རི་དྭགས་ཆོས་འཁོར་གྱི་མཚོན་དོན་འགྲེལ་བཤད།

རི་དྭགས་ཆོས་འཁོར་གྱི་མཚོན་དོན་འགྲེལ་བཤད།

དེ་ཡང་ས་བཅུ་པའི་མདོ་ལས།

ངས་ནི་སྔོན་ཆད་སངས་རྒྱས་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གཅིག་དྲན།  །

དེ་དག་དྲང་སྲོང་ཞེས་བྱ་ནགས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར།  །

ཞི་ཞིང་ཉེར་ཞི་བསམ་གཏན་མངོན་འགྱུར་རྟག་ཏུ་རི་དྭགས་རྣམས་ཀྱིས་བསྟེན།  །

དེ་ཕྱིར་དྲང་སྲོང་ཞེས་བྱ་ནགས་མཆོག་དེར་ནི་ཆོས་ཀྱི་འཁོར་ལོ་དམ་པ་བསྐོར།  །

ཞེས་གསུངས་པ་ལྟར།  དེ་ལ་འདིར་དཀྱིལ་འཁོར་གྱི་རྟ་བབས་ཀྱི་སྟེང་དང༌།  ཁྱད་པར་དུ་ཆོས་གྲྭ་དུ་མའི་གཙུག་ལག་ཁང་གི་ཡངས་སྟེང་སོགས་སུ་རི་དྭགས་ཆོས་འཁོར་འབུར་བཟོའི་ལམ་ནས་བཞེངས་བསྐྲུན་མཛད་སྲོལ་ཡོད་པའི་རྣམ་པ་ཅི་འདྲ་ཞིག་དགོས་པ་དང༌།  དེས་གང་ཞིག་མཚོན་མིན་སྐྱེ་བོ་མང་པོར་ལྐོག་ཏུ་འགྱུར་བས།  རི་དྭགས་ཆོས་འཁོར་གྱི་མཚོན་དོན་དང༌།  བྱུང་བའི་ལོ་རྒྱུས་ཇི་ལྟར་ཡིན་ཞེ་ན།  དེ་ཡང་མཉམ་མེད་སྟོན་པ་ཤཱཀྱ་ཐུབ་པ་དེ་ཉིད་མངོན་པར་རྫོགས་པའི་སངས་རྒྱས་པའི་རྗེས་སུ་དབེན་པའི་ནགས་ཚལ་དུ་ཐུགས་མཉམ་བཞག་གི་ངང་དུ་བཞུགས་པའི་སྐབས་ཤིག ལྷ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་མ་སྟོང་ལྡན་དང༌།  བརྒྱ་བྱིན་གྱིས་ཀྱང་དུང་དཀར་གཡས་འཁྱིལ་ཞིག་སྟོན་པའི་སྤྱན་སྔར་ཕུལ་ཏེ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བས།  སྟོན་པས་ཆོས་འཁོར་ལན་གསུམ་བསྐོར་བར་ཞལ་གྱིས་བཞེས།

དེའི་ནགས་ནས་རི་དྭགས་རུ་རུ་གཉིས་ཤིག་ཀྱང་ཐོན་ནས་ཆོས་འཁོར་ལ་མིག་མི་འཛུམ་པར་ལྟ་ཞིང་འདུག་པ་བྱུང་བས།  དེ་དཔེ་ལ་སྦྱར་ནས་རྩིབས་སྟོང་གི་འཁོར་ལོ་དེ་གཞན་གྱིས་བསྐོར་མི་དགོས་པར་གཡུལ་གྱི་ཕྱོགས་སུ་བཏང་ན་རང་བཞིན་གྱིས་འཁོར་ཏེ་བགྲོད་ནུས་པ་དང༌།  གང་ལ་བགྲོད་པའི་ས་ཕྱོགས་དེ་དག་མངའ་འོག་ཏུ་འཇུག་ཐུབ་པའི་བྱེད་ནུས་ཁྱད་པར་ཅན་ཡོད་སྐད། དོན་ལ་སྦྱར་ན་ནི་སྟོན་པ་སངས་རྒྱས་དང་དེས་གསུངས་པའི་ཆོས།  རི་དྭགས་གཉིས་ནི་ཚངས་པ་དང་བརྒྱ་བྱིན་གྱིས་མཚོན་པའི་གདུལ་བྱའི་རིགས་མཐའ་དག་སྟེ།  རྣ་བ་ཡར་བཏེགས་པས་ཐོས་པ་དང༌།  མིག་མི་འཛུམ་པར་ལྟ་བས་བསམ་པ།  རྐང་ལག་ས་ལ་ཉལ་བས་སྒོམ་པའི་ཚུལ་བསྟན།  མདོར་ན་ནང་པའི་གཙུག་ལག་ཁང་གི་ཡངས་སྟེང་ལ་གཟུགས་བརྙན་དེ་འགོད་པ་ནི་དཀོན་མཆོག་གསུམ་རྗེས་སུ་དྲན་པ་དང༌།  ལུང་རྟོགས་བསྟན་པས་འཇིག་རྟེན་དགེ་ལེགས་སུ་བྱེད་པའི་བཀྲ་ཤིས་ཀྱི་རྟེན་འབྲེལ་མཚོན་པ་ཡིན་ནོ།  །

དེ་ཡང་རི་དྭགས་ཆོས་འཁོར་གྱི་མཚོན་དོན་ལ་གདུལ་བྱ་རང་རང་གིས་གོ་ཚུལ་དང་མཐུན་པར་མཁས་པའི་བཞེད་ཚུལ་འགའ་ཞིག་སྣང་བ་འདི་ལྟར།  དངུལ་ཆུས་ཆོས་འཁོར་གྱིས་སངས་རྒྱས་དང༌།  རི་དྭགས་གཉིས་ཀྱིས་མུ་སྟེགས་བྱེད་མཚོན་པར་གསུངས་པ་དང༌།  པཎ་ཆེན་ངོ་མཚར་རྒྱ་མཚོས།  རི་དྭགས་ལ་གཞན་གྱིས་བདག་ཏུ་བཟུང་བ་མེད་པས་བདག་མེད་སྟོན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཚོན་ཞེས་དང༌།  རི་དྭགས་གཉིས་མིག་མི་འཛུམ་པར་མཛད་པ་ནི་ཆོས་ལ་དོན་གཉེར་དགོས་པའི་བརྡ་ཡིན་པ་དང༌།  ཡང་ལ་ལས་འདུལ་བ་ལུང་ལས།  བཅོམ་ལྡན་འདས་ཀྱི་ཝཱ་ར་ཎཱ་སིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་བདེན་བཞི་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་བསྐོར་སོགས་གསུངས་པ་ལ་བརྟེན་ནས་རི་དྭགས་ཕོ་མོ་ཟུང་དེས་ཐོག་མར་ཆོས་འཁོར་བསྐོར་བའི་གནས་དང༌། འཁོར་ལོས་སྟོན་པས་བདེན་བཞི་ལན་གསུམ་དུ་བཟླས་ཤིང་བསྐོར་ཏེ་ཆོས་གསུངས་པ་མཚོན་པར་བཤད་ལ། འགའ་ཞིག་གིས་རི་དྭགས་ཕོ་མོ་ཟུང་གིས་གཞན་ལ་འཚེ་བ་མེད་པར་མཚོན་པ་དང༌།  འཁོར་ལོས་སྟོན་པ་བཅོམ་ལྡན་འདས་ཀྱིས་འཚེ་མེད་ཞི་བའི་དམ་པའི་ཆོས་གསུངས་པར་མཚོན་ཞེས་ཀྱང་སྨྲ་བ་སོགས་བཞེད་ལུགས་མང་ངོ༌།  །

གཞན་ཡང་ཆོས་འཁོར་གྱིས་སྟོན་པ་སངས་རྒྱས་པའི་དགོས་པ་གཙོ་བོ་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པའི་ཆེད་དུ་ཐར་ལམ་གྱི་མི་མཐུན་ཕྱོགས་ཆགས་སོགས་ཉོན་མོངས་བག་ཆགས་དང་བཅས་པ་རྩད་ནས་གཅོད་བྱེད་མཛད་པ་ཀུན་གྱི་མཆོག་ཏུ་གྱུར་པ་གསུང་གི་མཛད་པ་མཚོན་པ་དང༌།  རི་དྭགས་གཉིས་ཀྱིས་ཆོས་འཁོར་ཐོག་མར་བསྐོར་བའི་གནས་ཝཱ་ར་ཎཱ་སིར་རི་དྭགས་ཀྱི་ནགས་ཚལ་ལམ་རི་དྭགས་གནས་ཡུལ།  གནས་དབེན་པ་ཡིན་པར་མཚོན་ལ།  དེ་ཡང་སྟོན་པས་ཆོས་ཇི་ལྟར་གསུངས་པ་དེ་བཞིན་ཉམས་སུ་ལེན་པ་ལ།  རི་དྭགས་བཞིན་དུ་དབེན་པའི་གནས་བསྟེན་ཏེ།  ལུས་འདུ་འཛི་ལས་བསྲིངས་པ་དང༌།  སེམས་རྣམ་རྟོག་ལས་བསྲིངས་ཤིང༌།  རང་ལ་ལྟོས་ཏེ་དོན་དང་བྱ་བ་ཉུང་ཞིང་འདོད་ཆུང་ཆོག་ཤེས་བསྟེན་ནས་སྒོམ་སྒྲུབ་ཚུལ་བཞིན་བྱེད་དགོས་པར་མཚོན་པ་ཡིན་ནོ།  །

གཞན་ཡང་བདག་ཅག་གི་སྟོན་པ་མངོན་པར་རྫོགས་པའི་སངས་རྒྱས་ནས་ཡུལ་ཝཱ་རཱ་ཎ་སིའ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོར་བདེན་བཞིའི་ཆོས་འཁོར་བསྐོར་བའི་ཚེ་འཇིག་རྟེན་གྱི་མེས་པོ་ལྷ་ཆེན་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཏེ་གསོལ་བ་བཏབ་པ་ལྟར་བཀྲ་ཤིས་པའི་མཚོན་བྱེད་དང༌།  རི་དྭགས་བསེ་རུ་ཁ་སྤྲོད་དུ་བསྡད་པ་དེ་ཆོས་འཁོར་བསྐུལ་བ་པོ་དང༌།  ཞུ་བ་པོ་མཚོན་པ་དང༌།  འཁོར་ལོས་བདེ་བར་གཤེགས་པས་མདོ་སྔགས་ཀྱི་ཆོས་འཁོར་འགྲོ་བའི་མོས་ཁམས་དང་འཚམ་པ་དྲང་ངེས་སུ་སྐོར་བ་ལ་མུ་སྟེགས་པ་རྣམས་ཁེངས་པ་དོར་ནས་བསྟན་པ་ལ་ཞུགས་ཤིང་གུས་འདུད་མཚོན་ཕྱིར་རི་དྭགས་ཕོ་མོ་ཉལ་སྟབས་སུ་གདོང་ཕྱིར་ཕྱོགས་ཤིང༌།  མིག་འཁོར་ལོའི་རྩེར་བལྟས་ནས་ཡོད་པ་བཅས་ཀྱི་མཚོན་དོན་ཡིན།

རི་དྭགས་ལ་འགའ་རེས་རུ་རུར་འདོད་པ་དང༌།  ལ་ལས་རི་དྭགས་ཀྲིཎཥསཱར་རམ།  ཁྲི་གཉན་དུ་འདོད་ཅིང་མདོར་ན་རི་དྭགས་དེ་དག་བྱམས་སྙིང་རྗེ་ཆེ་བར་གྲགས་ཤིང༌།  རི་དྭགས་རྣམས་བདག་ཏུ་བཟུང་བ་མེད་ཅིང་གཞན་ལ་གནོད་འཚེ་སྤང་ཞིང་བྱམས་བརྩེ་བསྟེན་པ་དང༌།  ཆོས་རྣམས་རང་དབང་གི་བདག་ཏུ་གྲུབ་པ་མེད་པའི་སྟོང་ཉིད་བསྟན་པ་མཚོན་པ་ཡིན་ནོ།  ། ལ་ལས་རི་དྭགས་གཉིས་ནི་རི་དྭགས་ཀྲིཎཥས་ར་ལ་བཤད་པ་ཡིན་ཏེ།  དེ་མཐོང་བས་རྒྱུད་ལ་མི་འཚེ་བའི་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་སྐྱེ་སླ་བར་འགྱུར་སྐད་དང༌།  ལ་ལས་གཡས་གཡོན་གྱི་རི་དྭགས་ཕོ་མོ་གཉིས་ནི་བསེ་རུ་ཡིན་ཏེ༑ བྱང་ཆུབ་སེམས་དཔའི་སེམས་རྒྱུད་བཞིའི་གྲས་བསེ་རུའི་སེམས་རྒྱུད་ཀྱིས་ཆོས་རྩེ་གཅིག་ཏུ་ཉན་པ་མཚོན་པ་ཡིན་ཞེས་བཤད་དོ།  ། རི་དྭགས་ཕོ་མོ་གཉིས་ཀྱིས་ཐབས་དང་ཤེས་རབ་མཚོན་ཏེ།  ཐབས་ཤེས་ཟུང་འབྲེལ་གྱི་ལམ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་མཚོན་བྱེད་དུ་གོ་དགོས་སོ།  །

གཞན་ཡང་རྩིབས་བརྒྱད་དང་ལྡན་པའི་འཁོར་ལོ་ནི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་མཚོན།  དེ་ཡང༌།  འཁོར་ལོ་ལ་འཛིན་པར་བྱེད་པའི་ལྟེ་བ་དང༌།  གཅོད་པར་བྱེད་པའི་རྩིབས་དང༌།  སྡུད་པར་བྱེད་པའི་མུ་ཁྱུད་བཅས་གསུམ་དུ་ཡོད་པ་ལྟར།  མཐོང་ལམ་ལ་འཕགས་ལམ་ཡན་ལག་བརྒྱད་དུ་ཕྱེ་བའི་ཡང་དག་པའི་ངག་དང༌།  ཡང་དག་པའི་ལས་ཀྱི་མཐའ།  ཡང་དག་པའི་འཚོ་བ་གསུམ་ཚུལ་ཁྲིམས་ཀྱི་བསླབ་པར་འདུ་ཞིང་བསླབ་པ་གཞན་གཉིས་ཀྱི་རྟེན་བྱེད་པས་འཁོར་ལོའི་ལྟེ་བ་དང་ཆོས་མཐུན།  ཡང་དག་པའི་ལྟ་བ་དང༌།  ཡང་དག་པའི་རྟོག་པ་དང༌།  ཡང་དག་པའི་རྩོལ་བ་གསུམ་ཤེས་རབ་ཀྱི་བསླབ་པར་འདུ་ཞིང༌།  མི་མཐུན་པའི་ཕྱོགས་གཅོད་པར་བྱེད་པས་འཁོར་ལོའི་རྩིབས་དང་ཆོས་མཐུན།  ཡང་དག་པའི་དྲན་པ་དང༌།  ཡང་དག་པའི་ཏིང་ངེ་འཛིན་གཉིས་ནི་དམིགས་པ་ལ་སེམས་འཛིན་པར་བྱེད་པས་འཁོར་ལོའི་མུ་ཁྱུད་དང་ཆོས་མཐུན་པར་བཞེད།

མདོར་ན་དབུས་ཀྱི་འཁོར་ལོའི་ལྟེ་བས་ཚུལ་ཁྲིམས་ཀྱི་བསླབ་པ་དང༌།  བར་གྱི་རྩིབས་མས་ཤེས་རབ་ཀྱི་བསླབ་པ།  མཐའི་མུ་ཁྱུད་ཀྱིས་ཏིང་ངེ་འཛིན་གྱི་བསླབ་པ་བཅས་བསླབ་གསུམ་མཚོན་ཞིང༌།  ཡང་སངས་རྒྱས་ཀྱི་བཀའ་ཡོད་དོ་ཅོག་བསླབ་པ་གསུམ་དང་འཕགས་ལམ་ཡན་ལག་བརྒྱད་དུ་མ་འདུས་པ་མེད་པས་འཁོར་ལོའི་རྩིབས་བརྒྱད་པོ་དེས་འཕགས་ལམ་ཡན་ལག་བརྒྱད་ཀྱང་མཚོན་པ་ཡིན་ནོ།  །

ཡང་དབུས་ཀྱི་ཆོས་འཁོར་མདོའི་མཚོན་བྱེད་དང༌།  གཡས་གཡོན་གྱི་རི་དྭགས་གཉིས་པོ་སྔགས་ཀྱི་མཚོན་བྱེད་ཡིན་པས།  ནང་པ་སངས་རྒྱས་ཀྱི་ཆོས་ནི་མདོ་སྔགས་ཟུང་དུ་འབྲེལ་བའི་རྟགས་མཚོན་ཡིན།  མདོར་ན་རི་དྭགས་ཆོས་འཁོར་གྱིས་ཐེག་པ་ཆེན་པོའི་ཆོས་དར་ཞིང་རྒྱས་པའི་རྟགས་མཚོན་ཞིང༌།  དེ་ནི་ནང་པ་སངས་རྒྱས་ཀྱི་རྟགས་མ་ལྟ་བུ་ཡིན་ནོ།  །

ཆོས་འཁོར་དེ་ཉིད་རྩིབས་བརྒྱད་པ་དང༌།  བཅུ་པ།  བཅུ་གཉིས་བྱེད་པའི་ལུགས་སྲོལ་གསུམ་ལས།  རྩིབས་བརྒྱད་ལྟར་ན་བདེན་བཞི་བདེན་གཉིས་ཀྱི་ཆོས་དྲུག་དང༌།  འཇིག་རྟེན་ལས་འདས་མ་འདས་ཀྱི་ཆོས་གཉིས་བཅས་བརྒྱད་རྣམ་པར་དག་པ་མཚོན་པ་དང༌།  བསླབ་གསུམ་གྱིས་བསྡུས་པའི་འཕགས་ལམ་ཡན་ལག་བརྒྱད་ཀྱིས་རང་རང་གི་མི་མཐུན་ཕྱོགས་རྣམས་གཅོད་པར་ཡང་མཚོན་པ་དང༌།  བཅུ་པ་ལྟར་ན།  མཚོན་བྱ་དོན་གྱི་ཆོས་འཁོར་ལ་འཕགས་ལམ་གྱིས་བསྡུས་པའི་ཤེས་པ་བཅུ་དང༌།  སྟོབས་བཅུ་སོགས་ཡོད་པར་མཚོན་པར་འདོད་ཅིང༌།  བཅུ་གཉིས་ཀྱིས་བདེན་བཞི་ལན་གསུམ་དུ་བཟླས་པས་རྣམ་པ་བཅུ་གཉིས་དང༌།  རྟེན་འབྲེལ་ཡན་ལག་བཅུ་གཉིས་མཚོན་པ་དང༌།  འཁོར་ལོའི་གདན་ལ་པདྨ་དང༌།  ཟླ་བའི་གདན་གཉིས་ཡོད་པ་དེས་ལམ་ཐབས་ཤེས་གཉིས་ཡོད་པར་མཚོན་ཏེ།  དེ་ཡང་པདྨས་སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་ལུགས་དབྱིངས་རིག་རྣམ་པར་དག་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་དང༌།  ཟླ་བས་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་དེ་ཉིད་མཚོན་པ་ཡིན་ནོ།  །

གཞན་ཡང་འཁོར་ལོར་པད་ཟླའི་གདན་ཡོད་པར་གསུངས་ཤིང༌།  ཚད་ནི་གཡས་གཡོན་གྱི་རི་དྭགས་ལས་གཉིས་ལྡབ་ཀྱི་དཔངས་མཐོ་བ་དགོས་ལ༑ འཁོར་ལོ་རྩིབས་བརྒྱད་པའི་གཡས་སུ་རི་དྭགས་ཕོ་དང༌།  གཡོན་དུ་རི་དྭགས་མོ།  དེ་གཉིས་ཀ་ཉལ་སྟབས་སུ་མགྲིན་པ་བཏེགས་ཏེ་མིག་གིས་འཁོར་ལོའི་རྩིབས་ལ་བལྟ་བ་ཞིག་དགོས་པར་གསུངས་པ་བཅས་སོ།།  །།

བརྒྱུད་སྐུལ།

མཆན་སྤེལ།