ནོར་བུ་དགའ་འཁྱིལ་གྱི་མཚོན་དོན་འགྲེལ་བཤད།

ནོར་བུ་དགའ་འཁྱིལ་གྱི་མཚོན་དོན་འགྲེལ་བཤད།

སྤྱིར་མི་རིགས་གང་འདྲ་ཞིག་ཡིན་ནའང་ནོར་བུའི་རིགས་ལ་ཚང་མས་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་ལ། ལྷག་པར་རང་ཅག་གངས་ཅན་པ་རྣམས་ཀྱིས་ནོར་བུའི་རིགས་འདི་ལེགས་ཚད་འཛིན་ས་གཙོ་བོར་བཟུང་སྟེ༑དངོས་རིགས་ལེགས་པོ་ཞིག་དང༌། མི་བཟང་པོ་ཞིག་ཡོད་ཚེ་དེར་ནོར་བུ་རང་རེད་ཅེས་བསྔགས་བརྗོད་ཆེན་པོ་བྱེད་སྲོལ་ཡོད། དེ་ལྟ་བུའི་བསམ་པའི་འདུ་ཤེས་ཀྱི་འོག་ནས་ནང་ཆོས་ལ་དད་མོས་མཛད་མཁན་རྗེས་འབྲང་པ་དག་གིས་ཀྱང༌། རང་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་ནོར་བུ་དགའ་འཁྱིལ་གྱི་རི་མོའི་གཟུགས་རིས་འདི་ཉིད་གསར་དུ་བཞེངས་ཤིང༌། གང་གི་བསྟན་བྱའི་ནང་དོན་ཡང་གཏན་འཁེལ་མཛད་པ་ཡིན་ནམ་སྙམ།

དེས་ན་བོད་མིའི་ཁང་པའི་ཀ་སྟེང་གི་གཞུ་དང༌། གཞན་ཡང་རྔ་ལ་སོགས་པའི་དངོས་རིགས་རྣམས་ཀྱི་སྟེང་དུ་ནོར་བུ་དགའ་འཁྱིལ་གྱི་རྟེན་འབྲེལ་རི་མོ་མང་པོ་ཞིག་བྲིས་པ་ང་ཚོའི་མིག་ལམ་དུ་མཐོང་རྒྱུ་ཡོད་ལ། དེ་མིན་སྔར་བོད་ཀྱི་ལྷ་ལྕམ་གཟབ་སྤྲོས་སྐབས་ལུས་སྨད་རྒྱབ་ངོས་ཀྱི་རྒྱན་ཆ་ཞིག་ལའང་ནོར་བུ་དགའ་འཁྱིལ་ཞེས་འབོད་སྲོལ་ཡོད་སྐད།

ནོར་བུ་དགའ་འཁྱིལ་གྱི་རི་མོ་དེར་ནོར་བུ་དགའ་འཁྱིལ་གཉིས་ལྡན་དང༌། གསུམ་ལྡན། བཞི་ལྡན་ལ་སོགས་པ་རིགས་མི་འདྲ་བ་བཞི་ཙམ་མཐོང་རྒྱུ་ཡོད་པའི་རི་མོ་སོ་སོས་གང་ཞིག་མཚོན་གྱི་ཡོད་ཅེ་ན། ནོར་བུ་དགའ་འཁྱིལ་གཉིས་ལྡན་གྱིས་ཐབས་དང་ཤེས་རབ་གཉིས་མཚོན་པ་དང༌། དེ་བཞིན་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་སྟེང་སེངྒེ་གཉིས་ཀྱི་ལག་ཏུ་ནོར་བུ་དགའ་འཁྱིལ་ཐོགས་པ་ནི། ཕན་བདེ་འཛད་མེད་ཀྱི་གཏེར་མཛོད་ལྷ་ཆོས་དགེ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་གི་སྙིང་པོར་གྱུར་པའི་ལས་འབྲས་ཕྲ་ཞིབ་ཀྱི་ཁྲིམས་སྲོལ་སྐྱོང་བ། གོང་ན་ནོར་བུ་མེ་འབར་འོད་ཀྱི་རང་བཞིན་དུ་འཚེར་བ་ནི། མཆོག་གི་ཡོན་ཏན་ཉེར་བཞིས་མངོན་པར་མཛེས་པའི་སྐྱབས་གནས་དཀོན་མཆོག་རིན་ཆེན་རྣམ་གསུམ་སྤྱི་གཙུག་ཏུ་བཀུར་བ། ཞེས་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་གྱི་འགྲེལ་བཤད་དུ་བྱུང་བ་ལྟར། ནོར་བུ་དགའ་འཁྱིལ་ཁ་དོག་གཉིས་ལྡན་བཟུང་བས་ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་སྙིང་པོར་གྱུར་པའི་ལུགས་ཟུང་བླང་དོར་གྱི་རང་ཁྲིམས་གཅེས་སྲུང་བྱེད་པ་མཚོན་ནའང༌། དེང་རྒྱལ་དར་དེ་བཞིན་ཚོང་པ་འགའ་ཞིག་གིས་རང་གི་ཚོང་ཁེ་ཁོ་ནའི་དབང་དུ་བེད་སྤྱོད་ཚོང་འགྲེམས་བྱེད་བཞིན་པའི་རྒྱལ་དར་སྟེང་གི་ནོར་བུ་དགའ་འཁྱིལ་དེ་གསུམ་ལྡན་དུ་བཅོས་འདུག་པ་ནི་མ་དག་པར་སེམས་སོ། །

ནོར་བུ་དགའ་འཁྱིལ་གསུམ་ལྡན་གྱིས་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་དང༌། ཟས་གོས་ནོར་གྱི་ཕྱྭ་གཡང་འཁྱིལ་བར་མཚོན་ཞིང༌། ནོར་བུ་དགའ་འཁྱིལ་བཞི་ལྡན་གྱིས་དགའ་བ་བཞི་སྟེ་དགའ་བ་དང༌། མཆོག་ཏུ་དགའ་བ། ཁྱད་པར་གྱི་དགའ་བ། ལྷན་སྐྱེས་ཀྱི་དགའ་བ་སྟེ་དགའ་བ་བཞི་མཚོན་པ་ཡིན་ལ། སྔགས་ཀྱི་དགའ་བ་བཞི་ནི། དགའ་བ། མཆོག་དགའ། དགའ་བྲལ། ལྷན་སྐྱེས་ཀྱི་དགའ་བ་སྟེ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་རྒྱས་པར་གསུངས་པ་ལྟར་རོ།།  །།

བརྒྱུད་སྐུལ།

མཆན་སྤེལ།