ཡིག་སྒྱུར་གྱི་རྣམ་གཞག་དང་། ལོ་ཙཱའི་བྱུང་འཕེལ། (5)

ཡིག་སྒྱུར་གྱི་རྣམ་གཞག་དང་། ལོ་ཙཱའི་བྱུང་འཕེལ། (5)

ཅ) དགོན་སྡེའི་ཐོག་མ་དང་། སྒྲ་སྒྱུར་ལོ་ཙཱའི་གླིང་།

 

དུས་རབས་བརྒྱད་པའི་འགོར་རྒྱལ་རབས་སོ་བརྒྱད་པ་གཟུར་གནས་བློ་ལྡན་ཅན་གྱི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ (༧༥༤-༧༩༧) གྱི་སྐུ་དུས་སུ་སྔར་གྱི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་གཞིགས་ཏེ་མི་རིགས་གཞན་གྱི་ཕུལ་བྱུང་རིག་གནས་རྣམས་ནང་འདྲེན་བྱ་རྒྱུ་ཤིན་ཏུ་གལ་ཆེར་གཟིགས་ནས་དགོན་སྡེའི་ཐོག་མ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གསར་བཞེངས་མཛད་ཐོག་རབ་བྱུང་ངམ་དགེ་འདུན་གྱི་སྡེ་སྲོལ་ཐོག་མར་ཚུགས་པ་མ་ཟད། གླིང་བཅུ་གཉིས་ཀྱི་ནང་ཚན་སྒྲ་སྒྱུར་ལོ་ཙཱའི་ (རྒྱ་གར་) གླིང་གསར་དུ་བཙུགས་ཏེ་བོད་ཀྱི་ལོ་རྒྱུས་ཐོག་བཙན་པོའི་སྲིད་གཞུང་གི་སྒྲིག་གཞི་ལྡན་པའི་ཡིག་སྒྱུར་ཁང་ཨང་དང་པོ་དེ་དངོས་སུ་དབུ་བརྙེས།

ཕྱིས་སུ་བོད་ཀྱི་བཙན་པོ་རིམ་བྱོན་གྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་འཕྲིན་ལས་ཀྱི་རྒྱུན་ལེགས་པར་བསྐྱངས་ཏེ། བོད་ཡིག་སྒྲ་བསྒྱུར་བྱ་བཞག་ཟམ་མ་ཆད་པར་སྤེལ་ཞིང་། ལྷག་པར་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སྒྲ་བསྒྱུར་བྱ་བར་སྔར་ལྷག་མཐོང་ཆེན་གནང་སྟེ་རྩ་འཛུགས་དང་། དངོས་ཤུགས། མི་ཤུགས། ནོར་ཤུགས་སོགས་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་དང་མཐོང་ཆེན་མཛད་ནས། བསམ་ཡས་གཙུག་ལག་ཁང་དུ་ཆེད་དུ་སྒྲ་བསྒྱུར་ལོ་ཙཱ་གླིང་བཙུགས་པ་སོགས་ལ་བལྟས་ན། སྒྲ་བསྒྱུར་བྱ་བ་ནི་སྐབས་དེའི་བོད་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཏུ་བརྩིས་ཡོད་པ་ཤེས་ཐུབ། དེ་ལྟར་མཐོང་ཆེན་མཛད་པས་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་བཻ་རོ་ཙ་ན་དང་། ལྡན་མ་རྩེ་མང་། ཁ་ཆེ་ཨ་ནན་ཏ་སྟེ་ལོ་ཙཱ་བ་རྒན་པ་གསུམ་དང་། གཉགས་ཛ་ན་ཀུ་མ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག་སྟེ་ལོ་ཙཱ་བ་བར་པ་གསུམ། ཀ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་ལོ་ཙཱ་བ་གཞོན་པ་གསུམ་བཅས་འཇིག་རྟེན་དུ་སྙན་གྲགས་ལྡིར་བའི་ལོ་ཙཱ་བ་ཆེན་པོ་དགུ་དང་། གཞན་ཡང་ཆོས་ཀྱི་སྣང་བ་དང་། བན་དེ་ནམ་མཁའ། སྒྲོན་རིན་ཆེན་སྡེ། རྣམ་པར་མི་རྟོག་པ། ཤཱཀྱ་འོད་ལ་སོགས་པ་ཕུལ་དུ་བྱུང་བའི་ལོ་ཙཱ་བ་བརྒྱ་ཕྲག་དུ་མ་བསྐྱེད་བསྲིང་གནང་ཞིང་། དེ་དག་གིས་ཀྱང་རང་སྐད་ཀྱིས་བསྟན་བཅོས་རྩོམ་པ་ལས་གཞན། ད་དུང་རྒྱ་གར། རྒྱ་ནག ཁ་ཆེ། ཟ་ཧོར། ལི་ཡུལ་སོགས་ནས་བཀའ་དང་བསྟན་བཅོས་དུ་མ་བོད་སྐད་དུ་བསྒྱུར་ནས་བོད་ཀྱི་ཆོས་རིག་བང་མཛོད་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། སྒྲ་བསྒྱུར་གྱི་ཐབས་ལམ་ལ་བརྟེན་ནས་གནའ་བོའི་རྒྱ་གར་གྱི་ཤེས་རིག་རྒྱུན་ཆད་མེད་པར་བོད་ཡུལ་དུ་དྲངས་པས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་རླབས་ཆེན་ཐོན་ཏེ་བོད་ཀྱི་སྤྱི་ཚོགས་ཧྲིལ་པོའི་ཤེས་རིག་གི་ཚད་གཞི་ཇེ་མགྱོགས་སུ་བཏང་། ལྷག་པར་ (བཻ་རོ་ཙ་ན། སྐ་ཅོག་ཞང་གསུམ་སོགས།) དུས་རབས་དེར་ནང་བསྟན་ཆོས་ལུགས་བོད་གངས་ཅན་གྱི་ལྗོངས་སུ་ཐོག་མར་དར་བའི་དུས་སྐབས་ཡིན་པས། སྔར་ཡོད་བོན་ཆོས་ཀྱི་སྟོབས་ཤུགས་ཆེ་ཙམ་ཡོད་སྟབས་གསར་དུ་བསྒྱུར་བའི་ནང་བསྟན་ཆོས་ལུགས་བར་འཐབ་རྩོད་རྣོ་ངར་ཆེ་སྟབས་བསྒྱུར་གྲྭ་ཁག་གསུམ་ཡོད་པ་སྟེ། ༡ ཤར་ངོས་མཁྱེན་རབ་གླིང་དུ་མཁས་པ་མི་བཞིས་སྨན་དང་རྩིས་གཞུང་ལུགས་བསྒྱུར་བ་དང་། ༢ ལྷོ་དཀྱིལ་ཨརྱ་པཱ་ལོ་གླིང་དུ་བོན་བསྒྱུར། ལྷོ་ནུབ་སྒྲ་བསྒྱུར་རྒྱ་གར་གླིང་དུ་ནང་ཆོས་བསྒྱུར་བ་བཅས་བྱ་དགོས་པ་བྱུང་།

ཡང་སྒོས་གླིང་བཅུ་གཉིས་ཀྱི་ནང་ནས་གལ་གནད་ཆེ་ཤོས་སྒྲ་སྒྱུར་རྒྱ་གར་གླིང་དུ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་ལོ་པཎ་མང་དུ་འདུས་ནས་བཀའ་བསྟན་གཉིས་ཀྱིས་མཚོན་ཕྱི་ནང་བསྟན་བཅོས་ཀྱི་གཞུང་ལུགས་ཚར་དུ་དངར་བ་དུ་མ་བོད་ཡིག་ཏུ་བསྒྱུར་བའི་མཐོ་རླབས་གསར་པ་ཞིག་འཕྱུར་ཞིང་། བོད་ཀྱི་ཡིག་སྒྱུར་བྱ་གཞག་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཡར་ཟླའི་དཔལ་ལ་འགྲན་ཐུབ་པ་ལྟ་བུ་བྱུང་ཞིང་། བསྟན་འགྱུར་དཀར་ཆག་ལས།  <<ལྡན་དཀར་དཀར་ཆག་>> ཏུ་འཁོད་པ་ལྟར་ན། སྐབས་དེར་མདོ་སྡེ་དང་། འདུལ་བའི་སྐོར་གྱི་ཆོས་ཚན་ཕལ་ཆེར་རིགས་ ༦༧༠ ཙམ་བསྒྱུར་བ་དང་། ནང་གསེས་དབྱེ་བ་ ༢༧ མཆིས། དེའི་ནང་རིགས་གཉིས་མ་གཏོགས་གཞན་ཐམས་ཅད་ལེགས་སྦྱར་སྐད་ཀྱི་མ་ཡིག་ལས་བསྒྱུར་བ་ཤ་སྟག་ཡིན། སྐབས་དེར་སྐད་གྲགས་ཅན་གྱི་ལོ་ཙཱ་བ་མང་པོ་འཁྲུངས་པ་དང་། བསྒྱུར་ཆོས་ཤིན་ཏུ་མང་བ་དང་། ཆེད་དམིགས་ཀྱི་ཡིག་སྒྱུར་ལྟེ་གནས་བྱུང་བ། བསྒྱུར་ཚིག་གཅིག་གྱུར་བྱས་ནས་གཏན་ལ་ཕབ་པ། འགྱུར་བྱང་རྣམས་དཀར་ཆག་ཏུ་བསྒྲིགས་པ་སོགས་ཀྱིས་ཡིག་སྒྱུར་གྱི་འཕྲིན་ལས་ཚད་ལྡན་ཅན་དང་། འཐུས་ཚང་ཅན་དུ་གོང་མཐོར་བཏང་གནང་མཛད།

དེའི་ཚུལ་ནི་པདྨ་བཀའ་ཐང་[1]ལས། བཀའ་དང་བསྟན་བཅོས་རྒྱ་གར་གྲགས་ཚད་བསྒྱུརཿ དམ་པ་ཆོས་ཀྱི་ཉི་མ་ཤར་བ་བཞིནཿ བོད་ཁམས་ཐམས་ཅད་ཀུན་ལ་ཐང་མར་བརྡལཿ རྒྱལ་པོའི་མངའ་ཐང་སྟེང་འོག་དབུས་མཐར་རྒྱསཿ ཞེས་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས་[2]ཀྱང་། གཞན་ཡང་མངའ་བདག་རྒྱལ་པོས་བཀའ་བསྩལ་པ། །ཚེ་འདིའི་བདེ་སྐྱིད་རྨི་ལམ་ཙམ་འདིས་བསླུ། །དེ་བས་གཏན་འདུན་བྱང་ཆུབ་སྒྲུབ་དགོས་གསུངས། །ཁྱེ་འུ་བློ་གྲོས་རྣོ་ཞིང་གསལ་བ་རྣམས། །བརྡ་སྤྲོད་སྐད་གཉིས་ལོ་ཙཱ་སློབ་ཏུ་བཅུག །ཡོད་སྨྲའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། །དང་པོར་དད་པ་ཆེ་བའི་རྦ་ཁྲི་གཟིགས། །བོ་དྷི་ས་ཏྭས་མཁན་པོ་མཛད་ནས་ནི། །རབ་ཏུ་ཕྱུང་བས་མངོན་ཤེས་ལྔ་ལྡན་གྱུར། །བོད་ཀྱི་རིན་པོ་ཆེ་ཞེས་རྒྱལ་པོས་བཀུར། །བོད་མི་རབ་བྱུང་ཀུན་གྱི་ཐོག་མ་ཡིན། །དེ་སོགས་བོད་ལ་རབ་བྱུང་བཏུབ་བམ་ཞེས། །སད་པའི་མི་དྲུག་དང་པོར་བསྙེན་པར་རྫོགས། །ཕྱི་ནས་དགེ་སློང་དགེ་ཚུལ་རྒྱ་ཆེར་འཕེལ། །ཟ་ཧོར་ཁ་ཆེ་ཡུལ་དབུས་རྒྱ་སོགས་ནས། །པཎ་ཆེན་ཚད་ལྡན་མང་དུ་སྤྱན་དྲངས་ཏེ། །མཁས་པའི་ལོ་ཙཱ་དུ་མས་རྒྱ་གར་ནག །ལི་ཡུལ་སོགས་ནས་རྒྱལ་བའི་གསུང་རབ་ནི། །ཇི་སྙེད་བཞུགས་པ་ཕལ་ཆེར་བོད་དུ་བསྒྱུར། །རབ་བྱུང་རྣམས་ཀྱི་འཚོ་ཟླ་བླ་ནས་སྦྱར། །ཆབ་འོག་ནས་ཕྱུང་དབུ་ཡི་གཙུག་ཏུ་བཀུར། །ཞེས་གསུངས་པ་ལྟར། གུ་བཀྲའི་ཆོས་འབྱུང་ལས་[3]ཀྱང་། དེ་རྗེས་བྲྀ་ཀ་མ་ཤཱི་ལའི་གཙུག་ལག་ཁང་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། ལུག་གི་ལོ་ལ་ཨཱ་ཙརྱ་བོ་དྷི་ས་ཏྭས་མཁན་པོ་མཛད་དེ་སད་མི་བདུན་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། དེ་ནས་ཀྱང་དད་པ་ཅན་དང་ཤེས་རབ་ཅན་སུམ་བརྒྱ་ཙམ་དང་། གཞན་མང་པོ་ཡང་རབ་ཏུ་བྱུང་ཞིང་ཁྲི་སྲོང་གི་རིང་ལ་བོད་ཀྱི་ཡུལ་འདིར་ཆོས་གྲྭ་ཆེན་པོ་བཅུ་གཉིས་དང་། ཡེར་པ་དང་ཆུ་བོ་རི་དང་མཆིམས་ཕུ་རྣམས་སུ་སྒོམ་གྲྭ་ཆེན་པོ་བཙུགས་ཏེ། ཡེར་པ་གྲུབ་ཆེན་བརྒྱ་དང་བརྒྱད། ཆུ་བོ་རིར་བརྒྱ་དང་བརྒྱད། ཆིམས་ཕུར་གྲུབ་ཆེན་ཉི་ཤུ་རྩ་ལྔ་རྣམས་ལས་དཔལ་གྱི་རྡོ་རྗེ་མ་གཏོགས་ཐམས་ཅད་ཀྱིས་འོད་ལུས་གྲུབ། རབ་བྱུང་ཐམས་ཅད་ཀྱི་འཚོ་བ་བླ་ནས་སྦྱར། སློབ་དཔོན་གྱིས་སྤྲུལ་པའི་ལོ་ཙཱ་བ་བཻ་རོ་ཀ་ཅོག་རྣམས་ལུང་བསྟན་ཅིང་། གཞན་ཡང་ལོ་ཙཱ་བ་བརྒྱ་རྩ་བརྒྱད་དང་། པཎྜི་ཏ་མང་པོ་སྤྱན་དྲངས་ནས། མཚན་ཉིད་ཀྱི་ཆོས་ཐམས་ཅད་དང་། བསྟན་བཅོས་ཀྱང་ཕལ་མོ་ཆེ་བསྒྱུར་ཞིང་ཉན་བཤད་ཀྱིས་གཏན་ལ་ཕབ། སྔགས་བླ་མེད་རྣམས་ཁྱབ་གདལ་དུ་བསྒྱུར་བར་མ་མཛད་པར་སྐལ་བ་དང་ལྡན་པ་དག་གིས་སྤྱད་བྱར་གནང་། ཞེས་གསལ་བ་ལྟར་རོ།།

ལྷག་པར་བཙན་པོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་རང་ཉིད་ཀྱིས་མཛད་པའི་གསུང་རྩོམ་ལ་མཚོན་ནའང་། ༡ ཡིག་འབྲུ་ ༦༧༢༠༠ ཅན་གྱི་བཀའ་ཡང་དག་པའི་ཚད་མ་དང་། ༢ ཡིག་འབྲུག་ ༤༨༠༠༠ ཡོད་པའི་དེ་བཞིན་གཤེགས་པའི་སྐད་བརྡ། ༣ ཡིག་འབྲུ་ ༡༢༨༠༠ ཅན་གྱི་རྒྱལ་བ་བྱམས་པའི་བསྟོད་པ་ཆེན་པོ། ༤ ཡིག་འབྲུ་ ༤༨༠༠ ཅན་གྱི་བྱམས་པའི་བསྟོད་པ་ཆུང་བ། ༥ ཡིག་འབྲུ་ ༡༢༨༠ ཡོད་པའི་གྲུབ་མཐའི་འགྲེལ་པ། ༦ ཡིག་འབྲུ་ ༩༦༠ ཡོད་པའི་དབུ་མ་གཟེར་བུ། ཡིག་འབྲུ་ ༩༦༠ ཅན་གྱི་ཐེག་པ་ཆེན་པོའི་བསམ་གཏན་གྱི་མན་ངག་བཅས་བདུན་ཡོད།

[1] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ དེབ་གཟུགས། ཤོག་གྲངས། ༢༣༧

[2] མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས། ༣༥༨

[3] གུ་བཀྲའི་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༨ ཤོག་གྲངས། ༡༥༩

བརྒྱུད་སྐུལ།

མཆན་སྤེལ།