ཉི་ཟླ་གཡུང་དྲུང༌གི་མཚོན་དོན་འགྲེལ་བཤད།

ཉི་ཟླ་གཡུང་དྲུང༌གི་མཚོན་དོན་འགྲེལ་བཤད།

རང་རེ་བོད་མིའི་ཡུལ་གོམས་གཤིས་ལུགས་ལྟར་ན། བོད་མིའི་ཁང་པའི་ཕྱི་སྒོའི་གཡས་གཡོན་ནམ། ཡང་ན་སྒོའི་མེ་ལོང་གི་དབུས་སུ་ཉི་ཟླ་དང༌། གཡུང་དྲུང་གི་རི་མོ་འབྲི་སྲོལ་ཡོད་པ་དེ་དག་ནི་མཛེས་རྒྱན་ཁོ་ནའི་ཆེད་དུ་བྲིས་པ་མ་ཡིན་པར་དགོས་པ་ཁྱད་པར་ཅན་ཡོད་ཅིང༌། དེ་ཡང་ཉི་མས་གཟི་བརྗིད་ཆེ་བ་དང༌། ཟླ་བས་ཚེ་དཔལ་ཡར་ངོའི་ཟླ་བ་ལྟར་འཕེལ་བ་དང༌། གཡུང་དྲུང་ནི་བརྟན་ཅིང་འགྱུར་བ་མེད་པའི་མཚོན་བྱེད་ཡིན་སྟེ། ཚེ་མི་འགྱུར་གཡུང་དྲུང་ལྟར་བརྟན་པ་ཞེས་བརྗོད་པ་སྟེ་ཚེ་རིང་ལོངས་སྤྱོད་རྒྱས་པའི་རྟེན་འབྲེལ་མཚོན་པར་བྱས་པ་སྟེ། གཡང་སྒྲུབ་ལས།

ཚེ་ཡི་ཉི་མ་མི་ནུབ་རབ་ཏུ་གསལ། །

བསོད་ནམས་ཟླ་བ་ཡར་ངོའི་ཟླ་ལྟར་འཕེལ། །

རིགས་རྒྱུད་མི་འགྱུར་གཡུང་དྲུང་ལྟར་བརྟན་པ། །

བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།

ཅེས་པའི་གསུངས་ཚུལ་འདིར་གཞིགས་ན། སྒོའི་སྟེང་གི་ཉི་ཟླ་གཡུང་དྲུང་གི་རི་མོ་ལས་ཉི་མས་ཚེ་རིང་བ་དང༌། ཟླ་བས་བསོད་ནམས་འཕེལ་བ༑གཡུང་དྲུང་གིས་རིགས་རྒྱུད་འགྱུར་བ་མེད་པ་ལ་སོགས་པའི་རྟེན་འབྲེལ་མཚོན་བྱེད་དུ་བྲིས་པ་གསལ་རྟོགས་ཐུབ་ལ། གཉེན་སྒྲིག་གི་དགའ་སྟོན་སྐབས་བུའི་གདན་གྱི་སྟེང་དུ་འབྲུ་ཡི་གཡུང་དྲུང་དང༌། བུ་མོའི་གདན་གྱི་སྟེང་ནོར་བུ་དགའ་འཁྱིལ་འབྲི་སྲོལ་ཡོད་ཅིང༌། དེ་ཡང་བུ་ནོར་དང་ཟས་གོས་ཕུན་སུམ་ཚོགས་པའི་གཡང་འཁྱིལ་ཏེ་རིགས་རྒྱུད་འགྱུར་བ་མེད་པ་རིང་དུ་གནས་པའི་རྟེན་འབྲེལ་མཚོན་དོན་དུ་ཡིན་ནོ། །
གཞན་ཡང༌། ཉི་མ་ནི་ཚ་ཟེར་ཅན་ཡིན་པས་དབྱར་དུས་སུ་ལོ་ཏོག་འབྲས་བུ་སྨིན་པའི་གྲོགས་དང༌། དགུན་དུས་སྲོག་ཆགས་ཀུན་ལ་ཚ་དྲོད་སྐྱེད་པའི་དགེ་མཚན་དང༌། ཟླ་བ་ནི་བསིལ་ཟེར་ཅན་ཡིན་པས། ཚ་བའི་གདུང་ལ་སེལ་ཞིང༌། བསིལ་བའི་བདེ་བ་སྟེར་ཐུབ་པའི་དགོས་པ་ཁྱད་པར་ཅན་ཡོད་ཅིང༌། དེ་ལྟར་ཉི་ཟླས་ཚ་གྲང་གི་གདུང་བ་སེལ་བས་རྟེན་འབྲེལ་མཚོན་བྱེད་དུ་ཡིན། སྤྱོད་འཇུག་ལས་ཇི་སྐད་དུ།

འགྲོ་བའི་ཉོན་མོངས་གདུང་སེལ་བའི། །

སེམས་ཀྱི་ཟླ་བ་ཤར་བ་ཡིན། །

འགྲོ་བའི་མི་ཤེས་རབ་རིབ་དག།

དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན། །

ཞེས་ཀྱང་གསུངས་ཤིང༌། དེ་མིན་པདྨ་དང༌། ཉི་མ་དང༌། ཟླ་བའི་གདན་གསུམ་གྱི་མཚོན་དོན་ཐད། པད་ཉི་ཟླ་བ་གསུམ་གྱིས་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་མཚོན་པ་ཡིན་ཏེ། དེ་ཡང་པདྨ་ནི་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་ལྟར་འཁོར་བའི་སྐྱོན་གྱིས་མ་གོས་པའི་ངེས་འབྱུང་མཚོན་པ་དང༌། ཉི་མ་ནི་མུན་པ་སེལ་ཞིང་གཟུགས་སོགས་གསལ་བར་བྱེད་པ་ལྟར། མ་རིག་པའི་མུན་པ་སེལ་ཞིང་གནས་ལུགས་དམ་པ་རྟོགས་པར་བྱེད་པའི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་མཚོན་ཞིང༌། ཟླ་བ་ནི་ཚ་གདུང་སེལ་ཞིང་འོད་དཀར་བ་ལྟར་ཞེ་སྡང་གི་ཚ་གདུང་སེལ་ཞིང༌། ངོ་བོ་རྣམ་པར་དཀར་བའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་མཚོན། དེ་གསུམ་གདན་དུ་བྱེད་པ་ནི་དེ་ལྟ་བུའི་ལམ་གཙོ་རྣམ་གསུམ་ལ་དབང་སྒྱུར་བ་མཚོན་བྱེད་ཡིན་ནོ། །

གཡུང་དྲུང་ཞེས་པ་ནི་མི་འགྱུར་བའི་བརྡ་རྙིང་ཞིག་དང༌། བོན་ཆོས་ནས་བྱུང་བའི་མིང་གི་རྣམ་གྲངས་ཞིག་ཡིན་ཞིང༌། དེའི་གོ་དོན་ནི་རྟག་ཏུ་གནས་པ་དང༌། སྲ་ཞིང་བརྟན་པ། འགྱུར་བ་མེད་པ་ལ་བརྗོད། དེ་ཉིད་རི་མོར་བྲིས་ན་གཡུ་དྲུང་ཕྱི་སྐོར་རམ་གཡུང་དྲུང་བོན་སྐོར་འདི་ལྟ་བུ་དང༌། གཡུང་དྲུང་ནང་སྐོར་རམ་གཡུང་དྲུང་ཆོས་སྐོར་འདི་ལྟ་བུ་སྟེ་བོད་ཀྱི་སངས་རྒྱས་ཆོས་ལུགས་པས་དེ་ལྟར་འབྲི་སྲོལ་ཡོད། སྤྱིར་གཡས་ཕྱོགས་ནི་ལམ་ཡང་དག་པ་དང༌། གཡོན་ཕྱོགས་ནི་ལམ་ལོག་པར་གོ་ཚུལ་ཡོད་ཅིང༌། སྤྱོད་འཇུག་ལས་ཀྱང༌།

སོར་མོས་བརྡ་ནི་མི་བྱ་སྟེ། །

གུས་དང་བཅས་པས་གཡས་པ་ཡི། །

ལག་པ་དག་ནི་ཀུན་གྱིས་ཀྱང༌། །

ལམ་ཡང་དེ་ལྟར་བསྟན་པར་བྱ། །

ཞེས་གསུངས་པ་ལྟར་གཞན་ལ་བརྡ་སྤྲོད་ཚེ་ལག་པ་གཡོན་པས་བརྡ་བྱས་ན་བརྙས་ཐབས་སུ་འགྱུར་བས། གུས་པ་དང་བཅས་ལག་གཡས་པས་གྱེན་དུ་བསྟན་ནས་སོར་མོ་ཀུན་གྱིས་ཀྱང་བརྡ་བྱ་ཞིང་ལམ་ཡང་དེ་ལྟར་བསྟན་པ་སོགས་བྱ་དགོས་པར་གསུངས་པར་བརྟགས་ན། འཇིག་རྟེན་གྲགས་ཚོད་ལ་གཡས་ཕྱོགས་ཀྱི་བྱ་བ་དེ་བཞིན་ཡུལ་ཆོས་ཀྱི་དབང་གིས་ལེགས་པ་ཞིག་ཏུ་བརྩི་སྲོལ་ཡོད་པར་སེམས་ཏེ། དེང་སྐབས་ཡོངས་གྲགས་སུའང་གཡས་ཕྱོགས་པ་དང༌། གཡོན་ཕྱོགས་པ་ཞེས་རིམ་བཞིན་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ལ་གོ་ཚུལ་ཡོད།

སྔགས་ལུགས་སུ་ཐབས་ཤེས་གཉིས་ལས་གང་ཞིག་བྱེད་ཕྱོགས་མཚོན་དོན་ལ་གཡས་སྐོར་དང་གཡོན་སྐོར་སོ་སོར་བྱ་དགོས་པའི་སྐབས་ཡོད་པར་གསུངས་པ་ནི་དམིགས་བསལ་གྱི་ཕྱག་སྲོལ་ཞིག་ཡིན་ལ། དེ་མིན་སངས་རྒྱས་ཀྱི་མཚན་དཔེའི་གྲས་སུ་གཡས་ཕྱོགས་སུ་གཤེགས་པ་ཞེས་པར། ལམ་གྱི་སྐོར་ཕྱོགས་དང་མཐུན་པར་གཤེགས་པ་ཞེས་གསལ་བས། ནང་པ་སངས་རྒྱས་པ་རྣམས་ཀྱི་སྟོན་པ་ཉིད་ཀྱི་རྗེས་སུ་འབྲངས་ནས་སྐོར་བ་བྱེད་སྐབས་གཡས་སྐོར་དུ་བསྐྱོད་པ་དང༌། བོན་ལུགས་སུའང་བོན་གྱི་སྟོན་པ་གཤེན་རབ་མཆོག་ལམ་གྱི་སྐོར་ཕྱོགས་དང་མཐུན་པར་གཤེགས་པས། རྗེས་འཇུག་པ་རྣམས་གཡོན་སྐོར་དུ་བསྐྱོད་ཚེ་སྟོན་པའི་ཞལ་མཇལ་བའི་རྟགས་དང་རྟེན་འབྲེལ་གྱིས་གཡོན་སྐོར་བྱེད་པར་འདོད་པས། དེའི་དབང་གིས་གཡུང་དྲུང་ནང་སྐོར་གྱི་འབྲི་སྲོལ་དེ་ནང་པ་སངས་རྒྱས་པ་རྣམས་ཀྱི་ལུགས་སུ་སྤྱོད་གོ་ཆེ་བ་དང༌། གཡུང་དྲུང་ཕྱི་སྐོར་དེ་ཉིད་བོན་ལུགས་སུ་སྤྱོད་པ་གཙོ་ཆེ་བ་དེ་ལྟར་ཡིན་ནམ་སྙམ་པས་དཔྱད་པར་འཚལ།

དུང་དཀར་ཚིག་མཛོད་ལས། རྒྱ་ཡིག་ཐོག་བྲིས་པའི་བོད་ཀྱི་ལོ་རྒྱུས་འགའ་ཞིག་ཏུ་བོད་སྐད་ཐོག་གི་གཡུང་དྲུང་ཟེར་བ་དེ་ནི་རྒྱ་སྐད་ཀྱི་ཡུང་ཁྲང་ཞེས་པའི་སྐད་ཀྱི་ཟུར་ཆག་པ་ཡིན་ཞེས་བཤད་པ་ནི་རང་བཟོའི་ཚོད་བཤད་ཙམ་ཡིན་ཞེས་གསུངས་སོ།། །།

བརྒྱུད་སྐུལ།

མཆན་སྤེལ།