་ཀྱེ་དང་གང༌། སྐྱོར་སྐྱོར་ནི་ཡང་ཡང༌། བླ་འོག་ནི་སྟེང་འོག བླ་སྐྱལ་བ་ནི་མི་ཟད་པ། རྩ་ལག་ནི་གཉེན། གཉའ་བོ་ནི་དཔང་པོ། རིད་པ་དང་སྦེག་པ་ནི་དངོས་ངན་པ་དང་ཤ་ཆུང་བའམ་སྐེམ་པ། གྱ་བ་ནི་ཉམས་པ། གྱག་པ་ནི་བརླག་པ། ཡེ་འབྱམ་ནི་སྟོང་ཉིད། དབལ་ནི་ཏོག་དང་རྩེ་མོ་དང་ཤ་ཉམས་དང་མེའི་དྲོད། ངོ་ག་ནི་སྣང་ངོ༌། གམ་ཡོ་ནི་ཉེ་འཁོར། དམུས་བྱུང་ནི་ཚི་ཆད་དམ་ཡི་ཆད། ཐེན་ཆེར་ནི་ཅ་རེ། ག་ཞན་ནི་བཞད་གད་ཀྱི་སྒྲ། ཡ་ལད་ནི་གོ་ཆ་སྤྱི་དང་སྐབས་ཐོབ་ཀྱི་རྨོག་གི་མིང་ལ་འཇུག་པའང་ཡོད། གནའ་ནི་ཐོག་མའམ་སྔོན། ཡོད་དོ་ཅོག་དང་འགྱུར་རོ་ཅོག་ལྟ་བུའི་ཅོག་ནི་མཐའ་དག་གི་དོན། གྱུར་ཅིག་གུ་ལྟ་བུའི་གུ་ནི་སྨོན་པའི་ཚིག སྦྲེབས་པ་ནི་སྐེམ་པ། གསང་ཁུང་ནི་བཤང་ལམ། མདུང་དོར་ནི་རྒྱན་འགྱེད། ཆམ་དུ་ནི་གཏན་དུ། ནོད་པ་ནི་ཐོབ་པའམ་བཞག་པ། ཐ་ཚིག་ནི་ཚིག་གི་དོན། བསྟི་བ་ནི་ངལ་གསོ་བ། བརྣག་པ་ནི་བསམ་པ། སྨྱང་བ་ནི་བརྐྱང་བ། ནམ་ཞར་ནི་ནམ་ཡང༌། འོན་ཏང་ནི་འོན་ཀྱང༌། བཀྲི་བ་ནི་དྲང་བའམ་འཁྲིད་པ། དབྲག་ནི་བར། གཟགས་པ་ནི་ཟགས་པ། ཕྱམ་ཕྱད་ནི་མཉམ་ཉིད། བགྲོ་བ་ནི་གླེང་བ། རྨ་ག་ཆད་ནི་ཡང་དག་པའམ་ཕལ་པོ་ཆེ་དང་སྙན་གྱི་གོང་རྒྱན། བསྟར་བ་ནི་བྱི་དོར་ལེགས་པ་དང་གཟབས་པ་དང་སྤྲས་པ་དང༌། སེམས་ལ་སྒོམ་པ་དང་ཡོད་པ་ལ། གཏིང་ཕྱིན་པ་ནི་དཔྱིས་ཕྱིན་པ། བྲོ་ནི་མནའ། ཆང་ཁྱུ་ནི་ཚོགས་པ༑ སྤ་ལོ་ནི་སྤོབས་པ། ཐ་རམ་ནི་ངན་པ། བརྙང་བ་ནི་འཁྲུ་བ། དབྱེ་ནི་ཐང༌། བསྙིལ་བ་ནི་དོར་བའམ་ཕྱིར་བསྐྲད་པ། ལག་པ་བསྙལ་བ་ནི་ལག་པ་བཀྲུས་པ། མཐོང་ག་ནི་བྲང༌། གླམ་པ་ནི་སྣམ་བུ་འཐུག་པོ། ཁྲ་ཁྲོ་ཅན་ནི་སྤྲོ་ཐུང་བ། རུང་ཁུས་ཟ་བ་ནི་གཏུམ་པ། མགོ་ནན་ནི་ཐོག་མ། ཇེ་ནི་དང་པོ་དང་རེ་ཞིག་ཅེས་པ་ལའང༌། གཞི་པོ་ནི་གཞི་མ། ཇི་འོས་ནི་འཚམ་པ། གནོང་མི་བཀུར་བ་ནི་ཉེས་པ་ཁས་མི་ལེན་པ༑ བསྒོ་བ་རྣར་གཟོན་པ་ནི་བསྒོ་བ་ལ་མི་ཉན་པ། འཆབ་པ་ནི་གསང་བའམ་སྦེད་པ། འཛན་དཀའ་ནི་སྦྱོར་དཀའ། འཁུ་བ་ནི་ཞེ་སྡང་བ། བཅབས་པ་ནི་སྦས་པ། གྱ་ཙོམ་ནི་མ་བརྟགས་པ། རྣ་བླགས་ནི་རྣ་བ་གཏོད་པ། ཐ་ཆད་པ་ནི་ངན་པ། སྩེལ་བ་ནི་སེལ་བ། འཕྱེ་བ་ནི་འགྲོ་བ། སྨྲེང་ཚིག་ནི་གསང་ཚིག་དང་སྨྲ་བ་ཙམ་ལའང༌། སྨྲེང་བ་ནི་སྨྲ་བ། སྨྲེ་བ་ནི་ངན་པར་སྨྲ་བ། སྨྲེ་སྔགས་ཀྱང་དེ་ཉིད། རྨས་པ་ནི་དྲིས་པ། མི་འཇབ་པ་ནི་རྩུབ་པ། དྲལ་བ་ནི་བཅོམ་པའམ་ཞིག་པ། བླ་མཐང་ནི་སྟོད་སྨད་དམ་ཕྱི་ནང༌། བསོད་པ་ནི་བཟང་པོའམ་ལེགས་པ། བསྟབས་པ་ནི་བྲིམས་པའམ་བྱིན་པ། སྟོབ་པ་ནི་འབྲིམ་པའམ་སྟེར་བ། སྟོབ་པ་ནི་མགྲོན་དུ་གཉེར་བ། བྱེར་བ་ནི་སོང་བ། བརྟ་བ་ནི་རྒྱས་པར་བྱ་བ། བརྟས་པ་ནི་རྒྱས་པ། ད་ཀོ་ནི་ད་ནི༑ འདི་ཀོ་ནི་འདི་ནི། བཀོན་པ་ནི་ཁྲོ་བ། ཇི་ག་ནི་བརྟག་པ། ཁྱོ་ཤུག་ནི་བཟའ་ཚོ། གཞོལ་བ་ནི་འབབ་པ༑ ཉིས་ན་ནི་རྣམ་པ་གཉིས་སུ་ན་ཞེས་པ་ལྟ་བུའམ། ཡང་ན་ཐ་བ་ནི་རེངས་པ། མཐར་གྱིས་ནི་རིམ་གྱིས། གཞར་ཡང་ནི་སླར་ཡང་ངམ་ནམ་ཡང༌། མནོས་པ་ནི་བསམས་པ། གྱ་ནོམ་ནི་ཕུན་སུམ་ཚོགས་པ། གྱ་ནོམ་སྣང་བ་ནི་ཡོད་པ་དང་ལེགས་པའི་དོན་ཡང་ཡིན། ཕྱད་པར་ནི་རྒྱུན་པར། བསྣམས་པ་ནི་ཐོགས་པ༑ ཤ་དག་ནི་ཤ་སྟག འཇུད་པ་ནི་འཇུག་པ། རྔུབ་པ་ནི་འདུས་པའམ་འཇུག་པ། ཚམ་ངམ་ནི་འཇིགས་སྟངས། བབ་བབ་བམ་བབ་ཅོལ་ནི་མ་བསམ་པར་སྨྲ་བའམ་འཕྲལ་མ། ཕྱང་ཡར་ནི་འཕྲིན་ལས། སྣམ་ལོགས་ནི་ཟུར་དང་རྒྱབ། སྣྲེལ་ཞི་ནི་ལོགས་སམ་འཕྲེད་དམ་འཆོལ་པ་གོ་རིམས་སུ་མི་གནས་པ། ཉོད་པ་ནི་ཟས། རོད་པ་ནི་གོས། ཡོང་ཡེ་ནི་ངེས་པར་རམ་རྣམ་པ་ཀུན་ཏུའམ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་ཞེས་པ་ལྟ་བུ། བསྟིར་མེད་ནི་མནར་མེད་དམ་ངལ་གསོ་མེད་པ། སྤྲིབས་པ་ནི་ལྟོགས་པ། བྲུ་བ་ཚ་བ་ནི་བཀྲེས་པ། བས་པ་ནི་ཟད་པའམ་མཐའ་དག་པ། བརྣན་པ་ནི་ངེས་བཟུང༌། རམ་ཤག་ནི་འབྱོར་བ༑ མནངས་ནི་ནོམ་པའམ་སྲིད། མཐའ་གྲུ་དང་ཐག་གྲུ་ནི་རྒྱ་ཁྱོན། མནབ་རྩལ་ནི་ཁ་ཟས། གཡེར་པོ་ནི་མཁས་པའམ་གྲིམས་པ། ཁོས་རང་ཆབ་མི་འཚལ་བ་ནི་མདུན་མ་ཆུད་མི་ཟའོ། །
བསྐྱུད་པ་ནི་བརྗེད་པ། ཁད་ཀྱི་ནི་དལ་བུ། བྱུར་ནི་མྱ་ངན། ཡོལ་གོ་ནི་སྣོད། བསྙེངས་པ་ནི་འཇིགས་པ། བསྙེམས་པ་ནི་ང་རྒྱལ། ཡུག་པ་དང་ཡོབ་ཡོབ་ནི་རྐང་པ། སུག་པ་ནི་ལག་པ། ནེམ་ནུར་ནི་ཡིད་གཉིས། རྒྱ་ཅང་ནི་སྐ་རགས། གུར་བུ་ནི་གྲུ་བཞི། གྱི་ན་དང་གྱིན་འདར་ནི་དམན་པའམ་དོན་མེད་དམ་རང་བཞིན་པ། བརྟད་པ་ནི་གློ་བུར་བ། མི་ཡོགས་པ་ནི་མི་ཁེབས་པ། འུབས་པ་ནི་འདུས་པ། ཁུད་པ་ནི་སྐྱེས་སམ་རྫོངས། སླགས་པ་ནི་བཀོད་པ། ཕྱང་ཆད་ནི་ཐག་བཅད། ལ་གོར་ནི་མགྱོགས་པའམ་སྐྱེན་པ། མུར་འདུག་ནི་མུ་སྟེགས། ཅོ་འདྲི་ནི་མཐོ་འཚམ། གཞེར་བ་ནི་བསྟེན་པ། ཡེལ་འཕྱོས་ནི་ཟུང་འཇུག འཆོས་པ་ནི་ཟོས་པ། འདུ་འཕྲོད་ནི་ཚོགས་པ། ཕྱ་ལེ་བ་ནི་མཉམ་པ། ཆིབ་པ་ནི་ཁྱབ་པ། ཁོས་པ་ནི་འདུན་པ། ངོ་མཐོན་ནི་ནན་གྱི། མོལ་བ་ནི་གཏམ་མམ་གྲོས། ཚུད་མོ་མཁན་ནི་རྐོས་མཁན། གོ་འདུན་ནི་ཚོགས་ཤིང་འདུ་བ། གཞུར་བརྟག་ནི་ཟུར་ཟ་བ། ཉེར་བསྡོགས་ནི་སྟ་གོན། མྱག་ཕྲན་ནི་མདའ། གོར་མ་ཆག་པ་ནི་ཐེ་ཚོམ་མེད་པ། གོར་མ་བཀུམ་པའང་དེ་ཉིད། གནམ་རུ་ནི་གཞུ། སྤྲུག་པ་ནི་ཟད་པ། བཀར་བཏགས་ནི་ཁྲིམས་བསྒྲགས་པ། ཕུང་ཀྲོལ་ནི་དོན་མེད་པ། ལྷགས་པ་ནི་གཏད་པ། ཕྱར་གཡེང་ནི་རྣམ་གཡེང་དང་རང་ཉིད་འདོད་པའི་ཆོས་གཞན་ལ་ངོམ་ཞིང་སྒེག་པའི་དོན་ཡང་ཡིན། སྒམ་པ་ནི་ཟབ་པ། བགམ་པ་ནི་ཉམས་སད་པ། མནབས་པ་ནི་གྱོན་པ། རྩེག་ལོག་ནི་ཕྲན་ཚེགས་སམ་སྲེད་ཞེན་ཆེ་བ། ཚར་ཕྱིན་ནི་མཐར་ཕྱིན། དབབ་པ་ནི་འབེབས་པའམ་བཞག་པ། གཟས་པ་ནི་བརྡེག་པར་བརྩམས་པ། ཕོན་པོ་ནི་ཚོགས་པ། འཛེར་བ་ནི་སྨྲས་པའམ་ཟེར་བ། འཆེལ་བ་ནི་ཞེན་པའམ་འཆད་པ། ཐ་རམས་ནི་གཏམས་པ། ཕྱིས་བུ་ནི་སྣོད། རྩེར་ཕྱིབས་ནི་མཐར་ཕྱིན། གླལ་བ་ནི་ཁ་གདངས་སམ་རྣམ་པར་བསྒྱིངས་པ། ཀླུབས་པ་ནི་ཕུབ་པའམ་གྱོན་པ། གཡེམ་པ་ནི་འདོད་པ། མུ་ཅོར་ནི་ཁ་ཟེར་བ་དང་ཁ་དྲག གནམ་པོ་ནི་དྲང་པོ། འཇུག་པར། ཀྱེ་མ་གཞན་གྱི་གནམ་པོ་ཉིད། ཅེས་པ་ལྟ་བུའོ། །
ཁོར་ཟུག་ནི་ཁོར་ཡུག ཆབས་ཅིག་པ་ནི་ལྷན་ཅིག་པ། ཆུབ་པ་ནི་རྟོགས་པ། གོ་འདུན་ནི་སྣ་ཚོགས་སམ་གང་མོས། མོང་དུ་ཆུད་པ་ནི་ཁོང་དུ་ཆུད་པ། རླིབས་པ་ནི་རྒྱ་ཆེ་བ། མཆིལ་པ་ནི་ལྕགས་ཀྱུ། ལྕགས་ཀྱོ་ཞེས་པའང་དེ་ཉིད། འགྱེད་པ་ནི་འགྱོད་པ། ཟང་ཟིང་ནི་ཤའམ་ཟས། ཟང་ཟིང་སྦྱིན་པའང་གཙོ་བོར་ཤ་སྟེར་བའི་དོན་དུ་བཤད། འགྱེར་བ་ནི་སྤོང་བ། གེར་མ་ནི་རག་མ། རུམ་ནི་ལྟོ་བའམ་ཕག ཕོམ་པ་ནི་བུམ་པ། རྟོན་པ་ནི་འདོད་པའམ་རྗེས་སུ་འབྲང་བ། དོན་ལ་ནི་མི་རྟོན་ཚིག་ལ་རྟོན། འཕྱོ་བ་ནི་ལྡིང་བ། འགེམས་པ་ནི་འཇོམས་པ། སྙུགས་སུ་ནི་ཡུན་དུ། དབྲོག་པ་ནི་འཕྲོག་པ། གླེབས་པ་ནི་མནན་པ། རྗེན་པ་ནི་གཅེར་བུའམ་རྐྱང་པ། གལ་གྱིས་ནི་ནན་གྱིས་སམ་རྒྱལ་གྱིས། འཇེན་པ་ནི་ལེན་པ་དང་བཅགས་པ་དང་དངོས་པོ་ཡིད་དང་རྣ་བར་འཐད་པ་ལྟ་བུ་ལའང་ཡོད། རླུགས་པ་ནི་ལུག་པ་སྟེ་ཟས་མ་ཞུ་བ་ཕྱིར་བྱུང་བ། ནོངས་པ་ནི་ཉེས་པ། འཕྱེ་བོ་ནི་གོང་པོའམ་ཡན་ལག་མེད་པར་ལྟོ་བས་འགྲོ་བ། ཚུར་ཤེག་ནི་ཚུར་ཤོག ལྕེ་རྟེན་ནི་བརྗོད་པའམ་སྙད་འདོགས་པ། སྲིབས་པ་ནི་བསྒྲིབས་པའམ་གྲིབ་རི་དང་མཚན་མོ། སླག་པ་ནི་པགས་པའི་གོས། སྡོད་པ་ནི་འཕེན་པ། ཁོལ་མའམ་གླང་མིག་ནི་སྐར་ཁུང༌། འདི་དཀར་གསལ་དང་མུན་དཀར་ཟེར་བ་དང་བསྟུན་ན་དས་འཕུལ་ཐོབ་པར་སྣང་ཡང༌། འདུལ་བ་ལ་སྐར་ཚོད་བལྟ་བའི་རི་མིག་བཞག་པ་ལས་བཏགས་པའི་བརྡ་བཙན་པར་བྱས་པའོ། །
འགྲེམས་པ་ནི་འགྱེད་པ། གསེག་ཤང་དང་གསིལ་བྱེད་ནི་འཁར་གསིལ། སྤྱི་ཏོར་ཅན་ནི་གཙུག་ཏོར་ཅན། གསོང་པོར་སྨྲ་བ་ནི་སྔར་སྨྲ་བའམ་དྲང་པོར་སྨྲ་བ། དོ་ཀེར་ཅན་ནི་ཐོར་ཅོག་ཅན། དཔེ་མཁྱུད་ནི་ཆོས་སྟོན་འོས་པ་ལའང་སྦ་བ། འབེལ་བའི་གཏམ་དང་བཀའ་མཆིད་ནི་ཡང་དག་པའི་གཏམ། མཁྱུད་སྤྱད་ནི་མན་ངག་ཕྲན་བུ་སྦས་ཏེ་འཆད་པ། མུར་ཐུག་ནི་མཐར་ཐུག ཕོལ་བ་ནི་རྟོགས་པ། ལ་ཟླས་པ་ནི་ཐག་བཅད་པ། ལ་ཟློ་བ་ནི་མཐའ་འགེགས་པའམ་ཐག་གཅོད་པ། མི་ཆ་བ་ནི་མི་ཤེས་པ། ཆ་མེད་ནི་རྒྱུས་མེད། གཏོལ་མེད་པ་ནི་ཐབས་མེད་པའམ་རྒྱུས་མེད་པ། ཅི་གར་ནི་ཇི་ལྟར། ཅི་ཆིབ་ནི་མཐར་ཕྱིན། གར་ཅིག་ནི་གང་ཞིག སྨྱན་ཀ་ནི་གཉེན་ཀ འབགས་པ་ནི་ཉམས་པ། དམུན་པ་ནི་བླུན་པོ། ཤོ་བེ་ནི་རྫུན། ཤོབ་ཀྱང་དེ་ཉིད། ཤིད་ཟན་ནི་རོ་ཟན་ནམ་གཤིན་ཟས་སམ་དད་ཟས། ཤིད་ནི་གཤིན་པོ་ལ་དམིགས་པའི་དགེ་བ་བསྒྲུབས་པ། ཕྲུ་མ་ནི་ཕོ་བྲང་ངམ་དམག་སྒར། སྤོང་བ་ནི་རྩེ་བ། བརྟུན་པ་ནི་བརྩོན་པ། སྒོ་འཕར་ནི་སྒོ་གླེགས། སྤྱོས་པ་ནི་སྡིགས་པའམ་ཁྲོས་པ། སྙེམ་པ་ནི་གཡེལ་བའམ་སྙོམས་ལས། དབྱེ་ཚོང་ནི་ཚོང་ཁང༌། ཐང་ལ་ནི་བཀྲམ་པ། བསླན་པ་ནི་བསྡུས་པའམ་ཕྱོགས་གཏོགས། ཚོག་ཕོར་ནི་རྫོགས་པར། བདར་བ་ནི་བཅད་པའམ་གཞོགས་པ། གཟེངས་པ་ནི་བརྐྱང་པའམ་གཟི་བྱིན། འཆེག་པ་ནི་འཇིག་པ། གློས་པ་ནི་རྨོངས་པ། རྨེག་མེད་ནི་གཏན་མེད། གཡེན་སྤྱོ་བ་ནི་ཅོ་དྲིའམ་སྡང་བར་བྱེད་པ། གཡམ་ནི་ཞར། རྨེད་པ་ནི་གསོལ་བ། སློང་ཕོར་ནི་ལྷུང་བཟེད། བྱ་མ་རྟ་ནི་ཉན་རྣའམ་བང་ཆེན། བྲོ་འཚལ་བ་ནི་ནད་པ། ད་བུར་ནི་སྲེག་གནས། བསེལ་བ་ནི་སྐྱེལ་མའམ་འཇིགས་པ་ལས་སྐྱོབ་པ། གཙུག་ལག་ནི་སྡེ་སྣོད། བསོད་ཉམས་ནི་འདོད་པ་ལ་ལྷག་པར་ལོངས་སྤྱོད་པའི་མིང༌། བསྙད་པ་ནི་བཤད་པ། གོ་རེ་ནི་རྫོགས་པ། བརླང་པོ་ནི་རྩུབ་མོ། གཞོགས་སྟེགས་ནི་ཟུར་མིག་གམ་སྒེག་ཆོས། ཤུར་བུ་ནི་སྐ་རགས། འཛན་མོ་ནི་བགྲོད་བྱ་སྟེ་བུད་མེད། འཇུད་མཐུན་དང་འདོད་འགྲོ་དང་གཟུགས་འཚོང་ནི་སྨད་འཚོང༌། ལག་གི་བླ་ནི་ལས་དེ་དང་དེ་ལ་བསྐོས་པ། འཛན་ཕོ་ནི་བགྲོད་བྱེད་དེ་སྐྱེས་པ། སྐ་རགས་ཕོག་གུ་ཅན་ནི་སྐ་རགས་རྒྱན་ཅན། འཐབ་ཀྲོལ་ནི་གནོད་རྒྱུ། འགྲེ་བ་ནི་གཡོ་བ། དོ་ཟན་ནི་མཆིང་བུ། ལྕགས་ཕོད་ནི་སྐ་རགས་ཀྱི་རྒྱན། ཁོད་སྙོམ་པ་ནི་ཡིད་མི་དགའ་བའམ་སྒྱིད་ལུག་པ། དཀྱུས་མོ་ནི་མགྱོགས་པའམ་རྒྱུག་པ། དང་ལ་ནི་རྫིང་བུ། ཀླབ་པ་ནི་ལ་བ། དམ་རྒྱ་ནི་ཁྲིམས། ཞ་སྒྲེ་ནི་རྣ་མེད། ལྟག་སྒྲེ་ནི་ལྟག་ཐེར། གོར་མོ་ནི་སྡང་སེམས། རྣ་སྦྲང་ནི་མདེའུ། བཤུག་པ་ནི་བསླང་བ། པུས་མཁྱུད་ནི་སྒོམ་ཐག གཡར་ནི་ཁའམ་གདོང་ངམ་མདུན། ཧྭགས་ནི་བུ་རམ་གྱི་དྭངས་མའི་ཤ་ཁ་ར་སྟེ་འགྲེལ་པ་ཟླ་ཟེར་དུ་གལ་ལ་ཞེས་ཀྱང་གྲགས་པ། ཐགས་རན་ནི་བཏགས་པ། རྨས་པ་ནི་ཉམས་པ། མངན་ནི་མཐུ། དངར་ནི་གྲལ་ལམ་ཕྲེང་བ། གསུག་པ་ནི་རྔན་པ། བརྔན་ཞེས་པ་ནི་མཆོད་པ། རྣམ་འདལ་ནི་རྣམ་འདུད། འགྱེད་པ་ནི་གཏོང་བ། དབྲེས་པ་ནི་བརྗེས་པ། བསེན་ཁུས་པ་ནི་གཉེན་བསླུས་པ། བརྒྱད་བཀག་ནི་ཁ་སྨྲས་སམ་བཀྱོན་པ། འོ་ནི་ནི་འདི། བཟླུགས་པ་ནི་ཞུས་པའམ་དྲིས་པ། པོ་ཟོས་ཀྱང་ནི་ཇི་ལྟར་ཐོགས་ཀྱང་ཞེས་པ་སྟེ་ཡུལ་སྐད་ལ་པོ་མཐོ་ཡང་ཟེར། སྤྱོན་པ་ནི་འབོད་པའི་བརྡ་ཚུར་ཤོག་ཅེས་པ་ལྟ་བུའོ། །
བྱོན་ཅེས་པ་སླེབས་ཟིན་པའི་དོན་ཏེ་དིང་སང་བརྡ་ནོར་མང༌། འབྲོངས་པ་ནི་ཉེ་བར་བསྟེན་པ། བཤེས་སྤྲིང་དུ་མཐོ་རིས་བུ་མོས་འབྲོངས་ཤིང་ཞེས་པ་ལྟ་བུའོ། །
མི་སློན་ནི་མི་ཟློགས། སྨག་ནི་མུན་པ། གོ་ར་ནི་བཙོན་ར། ཡ་མ་བརླ་ནི་སྙིང་པོ་མེད་པའམ་མི་བདེན་པ། སླད་རོལ་ནི་ཕྱི་རོལ། ཆང་ཐུབ་ནི་གང་ཟག དོག་མ་ནི་མདུན། གེལ་པ་ནི་ཡལ་ག འཕག་པའམ་ཆ་བ་ནི་འཇུག་པ། རན་པ་ནི་ལྕུག་ཕྲན། རེང་བུ་ནི་འབྲེལ་མེད་དམ་རྐྱང་པ། མི་འགོང་ནི་མི་ཞུམ། ཐན་ཀོར་ནི་ཉེ་འཁོར། བོག་རེ་ནི་བ་གམ། མ་སྟེས་པ་ནི་མ་ལེགས་པ། སྟེས་དབང་ནི་སྟོབས་ཤུགས། གནའ་བོ་ནི་སྔོན། སྣ་བོ་ནི་གཙོ་བོ། མི་གུ་ནི་མི་ཞུམ། ཉེའུ་གྱི་ནི་བཅུད་ཚོར། ཉེན་ནི་རྨང༌། བེ་ནོ་ནི་འཛིན་པ། སྲོ་གང་ནི་ཁྲུས། དཀུ་མཉེ། དྲིལ་ཕྱི། མེ། སྟན་རྣམས་ཀྱི་མིང༌། འདི་ལ་བསྲོ་ཁང་ཞེས་པའང་སྣང༌། ཇེང་ནི་རྒྱུད་མངས་སམ་དབྱངས། རྨང་ལམ་ནི་རྨི་ལམ། གྱ་ཐོ་ནི་རྣ་རྒྱན། ལན་བོན་ནི་ལན་སློན། མདོང་མོ་ནི་མཇུག་དོའི་ནང༌། རྣིལ་ནད་ནི་སོ་རྙིལ་གྱི་ནད། རྔུབ་རེ་ནི་ཧུབ་རེ། ཆུ་བྲུབ་པ་ནི་ཁོལ་བའམ་རྦ་ཀློང༌། ཉུག་རུམ་ནི་རླིག་ཕྱུང་སྟེ་བཙུན་མོའི་འཁོར་དུ་འབྱུང་བ། ཞོགས་མ་ནི་སྟེང་གཡོགས། གཞའ་བ་ནི་མགུ་བ། གཞའ་ཚོན་ནི་འཇའ་ཚོན། བསྐྱད་པ་ནི་བསད་པའམ་འགྲན་པ། ཕྱི་བི་ནི་ཕྱི་རོལ། ཕ་བི་ནི་ཕ་རོལ། དགོན་དུང་ནི་ཆུ་མེད་པ། ཚ་སྒོ་ཅན་ནི་བ་ཚྭ་ཅན། མོང་བརྟུལ་ནི་བླུན་པོ། ལུང་བོང་དང་བན་ཀླང་ནི་བ་གླང༌། ཕོལ་མིག་ནི་འཁོར་ལོ། མཚུན་ནི་ལྷའམ་ཕ་མེས། འཆེས་པ་ནི་ཁས་ལེན་པ། འཕེའུ་ནི་གསོལ་བ། གཞའ་གསང་ནི་གཡུང་དྲུང་ངམ་འཕྲིན་ལས། དམ་དེམ་ནི་དམ་བཅའ། ཕྱང་སྤྲུལ་ནི་རྒྱན་ནམ་སྤུད་པ། དབུ་རྨོག་ནི་དབུ་འཕང༌། ཡིད་སྨོ་ནི་ཡིད་དགའ། གཉི་ཟེར་ནི་ཉི་ཟེར། སྦོན་པ་ནི་ཟ་བ། རྙོང་བ་ནི་བརྐྱང་པ། འབྱེར་བ་ནི་འགྲོ་བ། འདྲིད་པ་ནི་སླུ་བ། གཟོད་མ་ནི་དང་པོ༑ རིལ་ནི་ཐམས་ཅད། གཟེབ་ནི་གུར། ཀློང་དུ་གྱུར་ནི་དབང་དུ་གྱུར་པ། བཅིབས་པ་ནི་ཞོན་པ། མི་བཟད་པ་ནི་དྲག་པོ། དྲག་ཤུལ་མི་སྡུག་པ། གཅམ་བུ་ནི་བཅོས་མ། བརྐམ་པ་ནི་འདོད་ཞེན། བརྐམ་ཆགས་ནི་འདོད་ཆགས་ཆེ་བ། འཆོབས་ཤིག་ནི་གསོངས་ཤིག གཉོད་ཀ་ནི་འཁོས་ཀ གཡུང་བ་ནི་ཞན་པ༑ བརྟུན་ངེས་པ་ནི་གཟུ་ལམ་དང་རང་བཟོ། གཞིབ་པ་ནི་འཇིབ་པ། གླགས་པ་ནི་འཇུག་པའམ་འགྲོ་འཚམས། དོང་སྟེ་ནི་སོང་སྟེ། འདོང་བ་ནི་འགྲོ་བ། དཔེན་པ་ནི་མཁོ་བའམ་འཕངས་པའམ་ཡིད་དུ་འོང་བ༑ བཙོག་པོ་ནི་ཕོ་བཙོག རྙོང་ནི་གལ། ཇིས་ན་ནི་ཅིས་ན། ཏ་ལ་ལ་ནི་སྒྲོན་མེ། བསྙུངས་པ་ནི་ཉུང་ངུར་བྱས་པ། བསྙེན་སྲིང་ནི་ཉེ་རིང༌། སྦང་བྱེད་ནི་རྡོ་བ། ཀོས་ཐག་ནི་ཉམ་ཐག སྔ་མཁོ་ནི་སྔར་བཞིན། སྨྱུར་ཏེ་ནི་མྱུར་དུ། འོན་ཅིག་ནི་བྱོན་ཅིག ལྡེམ་པོ་ནི་དྲང་པོ་མིན་པ། ཉིང་ཏོར་ནི་ངེས་པར། བྱོས་ཤིག་ནི་གྱིས་ཤིག རངས་པ་ནི་དགའ་བ་དང་རིལ་པོ། ཁོང་འཁྱིད་ནི་ཁོང་འབྱིན། གཏུ་ལུམ་ནི་བཟི་བ། གྱུ་བ་ནི་བཀུར་བ། ཕོ་ཐེག་ཆེ་བ་ནི་ཁེངས་པ་སྟེ་ལྟ་བ་མཐོ་བའི་དོན། ཕོག་སྙན་ཆེ་བ་ནི་སྲན་ཆེ་བ། རྨེ་བ་ནི་སྨྲ་བ། རྨུན་པོ་ནི་བླུན་པོ། འཕན་པ་ནི་ཆག་པའམ་ཉམས་པ། ཆུའི་དངོ་ནི་ཆུ་ངོགས། གྲིའི་དངོ་ནི་གྲིའི་སོ༑ ཡོན་ཁར་བ་ནི་ཡང་དག་མིན་པ། འོར་འགའ་ནི་རེས་འགའ། འབྲུས་འགོགས་ནི་བརྩོན་འགྲུས། འབོགས་པ་ནི་བརྒལ་བ། འབོག་པ་ནི་བརྒྱལ་བ། བྱ་རྐོན་ནི་བྱ་རྒྱ། གཉིག་ཏུ་ནི་གཅིག་ཏུ། བློང་བ་ནི་རྨུགས་ཤིང་སོང་བ། བློ་བློང་ནི་ཡི་མུག་གམ་རིག་པ་མི་གསལ་བ། བློང་བློང་ཡང་ཟེར། གཞེན་འདེབས་དང་གཞན་བསྐུལ་ནི་དྲན་བསྐུལ། ཆད་པའམ་བང་སོ་ནི་དུར་གྱི་གནས། ཕོལ་ཏེ་ནི་ཕན་ཏེ། འུང་ནས་ནི་འདི་ནས། ཉིད་གྲུལ་ནི་རིགས་ངན། རྔད་མོ་ནི་དམོད་མོ། རང་ཉམས་ནི་རང་བཞིན། འགྲན་དོ་ནི་འགྲན་ཟླ། ཡིབས་སུ་ནི་དབྱིབས་སུ། བླ་ཁྱད་ནི་དྲེགས་པ། འུང་ཏེང་ནི་འོན་ཀྱང༌། འོར་པ་ནི་བོར་བ། ཕ་ལོགས་ནི་ཕ་རོལ། གྱིམ་ཤིང་ནི་རོལ་མོ། ཆོ་ལོ་ནི་རྒྱན་པོ། ཟུས་ནས་ནི་ཟུག་ནས། བློན་འདེབས་ནི་ཆོས་སྟོན་ནམ་ཟུར་ནས་གྲོས་འདེབས། གདས་པ་ནི་སྨྲ་བའམ་ཞུམ་པའམ་ཞུ་བ། སྣ་རུ་ནི་ན་རོ། འགྲོངས་ནི་རྨའི་སྒོ། མཆིས་འབྲང་ནི་ཆུང་མ། མ་དྲངས་པ་ནི་མ་དུལ་བ། གཞོངས་ནི་ལྗོངས། བུས་པ་ནི་བྱིས་པ། འཇེབས་པ་ནི་འགྲོགས་པའམ་ལེགས་པའམ་སྙན་པ། ནན་ཏུར་ནི་ཆད་ལས། ཡུས་ཏེ་ནི་བདེན་ཏེ། ཞ་འབྲིང་དང་ཞམ་འབྲིང་ནི་ཞབས་འབྲིང༌། རྨེན་ངན་ནི་ལྟས་ངན། གཏི་བ་ནི་སྨྲ་བ། སླད་བཞིན་ནི་ཕྱི་བཞིན། གཤོར་བ་ནི་རྩུབ་པ། འཕྱན་པ་ནི་འཁྱམ་པ། གཤོར་བ་ནི་སྣོད། ཀླག་ཅོར་ནི་ཅ་ཅོ། ཤེན་པ་ནི་བཤེན་པ། རྙིས་པ་ནི་རྙིངས་པ། སྨྱེ་བ་ནི་ཞན་པ། ལེའུ་གློན་པ་ནི་ལན་ལྡོན་པ། འདྲག་མཐིལ་ནི་ལག་མཐིལ། བུམ་བུ་ནི་བུམ་ཆུང༌། རྩིག་གུ་ནི་རྩིག་པ། བྲུངས་ཀྱང་ནི་ཀུན་ཀྱང༌། རེ་རྨ་ནི་བུད་མེད། ནན་ཐུར་ནི་ནན་ཏན། གཡུར་དང་ཡུར་ནི་གཉིད། སྒྲེའུ་ཆུང་ནི་འཛག་སྣོད། པར་ཏང་དང་དྲེའུ་རྔོག་ནི་སྟན་ཁྲ་བོ། སྨྱུགས་ནས་ནི་བཅུག་ནས། དཀུ་སྟེ་ནི་ལྷག་སྟེ། མ་ལ་ནི་ཀྱེ་མའམ་ཀྱི་འུད། ངོག་གོ་ནི་ནོན་ནོ།། མདུན་བདར་བ་ནི་མདུན་ནས་བསྟོད་པའམ་མདུན་དུ་བགྱིས་པ། ཐོང་ཁོར་ནི་གར་བུ། ལག་ཏུབ་ནི་སྒྱོགས། ལྡོངས་པ་ནི་ལོང་བ། དམིགས་བུ་ནི་ལོང་ཁྲིད། ངོག་ན་ནི་སོང་ན། མོད་མི་དམའ་བ་ནི་དཔངས་མཐོ་བའམ་ཕྲ་མོ་མ་ཡིན་པ། རྙོང་ངམ་བྱུག་པའམ་སྐྱང་ནུལ་ནི་ཞལ་བ། ཞལ་ཞལ་ཀྱང་དེ་ཉིད། ཐན་སྐོར་ནི་ཉེ་སྐོར། ཡུགས་ཤིག་ནི་བྱུགས་ཤིག ཟ་ཕོད་པ་ནི་ལྟོ་ཆེ་བ། ལྟུང་རུས་ནི་ལྟུང་འབྲས། འཛེར་ཏོ་ནི་ཟེར་ཏོ། དུགས་ཁང་ནི་ཁྲུས་ཁང༌། དཔྱ་བ་ནི་འཕྱ་བ། སྔ་ཟ་ནི་སྔ་བ། ཚང་མང་ནི་ནགས་ཚང་ངམ་མེ་ཁང༌། ཁུ་ཤ་ནི་ཤ་ཁུ། ཐམ་ལག་ནི་མན་ངག ལས་ཀན་ནི་ཁ་ཁྱེར་རམ་སྟེགས་བུ། གཞགས་པ་ནི་བརྒྱན་པ། འདྲུབ་པ་ནི་འཚེམ་པ། དྲུབས་པ་ནི་བཙེམས་པ། དེ་མོ་ནི་དགོས་པ། རྣམ་ཕྱིས་ནི་ཕྱི་ས་ཁང་པ༑ སྐུན་བུ་ནི་གཞོང་བུ། ཡ་གད་ནི་རྐང་རྟེན་ནམ་སྐས་ཀ ཅི་ཆོག་ནི་ཅི་ཡོད། ཐ་གི་ནི་ཞི་བ། རྒྱུ་ཁུ་ཅན་ནི་གཅེར་བུ་པ། གཟར་ཐག་ནི་དཔྱང་ཐག སླས་ནི་བཙུན་མོའི་འཁོར། གྱོང་རལ་ནི་ས་ཞག བཤུལ་ནི་ལམ། མད་པ་ནི་བདེན་པ། སྤྱན་པ་ནི་བྱ་ར་བ། ཆེམས་པ་ནི་འཕྲིན་པ། མདུན་ཁང་ངམ་བཀད་ས་ནི་འདུག་ས། འདུན་པ་ནི་ཚོགས་པ། ཚིག་གུ་ནི་འབྲས་བུའི་སྙིང་པོ། སྐྱེས་ཕྲན་ནི་དར་ལ་བབ་པ། ལྕེ་རྟེན་ནི་བརྗོད་པའམ་སྙད་འདོགས་པ། རེགས་པ་ནི་བྲེགས་པ། སྐྱོས་པ་ནི་ཉམས་པ། ཆུ་འདལ་བ་ནི་དལ་པོར་འདུག་པའི་ཆུ། ཉུལ་བ་ནི་བུལ་བའམ་འགོར་བ། གཞར་བ་ནི་མཐུན་པ། ཆན་པ་ནི་ཁྱེ་བོའམ་གྲི་གུག ལྡང་སྐོ་སྐ་དང་བསེ་ཁ་སྒོ་ནི་སེང་གེ་ཤ་ར་བྷ་སྟེ་སེང་གེ་རྐང་པ་བརྒྱད་པའི་མིང༌། ཆེད་འགའ་ནི་རེས་འགའ། སྐྱོ་ངོགས་ནི་འཁྲུག་པ། བགས་ཀྱི་ནི་རིམ་གྱི། ནོད་པ་ནི་ལེན་པའམ་ཐོབ་པ། བརླ་བརྙན་ནི་སྣོན་པ། ཚང་ཐུར་ནི་གོས་ཤུབས། བརྙན་པ་ནི་གཡར་བ། བརྙས་པ་ནི་གཡས་པ། སྐབས་ཐོབ་ཉོས་པ་ལའང༌། ཡུ་བུ་ནི་རང་རེའམ་བདག་ཅག ཁོམ་པ་ནི་དལ་བ། ཕོ་ལོང་ནི་གྲུ་གུ། ཕྱག་ལས་ཁོམ་ནི་ར་རོ་བ། དགུམ་པ་ནི་གསོད་པ། འགུམ་པ་ནི་འཆི་བ། བཀུམ་པ་དང་གུམ་པ་ནི་བསད་པའམ་ཤི་བ། རྨེད་དུ་ནི་གསོལ་དུ། འཁོབ་པ་ནི་ངན་པའམ་མཐའ། རྫི་ནི་རླུང༌། འཁྲུན་རིང་ནི་མཆུ་རིང་ངམ་དཀྱུས་རིང༌། བརྣོགས་པ་ནི་བསྡམས་པའམ་སྦས་པ། མནགས་པ་ནི་བཟོད་པའམ་བསྲན་པ། དྲལ་པོ་ནི་མིང་པོ། ཆེ་ཞེ་ནི་ཨ་ཆེའམ་སྲིང་མོ། འབྱེས་པ་ནི་མཛེས་པའམ་མཚམས་ཕྱེད་པ། སྤུ་ལ་བབ་པ་ནི་རུང་བ། མི་ཆོག་ནི་མི་ཕོད། ཤིང་ཐགས་ནི་ཅོག རྩང་ནན་ནི་བཏུང་བ། འཐམས་པ་ནི་བྱམས་པ། འཁམས་པ་ནི་བརྒྱལ་བ༑ སྡུམ་མཚེས་ནི་ཁྱིམ་མཚེས། དབང་ཐང་ཆེ་བ་ནི་སྐལ་བ་ཆེ་བའམ་དཔལ་ཆེ་བའམ་སྐལ་བ་བཟང་བ༑ མ་ནངས་པ་ནི་མ་ལངས་པ། ནངས་ཀྱི་ནི་སྔོན་གྱི། གཡེར་བག་ནི་སྣང་གཡེལ་ཅན། བརླམས་པ་ནི་བསྐྱོད་པ། སྒྲེ་བོ་ནི་ས་རྗེན། འོད་པ་ནི་ཡོད་པ། མིག་གི་རྡུ་མ་ནི་མིག་གི་དྲི་མའམ་སྐྱོ་མ། སྦལ་དུ་ནི་དོང་དུ༑ ཕྱུགས་ཕྱུང་ནི་གཞོན་ནུ་མ། སྣོག་གཟན་ནི་འཁུར་བ། བྱ་མོ་ལབ་ནི་མཆོད་རྫས། ལན་ཀན་ནི་པུ་ཤུ། རྒྱུན་ལུགས་ནི་རྒྱུ་འགྲུལ། གཡར་འདྲེན་ནི་སྤྱན་འདྲེན། གཡར་ལེན་ནི་ཁས་ལེན། གཡར་དམ་ནི་དམ་བཅའ། གཡར་ལམ་ནི་མདུན། གཡར་ཁྲལ་ནི་ཁ་ཁྲལ་ལམ་ངོ་ཁྲལ། གཡར་ཚ་ནི་ངོ་ཚ། གཡར་ཁམས་ནི་སྐུ་ཁམས། གཡར་ངོ་ནི་གདོང༌། སྒེའུ་ཆུང་ནི་འགྲོ་བ། སྒེའུ་གཤེར་ནི་ཁ་འདམ་སྟེ་བཅའ་སྒ་དང་རོ་ནུས་ཆ་མཐུན་ཞིག་གི་མིང༌། དྲུང་ནི་རྩ་བ། འགྱུར་བྱེད་ནི་པྲ་ཆལ། མི་ངས་ནི་མི་ནད་དམ་རིམས་ནད། ཞལ་ཚུས་ནི་ཞལ་ཟས། །ལོང་བུ་ནི་ཤིང་ཏོག འོས་པ་ནི་གཅེར་བུ་པ། རྩེན་པ་ནི་རྩེ་བའམ་རོལ་བ། བླ་གབ་ནི་སྟེང་གཡོགས། ཐོམས་ཤིག་ནི་སོམས་ཤིག མཐོལ་བ་ནི་སྨྲ་བའམ་མི་སྦེད་པ། བཤོས་པ་ནི་འཁྲིག་པ༑ གཏམ་འདྲེས་པ་ནི་ཕེབས་པར་སྨྲ་བ། སྨོན་འདྲིན་ནི་གྲོགས་པོ། ལྟག་འོག་ནི་སྔ་ཕྱིའམ་གོང་འོག སྤུན་པ་ནི་བསྟུན་པ། ཐོག་ཐོག་ནི་དང་པོ། རེག་ཟིག་ནི་ཟིན་བྲིས། བོན་པ་ནི་ཟླས་པ། ནེའུ་ལྡང་ནི་ན་ཟླ། སྒོག་པ་ནི་སྒོག་སྐྱ་སྟེ་ར་སུ་ནའམ་ལ་ཤུ་ན། ཀུན་དོང་ནི་བཙོང་སྟེ་པ་ལཱ་ཎུ། ཀེའུ་ནི་རི་སྒོག ཧམ་ཤང་མཚེའུ་ནི་དབང་ལག ལིག་ཤི་ཝེར་ནི་ཛཱ་ཏི་སྟེ་སྣ་མའི་མེ་ཏོག ཀྲུ་ཀྲུ་ཏྲེས་ནི་ཙི་ཏྲ་ཀ ཇ་ཧོང་ནི་བཙོད་མདོག སླད་ཚ་ནི་མི་གཙང་བའམ་བཤང་བ། ཐོབ་ཀྱིས་འཇལ་བ་ནི་ཐབས་ཀྱིས་གཞན་ནོར་འགུགས་པ༑ ཤ་ཆགས་པ་ནི་བློ་ལ་ཡོད་པའམ་བབ་ཐོབ་ཡོད་པ་དང་འཐུག་པའམ་བརླིང་བ། ངག་འཁྱལ་ནི་འབྲེལ་མེད་དུ་སྨྲ་བ། ཀྱལ་ག་ནི་ཀུ་རེའི་ཚིག བསྟང་བ་ནི་མགོན་ནམ་གྲོགས། བསྟིངས་ཚིག་ནི་སུན་འབྱིན་པའི་ཚིག་སྟེ་མི་ངན་པ་ལ་མི་ཡ་མཚན་ཅན་ཅེས་བརྗོད་པ་ལྟ་བུ། དུས་པོ་ཆེ་ནི་འཛིན་པ་ཆེ་བ། སྟོངས་པ་ནི་ཕན་པའམ་གྲོགས། དཀོར་དང་ཀ་ཅ་ནི་ནོར་གྱི་སྤྱིའི་མིང༌། དཀྱེལ་ཆེ་བ་ནི་ཁོང་ཡངས་པ། ཆུ་གང་ནི་སྙིང་སྟོབས། བཀྲབས་པ་ནི་མང་པོའི་ནང་ནས་བདམས་པ། བསྐྲུན་པ་ནི་བསྐྱེད་པའམ་བཙུགས་པ། སྐྲུས་པ་ནི་གཅོད་པ། སྒྲུན་པ་ནི་འགྲན་པ། བསྐྲུ་བ་ནི་གཞན་ལ་ཐབས་ཀྱིས་འབྲིད་པ། བསྐ་བ་ནི་གར་བའམ་རོའི་ཁྱད་པར། སྐྱིན་གོར་ནི་གངས་སྦལ་ལམ་རྩངས་པ། མི་འགོང་བ་ནི་མི་སྐྲག་པ། དབོས་པ་ནི་སྦོས་པ། དངན་འཐེན་ནི་གཞན་གྱི་ནོར་ཁྱེར་བ་ཕྱིར་མི་གཏོད་པ། ཟིལ་དངར་ནི་བདུད་རྩི། བཅོམ་བསྐྱུངས་ནི་འཇིགས་ནས་སྐད་ཆུང་ངུར་སྨྲས་པའམ་ཁ་རོག་འདུག་པ། མན་ནི་ཚོད་དང་དུས། འཇུངས་པ་ནི་ཞེན་ཆགས་ཆེ་བ། ཉིང་ཤ་ནི་རང་གི་ཤ། ཇུ་བོ་ནི་རྡོ། ལག་ཉ་ནི་བྱིན་ལེན་མ་བྱས་པར་ལེན་པ། ཉེ་རེག་ནི་ཁྲུས། མཆིག་དང་མཆིག་གུ་ནི་མས་གཏུན་དང་ཡས་གཏུན། ཤ་ཀོན་ཞུགས་པ་ནི་ཁོན་ཡོད་པ། མཉེལ་བ་ནི་ངལ་བ། ཕྱག་བརྙན་ནི་འཁོར་གཡོག སྤྱོ་བ་དང་བརྒྱད་པ་ནི་འཐབ་པའམ་སྨད་པ། སྐྲ་བརྙན་ནི་སྐྲ་ཚབ། སྒྲ་བརྙན་ནི་བྲག་ཆ། གཏམས་པ་ནི་ཁེངས་པའམ་བཅོལ་བ། བལྟམས་པ་ནི་སྐྱེས་པའམ་འཁྲུངས་པ། རྟུལ་ཕོད་ནི་སྙིང་སྟོབས་ཆེ་བ། བརྟུལ་ནི་བསྡུས་པའམ་འཇམ་པ། དགུང་ནི་གནམ། མཚན་མོ། དགུང་ལོ་སོགས། གདུགས་ནི་ཉི་མའམ་ཉིན་པར། འཁྲུན་ནི་འཕང་ངམ་སྲིད། ཁོ་ལག་ནི་ཞེང་ངམ་སྦོམས། བདའ་བ་ནི་ཞིམ་པ། འདྲེན་མ་ནི་སྣ་ཚོགས་འདྲེས་པའམ་ཁྲ་བོ། བླ་བརྡོལ་ནི་བླ་ཅོལ། མནག་དཀའ་དང་མནོག་ཆུང་ནི་སྲན་དཀའ་དང་ཁེ་ཆུང་བ། འཕྲལ་བ་ནི་དཔྲལ་བ། ཕྱང་ངེ་བ་ནི་འཇོལ་ལེ་བ། བྱུག་རིས་ནི་གྲལ། རྩེ་རྒོད་ནི་ལྷ་འབངས། ནང་བྱན་ནི་གཡོག མཚག་བཟང་བ་ནི་ཉམས་རྒྱས་པའམ་ཡན་ལག་དང་ཉིང་ལག་རྒྱས་པ། མཚལ་ལུ་ནི་རྟིང་དཀར། འཚལ་མ་ནི་ཟས་སམ་ལྟོ༑ འཚལ་ནི་ཤེས་པའམ་ཆོག་པའམ་འདོད་པ། འཁུམས་པ་ནི་ཐོས་པའམ་ཤེས་པ། ནུ་རྫི་ནི་ཉིང་ཁུ། གཞེས་པ་ནི་སྡོད་པའམ་བཞུགས་པ། བསྐལ་བ་ནི་བར་ཆོད་པའམ་རྒྱང་རིང་བ། གཞིབ་པ་ནི་འཇིབ་པ། མ་རྟབས་པ་ནི་མི་རིངས་པ། རླམ་ཁྱེར་ནི་ཧམ་ཁྱེར། བརྟགས་པ་ནི་གུས་པའམ་སྒྲིན་པ། གསུད་པ་ནི་སྒྲེགས་པ། གཤུང་བ་ནི་ངོས་ཀྱིས་སྐྱོན་བརྗོད་པའམ་ཤུབ་བུས་སྨོད་པ། སྐྱེལ་བདར་ནི་སྐྱེལ་གླ། དྲི་དཀུ་བ་ནི་དྲི་མི་ཞིམ་པའམ་དྲི་ཚ་བ། འགོང་བ་ནི་སྨད་པ། མངག་གཞུག་དང་ཅི་བགྱི་ནི་གཡོག་པོ། ཤིན་ཏེ་མ་མེད་པ་ནི་སྙིགས་མ་མེད་པའམ་ཆུད་ཟ་བའམ་ཉམ་ཆུང་བ་མེད་པ། སག་རྩ་སྐྱེལ་བ་ནི་སྦུངས་སྐྱེད་པའམ་དམ་བཅའ་བརྟན་པ། སྐྱོ་མ་ནི་ཕྲ་མ་དང་ཕྱེ་བ། སྲིལ་ནི་སྲོག་ཆགས་མུག་པ། སྐྱུ་རུམ་ནི་ཚོད་མ། བྱ་ན་ནི་ཚོད་མའམ་སྤགས་མ། སྤུན་པ་ནི་བསྲེས་པ། སྤེན་ཏོག་ནི་རྒྱན། སྤ་བ་ནི་མཛེས་པའམ་བྱིན་ཆགས་པ། སྤྱོམས་པ་ནི་ངོམ་པའམ་བདག་བསྟོད། ལ་གཅན་པ་ནི་ལའི་ཚུགས་པ། ཤོ་གམ་པ་ནི་ཡུལ་གྱི་ཚུགས་པ། གྲུ་བཙས་པ་ནི་གྲུ་ཚུགས་པ། དོན་མཐུན་ནི་ཚོང་པ། འགྲོན་པོའང་དེ་ཉིད། སྟ་ཟུར་ནི་དཔྱི་མགོ སྤོན་པ་ནི་གཏོང་བ། སྤུན་པ་ནི་རྫུན་པ། རྗེ་བཙན་ནི་རྗེ་བཙུན། དངགས་ནི་ངག བླ་ནི་རུང་ངམ་བཟོད་དམ་ཆོག ཀླད་ནི་གོང་ངམ་སྟེང༌། དབྱིག་ནི་ནོར། སོ་སྟོ་ནི་སོ་ཟིང༌། སྤྱི་ཅེར་ནི་སྤྱི་ཐེར། བཟླུམས་པ་ནི་བསྡུས་པ། བརྗེད་པ་དང་རིམ་གྲོ་དང་བཙུན་པར་བྱ་བ་ནི་བཀུར་སྟི་དང་མཆོད་པའི་མིང་གི་རྣམ་གྲངས། བཀུས་ཏེ་བོར་བ་ནི་ཁུ་བ་བཏོན་པའི་སྙིགས་ལྟ་བུ། ཆབ་མི་འཚལ་བ་ནི་ཆུད་མི་ཟ་བ། ཕྱིད་ནི་དར་ཡོལ་བའམ་རྒན་པོ། སླེ་འདམས་པ་ནི་མཚན་མ་ཆད་པ། མཚན་བར་རྡོལ་བ་ནི་མོ་མཚན་གྱི་ནད། སྤྱི་བརྟོལ་ཆེ་བ་ནི་དཔྲལ་ཀོ་འཐུག་པ། དམུས་པ་ནི་ཚི་ཆད་པ། སྨེག་པ་ནི་ཉམས་དང་འཁོས་ཀ་ཁ་ཅིག་ཏུ་རྩ་བའམ་ལྷག་མ། སྨྲིག་ནི་གོས་ཚོས་མ། ངུར་སྨྲིག་ནི་གོས་དམར་སེར་ལ་གྲགས་ཀྱང་ཚོས་སྙིགས་མས་བཙོས་པའི་དོན་ཡིན། ག་གོན་དང་ཚོན་མོ་སྟེང་ནི་ཞ་ཉེ། རོ་ཉེ་ནི་ཞ་ཉེ་ནག་པོར་ཡན་ལག་བརྒྱད་པའི་འགྲེལ་བ་ཟླ་ཟེར་ལས་བཤད། སྤྲབས་པ་ནི་ཟས། བཏོགས་པ་ནི་ཕྲོགས་པ། གོ་རེ་ལོང་ནི་གད་བྱེད་པ། སྨྲེ་ཞེས་པ་ནི་སྡུག་བསྔལ། ཡན་ལག་སྐྱེས་ནི་ཕོ་མཚན། རྨྱ་བ་ནི་ཉམས་པ། གཏམས་པ་ནི་བཤད་པའམ་བསྟན་པ། ཁུད་དུ་བྱས་པ་མང་པོའི་ཡིན་པ་བདག་ཉིད་གཅིག་པུས་དབང་དུ་བྱས་པ། དགའ་འདུན་ནི་སྐྱེས་པའམ་བུད་མེད་རྐྱང་པ་དགའ་སྤྲོ་ལ་ཚོགས་པ། ཚོགས་ཅན་མ་ནི་སྨད་འཚོང་མའི་ཚོགས་ལ་ཟེར་བའང་སྣང༌། མཉེས་པ་ནི་ལེགས་པའམ་གྲོས་མཐུན་པ། མི་བཀྱིག་པ་ནི་མི་བརྒྱང་བའམ་མྱུར་བ། སྤུ་བསྙལ་བ་ནི་ཉེས་པ་བཤགས་པའམ་ཞེ་སྡང་ཞི་བ། སྤུ་སྙོལ་བ་ནི་ལུས་ངག་ཡིད་ཀྱི་ཞེ་སྡང་ཞི་བར་བྱེད་པ། ཆགས་རྒྱ་ནི་བུ་ལོན་བདའ་བའི་དཔང་རྒྱ་སྟེ་ཡི་གེ་བཅུག་པ། ཁ་ཕྱིན་པ་ནི་གྲོས་མཐུན་པ། བྲུ་བ་ནི་ལྟོགས་པའམ་བཀྲེས་པ། སྨན་བཏགས་པ་ནི་ཕན་བཏགས་པ། རྣལ་དུ་ཕབ་སྟེ་ནི་གཞན་གྱི་འཚེ་བ་མེད་པར་རང་དབང་དུ་གནས་པ། བཟེ་རེ་ཅན་ནི་སྲན་ཆུང་བའམ་གཞོན་ཤ་ཅན། ཆུམས་པ་ནི་ཆགས་པ། འཚལ་མ་འཚལ་ནི་ཟན་ཟ་བ། བརྙན་པ་ནི་གཡར་བ། བླ་ན་ནི་སྨྲ་བའམ་ཟེར། ཁ་དུམ་པ་ནི་འཆམས་པའམ་མཐུན་པ། ཆེ་བཞི་ནི་བདེན་དཔང༌། སྐུགས་སུ་བཙུགས་པ་ནི་རྒྱལ་བཙུགས་པ། སྤྱོས་པ་ནི་འཐབ་པའམ་ཁ་སྨྲས། གཞོངས་སྤྱོད་པ་ནི་ལྗོངས་རྒྱུ་བ། ཆུང་པ་ནི་ཞིང་པ། དུས་ཀྱིས་འཆུ་བ་ནི་དབང་གིས་འཆུ་བ། བཟང་མཁན་ནི་གོས་བཟོ་བ། སྤང་བ་ནི་མི་འཇིགས་པ། འགྲོང་གིས་འགྲོང་ལ་སྦྱར་བ་ནི་ཕོ་མཚན་གྱིས་ཕོ་མཚན་ལ་སྦྱར་བ། སྨྱུགས་པ་ནི་བཅུག་པ། དཀྲེ་ནི་ཕོ་མཚན་གྱི་ཏོག སྤོགས་བགྱིད་པ་ནི་ཚོང་ཁེ་བ་ན་རྒྱག་ཅིང་མཉམ་པ་དང་གྱོང་བྱུང་བ་ན་མི་རྒྱག་པ་དང་མོད་ཉོ་དཀོན་ཚོང་ལའང༌། ཀོག་རྩེ་ནི་རྒྱའམ་རྙི་རྙོང་ངོ༌། །
ཐོར་ཏོ་ནི་རྩེ་མོ། བཏུངས་པ་ནི་བསད་པ། སྐྲི་ཤིག་ནི་ཐོང་ཤིག བཤེས་གཉེན་ནི་ཡོན་ཏན། དཔུང་ཚོགས་ཡན་ལག་བཞི་རྨོངས་བཏབ་བམ། ནམ་སྲོས་ཀྱི་བར་དུ་བྲོངས་ཤིག ཆུ་ལོན་ནི་རགས། མ་རེག་ཙམ་དུ་དྲུང་དུ་བསྙེན་ཏེ་ནི་ཉེ་བ། གནས་ནས་སྤེད་པ་ནི་གནས་ནས་ཕྱུང་བ། ཉེ་ཞོ་མེད་པ་ནི་ལེགས་པའམ་སྐྱོན་མེད་པའམ་བཀྲ་ཤིས་པ་ལ་སོགས་པ་སྟེ་རྒྱས་པར་ན་སྔ་འགྱུར་གྱི་གསུང་རབ་རྣམས་རྒྱ་ཆེར་བཀླགས་པ་ལས་ཤེས་པར་འགྱུར་གྱི་མཐའ་དག་པ་ནི་ཡི་གེའི་ལས་སུ་ཆེ་ལ། འོན་ཀྱང་ཅུང་ཟད་བརྗོད་པས་བློ་གྲོས་ཀྱི་འཇུག་པ་འཕེལ་བའི་ཐབས་སུ་མཐོང་ནས། བཅོམ་ལྡན་རིག་རལ་དང༌། དབུས་པ་བློ་གསལ་ལ་སོགས་པས་མཛད་པའི་ཡི་གེ་ལས་ཀྱང་ཇི་ལྟར་རིགས་པར་བཏུས་ཤིང༌། དཔལ་ལྡན་བླ་མ་ལོ་ཆེན་གྱི་གསུང་ལས་འབྱུང་བའང་བསྣན་ཏེ་བྲིས་པའོ། །
ཡང་འདིར། ལེགས་སྦྱར་གྱི་སྐད་ཟུར་ཆག་པས་བརྡ་རྙིང་པར་འཁྲུལ་པའང་འགའ་ཞིག་སྣང་སྟེ། ཨབ་ཅེས་པ་ཆུའི་སྐད་དོད་ཡིན་པ་དང༌། མར་ཆུང་ངུ་ལ་སྟོ་ཀ་ཞེས་པའང་ཆུང་ངུའི་སྐད་དོད་ཉིད་ཡིན་པ་དང༌། ཀོལ་མ་ཞེས་པ་གཟན་དྲོན་གྱི་མིང་དུ་ཡོད་པའང༌། ཀུལྨཱ་ཥ་ཟུར་ཆག་པ་དང༌། སྨན་དཔྱད་ལས་ནི༑ མོན་སྲན་སྡེའུ་སྲན་ཆུང་ལ་སོགས་པ་བཙོས་ནས་ཤིང་ཀུན་ལ་སོགས་པ་སྤོད་དུ་བཏབ་པའི་ཐུག་པ་ལ་འདོད་དོ།
ཨ་ཎུ་ཞེས་པ་ཆུང་ངུའམ་ཕྲ་མོའི་སྐད་དོད་ཡིན་པ་ལ། ཨ་ནུ་ཞེས་གྲགས་པ་དང༌། མི་ཁེངས་པ་ཆེ་བ་ལ་མི་འགར་པོ་ཞེས་ཟེར་བའང༌། གརྦ་ཞེས་པ་ང་རྒྱལ་གྱི་སྐད་དོད་ཟུར་ཆག་པ་དང༌། མི་སྒྲོབ་ཆེ་བ་ཞེས་པའང༌། ཨཱ་ཊོ་པ་ཞེས་པ་བརྗིད་པའམ་བསྒྱིངས་པ་ཟུར་ཆག་པ་དང༌། ཀིངྐ་ར་ཞེས་པ་ཅི་བགྱི་སྟེ། ལས་བྱེད་དམ་ཕོ་ཉའམ་གཡོག་གི་སྐད་དོད་དུ་ཟུར་ཆག་པས་གིང་པ་དང༌། གིང་ཕོ་གིང་མོ་ཞེས་གྲགས་པ་དང༌། སྠུ་ལ་ཞེས་པ་སྦོམ་པོ་དང་རགས་པ་དང་རྒྱ་ཆེ་བའི་སྐད་དོད་ཟུར་ཆག་པས་ཐུལ་ཆེ་བ་ཞེས་པ་དང༌། དྷཱུ་ལི་ཞེས་པ་ཟུར་ཆག་པས་རྡུལ་ཞེས་པ་དང༌། བྷཱུ་ཀ་ཟུར་ཆག་པས་བུག་པ་ཞེས་པ་དང༌། བྲཱ་ཧྨ་ཎ་ཞེས་པ་ཚངས་པ་ལས་བྱུང་བ་སྟེ་ཟུར་ཆག་པས་བྲམ་ཟེ་དང༌། ཕལྐ་ཞེས་པ་རི་མོའི་སྐད་དོད་ཟུར་ཆག་པས་འཕལ་ཀ་དང༌། ཀལྦའང་བསྐལ་པ་ཞེས་པ་བོད་ཀྱི་བརྡར་མཛད་པ་དང༌། ལཀྵྨཱི་ཀ་ར་ཞེས་པ་དཔའ་མཛད་དེ། ཟུར་ཆག་པས་ལེགས་སྨིན་ཀ་ར་དང༌། པིཎྚ་པ་བསོད་སྙོམས་པ་ཞེས་པ་སྟེ། ཟུར་ཆག་པས་པེ་ཉ་བ་དང༌། པེན་ད་བར་འདོན་པ་དང༌། བི་ཧཱ་ར་ཞེས་པ་གཙུག་ལག་ཁང་པ་ཞེས་པ་སྟེ། ཟུར་ཆག་པས་དཔེ་ཧར་དང་དཔེ་དཀར་དུ་བོད་པ་དང༌། ཨིནྡྲ་ནཱི་ལ་ཞེས་པ་དབང་སྔོན་ཏེ། ཟུར་ཆག་པས་ཨནྡ་རྙིལ་ཞེས་པ་དང༌། ཨ་མི་ཏཱ་བྷ་ཞེས་པ་འོད་དཔག་མེད་དེ་ཟུར་ཆག་པས་ཨ་མི་དེ་ཝ་དང༌། ཨཱརྱཱ་ཝ་ལོ་ཀི་ཏ་འཕགས་པ་སྤྱན་རས་གཟིགས་ཞེས་པ་ཟུར་ཆག་པས་ཨཱརྱ་པ་ལོ་དང༌། པུསྟ་ཀ་གླེགས་བམ་གྱི་སྐད་དོད་ཟུར་ཆག་པས་པོ་ཏི་ཞེས་པ་དང༌། སུ་ཏྲ་ཛཱི་ཝ་བུའི་འཚོ་བ་ཞེས་པ་ཟུར་ཆག་པས་འབོ་དེ་ཙི་དང༌། རུ་དྲཱ་ཀྵ་ཞེས་པ་དྲག་པོའི་མིག་ཅེས་པ་ཟུར་ཆག་པས་རག་ཤ་དང༌། སིནྡྷཱུ་ར་ཞེས་པ་ལི་ཁྲིའི་སྐད་དོད་ཟུར་ཆག་པས། སེ་འདུར་ར་དང༌། ཀུངྐུ་མ་ཟུར་ཆག་པས་གུར་གུམ་དང༌། གུགྒུ་ལ་ཟུར་ཆག་པས་གུ་གུལ་དང༌། བིམྤ་ཞེས་པ་སྐུ་གཟུགས་ཀྱི་སྐད་དོད་ཟུར་ཆགས་པས་འབུམ་པ་དང༌། འབི་འབི་ཞེས་པ་དང༌། གཉྫི་ར་མཛོད་ལྡན་ཏེ་ཟུར་ཆག་པས་འགན་འཇི་ར་དང༌། ན་ཀུ་ལ་རིགས་མེད་དེ་ཟུར་ཆག་པས་ནེའུ་ལེ་དང༌། པ་ཏཱ་ཀ་ཟུར་ཆག་པས་བ་དན་དང༌། སཱ་ཙྪ་དམ་པའི་གཟུགས་བརྙན་ཏེ་ཟུར་ཆག་པས་ཚ་ཚ་ཞེས་པ་དང༌། མུཀྟི་ཀ་གྲོལ་ཅན་ཏེ། ཟུར་ཆག་པས་མུ་ཏིག་དང༌། ཀེ་ས་ར་ཞེས་པ་རལ་པ་ཡིན་པ་ཟུར་ཆག་པས་གེ་སར་དང༌། བྱཉྫ་ན་ཞེས་པ་ཚོད་མའམ་ཟས་སྤགས་མ་ལ་འཇུག་པ་ཟུར་ཆག་པས་བྱ་ན་དང༌། བྷེ་ཀ་སྦལ་པ་ལ་འཇུག་པ་ལ་མི་གཅེར་བུར་འཛིངས་པ་ལ་སྦེ་ཀ་ཞེས་པའང་ཟུར་ཆག་པ་དང༌། དྷིཀ་ཅེས་པ་ངན་པའི་སྐད་དོད་ཟུར་ཆག་པས་མི་གླན་པ་ལ་དིག་པ་དང༌། ས་ཧོ་ར་ཞེས་པ་རྒྱ་གར་གྱི་རྒྱལ་རིགས་ཡན་གར་བ་ཞིག་གི་མིང་ཟུར་ཆག་པས་ཟ་ཧོར་ཞེས་པ་དང༌། ཀ་ཊོ་ར་ཞེས་པ་སྣོད་ཀྱི་སྐད་དོད་ཟུར་ཆག་པས་ཀ་ཏོ་ར་དང༌། ལ་ཧུ་ཞེས་པ་ཡང་བའམ་མྱུར་བའི་སྐད་དོད་ཟུར་ཆག་པས་ལ་མོ་དང་ལ་གོར། མ་ཧཱི་རྵ་སར་ཉལ་གྱི་སྐད་དོད་ཟུར་ཆག་པས་མ་ཧེ་དང༌། བཟླས་པའི་སྐད་དོད་ཛ་པ་དང༌། ཛ་བྟི་ཟུར་ཆག་པས་འཛབ་ཅེས་སྔགས་ཀྱི་མིང་དུ་འཁྲུལ་པ་དང༌། ཏྲི་ཀ་ཞེས་པ་རི་མོ་ཉིས་རིམ་དང་ཁྲོན་པའི་མུ་ཁྱུད་ཀྱི་སྐད་ཟུར་ཆག་པས། པྲི་ཀ་དང༌། དགོག་(འདི་ལ་ལྐོག་ཟེར་བའང་ཡོད་)ཏུ་ཕྱིན་པ་ནི་རྒས་པ། གོ་ལ་ཟླུམ་པོའི་སྐད་དོད་གོ་ར་ཞེས་པ་དང༌། རིན་པོ་ཆེ་དུ་མ་ཕྱོགས་གཅིག་ཏུ་བཞུ་བ་གསེར་དམར་པོར་གྲགས་པ། ཛྷཻ་ཀྵི་མ་ཞེས་པ་ལ་ཟི་ཁྱིམ་དང༌། མགྲིན་པའི་སྐད་དོད་གྲཱི་བ་ཟུར་ཆག་པས་གྲེ་བ་དང༌། སྒྲོན་མེའི་སྐད་དོད་ཏ་ལ་ལ་ཟུར་ཆག་པས་ཏལ་ཙམ་དང༌། ཏལ་སྦྱིན་སོགས་མཐའ་ཡས་པར་སྣང་ཞིང༌། ཡང༌། ཁ་ཅིག་གིས་ལེགས་པར་སྦྱར་བའི་སྐད་དང༌། བོད་སྐད་ཤན་མ་ཕྱེད་པར་བོད་སྐད་ཀྱི་འབྲུ་བསྣན་པ་མཐོང་སྟེ། དེ་ཡང༌། སཻནྡྷ་པ་ཞེས་པ་རྒྱ་མཚོ་ལས་བྱུང་བ་སྟེ། ཚྭ་དང་རལ་གྲི་དང་རྟ་སོགས་ལ་འཇུག་པས་སྒྲ་དོན་སྐབས་སྟོབས་ཀྱིས་ཤེས་དགོས་པ་ལ། སེན་མོའི་བརྡ་སེ་གོལ་དུ་འཆད་པ་དང༌། ཨ་ག་རུའི་མིང་གི་རྣམ་གྲངས་ཤིམ་ཤ་པ་ཞེས་པའི་ཤིམ་གྱི་ཀླད་ཀོར་ང་ཡིག་ཏུ་ཀློག་པ། བོད་སྐད་ཀྱི་ཤིང་དུ་འཁྲུལ་ནས་ཤ་པའི་ཤིང་ཟེར་བ་དང༌། རི་པོ་ཏ་ལའི་(པོ་ཊ་ལའང་ཟེར། བོད་སྐད་གྲུ་འཛིན་)པ་ཡིག་ཁ་བསུམ་སྟེ༑ རི་བོ་ཏ་ལར་འདོན་པ་དང༌། སི་ཧླ་ལ་ཚིམ་བྱེད་དེ། ཏུ་རུ་ཀ་དང་མིང་གཅིག་པ་ལ། བསིལ་ལ་ཞེས་བསིལ་སྨན་དུ་འདོན་པ་དང༌། པི་སྦ་ལི་ཞེས་པ་གྲོག་མ་ལ་འཇུག་ཅིང་དེ་དང་འདྲ་བའི་སྨན་ནག་པོ་ལ་གྲོག་སྨན་པི་པི་ལིང་ཞེས་པའང༌། དྲོད་སྨན་པི་པི་ལིང་དུ་འདོན་པ་དང༌། ཤ་རི་རཾ་ཞེས་པ་གདུང་དང་སྐུ་ལ་འཇུག་པ་ལ། ཤ་ཞེས་པ་བོད་སྐད་དང༌། རཱི་རཾ་ཞེས་པ་རིང་བསྲེལ་གྱི་དོན་དུ་བཟུང་ནས། གདུང་ཉ་རཱི་རཾ་དང༌། ཆུ་རཱི་རཾ་དང༌། མི་རཱི་རཾ་དང༌། བི་མ་ལ་མི་ཏྲ་དྲི་མེད་བཤེས་གཉེན་ཞེས་པ་ལ་བྱེ་མའི་ནང་ནས་མིག་བཀྲ་བའི་གཏམ་རྒྱུད་དང༌། ཏུ་རུ་ཥྐ་ཞེས་པ་གར་ལོག་གི་སྐད་དོད་ཡིན་པ་མ་ཤེས་པར། ངན་པ་ཙམ་གྱི་དོན་དུ་བསམས་ཏེ་བསྐལ་པ་དུ་རུ་ཀ་དང༌། མེ་དུ་རུ་ཀ་དང༌། ཆུ་དུ་རུ་ཀ་དང༌། ས་དུ་རུ་ཀ་སོགས་ཟེར་བ་དང༌། ཨ་ཏི་ཡོ་ག་ཤིན་ཏུ་རྣལ་འབྱོར་ཡིན་པའི་ཨ་ཏི་ཉིད་ཟབ་མོའམ་ཉིང་ཁུ་ལྟ་བུའི་དོན་དུ་རློམ་པས་ཟབ་ཏིག་དང་ཡང་ཏིག་སོགས་དང༌། དོ་ཧ་ཞེས་པ་མི་ཟད་པའི་སྐད་ལ་གཉིས་ལ་རྒོད་པ་དང༌། ནཱ་རོ་པ་ཞེས་པ་རྩ་བཤད་པ་ཅེས་པའི་སྐད་དོད་ལ། ཨ་ན་ན་དང་རོ་རུ་སོང་ཞེས་པ་དང༌། ཏཻ་ལོ་པ་ཏིལ་བརྡུང་ལ། ཏེ་ན་ཏེ་ཟེར་ལོ་ཞེས་མང་དུ་འཆད་སྣང་བ་ནི་བརྗོད་པའི་ལམ་ལས་འདས་པ་ལྟ་བུར་སྣང་མོད། ཤིན་ཏུ་མི་མཁས་པས་སྨྲས་པ་ནི་དགག་པར་ཡང་མི་ལྡང་ངོ༌། ཞེས་མཁས་པ་དག་གསུང་ཞིང་ཕལ་ཆེར་ནི་མཁས་པ་སྔ་མ་དག་གིས་བཀག་པ་ལྟར་རོ། །
ཁ་ཅིག་ཏུ་རྒྱ་ནག་གི་སྐད་བརྡ་རྙིང་དུ་འཁྲུལ་བ་སྣང་སྟེ། བློན་པོ་ལ་ཕྱིང་སང་ཞེས་པ་དང༌། དངུལ་རྫུས་མ་ལ་ཧ་ཡང་ཧ་ཞེས་པ་དང༌། རྒྱ་ལ་ཧུང་ལ་དང༌། གཞན་ཡང་གྲུམ་རྩེ་དང༌། ཅོག་རྩེ་དང༌། ལུགས་རྒྱུ་མཚན་བསྙད་པ་ལ་གཡང་རྩེ་ཞེས་པ་དང༌། ཕིང་ཆང་དང་གཟན་གྱི་མིང་ལ་ཟིན་གཟན་དང༌། ཅིང་ཕིང་དང༌། ཨས་མན་གུར་གུམ་སོགས་མང་དུ་སྣང་ལ། རྒྱལ་པོའི་ཞལ་ལ་གསེར་ཞལ་དང༌། བང་ཆེན་ལ་གསེར་ཡིག་པ་དང༌། གསེར་སྐྱེམས་སོགས་ཀྱང་རྒྱ་ནག་གི་བརྡར་སྣང་ཞིང༌།
ལ་ལ་ཧོར་གྱི་བརྡར་ཡང་སྣང་སྟེ། བཙུན་པ་ལ་པག་ཤི་དང༌། དབང་ཆེ་བ་ལ་དར་ཁ་ཆེ་དང༌། དར་རྒན་བྱིན་སོགས་མང་ལ། ཁ་ཅིག་བོན་པོའི་བརྡར་ཡོད་དེ། ལེགས་པ་ལ་གནམ་མཆོད་པ་དང༌། མི་ཤི་བ་ལ་གནམ་དུ་གཤེགས་པ་དང༌། བསོད་ནམས་ཆེ་བ་ལ་གནམ་གྱིས་བསྐོས་པ་ཞེས་པ་དང༌། དབང་ཆེ་བ་ལ་གནམ་སའི་བདག་ཅེས་པ་སོགས་ཤིན་ཏུ་མང་ཞིང༌། ཁ་ཅིག་ནི་བོད་སྐད་ཉིད་མ་དག་པས་བརྡ་རྙིང་དུ་འཁྲུལ་པའང་ཡོད་དེ། ཀུཎྜ་ལིའི་བོད་སྐད་བདུད་རྩི་ཐབ་སྦྱོར་ལ། བདུད་རྩི་ཐལ་སྦྱོར་དང༌། ཨཙྪུ་ཥྨའི་བོད་སྐད། ཁོལ་བ་ལ་ཆོལ་བ་དང༌། གཡར་དམ་ལ་ཡལ་གམ་དང༌། རྨ་བྱའི་མིང་མདོངས་མཐའ་ཅན་ལ་མདོངས་ཐལ་ཅན་ཞེས་པ་དང༌། གཏའ་མ་ལ་གཏེ་པ། སྦྱོན་ཞེས་པ་ལ་བྱོན་ཞེས་པ་དང༌། ཞག་གི་སོར་རིས་ཞེས་སོར་མོ་གསུམ་གྱི་རི་མོ་ལ་ཞག་གི་ཟོ་རིས་ཞེས་པ་དང༌། དྲིང་ཞེས་པ་ནི་ནེ་ལེ་དང༌། པྲ་ཏྱ་ཡ་བསྒྱུར་པ་གཞན་གྱིས་འདྲེན་པའམ་རྐྱེན་གྱི་དོན་ཡིན་པ་དང༌། བཀའ་དྲིན་ཞེས་པ། པྲ་སཱ་ད་བསྒྱུར་བའང་མ་ཕྱེད་པ་དང༌། མི་བློ་བསྲལ་ཅན་ལ། བློ་རལ་ཞེས་པ་མཐའ་ཡས་ལ། ཁ་ཅིག་ནི་བོད་སྐད་ཉིད་ལ་ཞེ་སར་སྦྱར་བ་མ་གོ་བར་བརྡ་རྙིང་དུ་འཁྲུལ་བའང་སྣང་སྟེ། ཆུ་ལ་ཆབ་དང༌། མེ་ལ་ཞུགས་དང༌། རླུང་ལ་བསེར་བུ་དང༌། ས་ལ་དོག་མ་དང༌། རྡོ་ལ་གོར་མོདང༌། གནམ་ལ་དགུང་དང༌། གནམ་ལོ་ལ་དགུང་ལོ་དང༌། བདེན་པ་ལ་མད་པ་དང༌། བཞུགས་པ་ལ་གཞེས་པ་དང༌། ལྟོ་བ་ལ་ཕྱལ་དང༌། ཆབ་ཤོག ཆབ་སྲིད། ཆབ་འབངས། ཆབ་སྒོ་སོགས་ཀྱང་ཞེ་སའི་ཚིག་གོ །
ཡང་རྒྱ་རྣ་རུ་ཅན་སོགས་(དབུས་པ་བློ་གསལ་)བརྡ་རྙིང་དུ་བཤད་སྣང་ཡང༌། དེ་དག་ནི་གབ་ཚིག་ཏུ་མཛད་པ་ཡིན་གྱི་བརྡ་རྙིང་མིན་ནོ། །
ཡང་ལ་ལ་ནི་ཞང་ཞུང་གི་སྐད་དུ་སྣང་སྟེ། སླེ་ཏྲེས་དང་ཕྱེ་མ་ལ་ཏྲེས་སམ་དང༌། ཞིབ་མོ་ལ་ཅུར་ནིས་སོགས་སྨན་དཔྱད་ཀྱི་སྐབས་སུ་མཐའ་ཡས་པ་སྣང་བ་དང༌། དེར་ནི་ལེགས་སྦྱར་ཟུར་ཆག་པའང་མང་སྟེ། སཱུ་ཀྵྨཻ་ལ་ཞེས་པ་ཨེ་ལ་ཕྲ་མོའི་སྐད་དོད་ལ། སུག་མེལ་དུ་གྲགས་པ་སོགས་མཐའ་ཡས་མོད་ཀྱང་ཡི་གེ་མང་བའི་འཇིགས་པས་སྤྲོས་པ་བསྡུའོ། །
འོན་ཀྱང་འདི་ཙམ་ཞིག་ལ་བརྗོད་པ་མིན་ན་ཚིག་མ་གོ་བས་དོན་ལ་འཁྲུལ་པ་ཤིན་ཏུ་མང་པོ་མཐོང་བ་དེ་དག་སླར་ཡང་གྱ་ཚོམས་སུ་གྱུར་ཏེ། གསུང་རབ་ཀྱི་ཚིག་དོན་ཕྱིན་ཅི་ལོག་ཏུ་འཆད་པར་འགྱུར་རོ། །
དེས་ན་འཆད་པ་དང་རྩོམ་པ་དང་ཞུ་ཆེན་གྱི་གྲྭར་མཆི་བ་དག་གིས། གསར་རྙིང་གི་བརྡའི་ཁྱད་པར་འདི་ཙམ་ཞིག་མི་ཤེས་སུ་མི་རུང་བར་བྱས་ཏེ་གསུང་རབ་དགོངས་འགྲེལ་དང་བཅས་པ་ཆུད་མི་གསོན་པ་ལ་བསླབ་པར་བྱའོ། །ཞེས་འདོམས་པར་བྱེད་དོ། །
གངས་རིའི་ལྗོངས་འདིར་མཉམ་མེད་རྒྱལ་བའི་བཀའ། །དགོངས་འགྲེལ་བཅས་པ་འགྱུར་རོ་ཅོག་རྣམས་ཀྱི། །གསར་རྙིང་བརྡ་ཡི་ཁྱད་པར་མཐའ་ཡས་པ། །ཆོས་སྤྱན་མངའ་བའི་འཇིག་རྟེན་མིག་རྣམས་ཀྱིས། །སྤྱོད་ཡུལ་མིན་ན་བདག་ལྟས་ཅི་ཞིག་རྟོགས། །དེ་སླད་འཁྲུལ་པའི་ཆ་རྣམས་ཚིག་དང་དོན། །ཇི་བཞིན་མཁྱེན་པའི་མཁས་པས་བཟོད་མཛད་དེ། །ལེགས་པར་བཤད་པའི་བདུད་རྩིས་མཉེས་པར་མཛོད། །ལྷག་བསམ་དག་པའི་དགེ་ལེགས་ནི། །ཟླ་ཟེར་འཐུངས་པའི་ཀུནྡས་ཀྱང༌། མཚོན་པ་མིན་དེས་རྒྱལ་བའི་བསྟན། །འཁྲུལ་མེད་ཡུན་དུ་གནས་གྱུར་ཅིག།། །།ཅེས་བྱ་བ་འདི་ཡང་གདོང་ངན་ཞེས་བྱ་བའི་ལོ། དགེ་བའི་བཤེས་གཉེན་འགའ་ཞིག་གིས་ཞལ་ཏ་ཕེབས་པ་དང༌། ཤྲཱི་མནྨ་ཎི་ཀས་འཕྲལ་དུ་བསྐུལ་ཞིང་ཡི་གེའི་རྐྱེན་སྦྱར་བ་ལ་བརྟེན་ནས། སྐྱོགས་སྟོན་གྱིས་རེག་ཟིག་ཏུ་བཀོད་པའོ། །
མཆན། མི་རིགས་དཔེ་སྐྲུན་ཁང་གིས་བཏོན་པའི་དེབ་གཟུགས་གཞིར་བཟུང་ནས་བསྒྲིགས་ཤིང། དེ་ནི་ལྷ་སའི་པར་མ་གཞིར་བཟུང་སྟེ་བསྒྲིགས་འདུག
རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅། །སྐྱོགས་སྟོན་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས་ནི་ཕྱི་ལོའི་དུས་རབས་བཅོ་ལྔ་པའི་དུས་མཇུག་ཏུ་འཁྲུངས་པའི་ལོ་ཙཱ་བ་ཞིག་ཡིན། དགུང་ལོ་ཆུང་ངུའི་དུས་ནས་ཞ་ལུ་དགོན་གྱི་ཆོས་གྲྭར་ཞུགས་ཤིང་རབ་བྱུང་དང༌། དགེ་ཚུལ། དགེ་སློང་གི་སྡོམ་པ་རྣམས་རིམ་པས་བཞེས་ཏེ། འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་མཛད། ལྷག་པར་དུ་ཞ་ལུ་ཆོས་སྐྱོང་བཟང་པོ་(༡༤༤༡ – ༡༥༢༧)བཤེས་གཉེན་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད་པས་མཁས་པ་ཆེན་པོར་གྱུར། ལེགས་སྦྱར་གྱི་སྐད་ཡིག་ལ་ཡང་ནང་བྱན་ཆུད་པ་མཛད་དེ་བསྟན་བཅོས་གཅིག་ཙམ་བོད་ཡིག་ཏུ་བསྒྱུར་བར་མཛད། རབ་བྱུང་དགུ་པའི་མེ་སྤྲེལ་ཕྱི་ལོ་༡༥༣༦ ལོར་[བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་]མཛད། ཁོང་གི་གསུང་རྩོམ་ནི་[མངོན་བརྗོད་ཉེར་མཁོ་བསྡུས་པ་]དང། བསྒྱུར་རྩོམ་ནི་[བསྟན་འགྱུར་ལས་ཙན་དྲ་པའི་ཡི་གེའི་འགྲེལ་པ་]བཅས་བཞུགས། དག་ཡིག་འདི་ནི་བོད་རབ་བྱུང་བརྒྱད་པ་གདོང་ངན་ཞེས་པ་མེ་ཕོ་སྤྲེལ་ལོ་སྟེ། ཕྱི་ལོ་༡༡༣༦ ལོར་བརྩམས་པའི་བརྡ་གསར་རྙིང་གི་ཁྱད་པར་སྟོན་པའི་དག་ཡིག་ཅིག་ཡིན།
སྤྱི་ཚོགས་ཚན་རིག་ཁང་མི་རིགས་བརྟག་དཔྱད་ཁང་གི་རྣམ་རྒྱལ་ཚེ་རིང་ལགས་ཀྱིས་རྒྱ་ཡིག་ཏུ་བསྒྱུར་གནང་མཛད་ཡོད།
ལོ་རྒྱུས་ཞིབ་པ་མ་རྙེད་པས་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་རྒྱས་པ་ཞིག་འགོད་ཐབས་མ་བྱུང༌ངོ་།