༄༅། །མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་ལས་དག་ཡིག་དང་བརྡ་གསར་རྙིང་བཞུགས་སོ།།
རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ།(༡༧༨༥-?)
༄༅། །སློབ་དཔོན་ཙནྡྲ་གོ་མི་དང་ལོ་པཎ་སྐྱེས་མཆོག་སྨྲ་བའི་དབང་པོ་རྣམས་ལ་ཕྱག་འཚལ་ལོ༑ ༑གསུམ་པ་དག་ཡིག་བཤད་པ་ནི། དག་ཡིག་དང་ནི་གསར་རྙིང་བརྡ་ཡི་ཁྱད། །དག་ཡིག་ཟ་མ་ཏོག་སོགས་དོན། །རྐྱང་པ་འཕུལ་ཅན་མགོ་ཅན་གསུམ། །རྐྱང་པ་མགོ་དང་འཕུལ་བྱེད་མེད། །འཕུལ་ཅན་འཕུལ་བྱེད་སྔོན་འཇུག་ཅན། །མགོ་ཅན་ར་ལ་ས་མགོ་ལྡན། །དེ་དག་གསུམ་ལ་རྗེས་འཇུག་བཅུ། ། དབྱངས་བཞི་ཡ་ར་ལ་ཝའི་འདོགས། །གང་འཇུག་སྦྱར་བས་དོན་རྣམས་སྟོན། །བ་དང་ག་ད་འ་དང་མ། ། སྔོན་འཇུག་ཡི་གེ་ལྔ་པོ་ལས། །བ་ཡིས་ཀ་ཅ་ཏ་ཙ་བཞི། །ག་ད་ཞ་ཟ་ཤ་ས་དང༌། །ར་ལ་བརྒྱད་དེ་བཅུ་གཉིས་འཕུལ། །རྐྱང་འཕུལ་ཀ་ཅ་ཏ་ཙ་བཞི། །ག་ད་ཞ་ཟ་ཤ་ས་དྲུག །བརྩེགས་འཕུལ་ས་ར་ལ་གསུམ་མོ༑ ༑གས་འཕུལ་ཅ་ཉ་ཏ་ད་ན། །ཙ་ཞ་ཟ་ཡ་ཤ་ས་སྟེ། །མིང་གཞི་བཅུ་གཅིག་རིམ་བཞིན་འཕུལ། །དས་འཕུལ་མིང་གཞིའི་ཀ་ག་ང༌། །པ་བ་མ་དྲུག་རིམ་བཞིན་འཇུག །འས་འཕུལ་ཁ་ག་ཆ་ཇ་ཐ། །ད་ཕ་བ་ཚ་ཛ་བཅུའོ། །མས་འཕུལ་ཁ་ག་ང་ཆ་ཇ། །ཉ་ཐ་ད་ན་ཚ་ཛ་སྟེ། །མིང་གཞི་བཅུ་གཅིག་རིམ་བཞིན་འཕུལ། །ར་མགོ་ལྡན་པ་བཅུ་གཉིས་ནི། །ཀ་ག་ང་དང་ཇ་ཉ་ཏ། །ད་ན་བ་མ་ཙ་ཛ་འོ། །ལ་མགོ་ལྡན་པ་རྣམ་བཅུ་ནི། །ཀ་ག་ང་དང་ཅ་ཇ་ཏ། །ད་དང་པ་བ་ཧ་རྣམས་སོ། །ས་མགོ་ལྡན་པ་བཅུ་གཅིག་ནི། །ཀ་ག་ང་དང་ཉ་ཏ་ད། །ན་པ་བ་མ་ཙ་རྣམས་སོ། །ཡ་ར་ལ་ཝའི་སྨད་འདོགས་བཞི། །ཡ་བཏགས་བདུན་ནི་ཀྱ་ཁྱ་གྱ། །པྱ་ཕྱ་བྱ་མྱ་ར་བཏགས་པ། །བཅུ་གཅིག་ཀྲ་ཁྲ་གྲ་ཐྲ་དྲ། །པྲ་ཕྲ་བྲ་མྲ་སྲ་ཧྲའོ། །ལ་བཏགས་དྲུག་ནི་ཀླ་གླ་བླ། །ཟླ་རླ་སླའོ་ཝ་བཏགས་པ། །བཅུ་བཞི་ཀྭ་ཁྭ་གྭ་ཅྭ་དང༌། །ཉྭ་དྭ་ཕྭ་ཚྭ་ཞྭ་ཟྭ་དང༌། །རྭ་ལྭ་ཤྭ་ཧྭ་རྣམས་ལ་འཇུག །ད་བ་ས་ཀྱི་ག་ང་གི །ན་མ་ར་ལ་ག་ཟླུམ་གྱི། །ས་སུ་ག་བ་གཉིས་མཐར་ཏུ། །ང་ད་ན་མ་ར་ལ་དུ། །ད་དེ་ན་ར་ལ་ས་ཏེ། །ག་ང་བ་མ་ས་སྟེ་འཐོབ། །འ་དང་མཐའ་མེད་རྐྱང་གསུམ་མཐར། །འི་དང་ཚེག་མ་ཚང་ཚེ་ཡི། །རུ་སྟེ་འོ་དང་བ་ཟླུམ་འཐོབ། །ག་ད་བ་སའི་རྗེས་སུ་ཀྱང༌། །སྐབས་འགར་ན་ཡི་རྗེས་སུ་ཀྱང༌། །ང་འ་ན་མ་ར་ལ་ཡང༌། །མཐའ་མེད་རྐྱང་པ་གཉིས་མཐར་འང༌། །ཚེག་མ་ཚང་ཚེ་ཡང་ཞེས་འཐོབ། །ག་ད་བ་མཐར་ཅིང་སོགས་ལྔ། །ཅིང་ཅེས་ཅེའོ་ཅེ་ན་ཅིག །ང་འ་ན་མ་ར་ལ་དང༌། །མཐའ་མེད་རྐྱང་མཐར་ཞིང་སོགས་ལྔ། །ཞིང་ཞེས་ཞེའོ་ཞེ་ན་ཞིག །ས་མཐར་ཤིང་སོགས་ཞེས་དང་ལྔ། །ཤིང་ཞེས་ཤེའོ་ཤེ་ན་ཤིག །ག་ད་བ་ས་ན་མ་པ། །ང་ར་ལ་གསུམ་འ་དང་ནི། །མཐའ་མེད་རྐྱང་མཐར་བ་ཟླུམ་འཐོབ། །དམིགས་བསལ་པ་ཡེད་འཐོབ་པའི་ཚུལ། །བསྐལ་པར་འཁྲུལ་པ་ཕལ་པའི་གཤིས། །ཁང་པ་ཟིལ་པའི་ཆར་པ་བབས། །འཆལ་པའི་རལ་པ་འཛིངས་པ་དང༌། །དཔུང་པ་རྐང་པའི་རྟིང་པ་བརྐྱངས།། ཕུར་པ་གསར་པར་ངུར་པ་བཏགས། །སྟོང་པ་ཕྱལ་པར་སྐུར་པ་སྤོང༌། །ཁུར་པ་སྤོར་པ་ཐར་པ་བདེ། ། འབྱོར་པ་གྱུར་པ་འགྲེལ་པར་མཁས། །སྤྲུལ་པའི་རོལ་པའི་བཀའ་བསྩལ་པ། །འཕྲུལ་པར་འབྲེལ་པ་གང་པ་འཇོག །ཕྱི་པ་ནང་པ་ཐ་མལ་པ། །ལུང་པའི་ཕུ་པ་མདའ་པ་དང༌། །རི་པ་ཞིང་པ་ཚོང་པ་དང༌། །རྟ་པ་ནོར་པ་བཟོ་པ་དང༌། །སྒར་པ་གྲོང་པ་ཆུ་པ་སོགས། །རྒྱལ་པོའི་དབང་པོ་བཟང་པོ་མཆོག །ཕུང་པོ་དཀར་པོ་དམར་པོ་བརྗིད། །སྤྱིལ་པོ་ལྡིར་པོ་སེར་པོར་བཞུགས། །སྙིང་པོ་མངར་པོ་རིལ་པོར་བཞེས། །བལ་པོའི་གླང་པོ་མང་པོ་ཕུལ། །དབུལ་པོ་རྟུལ་པོ་བརླང་པོར་བཅོལ། །སྡོང་པོ་དྲང་པོ་རིང་པོར་བཏགས། །ལོང་པོར་བྱུང་བ་འབྱུང་པོའི་ཚོགས། །ཕལ་པོ་ཆེ་གདུལ་གལ་པོ་ཆེ། །ད་དྲག་དབང་བ་ཏུ་ཏེ་ཏོ། །ཀྱང་ཅིང་ཅེས་ཅེའོ་ཅེ་ན་ཅིག །ང་མཐར་ཤད་གོང་ཚེག་རེ་འཐོབ། །ག་མཐར་ཆིག་ཤད་རྗེས་འཇུག་བཅུ། །རང་འདྲར་རྣ་རུ་སྦྱར་བ་དང༌། །འ་དང་མཐའ་མེད་རྐྱང་མཐར་འོ། །ཅན་གྱི་རྫོགས་ཚིག་ཅན་ཉིས་ཤད། ། ཚིགས་བཅད་མཐའ་རུ་ཉིས་ཤད་དང༌། །ལེའུ་སོགས་མཐར་བཞི་ཤད་འཐོབ། །སྔ་མའི་ཚིག་མཇུག་ཡི་གེ་ནི། །གཅིག་དང་གཉིས་ཙམ་འོག་ཐིག་མགོར། །ལུས་ན་ཚེག་ཤད་འཐོབ་པ་ཡིན། །ད་དྲག་ཅན་ནི་ཀུནད་མཁྱེནད་སྟོནད། །བསྟནད་འཛིནད་བསྟེནད་སྨིནད་དོནད་རྒྱནད་ཉནད། །བྱིནད་ལེནད་ཞེནད་ཟིནད་མནནད་འབྱིནད་བསྐྲུནད། །རྐྱེནད་ཐོནད་ཤིནད་ཕྱིནད་གསནད་པའོ། །རྩོལད་རྩལད་འཕྲུལད་སྤྲུལད་འགྲེལད་འབྲེལད་སྐུལད། །བསྩལད་བསལད་སེལད་སོལད་ཕྲོལད་སྒྲོལད་ཅིག །མཐརད་ཐརད་འབྱོརད་གྱུརད་སྐུརད་ཁུརད་སྦོརད། །སྟོརད་ཚརད་བསྒྱུརད་པ་སོགས་ལ་འཇུག །ན་ར་ལ་གསུམ་ཡང་འཇུག་ད། །ག་ང་བ་མའི་ཡང་འཇུག་ས། །ཕྱུག་ཀྱང་ནོར་ཕྱུགས་ལྟར་དུ་རྨོངས། །ལྷག་པར་ལས་ངན་སྤྱོད་ཕྱིར་ལྷགས། །སྨྱོ་འབོག་ནད་འདྲའི་ཁྱིམ་འབོགས་ཤིང༌། །འཁྲིག་སྤྱོད་ལས་ལ་བློ་སྤྲིན་འཁྲིགས། །ཤ་གཟུག་ཟོས་པས་གཟུགས་པོ་བརྗིད། །མངག་གཞུག་ལས་ངན་བསགས་ཕྱིར་མངགས། །གྲོག་མ་ལྟ་བུའི་གྲོགས་མང་འདུས། །ནག་པོ་སྡིག་པའི་ནགས་ཁྲོད་རྒྱུ། །ལོག་པར་ལྟ་བའི་རི་ལོགས་སུ། །རྟག་ཆད་རྟགས་མཚན་འཇའ་ལ་བལྟ། །འཆིང་སྒྲོག་ཟས་ནོར་ཚོལ་ཞེས་སྒྲོགས། །འཇིག་རྟེན་སྡུག་བསྔལ་ལ་མི་འཇིགས། །ཆག་གྲུམ་སྣོད་སྤྱད་རྣམས་ལ་ཆགས། །རིག་གནས་མི་སློབ་རིགས་རུས་འགྲན། །ཁ་ནས་གྲག་ཚད་རྫུན་ཞེས་གྲགས། །གདུག་ཅན་དྲག་པོ་བསྟེན་དྲགས་པས། །ཐོག་མའི་གོམས་ཤུགས་ཐོགས་མེད་སྤྱོད། །ས་ཕུག་ནམ་ཕུགས་གནས་སུ་འཁྲུལ། །ཁ་ཤག་ཏིང་ཏིང་ཤགས་ལྟར་འཐབ། །ཁོར་ཡུག་ཡུགས་ས་མོ་ཡིས་བསྐོར། །ངམ་གྲོག་ལྟ་བུའི་གྲོགས་ངན་མང༌། །གསུང་བཅག་ཞབས་ཀྱིས་མ་བཅགས་གནས། ། བག་ཆགས་བགས་ཀྱིས་སྡིག་ལ་སད། །གདུག་སེམས་གདུགས་ལྟར་བླ་ན་མཐོ། །ཕྱག་ཆ་རྩྭ་ཕྱགས་ངན་པ་དང༌། །བྲབ་པའི་ལྕག་དང་ལྕགས་མདུང་འཛིན། །ཕྲུག་གུའི་ཚོགས་ཀྱིས་ཕྲུགས་ན་མགུ། །ཟག་བཅས་མ་གྲུབ་མཆི་མ་ཟགས། །བྲན་གཡོག་སྟོད་གཡོགས་མེད་པ་འགར། །དཔག་མེད་འོས་དཔགས་དཀའ་ལས་བཅོལ། །སྐྱེ་འགག་ཡོད་སྨྲས་སྙན་གྲགས་འགགས། །ཤིག་སྲོའི་ཚང་ཤིགས་དཀའ་བ་བཅས། །སེམས་མ་ཁུག་པས་སྟན་ཁུགས་ཉལ། །རྟོག་དཔྱོད་ཁོ་ནས་རྟོགས་ལྡན་འདོད། །མཐར་ཐུག་ཐུགས་རྗེ་ཆེས་སྐྱོབ་དཀའ། །སྟག་གཟིག་ཚོགས་ལ་གཟིགས་མོ་བྱེད། །སྐེ་ལ་མིག་དབུག་སྲོག་དབུགས་བཅད། །ཞག་རེ་བཞིན་དུ་ཞགས་པ་ཐོགས། །ཚིག་ངན་སྨྲ་བཞིན་ཚིགས་བར་ཕྱེས། །ཐིག་གདབ་བཞིན་གཤེག་ཁྲག་ཐིགས་ཟག །བྱ་གླག་བཞིན་དུ་གླགས་འཚོལ་རྩོམ། །སྡིག་པ་ཅན་དེས་གཞན་ལ་སྡིགས། །བློ་ཁ་དོག་པས་དགེ་ལ་དོགས། །ཤུག་པའི་མེ་ལྟར་སྡིག་ཤུགས་འཕེལ། །ཐོག་ལྟར་རྣོ་བའི་ལག་ཆ་ཐོགས། །ཤིང་རྣམས་གཤེག་ཕྱིར་ཁྱོད་འདིར་གཤེགས། །སྒོ་ལྕོག་བློ་ཡིས་ལྕོགས་ཙམ་གྱིས། །འཇག་མའི་རྙེད་པར་བློ་སེམས་འཇགས། །ཕྲ་གཉག་ཆེ་བ་གཉགས་ཀྱི་རིགས། །གཏང་རག་ཕྲ་རགས་སྣ་ཚོགས་བྱེད། །ཚེག་ཤད་ཙམ་ལ་དཀའ་ཚེགས་སྣང༌། །དོན་མེད་བརྟག་དཔྱད་ལ་བརྟགས་ནས། །སྨན་དུག་དུགས་ལུམས་སྣ་ཚོགས་བྱེད།། འཁྲུག་རྩོད་དོན་དུ་སེམས་ཁ་འཁྲུགས། །འགུལ་འཕག་བྱས་ན་ཁྱད་འཕགས་འདོད། །ཚིག་མི་དག་པས་བླ་དྭགས་ངན། །འཚོག་ཆས་དོན་དུ་ཕྱོགས་གཅིག་འཚོགས། །ར་ལུག་དོན་དུ་དཔེ་ལུགས་དོར། །མེ་སྟག་འབར་བས་ཡས་སྟགས་བསྲེགས། །བདེ་བླག་རྣ་བ་བླགས་ནུས་ན། །སོག་རུམ་ནོར་སོགས་ལ་བྱེད་ལྟར། ། འགྲོ་འཆག་སྡིག་པ་འཆགས་ཕྱིར་འབོངས། །ལག་པ་ཐལ་སྦྱར་ལགས་སོ་བརྗོད། །ཕྱག་འཚལ་ས་རུ་རྡུལ་ཕྱགས་ཀྱིས། །དེ་སོགས་ས་ཡི་ཡང་འཇུག་གོ །གསུང་རབ་མཆོག་ལྟར་ཆོས་གསུངས་པའི། །སྦྱང་བྱ་ཀུན་ལ་སྦྱངས་ནས་སུ། །སྤང་བྱ་མ་ལུས་ཡོངས་སུ་སྤངས། །བླང་བར་བྱ་བ་ཀུན་བླངས་ཏེ། །གཞུང་དོན་ཁོ་ནར་ཡིད་གཞུངས་པ། །ཐུན་མོང་ལམ་གྱིས་ཉོན་མོངས་སྦྱངས། །མང་པོ་ཉམས་བླངས་མངས་དོགས་མེད། །རྒྱང་འཕེན་གད་རྒྱངས་ཅན་ལུགས་དོར། །གྲོང་སྤངས་འདས་གྲོངས་མེད་པར་བཞུགས། །བསྐང་རྫས་དུ་མས་ཐུགས་དམ་བསྐངས། །རྗེས་སུ་ཡི་རང་ཐོ་རངས་བྱ། །ད་དུང་རྟག་ཏུ་དགེ་ལ་དུངས། །གཡུ་མཆོང་མཆོད་ནས་ཡར་ལ་མཆོངས། །ཆང་དང་ཟན་ཆངས་ཕུད་ཀྱིས་མཆོད། །གང་ཡང་ཡངས་ཤིང་རྒྱ་ཆེ་བའི། །བགྲང་བྱ་བགྲངས་ནས་ཉམས་སུ་བླངས། །ཁ་སང་ནས་བཟུང་གཉིད་སངས་ཏེ། །དང་བ་བསྐྱེད་ནས་དྭངས་ཤེལ་ལྟར། །གང་ཞིག་གངས་ཀྱི་རི་ལ་སྒོམ། །དེང་དུས་གནས་དེར་དེངས་ན་བདེ། །དྲང་པོར་ལུས་བསྲང་རླུང་ཡར་དྲངས། །ཉམས་ལེན་ཁ་ཚང་ཚངས་སྤྱོད་རྟེན། །དུས་རུང་ཟས་བསྟེན་མ་རུངས་བཏུལ། །ཆོས་གོས་ཟུང་གྱོན་ལུས་ཟུངས་བཟང༌། །ཚ་གྲང་ཁྱད་བསད་ལོ་གྲངས་འདས། །ཡུང་བ་སེར་པོ་ཡུངས་དཀར་འབྲུ། །ལྡོང་རོས་བྱུག་པས་མིག་ལྡོངས་པ། །གྱེན་བསླང་སྨན་རྣམས་བསླངས་ཏེ་གསོས། ། བརྩེ་གདུང་ཆེན་པོས་རྟག་པར་གདུངས། །དཔྱང་ཐག་ལ་དཔྱངས་སྲོག་ཆགས་དང༌། །རྩང་ཐུར་གྱིས་གཟེར་རྩངས་པ་དང༌། །བོང་བུ་ལུས་བོངས་རགས་པ་དང༌། །བྲག་རྫོང་སྟོང་པར་ནོར་རྫོངས་བྲལ། །སྦང་མ་ཆུར་སྦངས་ཟ་བ་དང༌། །སྣོད་གཞོང་ཐོགས་ནས་སྤང་གཞོངས་རྒྱུ། །གནང་སྦྱིན་སང་གནངས་ཐོབ་འདོད་པ། །ཤང་ཤང་ཏེ་འུ་ཞལ་ཤངས་མཛེས། །གདོང་སྣུམ་ཁ་མིག་གདོངས་ཞེས་ཟེར། །སྐྱེན་པོའི་འཕོང་སྐྱེན་ལུས་འཕོངས་རྒྱས། །མིག་ལོང་ཟས་ནོར་ལོངས་སྤྱོད་ཆེ། །བ་ལང་འཚོ་ཕྱིར་ཡར་ལ་ལངས། །བདེན་པའི་དཔང་པོའི་དཔངས་ཚད་མཐོ། །སྐས་གདང་འཛེག་བཞིན་སྐད་གདངས་བཅས། །གདེང་ཐོབ་ཉམས་ཀྱི་མཚོན་ཆ་གདེངས། །སྐུ་དྲུང་འཁོར་ངན་དྲུངས་ནས་ཕྱུང༌། །སྤྲིང་ཡིག་སྣ་ཚོགས་ཕྱོགས་སུ་སྤྲིངས། ། གཟུང་བྱ་གཟུངས་སྔགས་ཟབ་མོ་བཟུང༌། །གོ་འཕང་འཐོབ་ཕྱིར་སྐྱོན་རྒྱང་འཕངས། །བདེན་མཐོང་ནམ་མཁའི་མཐོངས་སུ་འཕུར། །སྐྱོན་སྟོང་ཡོད་པ་ཟད་ནས་སྟོངས། །ཟང་ཟིང་ཟངས་མ་ལ་སོགས་དོར། །སྲིད་མཚོར་བྱིང་བ་བྱིངས་(ཕལ་ཆེ)ཆེ་བསྒྲལ། །སྟང་སྟབས་བཞུགས་སྟངས་སྣ་ཚོགས་མཛད། །དིང་སང་པ་སངས་ལྟ་བུར་མཛེས། །ཁོང་ཁྲོ་བྲལ་ཀུན་ཁོངས་དེར་གཏོགས། །ཁུང་བུར་ཁུངས་ལྡན་གཞུང་ལ་སྦྱོང༌། ། འཚང་རྒྱ་འདོད་ན་དེར་འཚངས་དགོས། །དྲང་པོའི་ཚིག་གིས་སྤྱན་དྲངས་པ། །མཐུན་རྐྱེན་ཆེ་ལོང་འཛོམས་ཤིང་ལོངས། །དང་ག་བདེ་ཞིང་དྭངས་མས་ཁྱབ། །བསང་གཏོར་དག་གིས་སྐྱོན་རྣམས་བསངས།། དེ་སོགས་ང་སའི་ཡང་འཇུག་གོ །ལོ་འདབ་རྒྱས་པའི་ནགས་འདབས་སུ། །དུས་ལ་བབ་ཚེ་ཆར་ཆེན་བབས། །ལས་བཞིའི་མེ་ཐབ་ཐབས་ཀྱིས་བརྩིགས། །གཙུབ་ཤིང་གཙུབས་པའི་མེ་སྦར་ཏེ། །ཆབ་ཆུ་བྲན་དང་ཆབས་ཅིག་པར། །ཡ་རབ་རྣམས་ཀྱིས་སྐྱེས་རབས་བརྗོད། །གཞུང་དོན་གཏན་ཕབ་ཆབ་ཕབས་བཏབ། །ལུས་རྩིབ་འཁོར་ལོའི་རྩིབས་ལ་གཏད། །ལྐོག་ཤུབ་བྱེད་བཞིན་གྲི་ཤུབས་ལས། །འཁྱགས་ནས་འཁོབ་ཀྱང་ལས་ཀུན་འཁོབས། །ཟབ་མོའི་ཆོས་དེའི་གཏིང་རིང་ཟབས། །ཞལ་དུ་ཟས་སྟོབ་སྟོབས་ཤུགས་འཕེལ། །སྐུ་ཚབ་ངན་པའི་གློ་འཚབས་སོ། །དེ་སོགས་བ་སའི་ཡང་འཇུག་གོ །ཁམ་གང་ཟས་ཀྱིས་འབྱུང་ཁམས་འཚོ། །འབྲུ་ཚོམ་ཚོམས་ཁང་དབུས་སུ་བཀོད། །རྣམ་པ་སྣ་ཚོགས་ཆོས་རྣམས་བཏོན། ། ལུམ་བིའི་ཚལ་གནས་གཟུ་ལུམས་བཏུལ། །རྐང་པའི་གོམ་སྟབས་འགྲོ་བར་གོམས། །རིམ་བཞིན་རིམས་ནད་མ་ལུས་བསལ། །ཉམ་ཐག་འགྲོ་ལ་ཉམས་མྱོང་ཁྲིད། །བསམ་བྱའི་དོན་བཞིན་བསམས་ནས་སྨྲས། ། གཏམ་བརྗོད་ཆོས་ཀྱི་རྒྱུད་གཏམས་ཚིག །ཚེམ་དྲུབ་ཚེམས་ཐགས་བཟང་འདྲར་གྱིས། །ལྕགས་ཀྱི་ཐུ་ལུམ་སྨན་ལུམས་སྒྱུར། །འདོམ་པས་ཚལ་གཞོལ་གསང་འདོམས་ཁོབ། །གདམ་ང་དགོས་ཞེས་ཞལ་གདམས་སྩོལ། །བློ་འཚམ་མཐོ་འཚམས་ལ་མི་དོགས། །དེ་སོགས་མ་སའི་ཡང་འཇུག་གོ །ཤ་ཚུགས་མཛེས་ལ་ཐོར་ཚུགས་མཛེས། །ཞབས་ལ་གཏུགས་དང་ཟད་པའི་གཏུགས། །ཆུ་ཚགས་ཚགས་སུ་ཆུད་པར་གྱིས། །སྟག་པའི་ནགས་སུ་སྟག་གཟིག་གནས། །ཟས་ཀྱིས་རྒྱགས་དང་སྟོབས་ཀྱིས་རྒྱགས། །འཁྲུག་ལོང་སྐྱོ་ངོགས་འཇུག་ངོགས་དང༌། །ཐགས་སུ་འཐག་དང་ཚེམས་ཐགས་བཟང༌། །ཕྱོགས་སུ་གཏོགས་དང་སེ་གོལ་གཏོགས། །མུ་སྟེགས་གཟེགས་ཟན་ཆུའི་གཟེགས་མ། །མེ་ཏོག་ལོ་ཏོག་ནོར་བུའི་ཏོག །ཞབས་ཏོག་ཏོག་སྒྲ་ཟ་མ་ཏོག །ཁ་ཅིག་ཐང་ཅིག་ཅིག་ཤོས་དང༌། །སྒོ་གླེགས་གླེགས་བམ་གླེགས་བུ་དང༌། །དུས་ཚིགས་ལྷུ་ཚིགས་གཏན་ཚིགས་བརྗོད། །ལྐོག་མ་ལྐོག་ཤལ་ལྐོག་གྱུར་རྟོགས། །རྩ་ལག་ལག་པ་ཁོ་ལག་ཡངས། །ཚོན་གྱི་མདངས་དང་དུས་ཀྱི་མདངས། །ཆུ་ཡི་ཀླུང་དང་ནགས་ཀླུང་འཐུག །མིག་གི་ལྟ་སྟངས་བློའི་འཛིན་སྟངས། །ཆུ་ཡི་རྦ་ཀློང་ནམ་མཁའི་ཀློང༌། །དཔྲལ་བའི་མདོངས་དང་རྨ་བྱའི་མདོངས། །ཚངས་སྤྱོད་གཙང་དང་ཚངས་ཐིག་བཏབ། །གཡང་གཞི་གཡང་ས་དཔལ་གཡང་ཆེ། །ཁ་དོག་ལྗང་དང་ལྗང་བུ་དང༌། །སྨན་ལྗོངས་དང་ནི་ཡུལ་ལྗོངས་ཆེ། །ཡ་རབས་མཛངས་དང་མཁས་པའི་མཛངས། །ཤིང་གི་དྲུང་དུ་གཡུང་དྲུང་བརྙེས། །བསྒོ་བ་རྣར་གཟོན་ཆུད་གཟོན་པ། །གཟུགས་བརྙན་དང་ནི་སྒྲ་བརྙན་དང༌། ། འཐུག་སྲབ་དང་ནི་རྟ་ཡི་སྲབ། །ཆབ་འོག་པ་དང་ཆབ་ཤོག་བསྐུར། །མང་པོའི་རབ་འབྱམས་འབྱམས་ཀླས་པ། །སྲད་བུ་བསྒྲིམས་ཕྱིར་བློ་བསྒྲིམས་པ། །རྣམ་གྲངས་རྣམ་མང་རྣམ་གཞག་དང༌། །དྲན་མེད་བརྒྱལ་ནས་འོ་བརྒྱལ་བ། །འཐབ་ཀྲོལ་ཅན་དང་ཕུང་ཀྲོལ་དང༌། །ཕུར་བུའི་དབལ་དང་ནད་མེ་དབལ། ། ན་བཟའ་བཟའ་མི་མཁར་ཆེན་བཟའ། །ཟླ་གམ་ཟླ་བ་འགྲན་ཟླ་བྲལ། །ཡུན་རིང་བསྲིང་དང་དྲང་པོར་བསྲང༌། །རང་གིས་བསྟེན་དང་དེ་ལ་བརྟེན། །སྙན་པའི་དབྱངས་དང་ནམ་མཁའི་དབྱིངས། །དྲི་ཞིམ་སྤོས་དང་རྣོ་བའི་གྲི། །གཏམ་གླེང་བ་དང་གླིང་བཞི་དང༌། །ཐོག་མའི་འགོ་དང་ལུས་ཀྱི་མགོ །གཞན་ལ་བརྙས་དང་གོ་འཕང་བརྙེས། །སྙན་པའི་གླུ་བླངས་ཀླུ་གཉན་མཆོད། །མིང་སྲིང་གཉིས་ཀྱིས་དངུལ་སྲང་གཞལ། །རྒྱལ་པོས་བཀས་བཀྲབས་ལྕག་གིས་བྲབ། །མགྱོགས་པའི་བང་དང་ལུས་ཀྱི་པང༌། །བྲན་གཡོག་དང་ནི་ཆུང་ངུའི་ཕྲན། །བྱ་བ་བྱས་ཚེ་བྱེས་སུ་བསྡད། །ཡར་ལ་འགྲེངས་ནས་ཟས་ཀྱིས་འགྲངས། །མཁའ་ལྡིང་མཐོང་ནས་ལྡང་འདུག་བྱས། །སྡང་བའི་སེམས་ཀྱིས་རྡང་ལ་བཏགས། །ལས་བདའ་བྱ་ཕྱིར་ལག་བརྡ་བྱས། །ནོར་གྱིས་བླུས་ནས་བདག་གིས་བསླུས། །དུང་བུས་བཙོན་དོང་ནང་དུ་འཕང༌། །དཔོན་བསྐོས་བྲན་གྱིས་ས་སྲན་བརྐོས། །རྐུན་མས་བརྐུས་པའི་ཚོན་རྩི་བསྐུས། །མི་རོ་རངས་པོ་ཤིང་ལྟར་རེངས། །གློག་འཁྱུག་པ་དང་གླེགས་བམ་ཀློག །དུལ་བའི་རྒྱུད་བརླིང་རྩུབ་ཚིག་བརླང༌། །ཆོས་སྟོན་པ་དང་ཡིད་ཆེས་རྟོན། །གྱེན་ལ་གདེག་དང་མིང་བཏགས་པ། །མདའ་ཡི་ལྟོང་དང་བརྒྱ་སྟོང་དང༌། །འཕོང་སྐྱེན་པ་དང་མཐུན་རྐྱེན་འཛོམ། །རྒོལ་བའི་ཀླན་ཀ་ལྷན་པ་གླན། །ལམ་འཕྲང་དོག་པ་སེམས་ལ་འཕྲེང༌། །རྔ་བརྡུངས་གཞུ་རྒྱུད་སྲ་བར་བདུངས། །གཡོ་སྒྱུས་ནང་ཁྲོལ་རྒྱུ་མ་བཙོང༌། །ང་རྒྱལ་གྱིས་འགྱིང་དུས་རིང་འགྱངས། ། ལོག་འཚོའི་ཁ་གསག་རྡོའི་གསེག་མ། །བརྟེན་ནས་བྱུང་དང་སྒོར་ཕྱིར་ཕྱུང༌། །རེག་བྱ་སྙི་དང་འཛིན་བྱེད་རྙི། །སྒ་ཡི་རྨེད་ཕྱིར་བལ་རྨེལ་བ། །ཐོ་རངས་འདས་ནས་སྐྱ་རེངས་ཤར། །སྡིག་སྤོང་དགེ་བ་ཕུང་པོར་སྤུངས། །མཚན་མོའི་དགུང་དང་ཕྱི་དྲོའི་དགོང༌། །ཐབས་རྡུགས་པ་དང་མཛེས་སྡུག་པ། །མནའ་ཚིག་བསྒགས་དང་འགྲོ་ལམ་འགགས། །ཕྱེ་མར་བཏགས་དང་རྡོའི་བྱེ་མ། །བཀྲེས་དུས་མཁའ་ལ་རྒྱན་བཟང་བྲེས། །གྲུ་གཟིངས་ལ་ཞུགས་སྐད་གཟེངས་བསྟོད། །སྐུ་ལ་དོར་བསྡོ་དར་བའི་བདོ། །ཐག་པས་ཁུར་ཆེན་ཐེག་ཚད་ཁུར། །རྒྱས་པའི་བརྟས་པར་མིག་གིས་བལྟས། །ཡིན་པའི་ལགས་དང་བཟང་པོའི་ལེགས། །གྱེན་དུ་འདེགས་དང་དྲི་མ་འདག །བསྐྱར་ནས་བལྡབས་དང་ཞབས་གཉིས་བརྡབས། །རིན་ཆེན་སྤུག་དང་རལ་པ་སྤྲུགས། །ཡ་རབས་དྲ་མ་ཤིང་གྲ་མ། །སྟག་ལྤགས་སེང་གེའི་པགས་པ་དང༌། ། གཟིག་ལྤགས་གཟིག་གི་པགས་པ་དང༌། །ཤུན་ལྤགས་དང་ནི་པགས་པ་སྲབ། །སྐོམ་ལྡུད་པ་དང་ཕྱོགས་གཅིག་སྡུད། །མུན་པ་བསལ་ཏེ་མདོག་གསལ་པ། །བསྒོ་བའི་ཚིག་ཉན་གོས་བགོ་བ། །མགྲོན་པོའི་འགྲུལ་པ་རུལ་འགྱུར་འདྲུལ། །བསླུ་བའི་བློ་འདྲིད་ས་ལ་འདྲུད། །བློ་ཡིས་འཇལ་དང་བླ་མར་མཇལ། །གཞུང་དོན་འགྲེལ་དང་ཕན་ཚུན་འབྲེལ། །ཕྱི་ནང་མཚམས་དང་བློ་ལ་འཚམས། །བརྒྱབ་པའི་རྡོག་དང་ཡོད་པའི་བདོག །རུང་བའི་བཏུབ་དང་ངལ་བའི་དུབ། །ནོར་བའི་ལམ་གོལ་གཡོག་ལ་བཀོལ། །ཁང་པའི་བར་ཁྱམས་འཕྱན་པའི་འཁྱམས། །ཡི་གེ་འབྲི་དང་ཟད་པའི་བྲི། །དུས་ཀྱི་བསྐལ་པ་ནོར་སྐལ་ཆེ། །ཡོད་པའི་མཆིས་དང་འགྲོ་བའི་མཆི། །ལུས་ཀྱི་ལྒང་པ་རི་ཡི་སྒང༌། །སྐྲ་སོགས་འཛིངས་དང་མཁས་པའི་མཛངས། །བཟོད་དཀའི་མི་བཟད་ཟད་མི་ཤེས། །དགྲ་སོགས་བཏུལ་དང་ཉེ་བར་བཏུད། །སྣོད་ཆུས་བཤལ་བ་ཕྱི་བཤོལ་བྱས། །ཁ་ཞེང་ཆེ་བ་ཞིང་གི་མུ། །ངག་ལྐུགས་པ་ལ་རྒྱལ་སྐུགས་བྱས། །ཕན་ཚུན་འཕྲད་ནས་འཕྲལ་དོན་བསྒྲུབ། །འཁྲུལ་བའི་དྲི་མ་ཆུ་ཡིས་འཁྲུད། །གོས་བཟང་གཤའ་མའི་འགབ་ཀྱི་གཤམ། །བྱས་པའི་བགྱིས་དང་བྱེད་པའི་བགྱིད། །རིན་ཆེན་དངུལ་ཁུར་ལུས་པོ་རྔུལ། །ནེའུ་གསིང་དཀྱིལ་དུ་གསོང་པོར་སྨྲས། །བགྲོ་གླེང་ན་ཚོད་བགྲེས་པ་མཁས། །ནོར་གྱི་གཏའ་མར་གཏོས་ཆེ་འཇོག །ཉོ་ཚོང་བྲིན་པ་དེ་དྲིན་ཆེ། །སྟོབས་ཀྱིས་དྲེགས་པ་ཕྱོགས་སུ་གྲགས། །རྩལ་ཤུགས་ཅན་གྱིས་ཟས་ནོར་བསྩལ། །ད་གཟོད་བཟོད་པ་བསྒོམ་པར་བྱ། །ལྟུང་བའི་ཉེས་པ་ཐུང་དུ་བསྟུངས། །དགུག་གཞུག་བྱ་བཞིན་གྲོགས་པོར་སྒུག ། གནོད་པའི་འདྲེ་དང་རིགས་འགྲེ་མཚུངས། །དཀོར་སྒྲིབ་སྦྱོང་ཕྱིར་གནས་སྐོར་གཙོ། །སྒལ་བ་ནུབ་པར་ཆུ་ལ་རྒལ། །ཁྱབ་པའི་འབྱམས་ཀླས་རེག་བྱ་འཇམ། །བསྡུ་བའི་སྡོ་བ་སྲ་བའི་རྡོ། །དབྱར་ག་ཚུན་ལ་གཡར་བོ་གྱིས། །རྣམ་གཡེང་བྱ་ཕྱིར་གཡང་སར་བལྟས། །སྐར་མ་འོད་ཟེར་དཀར་པོ་ཅན། །བཞོན་པ་རྟ་བཟང་ཞོན་ནས་རྒྱུག །ཟློག་པ་བྱས་ནས་རྩོད་པ་བཟློག །བརྟན་པར་བྱ་བ་རྒྱལ་བསྟན་མཆོག །བཀའ་སྩལ་འབད་རྩོལ་ཆེན་པོས་སྒྲུབ། །དགྲས་བྲུབས་གྱིས་ལ་དྲིས་དྲུབས་མཛོད། །གྲོ་ནས་སྔ་དྲོ་ཕྱི་དྲོ་ཐོབ། ། འགྲོགས་ཏེ་འབྲོག་དགོན་གནས་སུ་སོང༌། །སྐྲ་བྲེགས་ཁྲུས་བྱས་བཀྲག་མདངས་རྒྱས། །ཤ་ལྦ་སྦལ་བ་འདྲ་བ་སྦས། །མཚལ་སོགས་ཚོན་རྩི་ཡོད་དོ་འཚལ། །དགྲ་བོ་ཐུལ་ཞེས་སྒྲ་སྙན་བསྒྲགས། །རྒྱལ་རྔ་ལན་གྲངས་ལྔ་བཅུར་བརྡུངས། །རྙེད་འཚོལ་ཇི་སྙེད་ནོར་ལ་བྱ། །མགྲིན་པའི་མགུལ་པ་འགུལ་བཞིན་བརྗོད།། ཆུ་ཡི་ལྟེང་ཀར་རྟིང་པ་གཏད། །དེ་བཞིན་འདྲ་བའི་འཁྲུལ་སྤོང་གཞན། །རྔ་ཡབ་གེ་སར་སིལ་སྙན་དང༌།། མངོན་སུམ་ཕུན་སུམ་ཚོགས་སོགས་ལ། །གས་འཕུལ་མེད་དོ་གཤའ་མ་དང༌། །གཤགས་འགྱེད་སོགས་ལ་མེད་ན་ནོར། །གཡེར་བ་ལྟ་བུ་གང་ཡང་རུང༌། །སྐྱིལ་ཀྲུང་སོགས་ལ་དས་འཕུལ་མེད། །དགུང་ལོ་མཚན་དགུང་ལོང་ཁྲོད་ཀྱི། །དམིགས་བུ་སོགས་ལ་མེད་ན་ནོར། །སྙན་དངགས་སོགས་ལ་གང་ཡང་རུང༌། །ཕྱག་དར་ལག་དར་གད་མོ་དང༌། །སྐྲ་ཤད་སོགས་ལ་བས་འཕུལ་སྤང༌། །བསེར་བུ་སྐྱོ་བསང་རྒྱ་མོ་བཟའ། །ཕྱི་བདར་སོགས་ལ་མེད་ན་ནོར། །སྔོ་བསངས་ལྟ་བུ་གང་ཡང་རུང༌། །ཐ་གྲུ་ཐ་མ་ཚར་དུ་དངར། ། ཚོན་རྩི་སོགས་ལ་མས་འཕུལ་སྤང༌། །མཐེ་བོང་མཚེ་མ་སྔོ་སྨན་མཚེ། །ཁྱིམ་མཚེས་སོགས་ལ་མེད་ན་ནོར། །ཐུན་མོང་སོགས་ལ་གང་ཡང་རུང༌། །ཚོང་འདུས་ཁམས་དང་ཚོགས་པ་ཚོམས། །ཕྲ་མ་ཁོན་འཛིན་ཁྲོ་བ་ཁྲོས། །རིམ་གྲོ་ཕྲ་མོ་རྡུལ་ཕྲན་དང༌། །ཕོངས་པ་སོགས་ལ་འས་འཕུལ་སྤང༌། །མཐའ་འཁོབ་འཁྲི་ཤིང་འཁུར་བ་དང༌། །ཚུལ་འཆོས་སོགས་ལ་མེད་ན་ནོར། །ཕྲིན་ལས་ཕྲེང་སོགས་གང་ཡང་རུང༌། །ཡི་གེ་མྱུ་གུ་ལུ་གུ་རྒྱུད། །ཤཱཀྱ་སོགས་ལ་ག་མཐའ་སྤང༌། །ཕྲག་དོག་ཕྲུག་གུར་མེད་ན་ནོར། །པུས་མོའི་ལྷ་ང་སྒོ་ང་དང༌། །སླ་ང་སོགས་ལ་ང་མཐའ་སྤང༌། །ཡི་དམ་ཡི་རང་ཡི་དྭགས་དང༌། །སྲི་ཞུ་སོགས་ལ་ད་མཐའ་ནོར། །སྐད་ཅིག་ལྟ་བུ་གང་ཡང་རུང༌། །སེ་མོ་དོ་ལ་ན་མཐའ་སྤང༌། །བྱན་མོ་ལྟ་བུར་མེད་ན་ནོར། །ལྷ་བཙུན་བཟའ་བཏུང་གདུ་བུ་དང༌། །ལེ་རྒན་སོགས་ལ་བ་མཐའ་ནོར། །རྒྱ་འདྲེ་ཁ་མཆུ་ར་མདའ་དང༌། ། ར་མཉེ་ན་བཟའ་རྩྭ་མཆོག་གྲོང༌། །རྒྱ་མཚོ་སོགས་ལ་མ་མཐའ་སྤང༌། །ལྷ་རྗེ་མདོ་རྒྱུད་ང་རྒྱལ་ཅན། །བྱ་རྒོད་རྡོ་རྗེ་མཐའ་རྟེན་དང༌། །ལྷ་རྟེན་སོགས་ལ་ར་མཐའ་ནོར། །དུར་ཁྲོད་མདོར་བསྡུས་ལ་མེད་ནོར། ། བདེར་གཤེགས་སོགས་ལ་གང་ཡང་རུང༌། །སྙུན་གྱི་གསོས་སྨན་ཁ་དྲོ་དང༌། །གྲྭ་ལྔ་སོགས་ལ་ལ་མཐའ་ནོར། །རིག་སྔགས་གསུང་རབ་མཁྱེན་རབ་དང༌། །ནམ་མཁའ་གོ་འཕང་ཁྲི་འཕང་མཆོག །བསྐྱེད་རིམ་རྫོགས་རིམ་འདུ་ཤེས་དང༌། །ཉམ་ཆུང་ཉམ་ཐག་ཉམ་ང་བ། །ལོག་རྟོག་སོམ་ཉི་འཇིག་རྟེན་དང༌། །ཆོམ་རྐུན་སོགས་ལ་ས་མཐའ་སྤང༌། །ལྷས་བྱིན་ཀླས་བྱིན་གདམས་ངག་དང༌། །རྣམ་འཇོམས་སོགས་ལ་མེད་ན་ནོར། །རྒྱུད་མང་གོ་རིམས་བཟངས་པོ་དང༌། །འཁོར་ལོས་སྒྱུར་སོགས་གང་ཡང་རུང༌། །ཀླད་ཀོར་སྟོད་ཀོར་གདུབ་ཀོར་དང༌། །པད་ཀོར་ཐན་ཀོར་འོད་ཀོར་ཕྲེང༌། །ཨ་མྲ་སོགས་ལ་ས་མགོ་མེད། །ངུར་སྨྲིག་སྨིག་རྒྱུར་མེད་ན་ནོར། །བ་བཏགས་ཀྭ་ཡེ་ཁྭ་ཏ་དང༌། །གྲྭ་པ་ཆོས་གྲལ་བཅོྭ་ལྔ་དང༌། །བཅོྭ་བརྒྱད་ཉྭ་བཞི་དྭ་ཕྲུག་དང༌། །ཕྱྭ་གཡང་ལན་ཚྭ་མགོ་ཡི་ཞྭ། །ཟྭ་ཚོད་རྭ་ཅོ་ལྭ་བ་གྱོན། །ཤྭ་འོད་ལྷྭམ་དང་ཧྭ་ཤང་ངོ༌༑ ༑སུམ་ཅུ་དྲུག་ཅུ་བདུན་ཅུ་དང༌། །བརྒྱད་ཅུ་རྣམས་ལ་བས་འཕུལ་མེད། །ཆིག་བརྒྱ་ཉིས་བརྒྱ་སུམ་བརྒྱ་དང༌། །ཆིག་སྟོང་སོགས་ལ་གས་འཕུལ་སྤང༌། །གཉིས་པ་གསར་རྙིང་བརྡ་ཁྱད་ནི། །བླ་ནི་སྟོད་དང་མཐིང་ནི་སྨད། །གམ་ཡོ་ཉེ་འཁོར་སྨྱང་བ་བརྐྱང༌། །ག་ཞ་བཞད་གད་ཡ་ལད་ཁྲབ། །གྱུར་ཅིག་གུ་ནི་སྨོན་པ་དང༌། །ཐ་ཚིག་ཚིག་དོན་ནོད་པ་ཐོབ། །བསྟི་བ་ངལ་གསོ་བརྣག་པ་བསམ། །འོན་ཏང་འོན་ཀྱང་བཀྲི་བ་འཁྲིད། །ཕྱམ་ཕྱད་མཉམ་ཉིད་བགྲོ་བ་གྲོས། །བསྟར་བ་བྱི་དོར་ཐ་རམ་ངན། །གཏིང་ཕྱིན་དཔྱིས་ཕྱིན་བསྙིལ་བ་དོར། །འཆབ་པ་གསང་བ་འཁུ་བ་སྡང༌། །གྱ་ཙོམ་མ་བརྟགས་བཅབས་པ་སྦས། །རྣ་བླགས་རྣ་གཏོད་ཐ་ཆད་ངན། །སྨྲེ་བ་ངན་སྨྲས་སྨྲེང་བ་སྨྲ། །དྲལ་བ་ཞིག་པ་མེ་འཇེབས་རྩུབ། །བྱེར་བ་སོང་བ་བརྟས་པ་རྒྱས། །ད་ཀོ་ད་ནི་འདི་ཀོ་འདི། །ཁྱོ་ཤུག་བཟའ་ཚོ་མནོས་པ་བསམ། །གྱ་ནོམ་ཕུན་ཚོགས་སྣེལ་ཞི་འཕྲེད། །བྲུ་ཚ་བཀྲེས་པ་བརྣན་ངོས་གཟུང༌། །གཡེར་བོ་མཁས་པ་བསྐྱུད་པ་བརྗེད། །ནེམ་ནུར་ཡིད་གཉིས་ཁད་དལ་བུ། །ཡོལ་གོ་སྣོད་དང་ལ་གོར་མགྱོགས། །ཅོ་འདྲི་མཐོ་འཚམ་གཞེར་བ་བསྟེན། །གཞུར་བརྟག་ཟུར་ཟ་མོལ་བ་གྲོས། །ཉེར་བསྡོགས་སྟ་གོན་གནམ་རུ་གཞུ། །ཉག་ཕྲན་མདའ་ལ་བཀར་བཏགས་ཁྲིམས། །གོར་མ་ཆག་པ་ཐེ་ཚོམ་མེད། །ཕྱར་གཡེང་རྣམ་གཡེང་སྒམ་པ་ཟབ། །པུས་འཁྱུད་སྒོམ་ཐག་ཐོར་ཏོ་རྩེ། །ཆབས་ཅིག་ལྷན་ཅིག་ཐ་གྲུ་རྒྱ། །ཚར་ཕྱིན་མཐར་ཕྱིན་གཞར་བ་ཟེར། ། གནམ་པོ་དྲང་པོ་འགེམས་པ་འཇོམས། །རླིབས་པ་རྒྱ་ཆེ་སྙུགས་སུ་ཡུན། །མཆིལ་བ་ལྕགས་ཀྱུ་སྤྱོས་པ་ཁྲོས། །ལ་བཟླས་ཐག་བཅད་གསོང་སྨྲ་དྲང༌། །འབེལ་གཏམ་བཀའ་མཆིད་ཟང་ཟིང་ཟས། །རྟོན་པ་རྗེས་འབྲང་འཕྱོ་བ་ལྡིང༌། །དཔེ་མཁྱུད་ཆོས་སྦས་དམུན་པ་བླུན། །ལ་ཟློ་ཐག་གཅོད་བརྟུན་པ་བརྩོན། །ཕྲུ་མ་དམག་སྒར་བསླན་པ་བསྡུས། །བྱ་མ་རྟ་ནི་བང་ཆེན་པ། །རྨེད་པ་གསོལ་བ་བརྔན་པ་མཆོད། །བྲོ་འཚལ་ནད་པ་སྤྱོན་ཚུར་ཤོག །གཙུག་ལག་སྡེ་སྣོད་དོང་སྟེ་སོང༌། །མཁྱུད་སྤྱད་མན་ངག་ཕྲན་བུ་དང༌། །འཛན་ཕོ་སྐྱེས་པ་བསྙད་པ་བཤད། །འཛན་མོ་བུད་མེད་བརླང་པོ་རྩུབ། །ཆང་ཐུབ་གང་ཟག་དམ་རྒྱ་ཁྲིམས། །ཡ་མ་བརླ་ནི་སྙིང་པོ་མེད། །སྟེས་དབང་སྟོབས་ཤུགས་གནའ་བོ་སྔོན། །དབུ་རྨོག་དབུ་འཕང་བརྐམ་པ་འདོད། །ཀློང་གྱུར་དབང་གྱུར་བསྙུངས་པ་ཉུང༌། །རྐོས་ཐག་ཉག་ཐག་འདོང་བ་འགྲོ། །གྱིམ་ཤིང་རོལ་མོ་བྱོས་ཤིག་གྱིས། །ལྡེམ་པོ་དྲང་པོ་མ་ཡིན་པ། །མཆིས་བྲང་ཆུང་མ་བུས་པ་བུ། །རྟུལ་ཕོད་པ་ནི་སྙིང་སྟོབས་ཆེ༑ ༑སྤྱན་པ་བྱ་ར་བཤུལ་ནི་ལམ། །ལྕེས་རྟེན་སྙད་འདོགས་མེད་པ་བདེན། །དབང་ཐང་སྐལ་བཟང་བརླམས་པ་བསྐྱོད། །ཚིག་གུ་འབྲས་བུའི་སྙིང་པོ་དང༌། །སྐྱོ་སྔོགས་འཁྲུག་པ་གོ་ར་བཙོན། །སྒྲེ་བོ་རྗེན་དང་ར་ནི་གྲལ། །འཁུམས་པ་ཤེས་པ་ཉེ་རེག་ཁྲུས། །སྨན་བཏགས་ཕན་བཏགས་དབྱིག་ནི་ནོར། །འགྲོང་ནི་མཚན་མ་ཆུ་ལོན་རགས། །ཏ་ལ་ལ་ནི་སྒྲོན་མེ་དང༌། །ཟིལ་དངར་བདུད་རྩི་བཅོམ་བསྐྱུང་འཇིགས། ། འཇུངས་པ་ཞེན་ཆགས་ཕྱག་བརྙན་འཁོར། །དཀྱེལ་ཆེ་ཁོངས་ཡངས་ཀ་ཅ་ནོར། །རེག་ཟིག་ཟིན་བྲིས་བསྐྲུན་པ་བསྐྱེད། །ཀྱལ་ཀ་ཀུ་རེ་ཁོ་ལག་ཞེང༌། །སྒྲ་བརྙན་བྲག་ཅ་གདུགས་ཉིན་པར། །དོན་མཐུན་ཚོང་པ་འཁྲུན་ནི་འཕང༌། །ཉེ་ཞོ་མེད་པ་སྐྱོན་མེད་དོ། །གཉའ་བོ་དཔང་པོ་རྩ་ལག་གཉེན། །ཆམ་ངམ་འཇིགས་སྟངས་ཉོད་པ་ཟས། །ཡོང་ཡེ་ངེས་པར་བས་པ་ཟད། །བསྙེམས་པ་ང་རྒྱལ་ཕྱད་པར་རྒྱུན། །ཡུག་པ་རྐང་པ་ཕུག་པ་ལག །རྒྱ་ཅང་སྐ་རགས་འུབས་པ་འདུས། །ཕུང་ཀྲོལ་དོན་མེད་ཕྱིས་བུ་སྣོད། །ཀླུབས་པ་གྱོན་པ་ཆུབ་པ་རྟོགས། །ནོངས་པ་ཉེས་པ་ཤོ་བ་རྫུན། །སློང་ཕོར་ལྷུང་བཟེད་གཡམ་ནི་ཞར། །གཞོགས་སྟེགས་སྒེག་ཆོས་རྨས་པ་ཉམས། །གེལ་བ་ཡལ་ག་དོག་མ་མདུན། །ཐན་ཀོར་ཉེ་འཁོར་ཉེན་ནི་རྨང༌། །ཚ་སྒོ་བ་ཚྭ་འདྲིད་པ་སླུ། །གཟོད་མ་དང་པོ་གཞའ་ཚོན་འཇའ། །གཅམ་བུ་བཅོས་མ་གཞིབ་པ་འཇིབ། །བསྙེན་སྲིང་ཉེ་རིང་འབོག་པ་བརྒྱལ། །བློ་བློང་ཡི་མུག་ཡིབས་སུ་དབྱིབས། །ཆོ་ལོ་རྒྱན་པོ་གཞོངས་ནི་ལྗོངས། ། འཇེབས་པ་སྙན་པ་ནན་ཐུར་ནན། །ལྡོངས་པ་ལོང་བ་ཡུར་ནི་གཉིད། །དམིགས་བུ་ལོང་ཁྲིད་འཛེར་ནི་ཟེར། །འདྲུབ་པ་འཚེམ་པ་དྲུབས་པ་བཙེམས། །སྐྱེས་ཕྲན་དར་བབ་ཆེམས་པ་འཕྲིན། །ཉུལ་བ་འགོར་བ་བཀུམ་པ་བསད། །བརྣོགས་པ་སྦས་པ་རྫི་ནི་རླུང༌། །དྲལ་པོ་མིང་པོ་ཆེ་ཞེ་སྲིང༌། །ལོང་བུ་ཤིང་ཏོག་རྩེན་པ་རོལ། །ལྟག་འོག་གོང་འོག་མཉེལ་བ་ངལ། །སྐྱིན་གོར་གངས་སྦལ་ལམ་རྩངས་པ། །མི་འགོང་སྐྲག་པ་གཏབས་པ་ཁེངས། །བདའ་བ་ཞིམ་པ་བྱུག་རིས་གྲལ། །གཞེས་པ་བཞུགས་པ་ནང་བྱན་གཡོག། ། གཤུང་བ་སྐྱོན་བརྗོད་འཚལ་ཤེས་པ། །སྐྱུ་རུམ་ཚོད་མ་དངགས་ནི་ངག །བཙུན་པར་བྱ་བ་བཀུར་སྟི་མཆོད། །སྤུ་བསྙལ་ཞེ་སྡང་ཞི་བའོ། །ཁ་ཕྱིན་པ་ནི་གྲོས་མཐུན་པ། །ཐོབ་ཀྱིས་འཇལ་བ་གཞན་ནོར་འགུགས། །གཡར་ཁམས་སྐུ་ཁམས་སིམ་པ་བདེ། །གཡར་ཁྲལ་ཞེས་པ་ཁ་ཁྲལ་ལོ། །
སྨྲས་པ། བཀའ་དང་བསྟན་བཅོས་ལ་སོགས་པའི། །གསུང་རབ་ཀུན་གྱི་ཚིག་དག་ན། །དགོངས་པ་ཇི་བཞིན་དོན་གསལ་ཕྱིར། །དག་ཡིག་འདི་ཙམ་བློར་བླངས་ཏེ། །རིམ་གྱིས་རྒྱས་པ་ཡོངས་བསླབས་ན༑ ༑མཁས་པའི་སྟན་ལ་ངང་གིས་དབང༌། ཡི་གེའི་དོན་ལ་མཁས་གྱུར་ན། །གཞུང་དོན་ཡི་གེ་སོ་སོས་བསྟན། །སློབ་དཔོན་དཔེ་ཆ་ཁོ་ནས་ཆོག །ཚུལ་བཞིའི་ཡ་གྱལ་ཡི་གེའི་དོན། །འདི་ལ་རྟག་ཏུ་ནན་ཏན་བསྐྱེད། །མྱུར་དུ་ཤེས་རབ་རྒྱ་ཆེར་འཕེལ། །ཞེས་པ་འདི་ནི་ཀློང་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་སྦྱར་བའོ། ། དགེའོ། །
རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།
རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་སླར་ཡང་མིའི་ཤ་ཚུགས་སུ་བྱོན་པ་མཁས་ཤིང་གྲུབ་པའི་འཁོར་ལོས་བསྒྱུར་བ་ཆེན་པོ་ཀློང་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་མ་ཕམ་པ་ཕྱོགས་ལས་རྣམ་པར་རྒྱལ་བ་དཔལ་བཟང་པོ་མཆོག་ནི་བོད་རབ་བྱུང་བཅུ་གསུམ་པའི་ཤིང་སྦྲུལ་ཕྱི་ལོ་༡༧༨༥ ལོར་མདོ་སྨད་རེབ་ཀོང་གསེར་མོ་ལྗོངས་ཀྱི་སའི་བྱེ་བྲག་ཞོ་འོང་དཔོན་རུ་ཞེས་པའི་སྡེ་པར་ཡབ་རིན་ཆེན་དང་ཡུམ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་པའི་ཟློས་གར་ཇོ་མོ་ཡེ་ཤེས་སྒྲོལ་མའམ་མཚན་གཞན་རྒྱལ་ཡུམ་དངོས་གྲུབ་སྒྲོལ་མར་སྐུ་བལྟམས། གོང་པོ་ཡོན་ཏན་དུ་གྲགས། སྐུ་ན་ཕྲ་བའི་དུས་ནས་བཟུང་སྐྱེས་བུ་དམ་པའི་ངང་ཚུལ་ལྷན་སྐྱེས་སུ་མངོན་ཞིང༌། རང་ཡུལ་གྱི་བླ་སྤྲུལ་བཤེས་གཉེན་དུ་མ་ལས་འབྲི་ཀློག་ནས་བཟུང་ཆོས་སྤྱོད་རིག་གནས་དང་བཅས་པ་ལ་བསླབ་བརྩོན་མཛད་པས་ཡོན་ཏན་གྱི་གཏེར་ཁ་བརྡོལ། དེ་ནས་བཀའ་གདམས་བསྟན་པའི་གནས་མཆོག་ར་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་དུ་ཤིང་བཟའ་པཎྜི་ཏ་བློ་བཟང་དར་རྒྱས་རྒྱ་མཚོ་སོགས་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ནས་ལུང་སྡེ་སྣོད་གསུམ་ལ་ཐོས་བསམ་དང་ལམ་བསླབ་པ་གསུམ་ལ་ཉམས་ལེན་གྱི་སྒོ་ནས་གྲྭ་རྐྱང་དཀྱུས་མའི་ཚུལ་གྱིས་མི་ལོ་ལྔ་ཙམ་བཞུགས། གནས་ངེས་མེད་དུ་རི་ཁྲོད་ལ་བྱོན་ནས་སྒོམ་སྒྲུབ་མཛད། སྐབས་ཤིག་ནས་ལྷ་དང་བླ་མའི་ལུང་བསྟན་གྱིས་ཐུགས་རྒྱུད་བསྐུལ་ཏེ་ཇི་ལྟར་རྒྱལ་སྲས་རྟག་ཏུ་ངུ་ཡིས་འཕགས་པ་ཆོས་འཕགས་བཙལ་བ་ལྟར་ཐུན་མོང་མ་ཡིན་པའི་བླ་མ་རིགས་ཀྱི་བདག་པོ་དེ་ཉིད་བཙལ་ནས་ཚེ་གཅིག་ལུས་གཅིག་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོའི་སར་བགྲོད་པའི་གདམས་པ་ཟབ་མོ་ཞུ་འདོད་ཀྱི་ཐུགས་འདུན་དྲག་པོ་འཁྲུངས། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་དང༌། གྲུབ་པའི་འཕྲིན་ལས་ཞི་རྒྱས་དབང་དྲག་གང་ལ་གང་འདུལ་གྱི་སྒོ་ནས་གདུལ་བྱ་གྲངས་ལས་འདས་པ་ཞིག་རྗེས་སུ་བཟུང་སྟེ་སྨིན་གྲོལ་གྱི་ལམ་ལ་བཀོད། རིས་མེད་རྒྱལ་བའི་བསྟན་པ་སྤྱི་དང༌། ཁྱད་པར་དུ་སྔ་འགྱུར་ཀློང་ཆེན་སྙིང་ཐིག་གི་བསྟན་པ་རིན་པོ་ཆེ་ཕྱོགས་དང་དུས་ཀྱི་མཐའ་ལ་མི་ཉམས་པའི་མཛད་པ་རླབས་ཆེན་བསྐྱངས།
གོང་གསལ་གྱི་རྣམ་ཐར་མཚོན་དཔེ་ཙམ་འདི་ནི་མདོ་སྨད་ཆོས་འབྱུང་དང་རོང་པོ་དགོན་ཆེན་གྱི་གདན་རབས་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་རང་རྣམ་ལས་གསལ་བ་ལྟར་བཏུས་པའོ། །