སྤྱི་ཚོགས་དང་སློབ་གསོ།

༅།། སྤྱི་ཚོགས་དང་སློབ་གསོ།

རྩོམ་པ་པོ།   གཅན་རོང་བསྟན་འཛིན།

 

སྤྱི་ཚོགས་ཀྱིས་མི་ལ་བཏོན་པའི་རེ་བ་ནི་དོན་དངོས་སུ་སྤྱི་ཚོགས་འཕེལ་རྒྱས་ཀྱིས་སློབ་གསོར་བཏོན་པའི་རེ་བ་དང་། སློབ་མའི་སྤུས་ཚད་དང་འཇོན་ནུས་ལ་བཏོན་པའི་རེ་བ་ཡིན་པ་དང་མཉམ་དུ་སྤྱི་ཚོགས་འཕོ་འགྱུར་གྱིས་དགེ་རྒན་གྱི་སྤུས་ཚད་དང་སློབ་ཁྲིད་ཀྱི་ནུས་པའམ་བྱེད་ཐབས་ལ་བཏོན་པའི་རེ་བ་གལ་ཆེན་ཞིག་ཡིན་མོད།

སྤྱི་ཚོགས་ཀྱིས་མི་ལ་བཏོན་པའི་རེ་བ་ནི་དོན་དངོས་སུ་སྤྱི་ཚོགས་འཕེལ་རྒྱས་ཀྱིས་སློབ་གསོར་བཏོན་པའི་རེ་བ་དང་། སློབ་མའི་སྤུས་ཚད་དང་འཇོན་ནུས་ལ་བཏོན་པའི་རེ་བ་ཡིན་པ་དང་མཉམ་དུ་སྤྱི་ཚོགས་འཕོ་འགྱུར་གྱིས་དགེ་རྒན་གྱི་སྤུས་ཚད་དང་སློབ་ཁྲིད་ཀྱི་ནུས་པའམ་བྱེད་ཐབས་ལ་བཏོན་པའི་རེ་བ་གལ་ཆེན་ཞིག་ཡིན་མོད། རེ་བ་འདིར་ངོས་འཛིན་དང་གཙིགས་ཆེན་བས་མིན་གྱི་དབང་གིས་སྤྱི་ཚོགས་ཧྲིལ་བོ་འཆམ་མཐུན་མ་ཡིན་པའི་གནས་ཚུལ་རབ་དང་རིམ་པ་མང་བོ་འབྱུང་བཞིན་ཡོད་པས། འདིའི་སྐོར་ཕྲན་ཙམ་གླེང་བ་ལ།

གཅིག  སྤྱི་ཚོགས་ཀྱིས་མིའི་སྤུས་ཚད་ལ་བཏོན་པའི་རེ་བ།

བ་དངོས་གང་ཞིག་ཡིན་ཡང་དེ་ལ་གོ་སྐབས་ཕུན་སུམ་ཚོགས་པ་ཞིག་སླེབས་རྒྱུ་ཡོད་ལ། གོ་སྐབས་དེ་སླེབས་ཚེ་དེ་དག་མི་འདྲ་བའི་གནས་སོ་སོར་འཕེལ་ཞིང་། དཔྱིད་ཀྱི་མེ་ཏོག་ནང་བཞིན་གང་སར་རྣམ་པར་བཞེད་ངེས་ཡིན་མོད། གོ་སྐབས་དེ་དམ་འཛིན་མ་བས་ན། རྣམ་པར་བཀྲ་བའི་མེ་ཏོག་གཞོན་ནུ་ཡང་དཔྱིད་ཀྱི་བུ་མོའི་རྣ་ལུང་དུ་འགྱུར་དཀའ་ངེས་རེད།  དེ་བས། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་པ་རེ་རེ་ནི་མིའི་རིགས་འཚོ་གནས་ཀྱི་གོ་སྐབས་ཕུན་སུམ་ཚོགས་པ་རེ་རེ་ཡིན་ལ། སྤྱི་ཚོགས་འཕེལ་རྒྱས་ཀྱི་རེ་འབོད་རེ་རེ་ནི་མིའི་སྤུས་ཚད་ཀྱི་ཚད་གཞི་གསར་བ་རེ་རེ་དང་། མིའི་སྤུས་ཚད་ཀྱི་ཚད་གཞི་རེ་རེ་ནི་སློབ་གསོ་འཕེལ་རྒྱས་ཀྱི་གོ་སྐབས་རེ་རེ་ཡིན་པས། ཤེས་ཡོན་དཔལ་འབྱོར་གྱི་དུས་རབས་འདིར་ལྟོས་བཅས་ཀྱིས་བཤད་ན། མིའི་ཤེས་ཡོན་དང་། རྩལ་ནུས། ཀུན་སྤྱོད། གསར་གཏོད་སོགས་ཀྱི་གོ་སྐབས་གསར་བ་སླེབས་པའི་མགོ་བརྩམས་པ་རེད་ཅེས་བཤད་ཆོག་ལ། ཡང་གཅིག་བཤད་ན། སྤྱི་ཚོགས་ཀྱིས་མིའི་སྤུས་ཚད་ལ་བཏོན་པའི་རེ་བ་ཇེ་མཐོ་ནས་ཇེ་མཐོ་རེད། སློབ་གསོའི་ཐད་ནས་བཤད་ན། སྤྱི་ཚོགས་འཕེལ་རྒྱས་ཀྱིས་མིར་བཏོན་པའི་རེ་བ་དང་། དེང་སྐབས་ཀྱི་མིའི་དོན་དངོས་སྤུས་ཚད་གཉིས་ཀྱི་བར་ན་ད་དུང་འཆམ་མཐུན་མ་ཡིན་པའི་གནས་ཚུལ་འབྱུང་བཞིན་ཡོད་པ་ནི་ད་ལྟའི་སློབ་གསོའི་དཀའ་ཁག་ཆེས་ཆེན་པོ་ཞིག་རེད།

སྤྱི་ཚོགས་འཕོ་འགྱུར་གྱིས་མིའི་ཤེས་བའི་སྤུས་ཚད་དང་། ངལ་རྩོལ་རྩལ་ནུས་ཀྱི་སྤུས་ཚད། བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་སོགས་ལ་རེ་བ་མི་འདྲ་བ་རེ་རེ་འདོན་བཞིན་ཡོད་དེ། དཔེར་ན། ལོ་རབས་བདུན་ཅུ་བར་སློབ་འབྲིང་དགེ་རྒན་གྱི་ཆུ་ཚད་རེ་བ་དམའ་འབྲིང་ཙམ་ཡིན་ལ། ལོ་རབས་བརྒྱད་ཅུ་བར་འབྲིང་རིམ་ཡན་དང་། ལོ་རབས་དགུ་ཅུ་བར་ཆེད་མཐོ་ཡན། ད་ལྟ་སློབ་ཆེན་ཆེད་ལས་ཅན་ཡིན་ལ། འབྱུང་འགྱུར་སློབ་ཆེན ﹢ཆེད་ལས་མཐུན་པ ﹢སློབ་གསོ་གཞུང་ལུགས་ལ་བང་བ ﹦སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཡིན་ངེས་པ་ལྟ་བུ་རེད། མི་རིགས་གང་ཞིག་དང་མི་སུ་ཞིག་ཡིན་ཡང་སྤྱི་ཚོགས་འཕོ་འགྱུར་དང་འཕེལ་རྒྱས་ཀྱི་དོན་དངོས་རེ་བ་འདི་དག་དང་མ་འཚམ་ན། ས་ཁུལ་དེ་དང་མི་རིགས་དེ་དག་སྤྱི་ཚོགས་འཕེལ་རྒྱས་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་ངེས་ཡིན་པ་དང་། སྤྱི་ཚོགས་དང་འཚམ་ཚད་མཐོ་དམའི་དབང་གིས་མི་རིགས་སོ་སོ་དང་ས་ཁུལ་སོ་སོ། མི་རེ་རེའི་སྤྱི་ཚོགས་འདུག་གནས་དང་འཚོ་གནས་སོགས་ལ་མི་འདྲ་བའི་བར་ཁྱད་ཤོར་བཞིན་ཡོད། ས་ཁུལ་དང་ས་ཁུལ་གྱི་བར་ཁྱད་དང་མི་དང་མིའི་བར་ཁྱད་ནི་མཐར་གཏུགས་ན་མི་སྤྱི་ཚོགས་དང་འཚམ་ཚད་མཐོ་དམའི་བར་ཁྱད་ཉག་གཅིག་རེད་ལ། སློབ་གསོའི་ལས་འགན་གཙོ་བོ་ཡང་རང་བྱུང་གི་མི་དེ་སྤྱི་ཚོགས་ཀྱི་མི་ཞིག་དང་སྤྱི་ཚོགས་ལ་འཚམ་པའི་མི་ཞིག་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན་པས། སྤྱོ་ཚོགས་ཀྱི་འཚམ་ཚད་མཐོ་དམས་སློབ་གསོ་བཟང་ངན་གྱི་དབྱེ་ཐག་གསལ་བོ་ཞིག་འབྱེད་ཐུབ་ངེས་རེད།  དེ་བས། ས་ཁུལ་གང་ཞིག་དང་སློབ་གྲྭ་གང་ཞིག་གི་སློབ་མ་སྤྱི་ཚོགས་ལ་འཚམ་ཚད་མཐོ་ན་ས་ཁུལ་དེ་དང་སློབ་གྲྭ་དེའི་སློབ་གསོ་སྤེལ་བ་བཟང་ལ། ས་ཁུལ་གང་ཞིག་དང་སློབ་གྲྭ་གང་ཞིག་གི་སློབ་མ་སྤྱི་ཚོགས་དང་འཚམ་ཚད་དམའ་ན་ས་ཁུལ་དེ་དང་སློབ་གྲྭ་དེའི་སློབ་གསོ་ཕམ་ཁའི་ལམ་དུ་ཕྱོགས་མགོ་བརྩམས་པ་རེད་ཅེས་བཤད་ཆོག

སྤྱིར་གཞི་རིམ་སློབ་གསོ་དང་མཐོ་རིམ་སློབ་གསོ་གང་ཞིག་ཡིན་རུང་། གཞི་རིམ་སློབ་གསོས་སྤྱི་ཚོགས་ཀྱི་མི་ཞིག་གི་རྨང་གཞི་སྐྱེད་སྲིང་བྱེད་བཞིན་ཡོད་ལ། མཐོ་རིམ་སློབ་གསོས་རྨང་གཞིའི་གཞིའི་སྟེང་དུ་སྤྱི་ཚོགས་ལ་འཚམ་པའི་མི་འཇོན་ཐང་ཅན་ཞིག་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན། སློབ་གསོ་མ་ལག་དེ་དག་གིས་མི་སྐྱེད་སྲིང་བྱེད་པའི་ཟུར་ཚད་མི་འདྲ་ལ། ཟུར་ཚད་མི་འདྲ་བ་འདི་དག་ངོས་འཛིན་བས་པ་འདྲ་མིན་གྱི་དབང་གིས་སློབ་མའི་ལས་འབྱོར་ལ་མཇུག་འབྲས་འདྲ་མིན་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་ཡོད་དེ། དཔེར་ན། སློབ་འབྲིང་ཁ་ཅིག་གི་སློབ་མ་སློབ་ཆེན་ལ་འཚམ་ཚད་མཐོ་ལ། སློབ་ཆེན་ཁ་ཅིག་གི་སློབ་མ་སྤྱི་ཚོགས་ལས་གནས་དངོས་དང་འཚམ་ཚད་དམའ་བའི་གནས་ཚུལ་ངོ་མ་བྱུང་དང་འབྱུང་བཞིན་ཡོད་ནའང་། ད་དུང་སློབ་གཙོ་དང་ཆེད་མཁས་པ་གང་མང་ཞིག་གིས “སློབ་གྲྭ་འགྲིམས་ཚད་དང་ལས་འབྱོར་ཁོ་ནས་སློབ་གསོའི་སྤུས་ཚད་ཐག་གཅོད་མི་ཐུབ།  ”ཅེས་བཤད་བཞིན་ཡོད་མོད། ངས་བལྟས་ན། “སློབ་འགྲིམས ”དང “ལས་འབྱོར ” ཁོ་ནས་སློབ་གསོའི་ཆ་ཡོད་ཚད་ཀྱི་ཚབ་བྱེད་མི་ཐུབ་པ་བདེན་ན་ཡང “སློབ་འགྲིམས ”དང “ལས་འབྱོར ”གྱིས་སློབ་གསོའི་འཕེལ་ཕྱོགས་གསལ་བོ་ཞིག་ཤེས་ཐུབ་པ་རེད།

སྤྱི་ཚོགས་ལ་འཚམ་ཚད་ཀྱི་ཆ་ནས་བཤད་ན། སློབ་ཆུང་ལོ་རིམ་དང་པོ་ནས་ཞིབ་འཇུག་སློབ་མའི་བར་ལ་རིམ་པ་མི་འདྲ་བ་མང་པོ་ཞིག་ཡོད་ལ། རིམ་པ་མི་འདྲ་བ་དེ་དག་རེ་རེ་ནི་དོན་གྱིས་སྤྱི་ཚོགས་ཀྱིས་མི་ལ་བཏོན་པའི་རེ་བ་མི་འདྲ་བ་རེ་རེ་དང་རིམ་པ་མི་འདྲ་བ་རེ་རེ་ཡིན་པས། རིམ་པ་མི་འདྲ་བའི་སློབ་གསོ་དེ་དག་བརྒྱུད་དེ་བྱིས་པ་སོ་སོ་སྤྱི་ཚོགས་ལ་འཚམ་ཚད་ཇེ་མཐོ་ནས་ཇེ་མཐོར་གཏོང་བཞིན་ཡོད།

དེ་བས། དམའ་རིམ་གྱི་སློབ་གསོ་དེ་རིམ་པ་གོང་མའི་སློབ་གསོ་དང་འཚམ་རྒྱུ་ནི་ཆེས་གལ་ཆེ་བ་དང་། མཐོ་རིམ་སློབ་གསོ་དེ་སྤྱི་ཚོགས་དང་འཚམ་མིན་ནི་མཐོ་རིམ་སློབ་གསོའི་སྲོག་རྩ་ཡིན་ཏེ། དཔེར་ན། སློབ་གྲྭ་ནི་འཇོན་མི་སྐྱེད་སྲིང་བྱེད་པའི་བཟོ་གྲྭ་ཆེན་པོ་ཞིག་ཡིན་པའི་དབང་དུ་བཏང་ན། སློབ་ཆེན་གྱི་སློབ་མ་རེ་རེ་ནི་བཟོ་གྲྭ་དེ་དག་ལས་ཐོན་པའི་ཐོན་རྫས་མི་འདྲ་བ་རེ་རེ་དང་། སྤྱི་ཚོགས་ནི་ཐོན་རྫས་དེ་དག་ཉོ་ཚོང་བྱེད་པའི་ཚོང་ར་ཆེན་པོ་ཞིག་ཡིན་ན། ཐོན་རྫས་ཀྱི་བཟང་ངན་དེ་ཚོང་ར་དང་འཛད་སྤྱོད་མཁན་གྱིས་འབྱེད་ནུས་པ་ལྟར་འཇོན་མི་དང་སློབ་གྲྭའི་བཟང་ངན་སྤྱི་ཚོགས་ཀྱིས་འབྱེད་ནུས་པ་ལྟ་བུ་རེད།

ད་ལྟ་མི་རིགས་སློབ་ཆེན་སློབ་མའི་ལས་འབྱོར་ལ་དཀའ་ཁག་རབ་དང་རིམ་པ་མང་པོ་ཞིག་འབྱུང་བཞིན་ཡོད་པ་ནི་སློབ་གསོའི་ཐད་ནས་བཤད་ན། སྤྱི་ཚོགས་ཀྱིས་སློབ་གསོར་བཏོན་པའི་རེ་བ་གལ་ཆེན་ཞིག་དང་། སློབ་གསོ་དེ་སྤྱི་ཚོགས་འཕེལ་རྒྱས་དང་མ་འཚམ་པའི “ཉེན་བརྡ ”(危险信号)གསལ་བོ་ཞིག་རེད། ཉེན་བརྡ་འདིས་ཁ་སང་གི་སློབ་ཆེན་སློབ་མ་མང་པོ་ཞིག་དེ་རིང་གི་སྤྱི་ཚོགས་དང་འཚམ་དཀའ་བ་དང་། ཆེད་ལས་མི་འདྲ་བ་སྦྱང་བའི་སློབ་མ་མང་བོ་ཞིག་སྤྱི་ཚོགས་ཀྱི་ལས་གནས་དང་ཆེད་ལས་ཀྱི་དགོས་མཁོ་དངོས་དང་མ་འཚམ་པར་མགོ་འཕང་བསྟད་ནས་འགྲོ་ཐུབ་ཀྱིན་མེད་པ་གསལ་བོར་ཤེས་ཐུབ།

ངས་བལྟས་ན།   སློབ་མའི་ལས་འབྱོར་གྱི་གནད་དོན་འདི་ནི་ཚད་ངེས་ཅན་ཞིག་གི་ཐད་ནས་བཤད་ན།    སློབ་གསོའི་གནད་དོན་གལ་ཆེན་ཞིག་སྤྱི་ཚོགས་ཀྱི་སྟེང་ནས་ཕྱིར་མངོན་པ་རེད་ལ། སྤྱི་ཚོགས་འཕེལ་རྒྱས་ཀྱིས་སློབ་གསོར་བཏོན་པའི་རེ་བ་ལྡོག་ཐབས་མེད་པ་ཞིག་ཀྱང་རེད།  འོ་ན། ཁ་སང་གི་སློབ་གསོ་དེ་དེ་རིང་གི་སྤྱི་ཚོགས་དང་མ་འཚམ་པ་དེ་ཁ་སང་གི་སློབ་གསོའི་གནད་དོན་རེད་དམ་དེ་རིང་གི་སྤྱི་ཚོགས་ཀྱི་གནད་དོན་རེད་ཟེར་ན།  གནད་དོན་འདི་ནི་སྤྱི་ཚོགས་ཧྲིལ་བོས་བསམ་གཞིགས་གཏོང་དགོས་པ་ཞིག་རེད་ལ།  ཁྱད་པར་དུ་སློབ་གསོ་ལས་སྒྲུབ་པ་དང་། ནང་སྒོས་སུ་མི་རིགས་སློབ་ཆེན་ཁག་གིས་བསམ་གཞིགས་ཞིབ་མོ་གཏོང་དགོས་པ་ཞིག་རེད།

དེ་རིང་གི་སློབ་གསོ་ནི་སང་ཉིན་གྱི་རྩལ་ནུས་དང་གཞེས་ཉིན་གྱི་དཔལ་འབྱོར་ཡིན་ལ། དེ་རིང་གི་དཔལ་འབྱོར་ནི་ཁ་སང་གི་རྩལ་ནུས་དང་ཁེ་ཉིན་གྱི་སློབ་གསོ་ཡིན་པས། དེ་རིང་གི་སྤྱི་ཚོགས་ལས་གནས་དང་འཚམ་པའི་འཇོན་མི་ནི་ཁེ་ཉིན་གྱི་སློབ་གསོ་དེ་དེ་རིང་གི་སྤྱི་ཚོགས་ལ་ཁ་ཕྱོགས་ཚད་ཀྱིས་ཐག་གཅོད་བྱེད་དགོས་མོད། ང་ཚོའི་འཆར་ལྡན་དཔལ་འབྱོར་རྒྱབ་ལྗོངས་སུ་གྱུར་བའི་སྤྱི་ཚོགས་དེ་ཚོང་རའི་དཔལ་འབྱོར་རྒྱབ་ལྗོངས་སུ་གྱུར་བའི་སྤྱི་ཚོགས་སུ་འཕོ་འགྱུར་བྱུང་བའི་ཚད་དང་། འཆར་ལྡན་དཔལ་འབྱོར་སྐབས་ཀྱི་སློབ་གསོ་དེ་ཚོང་རའི་དཔལ་འབྱོར་སྐབས་ཀྱི་སློབ་གསོ་རུ་འཕོ་འགྱུར་བྱུང་བའི་ཚད་གཉིས་བསྡུར་ན་དྲིས་ལན་གསལ་བོ་ཞིག་ཐོན་ངེས་རེད་ལ། ཁྱད་པར་དུ་འཆར་ལྡན་དཔལ་འབྱོར་སྐབས་ཀྱི་སློབ་ཆེན་སོ་སོའི་ཆེད་ལས་དང་ད་ལྟ་ཚོང་རའི་དཔལ་འབྱོར་སྐབས་ཀྱི་སློབ་ཆེན་སོ་སོའི་ཆེད་ལས་གཉིས་བསྡུར་ཚེ་འཕོ་འགྱུར་བྱུང་ཚད་ཆེས་དམའ་ན་ཡང་། སྤྱི་ཚོགས་ཀྱི་མཁོ་ཚད་ལ་གནམ་ས་ལྟ་བུའི་འཕོ་འགྱུར་ཆེན་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད། སློབ་ཆེན་སོ་སོའི་ཆེད་ལས་སྒྲིག་གཞི་དེ་འཕོ་འགྱུར་སྤྱི་ཚོགས་ཀྱི་རེ་བ་དང་མ་འཚམ་པས། སློབ་ཆེན་དེ་དག་ནས་ཐོན་པའི་སློབ་མ་མང་པོ་ལས་འབྱོར་བྱུང་དཀའ་བའི་དཀའ་ཁག་འབྱུང་བཞིན་ཡོད་པ་འདི་ནི་ཁ་སང་གི་སློབ་གསོ་དེ་རིང་གི་སྤྱི་ཚོགས་དགོས་མཁོ་དང་མ་འཚམ་པའི་བསླབ་བ་གལ་ཆེན་ཞིག་རེད་ལ། ད་དུང་དེ་རིང་གི་ཆེད་ལས་སྒྲིག་གཞི་དེ་སང་ཉིན་གྱི་སྤྱི་ཚོགས་འཕོ་འགྱུར་དང་འཚམ་མིན་ལ་ཡང་སྔོན་བརྡ་མང་པོ་ཞིག་གཏོང་བཞིན་ཡོད་པས། སྤྱི་ཚོགས་ལ་ཆེད་ལས་གང་ཞིག་མཁོ་ན་ཆེད་ལས་དེ་འཛུགས་དགོས་པར་མ་ཟད། སྤྱི་ཚོགས་འཕོ་འགྱུར་གྱི་རེ་བ་ལྟར་སང་ཉིན་གྱི་སྤྱི་ཚོགས་ལ་ཆེད་ལས་གང་ཞིག་མཁོ་ན་དེ་རིང་ནས་ཆེད་ལས་དེ་དག་གསར་དུ་འཛུགས་དགོས་པས། སློབ་གསོ་བ་ནི་སྤྱི་ཚོགས་རིག་པ་བ་ཞིག་ཡིན་དགོས་ལ་མ་མཐའ་ཡང་སྤྱི་ཚོགས་ལ་བསམ་གཞིགས་གཏོང་མཁན་ཞིག་དང་སང་ཉིན་གྱི་སྤྱི་ཚོགས་ལ་སྔོན་དཔག་བྱེད་མཁན་ཞིག སང་ཉིན་གྱི་སློབ་གསོ་ལ “ལུང་བསྟན ”རྒྱག་མཁན་ཞིག་བཅས་ཡིན་དགོས་པ་རེད་སྙམ།

ད་ལྟ་སློབ་མ་ལས་འབྱོར་བྱུང་དཀའ་བའི་གནད་དོན་འདིར་སྤྱི་ཚོགས་སྟེང་ན་འདི་ལྟ་བུའི་ལྟ་ཚུལ་ཞིག་ཡོད་དེ། མི་རིགས་སློབ་ཆུང ﹢མི་རིགས་སློབ་འབྲིང ﹢མི་རིགས་སློབ་ཆེན ﹦ཕལ་ཆེར་ལས་འབྱོར་འབྱུང་དཀའ་ལ། དཀྱུས་མའི་སློབ་ཆུང ﹢དཀྱུས་མའི་སློབ་འབྲིང ﹢དཀྱུས་མའི་སློབ་ཆེན ﹦ལྟོས་བཅོས་ཀྱི་ལས་འབྱོར་འབྱུང་སླ་བ་རེད།

དེས་ན། ལས་འབྱོར་གྱི་དཀའ་ཁག་ཡོད་ཚད་སྐད་དང་ཡི་གེས་བཟོས་པར་འདོད་ལ། གནད་དོན་ཡོད་ཚད་སྐད་ཡིག་འདྲ་མཉམ་ཡིན་མིན་ལ་ཐུག་ཡོད་པར་འདོད་པས། ཁ་ཅིག་གིས་སྐད་ཡིག་འདྲ་མཉམ་ཐད་ལ་བསམ་གཞིགས་གཏོང་བཞིན་ཡོད་ན་ཡང་མི་དེ་བས་མང་པོ་ཞིག་གིས་སྐད་ཡིག་དེ་དང་དེས་ཤུགས་རྐྱེན་ཐེབས་པར་བས་པ་རེད་སྙམ་ནས་བྱིས་པའི་ནུས་ཤུགས་ཡོད་ཚད་རྒྱ་ཡིག་རྒྱ་སྐད་ཕྱོགས་ཁོ་ནར་ཁྲིད་པའི་གནས་ཚུལ་འབྱུང་བཞིན་ཡོད་དེ། ཁོར་ཡུག་དང་ཆ་རྐྱེན་གང་ཡང་མེད་པར་གཞི་རིམ་ཞིང་འབྲོག་ས་ཁུལ་གྱི་སློབ་ཆུང་ལོ་རིམ་དང་པོ་ནས་རྩིས་རིག  རང་བྱུང་། བསམ་བློ་ཀུན་སྤྱོད་སོགས་རྒྱ་ཡིག་གིས་ཁྲིད་པ་ལྟ་བུ་རེད།

གནས་ཚུལ་འདི་ལ་རྒྱུས་ལོན་བྱེད་སྐབས། འགོ་ཁྲིད་དང་སློབ་གཙོ། དགེ་རྒན་མི་ཉུང་བ་ཞིག་གིས “སྤྱིར་སློབ་ཆུང་གི་རྩིས་རིག་དང་རང་བྱུང་། བསམ་བློ་ཀུན་སྤྱོད་སོགས་ཕ་སྐད་དང་ཕ་ཡིག་གིས་ཁྲིད་ན་སློབ་མས་ཤེས་སླ་ལ། དགེ་རྒན་ལ་ཁྲིད་བདེ་བ་དང་། སློབ་ཁྲིད་ཀྱི་ཕན་འབྲས་མཐོ་ན་ཡང་ང་ཚོས་འདི་ལྟར་ཁྲིད་ན་གཙོ་བོ་སློབ་མའི་རྒྱ་ཡིག་གི་ཆུ་ཚད་ཇེ་མཐོར་འགྲོ་བ་དང་། དེ་ནས་དཀྱུས་མའི་སློབ་ཆེན་ལ་འགྲོ་བའི་རེ་བ་ཡོད་པ། ལས་འབྱོར་སོགས་གང་ཐད་ལ་ཕན་པ་ཡོད་པ་རེད། ”ཅེས་བཤད་མོད། ངས་བལྟས་ན། བསམ་བློ་འདིའི་ཕུགས་ནི་མི་རིགས་སློབ་ཆེན་སློབ་མ་ལས་འབྱོར་བྱུང་མ་ཐུབ་པའི་དོན་དངོས་ལས་བྱུང་བ་ཡིན་ཡང་། མི་རིགས་སློབ་ཆེན་སློབ་མ་དེ་དག་ལས་འབྱོར་བྱུང་མ་ཐུབ་པ་ནི་སློབ་གྲྭ་ཆེན་མོའི་ཆེད་ལས་ལ་ཐུག་ཡོད་པ་དང་། སྤྱི་ཚོགས་ཀྱི་སྟེང་དུ་ཆེད་ལས་གང་ཞིག་མཁོ་ན་ཆེད་ལས་མི་སྣ་དེ་སྐྱེད་སྲིང་བྱེད་ཐུབ་མིན་ལ་རག་ལས་ཡོད་པ་ད་དུང་ཤེས་ཐུབ་ཀྱི་མེད་པ་འདྲ།

གཉིས། སྤྱི་ཚོགས་ཀྱིས་མིའི་ཤེས་ནུས་ལ་བཏོན་པའི་རེ་བ། 

དེང་རབས་བརྡ་འཕྲིན་སྤྱི་ཚོགས་འདི་ཉིད་དུས་ཚོད་སྐར་ཆ་རེ་རེར་འཕོ་འགྱུར་བླ་ལྷག་འབྱུང་བཞིན་ཡོད་ལ། འཕོ་འགྱུར་གྱི་གོམ་པ་དེ་དག་རེ་རེ་ནི་སྤྱི་ཚོགས་ཀྱིས་མིའི་ཤེས་ནུས་ལ་བཏོན་པའི་རེ་བ་དང་དགོས་མཁོ་རེ་རེ་རེད། སྤྱི་ཚོགས་ལ་ཤེས་ནུས་ཐད་ཀྱི་དགོས་མཁོ་གསར་བ་བྱུང་ཚེ། དགོས་མཁོ་དེས་སློབ་གྲྭ་ཆེན་མོ་བརྒྱ་ཕྲག་ལས་ལྷག་པའི་སྒོ་ནས་ཤེས་རིག་གོང་འཕེལ་དུ་གཏོང་བའི་ནུས་པ་ཡོད་དེ། དཔེར་ན། བཙན་པོ་སྲོང་བཙན་གྱི་སྐབས་སུ་བོད་ཐུན་མོང་གིས་སྤྱོད་པའི་ཡི་གེ་ཞིག་མེད་པས། ཐ་ན་རྒྱལ་ཕྲན་དག་གི་བར་ལ་ངག་འཕྲིན་ཙམ་ལས་བསྐུར་རྒྱུ་མ་བྱུང་བར་བོད་སྤྱི་ལ་ཁྱབ་པའི་ཡི་གེ་ཞིག་གི་དགོས་མཁོ་ཆེས་ཆེར་བྱུང་བ་ན། དུས་ཡུན་ཆེས་ཐུང་ངུའི་ནང་དུ་དེ་རིང་ང་ཚོས་བཀོལ་བཞིན་པའི་ཡི་གེ་འདི་གསར་བཏོད་བས་པ་དང་མཉམ་དུ་བོད་ཀྱི་ཤེས་རིག་གོང་འཕེལ་དུ་འགྲོ་བའི་གོམ་པ་དང་པོ་སྤོས་པ་ལྟ་བུ་རེད།

སྐབས་དེའི་བོད་སྤྱི་ཚོགས་ལ་ཡི་གེ་དང་། ཤེས་ནུས་ཐད་ཀྱི་རེ་བ་ཐུན་མོང་མ་ཡིན་པ་དེ་ལྟ་བུ་ཡོད་པས་སྐབས་དེའི་བོད་སྤྱི་ཚོགས་ཀྱི་མཐོ་རིམ་མི་སྣ་བཙན་པོ་སྲོང་བཙན་གྱིས་དེའི་ཐད་ལ་ཐུགས་བཀོད་གནང་བ་དང་། ཐོན་མིའི་སྲོག་དང་བསྡོས་ཏེ་ཐུགས་བཀོད་དེ་མངོན་གྱུར་བས་པ་དང་བསྟུན་ནས་བོད་ཀྱི་ཤེས་རིག་དར་བའི་དཔྱིད་དཔལ་གསར་བ་ཞིག་རྒྱས་པ་ལྟ་བུས་ཀྱང་མཚོན་ཐུབ།

ལ་ཏེ་སྐབས་དེའི་བོད་སྤྱི་ཚོགས་ཀྱིས་སྐབས་དེའི་སྨྲ་ཤེས་ཤིང་དོན་གོ་བའི་བོད་མི་རྣམས་ལ་བཏོན་པའི་རེ་བའམ་སྤྱི་ཚོགས་ཀྱི་དགོས་མཁོ་དངོས་ལ་གཙིགས་ཆེན་བས་མེད་ཚེ། དེ་རིང་གི་བོད་ཀྱི་ཡི་གེ་འདི་དང་བོད་ཀྱི་ཤེས་རིག་འདི་འབྱུང་དཀའ་རྒྱུ་རེད་ལ། མ་མཐའ་ཡང་ཡི་གེ་དང་ཤེས་རིག་གི་འཕེལ་རྒྱས་ཀྱི་མྱུར་ཚད་ལ་ཤན་ཤུགས་ངེས་ཅན་ཞིག་ཐེབས་ངེས་ཡིན་པ་དང་ཐོན་མིས་ང་རྒྱལ་གྱི་གླུ་དེའང་ལེན་ཐུབ་རྒྱུ་མ་རེད།

དེ་བས། དུས་རབས་ནམ་ཞིག་དང་སྤྱི་ཚོགས་གང་ཞིག་ཡིན་ན་ཡང་སྤྱི་ཚོགས་ཀྱིས་མིར་བཏོན་པའི་རེ་བ་དང་། སྤྱི་ཚོགས་ཀྱིས་སློབ་གསོར་བཏོན་པའི་རེ་བ། ནང་སྒོས་སུ་སྤྱི་ཚོགས་ཀྱིས་མིའི་ནུས་ཤུགས་ལ་བཏོན་པའི་རེ་བ་གང་ཞིག་ཡིན་པ་གསལ་བོ་ཤེས་དགོས། རེ་བ་དེ་མཐར་གཏུགས་ནས་བཤད་ན་སྤྱི་ཚོགས་ཀྱི་དགོས་མཁོ་ལྡོག་ཐབས་མེད་པ་ཞིག་ཡིན་པས། མི་རིགས་གང་ཞིག་དང་མི་སུ་ཞིག་ཡིན་ཡང་རང་ཉིད་སྤྱི་ཚོགས་ཀྱི་དགོས་མཁོ་དེ་དང་འཚམ་མིན་གྱིས་མི་རིགས་ཤིག་དང་། མི་ཞིག་གི་ལས་དབང་དང་མདུན་ལམ། འཚོ་གནས་སོགས་ཐག་གཅོད་བྱེད་བཞིན་ཡོད་ནའང་སློབ་གསོ་བ་དང་དགེ་རྒན་ཕལ་ཆེ་བས་ད་དུང་དེང་རབས་སྤྱི་ཚོགས་ཀྱིས་མིར་བཏོན་པའི་ཤེས་ནུས་ཀྱི་རེ་བ་ཅི་ལྟ་བུ་ཞིག་ཡིན་པ་རྨི་ལམ་ཙམ་དུ་ཡང་རྨི་དཀའ་བའི་ཚོད་ཙམ་རེད། འདིའི་ཐད་ནས་བཤད་ན། སྤྱི་ཚོགས་ཀྱིས་མིའི་ཤེས་ནུས་ལ་བཏོན་པའི་རེ་བ་ཅི་ཞིག་ཡིན་པ་རྨི་ལམ་དུ་ཡང་རྨི་དཀའ་བའི་དགེ་རྒན་ཞིག་གི་ཤེས་ནུས་དེ་སྤྱི་ཚོགས་ཀྱི་རེ་བ་དང་འཚམ་རྒྱུ་རེད་དམ་མ་རེད། གལ་ཏེ་དགེ་རྒན་རང་གི་ཤེས་ནུས་སྤྱི་ཚོགས་དང་མ་འཚམ་ན། དགེ་རྒན་དེས་སྐྱེད་སྲིང་བས་པའི་སློབ་མའི་ཤེས་ནུས་སྤྱི་ཚོགས་དང་དེ་བས་ཀྱང་འཚམ་རྒྱུ་ཨེ་རེད། མི་འཚམ་པ ﹢མི་འཚམ་པ ﹦མི་འཚམ་པ་ཉིས་བརྩེགས་ཐོབ་ངེས་ཡིན་པས། མི་འཚམ་པ་ཉིས་བརྩེགས་ཅན་གྱི་སློབ་གསོ་དེ་ཕམ་ཁའི་སློབ་གསོ་ཞིག་རེད་དམ་རྒྱལ་ཁའི་སློབ་གསོ་ཞིག་རེད། ཕམ་ཁའི་སློབ་གསོ་མྱོང་བའི་སློབ་མ་དེ་སང་ཉིན་གྱི་སྤྱི་ཚོགས་སྟེང་ནས་མགོ་འཕང་བསྟད་ནས་འགྲོ་ཐུབ་རྒྱུ་རེད་དམ་མགོ་འཕང་སྨད་ནས་འགྲོ་རྒྱུ་རེད། ཐ་ན་མགོ་བོ་སྒུར་ནས་འདུག་རྒྱུ་རེད།

སྤྱིར་སློབ་གསོ་ནི་བརྩེ་སེམས་ཀྱི་བ་འགུལ་ཞིག་དང་འཛུམ་མདངས་ཀྱི་སྒྱ་རྩལ་ཞིག་ཡིན་པས། དགེ་རྒན་གྱི་བརྩེ་སེམས་ཀྱིས་སློབ་མའི་ཤེས་ནུས་ཀྱི་བརྩེ་སེམས་དང་སྤོབས་པ་ཡར་སྐུལ་བྱེད་ཐུབ་ལ། དགེ་རྒན་གྱི་འཛུམ་མདངས་དེས་སློབ་མའི་ཤེས་བའི་འཛུམ་མདངས་དང་།  མི་ཚེའི་འཛུམ་མདངས་གསར་སྐྲུན་བྱེད་ཐུབ།

དེ་བས། སློབ་མ་རེ་རེའི་འཇོན་ནུས་སྤྱི་ཚོགས་དང་འཚམ་མིན་ནི་སློབ་མའི་བློ་རིག་གིས་ཐག་གཅོད་བྱེད་མི་ཐུབ་ལ། སློབ་གསོ་བྱེད་ཐབས་བཟང་ངན་གྱིས་མིའི་འཇོན་ནུས་དང་རྒྱལ་ཕམ་ཐག་གཅོད་བྱེད་བཞིན་ཡོད།

གསུམ། སྤྱི་ཚོགས་ཀྱིས་མིའི་ཀུན་སྤྱོད་ལ་བཏོན་པའི་རེ་བ། 

སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་མིའི་ཀུན་སྤྱོད་ཀྱི་རེ་བ་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་ཡོད་ལ། ཀུན་སྤྱོད་སྤུས་ཚད་ཀྱི་མ་ལག་ལའང་འཕོ་འགྱུར་རབ་དང་རིམ་པ་འབྱུང་བཞིན་ཡོད།

ཐོག་མར་མི་ནས་མགོ་བརྩམས་ཤིང་མཐར་མིའི་སྟེང་དུ་འབབ་དགོས་པའི་དེང་རབས་སློབ་གསོ་ལ་མཚོན་ན། མིའི་ཀུན་སྤྱོད་ཀྱི་གནད་འདི་དང་ཁ་བྲལ་ཐབས་མེད་པ་ཡིན་ཏེ། ཐོག་མར་མི་ཞིག་སྐྱེད་སྲིང་བྱེད་རྒྱུ་དང་། དེ་ནས་མི་འཇོན་ཐང་ཅན་ཞིག་སྐྱེད་སྲིང་བྱེད་རྒྱུ་ནི་སློབ་གསོའི་དམིགས་འབེན་ཉག་གཅིག་ཡིན་པས། དེང་རབས་ཨ་རི་གཙོས་འཛམ་གླིང་གི་སློབ་གསོ་བ་ཕལ་ཆེ་བས་སློབ་ཐུན་རེ་རེའི་ནང་དུ་ཤེས་བའི་དམིགས་ཚད (认知目标)དང་། ངལ་རྩོལ་རྩལ་ནུས་ཀྱི་དམིགས་ཚད(劳动技能目标)ཀུན་སྤྱོད་བརྩེ་སེམས་དམིགས་ཚད(情感目标)གསུམ་མངོན་འགྱུར་བྱེད་དགོས་པའི་རེ་བ་འདོན་བཞིན་ཡོད་པ་རེད།

སློབ་ཁྲིད་ཀྱི་དམིགས་ཚད་གསར་བ་འདིས་སློབ་མ་གཙོ་གཞི་དང་ཡོད་ཚད་སློབ་མའི་ཤེས་ཡོན་དང་། རྩལ་ནུས། ཀུན་སྤྱོད་འཕེལ་རྒྱས་ཀྱི་ཆེད་དང་། མི་ཆ་ཚང་ཞིག་ཡོང་རྒྱུའི་ཆེད་ཁོ་ན་ཡིན་པ་གསལ་བཤད་བས་ཡོད་པས། དགེ་རྒན་ཞིག་ཡིན་ཕྱིན་སློབ་མ་ལ་ཤེས་བ་ཁྲིད་དགོས་པ་མ་ཟད། དེ་བས་ཀྱང་སློབ་མ་ལ་ཤེས་བ་སློབ་སྦྱོང་ཇི་ལྟར་བྱེད་པའི་ཐབས་ལམ་དང་། ངལ་རྩོལ་རྩལ་ནུས་ཇི་ལྟར་འཕེལ་རྒྱས་འགྲོ་བའི་ཐབས་ལམ། ཀུན་སྤྱོད་བརྩེ་སེམས་ཕུན་སུམ་ཚོགས་པ་ཞིག་ཆགས་པའི་ཐབས་ལམ་བཅས་ཁྲིད་རྒྱུ་ནི་སློབ་མ་དེ་མི་ཆ་ཚང་བ་ཞིག་ཆགས་ཐུབ་མིན་གྱི་ཚད་གཞི་དང་། དགེ་རྒན་དེར་སློབ་མས་དགའ་བསུ་ཐོབ་མིན་གྱི་ཚད་གཞི་ཆེས་གལ་ཆེ་བ་ཞིག་ཡིན་མོད། གཞི་རིམ་སློབ་གསོ་ལག་ལེན་གྱི་ཁྲོད་ན་སློབ་མ་ལ་ཀུན་སྤྱོད་བརྩེ་སེམས་ཕུན་སུམ་ཚོགས་པ་ཞིག་ཇི་ལྟར་ཆགས་པའི་ཐབས་ལམ་སློབ་མར་ཁྲིད་རྒྱུ་ལྟ་ཞོག་ཐ་ན་ཀུན་སྤྱོད་བརྩེ་སེམས་དམིགས་ཚད་དེ་དགེ་རྒན་ཕལ་ཆེ་བའི་ཁྲིད་གཞིའི་སྟེང་ན་ཁ་བང་ཙམ་བཀོད་ཡོད་ན་ཡང་དམིགས་ཚད་བཀོད་མ་ཐུབ་པར་སྟོང་རྐྱང་དུ་བསྐྱུར་ཡོད་མོད། ཁོ་ཚོས་ད་དུང “བྱེ་བྲག་གི་སློབ་ཐུན་རེ་རེའི་ནང་དུ་ཀུན་སྤྱོད་བརྩེ་སེམས་དམིགས་ཚད་འདི་མངོན་འགྱུར་བྱེད་རྒྱུ་ཆེས་དཀའ་སྟེ།  དཔེར་ན། སློབ་ཆུང་ལོ་རིམ་དང་པོར་ཀ་ཁ་ག་ང་། ༡﹢༡﹦༢ ༢-༡﹦༡འདི་ལྟ་བུའི་སློབ་ཁྲིད་རེ་རེའི་ནང་དུ་བརྩེ་སེམས་དམིགས་ཚད་འགོད་ཐབས་མེད་དོ ”ཟེར་བ་ནི་དོན་དངོས་སུ་སློབ་མའི་ཀུན་སྤྱོད་བརྩེ་སེམས་ཀྱི་སྤུས་ཚད་དེ་སློབ་ཐུན་རེ་རེའི་ནང་དུ་སྐྱེད་སྲིང་བྱེད་ཐབས་མེད་པ་ཞིག་རེད་ཅེས་ལན་བཏབ་པ་རེད་ལ། དེ་ལྟར་ལན་འདེབས་མཁན་དེ་མིའི་རིགས་བླ་སྲོག་གི་བཟོ་སྐྲུན་པ་ཡིན་པས། ཁོས་བཟོ་སྐྲུན་བས་པའི་སློབ་མའི་ཀུན་སྤྱོད་བརྩེ་སེམས་དེ་ཉིད་སྤྱི་ཚོགས་འཕོ་འགྱུར་དང་འཚམ་ཐུབ་རྒྱུ་ཨེ་རེད།

དེ་བས། སློབ་ཁྲིད་དང་ཀུན་སྤྱོད་བརྩེ་སེམས་གཉིས་ཀྱི་བར་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་བ་དང་། མི་དང་ཀུན་སྤྱོད་གཉིས་ཀྱི་བར་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་བཞིན་ཡོད་པ་ནི་སྤྱི་ཚོགས་སྟེང་དུ་མི་མ་ཡིན་པའི་ཤེས་ཡོན་ཅན་དང་། མི་མ་ཡིན་པའི་ཚོང་བ། མི་མ་ཡིན་པའི་ཁེ་ལས། མི་མ་ཡིན་པའི་ཕྱུག་པོ། མི་མ་ཡིན་པའི་འགོ་ཁྲིད། མི་མ་ཡིན་པའི་དམག་དཔོན། མི་མ་ཡིན་པའི་དཔའ་བོ་སོགས་བྱུང་དང་འབྱུང་བཞིན་ཡོད་པ་འདིས་གསལ་བོར་མཚོན་ཐུབ་པ་རེད།

མི་ནར་སོན་པའི་གོ་རིམ་ནི་མིའི་སེམས་གཏིང་དུ་ཀུན་སྤྱོད་ཀྱི་ཚད་གཞི་ཆགས་པའི་གོ་རིམ་ཞིག་ཡིན་པས། ཆུང་དུས་ནས་སློབ་མའི་སེམས་གཏིང་དུ་ཀུན་སྤྱོད་ཀྱི་ཚད་གཞི་ཆགས་ཐུབ་མིན་དང་། ཀུན་སྤྱོད་ཀྱི་ཚད་གཞི་ཆགས་པའི་ཐ བས་སྟོན་ཐུབ་མིན་ནི་དགེ་རྒན་བཟང་ངན་དང་སློབ་གསོ་རྒྱལ་ཕམ་གྱི་གཞི་འཛིན་ས་ཆེས་གལ་ཆེན་ཞིག་རེད།

ཀུན་གྱི་ངོས་འཛིན་དང་བློ་སྦྱོང་དེ་སྤྱོད་ལམ་ཚད་ལྡན་ཞིག་ཏུ་འགྱུར་ཐུབ་མིན་གྱི་ཆ་ནས་མི་ཡ་རབས་དང་མ་རབས་ གཉིས་ཀྱི་དབྱེ་མཚམས་འབྱེད་བཞིན་ཡོད་ནའང་། བོད་ཀྱི་ཀུན་སྤྱོད་བཟང་བོ་དེ་འཛམ་གླིང་གིས་ཀུན་སྤྱོད་བཟང་བོར་བརྩི་བའི་ངེས་པ་མེད་ལ། འཛམ་གླིང་རྒྱལ་ཁབ་སོ་སོའི་ཀུན་སྤྱོད་བཟང་བོ་དེ་ཡོད་ཚད་རང་ཅག་ལ་ཆ་ཡོད་ཚད་ནས་བཟང་བོར་འགྱུར་ཐུབ་པའི་ངེས་པ་ཡང་མེད་ན། འཛམ་གླིང་ཐུན་མོང་ལ་ཁྱབ་པའི་ཀུན་སྤྱོད་བཟང་ངན་གྱི་དབྱེ་མཚམས་གསལ་བོ་ཞིག་ཀྱང་ཡོད་ངེས་ཡིན་པས། གཞི་རིམ་གྱི་ཀུན་སྤྱོད་སློབ་གསོ་མི་རིགས་དང་ཡུལ་ཁམས་ལ་ཁ་ཕྱོགས་དགོས་པ་མ་ཟད། ད་དུང་འཛམ་གླིང་ལ་ཁ་ཕྱོགས་རྒྱུའི་རེ་སྙེག་ཡང་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་ཡོད་པ་རེད།

མཇུག་བསྡུ་བ།

སྤྱིར་དེང་རབས་ཀྱི་མིའི་རིགས་བླ་སྲོག་གི་བཟོ་སྐྲུན་པ་དང་བཟོ་བཀོད་པ་སུ་དང་གང་ཞིག་ཡིན་ཡང་། ཐོག་མར་སྤྱི་ཚོགས་འཕེལ་རྒྱས་ཀྱིས་མིའི་སྤུས་ཚད་ལ་བཏོན་པའི་རེ་བ་དང་།  དེང་རབས་ཀྱི་འཇོན་ཐང་མི་སྣའི་ཚད་གཞི་ཇི་ལྟ་བུ་ཞིག་ཡིན་པ། རང་ཅག་གིས་སྐྱེད་སྲིང་བས་དང་བྱེད་བཞིན་ཡོད་པའི་འཇོན་ཐང་མི་སྣ་དེ་དག་སྤྱི་ཚོགས་འཕེལ་རྒྱས་ཀྱི་རེ་བ་དང་འཚམ་མིན་སོགས་ནི། སློབ་གསོའི་འཐབ་ཕྱོགས་སྟེང་གི་མི་ཡོད་ཚད་ཀྱིས་བསམ་གཞིགས་གཏོང་དགོས་པའི་བ་གཞག་གལ་ཆེན་ཞིག་ཡིན་པར་མ་ཟད། སྤྱི་ཚོགས་ཧྲིལ་བོས་བསམ་གཞིགས་དང་ཕྱིར་འདང་མི་རྒྱག་ཐབས་མེད་ཀྱི་བ་གཞག་ཆེས་གལ་ཆེ་བ་ཞིག་རེད།

དེབ་རབས་ཀྱི་སློབ་གསོ་བ་ཞིག་ལ་མཚོན་ན། རང་ཅག་གིས་སྐྱེད་སྲིང་བས་དང་བྱེད་བཞིན་ཡོད་པའི་སློབ་མ་རྣམས་ཀྱི་སྤུས་ཚད་སྤྱི་ཚོགས་དང་འཚམ་མིན། ནང་སྒོས་སུ་སློབ་མ་རེ་རེའི་ཤེས་བའི་སྤུས་ཚད་དང་། ངལ་རྩོལ་རྩལ་ནུས་ཀྱི་སྤུས་ཚད། བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་དག་སྤྱི་ཚོགས་འཕེལ་རྒྱས་ཀྱི་རེ་བ་དང་ཡོངས་སུ་འཚམ་པར་བྱེད་རྒྱུ་དེ་ང་ཚོའི་འོས་འགན་ལྡོག་ཐབས་མེད་པ་ཞིག་དང་། དུས་རབས་གསར་བ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་མིའི་སྤུས་ཚད་དང་སློབ་གསོ་ལ་བཏོན་པའི་རེ་བ་ལྡོག་ཐབས་མེད་པ་ཞིག་ཀྱང་རེད།

ཉེ་སྔོན་ཀོས་ནན་རྫོང་སློབ་གསོ་ཅུས་སློབ་མར་ཞིབ་འཇུག་དང་། སློབ་དེབ་ལ་ཞིབ་འཇུག་སྤྱི་ཚོགས་འཕེལ་རྒྱས་ཀྱིས་སློབ་གསོར་བཏོན་པའི་ཁ་ཕྱོགས་ལ་ཞིབ་འཇུག་སྟེ།  “ཞིབ་འཇུག་གསུམ་གྱི་བ་འགུལ ”སྤེལ་བཞིན་ཡོད་པ་འདིས་མཐོ་སྒང་སློབ་གསོ་སྤྱི་ཚོགས་དང་མིའི་འཚོ་གནས་ལ་འཚམ་པའི་མྱུ་གུ་གཞི་རིམ་ན་ཐོག་མར་འབུས་བཞིན་ཡོད་པ་གསལ་བོར་མཚོན་ཐུབ་པ་རེད།།
《སློབ་གསོ་ཐབས་ལམ་རྣམ་བཤད》ལས་བཤུས།

 

བརྒྱུད་སྐུལ།

མཆན་སྤེལ།