སློབ་མ་སྣོད་རུང་དུ་བྱ་བའི་གདམས་ངག

སློབ་མ་སྣོད་རུང་དུ་བྱ་བའི་གདམས་ངག

དེ་ནི་སྐབས་འདིར་སློབ་མ་སྣོད་དུ་རུང་བར་བྱ་བའི་གདམས་ངག་ཟུར་ཙམ་གཅིག་བཤད་ན། སློབ་ཁྲིད་གང་ལ་ཉན་བཤད་བྱེད་པའི་སྔོན་དུ། ཉན་པ་པོའི་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པའི་སྐྱོན་ལྔ་སྤངས་ཏེ། བསམ་པ་དད་གུས་དང་ལྡན་པས། སྦྱོར་དངོས་རྗེས་གསུམ་གྱིས་ཟིན་པར་བྱས་ལ་ཉན་དགོས་གསུངས། དེ་ལ་དང་པོ་ཉན་པ་པོའི་སྣོད་ཀྱི་སྐྱོན་གསུམ་སྤང་བ་ནི། སྣོད་ཁ་སྦུབ་པ་ལྟ་བུ་དང༌། སྣོད་ཞབས་རྡོལ་བ་ལྟ་བུ་དང༌། སྣོད་དྲི་མ་ཅན་ལྟ་བུ་དང་གསུམ་ལས།

དང་པོ་སྣོད་ཁ་སྦུབ་པ་ལྟ་བུའི་སྐྱོན་སྤང་བ་ནི། དཔེར་ན། སྣོད་ཁ་སྦུབ་ཀྱི་སྟེང་ན་མར་ཆུ་ལ་སོགས་པ་ཇི་སྙེད་བླུགས་ཀྱང་ནང་དུ་ཡེ་མི་ཡོང་བ་ལྟར། འོ་སྐོལ་དང་པོ་སློབ་ཁྲིད་ཉན་ཙ་ན། གཉིད་དང་རྨུགས་པར་སོང་བའི་ཤེས་པ་གཞན་དུ་ཡེངས་པས་སློབ་ཁྲིད་ཉན་ཡང༌། སེམས་ལ་གོ་བ་ཡེ་མི་ཡོང་བས། དེས་ན་སློབ་ཁྲིད་ཉན་པའི་ཚེ། དཔེར་ན། སྣོད་ཁ་སློག་ནས་ཆུ་ལ་སོགས་པ་བླུགས་པ་བཞིན་དུ། གཉིད་དང་རྨུགས་པ་ལ་སོགས་པའི་སྐྱོན་དེ་དག་སྤངས་ལ། ཤེས་པ་མ་ཡེངས་པར་སེང་ངེ་བྱས་ལ་ཉན་འཚལ།

སྣོད་ཞབས་རྡོལ་བ་ལྟ་བུའི་སྐྱོན་སྤང་བ་ནི། དཔེར་ན། སྣོད་ཞབས་རྡོལ་ཞིག་ཏུ། ཅི་བླུགས་ཀྱང་འཕྲལ་དུ་ཟགས་ནས། ནང་དུ་ཡེ་མི་ཆགས་པར་ལྟར། འོ་སྐོལ་སློབ་ཁྲིད་ཉན་པའི་དུས་ན་བག་རེ་གོ་ཡང༌། དེ་ནས་དྲན་པས་མ་བསྐྱངས་ན། དེ་མ་ཐག་བརྗེད་ནས་བློ་ལ་ཡེ་མི་ཆགས་པས། དེ་ན་སློབ་ཁྲིད་བག་རེ་གོ་བ་དེ། དཔེར་ན། སྣོད་ཞབས་རྡོལ་ལ་ཟགས་ལྷན་བྱེད་པ་ལྟར། དྲན་པས་གཟུངས་སུ་བཟུང་ལ་ཡ་ཡུད་ལ་མི་བཏང་བར་བསམ་མནོ་ཡང་དང་ཡང་དུ་བསྐྱང་འཚལ།

སྣོད་དྲི་མ་ཅན་ལྟ་བུའི་སྐྱོན་སྤང་བ་ནི། དཔེར་ན། སྣོད་དྲི་མ་ཅན་ནམ་དུག་ཅན་གྱི་ནང་དུ། བཟའ་རྒྱུ་ཅི་བླུགས་ཀྱང་ལོངས་སྤྱད་དུ་མི་བཏུབ་པ་ལྟར། འོ་སྐོལ་དང་པོ་སློབ་ཁྲིད་ལ་ཐོས་བསམ་བྱེད་ཙ་ན་ཤེས་ལོའི་གྲགས་པ་འདོད་ནས་ཐོས་བསམ་བྱེད་པ་དང༌། མི་མང་པོ་ཚོགས་པའི་སར་གཞན་གྱི་ཁ་རྒོད་གཅོག་པར་འདོད་ནས་ཐོས་བསམ་བྱེད་པ་དང༌། རྒྱལ་ཁམས་སུ་རྙེད་བཀུར་བཙལ་སྙམ་ནས་ཐོས་བསམ་བྱེད་པ་དང༌། གཞན་ཡང་འགྲན་སེམས་དང༌། ཕྲག་དོག་དང༌། ཆེས་ཆུང་མ་བཟོད་ནས་ཐོས་བསམ་བྱེད་པ་དེ་རྣམས་ཐོས་པ་དྲི་མ་ཅན་བྱ་བ་ཡིན་ཏེ། དེས་རང་གཞན་གཉིས་ཀ་ལ་ཕན་མི་ཐོགས་པས། དེས་ན་ཐོས་བསམ་གང་བྱེད་ཀྱང༌། དཔེར་ན་སྣོད་ཀྱི་དྲི་མ་བཀྲུས་ནས་བཟའ་རྒྱུ་གཡོ་བ་བཞིན་དུ། སྐྱོན་དེ་རྣམས་སྤངས་ལ་བསམ་པ་དད་གུས་དང་ལྡན་པས་སློབ་ཁྲིད་ཉན་འཚལ།

གཞན་ཡང་སློབ་ཁྲིད་ཉན་པའི་ཚེ། དྲི་མ་དྲུག་སྤང་བ་ནི། ང་རྒྱལ་དང་ནི་མ་དད་དང༌། །དོན་དུ་མ་གཉེར་བ་ཉིད་དང༌། །ཕྱི་རོལ་རྣམ་གཡེང་ཡིད་བསྡུས་དང༌། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་གསུངས་པས། དང་པོ་ང་རྒྱལ་ནི། ད་རེས་སློབ་ཁྲིད་འདི་ཉན་དུ་མ་འདོད་པ་ལས་སློབ་དཔོན་འདི་བས་རིགས་ནི་ང་རང་བཟང༌། སློབ་ཁྲིད་ནི་ང་རང་མཁས་སྙམ་པའི་ང་རྒྱལ་གྱིས་མཉན་དུ་མི་རུང༌། གཉིས་པ་མ་དད་པ་ནི། སློབ་ཁྲིད་དང་དགེ་རྒན་གྱི་སྐྱོན་ལ་རྟོག་པ་སྟེ། སློབ་ཁྲིད་དང་དགེ་རྒན་གྱི་སྐྱོན་ལ་རྟོག་པར་སོང་ན། ཕྱིར་ལ་ཁེ་བས་ཉེན་ཆེ། རང་གིས་སློབ་ཁྲིད་དང་དགེ་རྒན་གྱི་སྐྱོན་ལ་བརྟག་ཏུ་མི་རུང་བ་དག་ཨ་ཅང་ཆེས་ཏེ། གཞན་གྱིས་དགེ་རྒན་གྱི་སྐྱོན་རྗོད་པ་ལ་ཡང་དེ་སྐད་མི་གསུང་བར་ཞུ། དགེ་རྒན་དངོས་ལགས་བྱས་ལ་བཟློག དེ་ལ་མི་ཉན་པར་ད་རུང་ཟེར་ན། རང་རེ་གཞན་དུ་ལངས་ལ་འགྲོ། ལངས་ནས་མ་ཕྱིན་པར་དགེ་རྒན་གྱི་སྐྱོན་བརྗོད་པ་ལ་ཉན་ཅིང་བསྡད་ན་དམ་ཚིག་ཉམས་པ་ཡིན་གསུངས།

གསུམ་པ་དོན་དུ་མི་གཉེར་བ་ནི་སློབ་ཁྲིད་ལ་ཡིད་མི་འཇུག་ཅིང༌། སློབ་ཁྲིད་ཆག་ཀྱང་སྙམ་སྙོམ་མི་བྱེད་པ་ལ་ཟེར་བ་ཡིན་ཏེ། སློབ་ཁྲིད་ལ་གལ་ཆུང་ཞིང་དོན་དུ་མི་གཉེར་བ་དེ་སྤངས་ལ། སློབ་ཁྲིད་འདི་ཤིན་ཏུ་གལ་ཆེ་ཞིང༌། མེད་དུ་རུང་བའི་སེམས་ཀྱིས་ཉན་གསུངས།

བཞི་པ་ཕྱི་རོལ་གྱི་རྣམ་པ་ལ་གཡེང་བ་ནི། མིག་གཟུགས་སྣང་ལ་ཡེངས་པ་དང༌། རྣ་བ་སྒྲ་ལ་ཡེངས་པ་ན། སེམས་ཀྱང་དེའི་རྗེས་སུ་ཡེངས་ནས་འགྲོ་བས། མིག་དང་རྣ་བ་གཟུགས་སྒྲ་ལ་མ་ཡེངས་པར་བྱེད་དགོས། མིག་དང་རྣ་བ་མ་ཡེངས་ཀྱང༌། སེམས་རང་གི་ཁྱིམ་གྱི་བྱ་བ་ལ་སོགས་པ་ལ་ཡེངས་ན་ཐུ་བ་ཡིན་པས། དྲན་པས་ཡང་དང་ཡང་དུ་བཟློག་པས་ཕྱིས་མི་ཡེངས་པ་ལ་ཕན་གསུངས།

ལྔ་པ་ཡིད་བསྡུས་པ་ནི། སློབ་ཁྲིད་ཉན་པའི་དུས་སུ་ཏིང་ངེ་འཛིན་སྒོམ་པ་དང༌། གཉིད་དང༌། རྨུགས་པ་ལ་ཟེར་བས། དེ་དག་སྤངས་ལ་ཤེས་པ་སེང་ངེ་ཡེར་རེ་ཉན་གསུངས།

དྲུག་པ་སྐྱོ་བ་ནི། སློབ་ཁྲིད་ཉན་པའི་ཚེ་ཧ་ཅང་སློབ་ཐུན་ཆེས་པས་སྐྱོ་བ་དང༌། མ་གོ་བས་སྐྱོ་བར་གྱུར་ཏེ། ཨ་ཀ། ད་འཕྲོ་བཅད་ན་རུང་སྟེ་སྙམ་ན་ཡང་སློབ་ཁྲིད་ཉན་པའི་དྲི་མ་ཡིན་པས། འོ་སྐོལ་ལ་ད་ལྟ་སློབ་ཁྲིད་ཟབ་ལ་རྒྱ་ཆེ་བ་ལ་དཀའ་བ་མེད་པར་ཐོས་པ་བྱ་རུ་ཡོད་པ་འདི། ཨ་རེ་དགའ་སྙམ་དུ་བསམས་ལ། སློབ་ཁྲིད་ཉིན་མཚན་བར་མ་ཆད་དུ་གསུང་ཡང༌། དགའ་བ་དང་སྤྲོ་བས་ཉན་འཚལ།

གཞན་ཡང་ཉན་པོ་བ་རྣམས་ལ་སློབ་ཁྲིད་མི་འཛིན་པའི་སྐྱོན་ལྔ་བྱ་བ་ཡོད་དེ། དེ་གང་ཡིན་ན། ཚིག་མི་འཛིན་པ་དང༌། དོན་མི་འཛིན་པ་དང༌། བརྡ་མ་ཕྲོད་པར་འཛིན་པ་དང༌། ལོག་པར་འཛིན་པ་དང༌། མ་ལུས་པར་མི་འཛིན་པའོ། །དང་པོ་ཚིག་མི་འཛིན་པ་སྟེ། ཚིག་འདྲ་བ་ཇི་ཙུག་བཏགས་ཀྱང་ཆོག་ཟེར་ནས་གསུང་སྒྲོས་ལ་ནན་ཏན་མི་བྱེད་པར་དོན་གཅིག་པུ་ལ་ནན་ཏན་བྱེད་དེ། ཚིག་ནོར་ན་དོན་ཡང་ནོར་ནས་འགྲོ་ལ། དང་པོ་ཚིག་མ་ནོར་བ་རེ་བཟུང་ནས། བསམས་ན་དོན་མ་ནོར་བ་ཞིག་སྐྱེ་བ་ཡིན་གསུངས།

གཉིས་པ་དོན་མི་འཛིན་པ་ནི། ཚིག་གཅིག་པུ་ལ་ནན་ཏན་བྱེད་ལ། དོན་ལ་ནན་ཏན་མི་བྱེད་པ་ཙམ་ན། སློབ་ཁྲིད་མང་པོ་བློ་ལ་ཟིན་ཀྱང༌། ནེ་ཙོའི་ཁ་འདོན་དུ་འགྲོ་གསུངས། བརྡ་མ་ཕྲོད་པར་འཛིན་པ་ནི། སློབ་ཁྲིད་དེའི་དགོས་དོན་དང༌། བསྡུས་དོན་དང༌། ཚིག་དོན་གང་ཡིན་ཆ་མེད་པར་འཛིན་པ་ལ་ཟེར་ཏེ། དེའི་སློབ་ཁྲིད་ཀྱིས་རང་གཞན་ལ་ཕན་མི་ཐོགས་གསུངས། ལོག་པར་འཛིན་པ་ནི། དགེ་རྒན་གྱིས་དྲང་པོར་བཤད་ཀྱང༌། སློབ་ཁྲིད་ན་མར་དེ་སྐད་བྱ་བ་མེད་ཟེར་ནས་ལོག་པར་འཛིན་པ་སྟེ། འདི་ཀ་སྐྱོན་ཆེ་གསུངས། མ་ལུས་པར་མི་འཛིན་པ་ནི། གལ་ཆེ་ཆེ་འཛིན། ཆུང་ཆུང་མི་འཛིན་པ་སྟེ། དེ་ལྟར་བྱས་ན་སློབ་ཁྲིད་འགོ་མེད་གཞུག་མེད་དུ་སོང་ནས་ཕྱིས་གཞན་ལ་མི་ཕན་ཐོགས། འདི་འོ་སྐོལ་རྣམས་ལ་འབྱུང་བས། དང་པོ་ཉན་པའི་དུས་ན་རང་གི་བློས་འཆུན་ཚད་ཀྱིས་ཐེར་ཆགས་སུ་འཛིན་དགོས་གསུངས། དེ་ལྟར་སློབ་ཁྲིད་ཉན་པའི་དྲི་མ་དེ་དག་སྤངས་ལ་བསམས་པ་དད་གུས་དང་ལྡན་པས་སློབ་ཁྲིད་མཉན་འཚལ།

ཚིག་འགྲེལ། གདམས་ངག མན་ངག་གམ་ཕན་པའི་ངག་ཚིག་སྟེ། དཀའ་བའི་གནད་རྣམས་ཐག་གཅོད་བྱེད་པའི་ཐབས་ཤེས་ཁྱད་པར་ཅན་ལ་བྱའོ།།

སྦྱོར་དངོས་རྗེས་གསུམ། སྦྱོར་ཞེས་པ་ནི་སྦྱོར་བ་སྟེ་སློབ་ཁྲིད་མ་ཚུགས་གོང་དུ་ངེས་པར་ཚང་དགོས་པའི་གྲ་སྒྲིག་གམ་             སྟ་གོན་བྱེད་པ་ལ་ཟེར། དངོས་ཞེས་པ་ནི་སློབ་ཁྲིད་དངོས་གཞི་ཚུགས་པ་ལ་ཟེར། རྗེས་ཞེས་པ་ནི་སློབ་ཁྲིད་ཟིན་པའི་མཇུག་ཏུ་ཇི་ལྟར་བྱ་བ་ལ་ཟེར་རོ།།

གཉིད་དང་རྨུགས་པ། གཉིད་ནི་དུས་མ་ཡིན་པའི་གཉིད་ལ་བྱ་སྟེ། དེས་ནི་སེམས་རང་དབང་མེད་པ་ནང་དུ་སྡུད་པར་བྱེད་པ་ལ་ཟེར། རྨུགས་པ་ནི་བློ་བྱིང་ཞིང་མི་གསལ་བ་འཐིབ་པ་ལ་བྱའོ།།

འོ་སྐོལ། ང་རང་ཚོ་འམ་རང་རེ་ཞེས་པའོ།།

བག་རེ་གོ། ཅུང་ཟད་དམ་ཉུང་ཤས་སམ་ཟུར་ཙམ་གོ་བ་ལ་ཟེར།

ཡད་ཡུད། སྣང་མེད་བྱེད་པའི་དོན།

ཁ་རྒོད། ཁ་གྱོང་པོ་ལ་ཟེར།

སྙམ་སྙོམ་མི་བྱེད་པ། སྙམ་ནི་རྟོག་དཔྱོད་ཀྱི་དོན་དང༌། སྙོམ་ནི་གཡེལ་བའི་དོན་ཏེ་དེ་བློ་ལ་མི་བྱེད་པ་ཞེས་པའོ།།

འཕྲོ་བཅད། མཚམས་བཞག་པའམ་བཅད་པ་ལ་བྱའོ།།

ཇི་ཙུག་བཏགས་ཀྱང་ཆོག གང་འདྲ་ཞིག་གི་མིང་བཏགས་ཀྱང་ཆོག་ཅེས་པའོ།།

སྦྱང་གཞི།༡ སློབ་ཁྲིད་ཉན་པ་པོའི་སྣོད་ཀྱི་སྐྱོན་གསུམ་དང༌། དྲི་མ་དྲུག མི་འཛིན་པའི་སྐྱོན་ལྔ་བཅས་སོ་སོའི་དོན་སྤྱི་ཙམ་གྱི་མིང་གང་དང་གང་ཡིན་ནམ།

༢ སྣོད་ཞབས་རྡོལ་པ་ཞེས་པའི་ཞིབ་ཕྲའི་ནང་དོན་དང༌། སྤང་བྱའི་ཐབས་ལ་འཇུལ་ཚུལ་ཇི་ལྟར་བསྟན་འདུག་གམ།

༣ དྲི་མ་དྲུག་གི་ནང་ཚན་བཞི་པ་དང༌། མི་འཛིན་པའི་སྐྱོན་ལྔའི་ནང་ཚན་གཉིས་པ་བཅས་དེ་གཉིས་སོ་སོའི་ཞིབ་ཕྲའི་ནང་དོན་གང་ཞིག་ཡིན་ནམ།

༤ སློབ་ཚན་འདིའི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ་འདོར་ལེན་ཇི་ལྟར་བྱེད་དམ།

བརྒྱུད་སྐུལ།

མཆན་སྤེལ།