བདག་གིས་རྟོགས་པའི་བོད་ལྗོངས་ཀྱི་སློབ་གསོ།

༄༅།།བདག་གིས་རྟོགས་པའི་བོད་ལྗོངས་ཀྱི་སློབ་གསོ།

རྩོམ་པ་པོ།   བྱང་ངོས་པ•རྡོ་རྗེ་དངོས་གྲུབ།

 

ང་ནི་བོད་ཪྙིང་པའི་སྐབས་སུ་གསོ་སྐྱོང་བྱས་པའི་ཤེས་ཡོན་ཅན་ཞིག་ཡིན་ཞིང་། བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་ཕྲན་གྱིས་སློབ་གསོའི་ལས་དོན་ལོ་མང་གཉེར་བ་དང་ད་ལྟ་བོད་ལྗོངས་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་འཁུར་བཞིན་ཡོད་པས་བོད་ལྗོངས་ཀྱི་སྔོན་ཆད་དང་ད་ལྟའི་སློབ་གསོའི་སྐོར་གྱི་གནས་ཚུལ་ཅུང་གསལ་པོར་ཤེས།

ང་ནི་བོད་ཪྙིང་པའི་སྐབས་སུ་གསོ་སྐྱོང་བྱས་པའི་ཤེས་ཡོན་ཅན་ཞིག་ཡིན་ཞིང་། བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་ཕྲན་གྱིས་སློབ་གསོའི་ལས་དོན་ལོ་མང་གཉེར་བ་དང་ད་ལྟ་བོད་ལྗོངས་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་འཁུར་བཞིན་ཡོད་པས་བོད་ལྗོངས་ཀྱི་སྔོན་ཆད་དང་ད་ལྟའི་སློབ་གསོའི་སྐོར་གྱི་གནས་ཚུལ་ཅུང་གསལ་པོར་ཤེས། ཕྲན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བོད་ལྗོངས་ཀྱི་སྔོན་ཆད་དང་ད་ལྟའི་སློབ་གསོའི་སྐོར་གྱི་གནས་ཚུལ་དང་བོད་ལྗོངས་ཀྱི་ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་རིང་སློབ་གསོའི་ཐད་ལ་འགྱུར་ལྡོག་ཆེས་ཆེར་བྱུང་ཚུལ་གླེང་རྒྱུ་ཡིན་པས་དེས་ངེད་ཚོས་བོད་ལྗོངས་ལ་ཤེས་རྟོགས་དང་བོད་ལྗོངས་ཀྱི་སློབ་གསོའི་ལས་དོན་སྔར་ལས་ལེགས་པར་གཉེར་རྒྱུའི་ཐད་ལ་ཕན་ཆ་ཤིན་ཏུ་ཆེན་པོ་ཡོད་ངེས་རེད།

མི་འགའ་ཞིག་གིས་བོད་ལྗོངས་ཞི་བའི་བཅིངས་འགྲོལ་མ་བཏང་གོང་དུ་སློབ་གསོ་བ་བ་མེད་ཅེས་ཟེར་བ་འདི་ནི་ནོར་འཁྲུལ་གྱི་ལྟ་ཚུལ་ཞིག་རེད། སྐབས་དེར་བོད་དུ་དེང་རབས་ཀྱི་སློབ་གསོ་མེད་པ་ལས་སྲོལ་རྒྱུན་གྱི་སློབ་གསོ་ཡོད་ཅིང་ཕྲན་ཆུང་དུས་སྲོལ་རྒྱུན་གྱི་སློབ་གསོ་དང་ལེན་བྱས་པ་ཡིན།ཞི་བའི་བཅིངས་འགྲོལ་མ་བཏང་གོང་བོད་ཀྱི་སྲོལ་རྒྱུན་སློབ་གསོ་ཅུང་རྗེས་ལུས་ཡིན་ལ་ཁྱབ་གདལ་བྱེད་རྒྱ་ཡང་ཧ་ཅང་ཆུང་ཞིང་། སློབ་གསོ་བྱེད་སྟངས་གཙོ་བོ་རིགས་གསུམ་ཡོད་པ་ལས་དང་པོ་ནི་དགོན་སྡེས་གཉེར་བའི་སློབ་གསོ་དང་། གཉིས་པ་ནི་གཞུང་གཉེར་སློབ་གསོ། གསུམ་པ་ནི་སྒེར་གཉེར་སློབ་གསོ་བཅས་ཡིན། དེའི་ནང་ནས་གལ་ཆེ་ཤོས་ཤིག་ནི་དགོས་སྡེས་གཉེར་བའི་སློབ་གསོ་ཡིན་ཏེ་དགེ་རྒན་ནི་དགོན་སྡེའི་བླ་མ་ཡིན་ཁར། སློབ་ཁྲིད་ཀྱི་ནང་དོན་གཙོ་བོ་ཆོས་ལུགས་ཀྱི་གསུང་རབ་ཡིན་པར་བརྟེན་དགོན་སྡེ་ནི་དགོན་ལྡེའི་ནས་གསོ་སྐྱོང་བྱས་པའི་སློབ་མ་གཙོ་བོ་ནི་སེར་མོ་བ་ཡིན། གཞུང་གཉེར་སློབ་གསོ་ནི་སྐབས་དེའི་བཀའ་ཤག་སྲིད་གཞུང་གིས་གཉེར་བའི་སློབ་གྲྭ་ཁག་གཉིས་ལ་ཟེར་ཞིང་གཅིག་ནི་རྩེ་དྲུང་སློབ་གྲྭ་(རྩེ་སློབ་གྲྭ་)ཡིན་པ་དང་། གཞན་ཞིག་ནི་དྲུང་འཁོར་སློབ་གྲྭ་(རྩིས་ཁང་སློབ་གྲྭ་)ཡིན་ཞིང་། གཞན་ཡང་ད་དུང་བོད་ལུགས་གསོ་རིག་སློབ་གྲྭ་གཅིག་ཡོད་པ་(སྨན་རྩིས་ཁང་སློབ་གྲྭ་)དེའང་གཞུང་གཉེར་ཁོངས་སུ་གཏོགས།

རྩེ་དྲུང་སློབ་གྲྭར་སློབ་མ་བཞི་བཅུ་ལྔ་བཅུ་ཙམ་ལས་མེད་ལ་དེ་དག་གིས་རྩེ་ཕོ་བྲང་ནང་གཉེར་བ་དང་ཡིག་ཚང་གིས་འགན་འཁུར་གྱི་ཡོད། ཡིག་ཚང་ཞེས་པ་ནི་ཏཱ་ལའི་བླ་མའི་དྲུང་ཡིག་ཁང་ཡིན་ཁར་བོད་ལྗོངས་ཡོངས་ཀྱི་ཆོས་ལུགས་སྐོར་གྱི་བྱ་བ་དང་རྩེ་དྲུང་བསྐོ་འཐེན་བྱ་བར་དོ་དམ་བྱེད་བཞིན་མཆིས། རྩེ་དྲུང་སློབ་གྲྭའི་སློབ་མའི་ཡོང་ཁུངས་གཙོ་བོ་ཁག་གཉིས་ཡོད་དེ་གཅིག་ནི་དགོན་སྡེ་ཁག་ནས་འདེམས་སྒྲུག་བྱེད་ཅིང་། གཙོ་བོ་ལྷ་སའི་དགོན་སྡེ་གྲགས་ཅན་གསུམ་ལས་འཐེན་པ་དང་། གཞན་ཞིག་ནི་སྐུ་དྲག་ཁྱིམ་རྒྱུད་ཀྱི་བུ་ཕྲུག་ཁྲོད་ནས་བསྡུ་ལེན་བྱེད་ཀྱི་ཡོད། སློབ་མ་བསྡུ་བའི་ལོ་ཚད་ལ་གཏན་ཁེལ་མེད་ཅིང་དགོས་མཁོར་གཞིགས་ནས་གཏན་འབེབས་བྱེད་པ་དང་། སློབ་ཚན་ལ་ཡི་དེ་དང་སུམ་རྟགས། ཆོས་ཀྱི་གསུང་རབ་བཅས་ཕུད། ད་དུང་ནང་དོན་གཙོ་ཆེན་ཞིག་ཡོད་པ་དེ་ཆོས་ལུགས་ཀྱི་ཆོ་ག་རེད། སློབ་ཡུན་ཡང་གཏན་ཁེལ་མེད། གང་ལགས་ཞེ་ན་བཀའ་ཤག་ཏུ་ལོ་ལྟར་རྩེ་དྲུང་དྲུག་ལས་གསར་བསྐོ་མི་བྱེད་ཅིང་། རྩེ་དྲུང་དྲུག་པོ་དེ་དག་ཀྱང་ཚང་མ་རྩེ་དྲུང་སློབ་གྲྭ་ནས་གདམ་གསེས་བྱེད་ཀྱི་མེད་སྟབས་སློབ་གྲྭར་བསྐོར་སྤྱོད་དུ་སྒུག་ཡུན་ཧ་ཅང་རིང་ཞིང་སྤྱིར་བཏང་ལོ་བརྒྱད་ནས་དགུ་བར་སྒུག་དགོས་པའི་རྐྱེན་གྱིས་རེད།

དྲུང་འཁོར་སློབ་གྲྭ་ནི་སློབ་གྲྭ་འཁྲུལ་མེད་ཅིག་མིན་ཞིང་། དེ་ཉིད་རྩིས་ཁང་ནང་དུ་བཙུགས་ཡོད། རྩིས་ཁང་ཞེས་པ་ནི་བཀའ་ཤག་སྲིད་གཞུང་གི་རྩིས་བཤེར་དང་དྲུང་འཁོར་དོ་དམ་བྱེད་པའི་སྒྲིག་གཞི་ཡིན་པ་དང་ཆབས་ཅིག་ཞོར་འབྲེལ་དུ་དྲུང་འཁོར་གསོ་སྐྱོང་ཡང་བྱེད་ཀྱི་ཡོད་ཅིང་། དེའི་སློབ་གཉེར་དམིགས་ཡུལ་ནི་དྲུང་འཁོར་རྒྱུད་འཛིན་བྱེད་མཁན་སྐུ་དྲག་གི་བུ་ཕྲུག་ལ་དགོས་ངེས་ཀྱི་བོད་ཡིག་དང་ཨང་རྩིས། ནོར་རྩིས་བཅས་ཀྱི་ཤེས་བ་བརྒྱུད་ཁྲིད་བྱ་རྒྱུ་ཡིན། སློབ་གྲྭ་དེར་རྒྱུན་དུ་སློབ་མ་ཉི་ཤུ་རྩ་གྲངས་ལས་མེད་ཅིང་། སློབ་མ་ཡོང་ཁུངས་དང་ཆ་རྐྱེན་ཚང་མ་གཏན་འབེབས་ངེས་གསལ་ཡོད། འདི་ཡི་སློབ་མ་ངེས་པར་དུ་སྐུ་དྲག་གི་བུ་ཕྲུག་འགྲུལ་མེད་ཡིན་དགོས་པ་མ་ཟད་དྲུང་འཁོར་བ་རྒྱུའི་གྲ་སྒྲིག་ཀྱང་ཡོད་དགོས་ཤིང་། མི་དེ་དག་རྩིས་ཁང་དུ་མ་སླེབས་གོང་སྒེར་གཉེར་སློབ་གྲྭར་མྱོང་ཡོད་ཁར་བོད་ཡིག་འབྲི་ཀློག་ཤེས་ཏེ་ཧ་ལམ་མཐོ་རིམ་སློབ་ཆུང་གི་ཤེས་ཚད་ལོན་དགོས། དྲུང་འཁོར་སློབ་གྲྭའི་སློབ་ཡུན་ཉུང་ན་ལོ་གཅིག་དང་མང་ན་ལོ་ལྔ་ཡིན། སློབ་སྦྱོང་གི་ནང་དོན་གཙོ་བོ་ནི་བརྡ་སྤྲོད་དང་ཚིག་སྦྱོར། ཁྲིམས་གཞུང་དང་གཞུང་ཡིག་འབྲི་རྩལ་བཅས་ཡིན་པ་དང་ད་དུང་ཨང་རྩིས་ཀྱི་རྩི་སྟངས་རྣམ་བཞི་དང་དགུ་ཟླ་ཡོད། དྲུང་འཁོར་སློབ་གྲྭའི་སློབ་མ་ཚོར་ལོ་གཅིག་ལ་དྲུང་འཁོར་གསར་པའི་གྲལ་དུ་ཞུགས་པའི་གོ་སྐབས་ཐེངས་གསུམ་རེ་ཡོད་པ་སྟེ། ཐེངས་དང་པོ་ནི་བོད་ཟླའི་གནམ་ལོ་གསར་ཚེས་དང་། ཐེངས་གཉིས་པ་ནི་བོད་ཟླ་གསུམ་པའི་ཚེས་བརྒྱད་ཀྱི་ཉིན་མོ་ཡིན་པས་དེར་ངེད་ཚོས་“བརྒྱད་གཏོར་མཛད་སྒོ་”སྤེལ་བའི་དུས་ཟེར་ཞིང་། ཉིན་དེ་ནི་གཞུང་ཞབས་སེར་སྐྱ་དཔོན་རིགས་རྣམས་དབར་ཁའི་ན་བཟའ་བརྗེ་བཞེས་གནང་བའི་དུས་ཡིན་པ་དང་། ཐེངས་གསུམ་པ་ནི་བོད་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཡིན་ཞིང་། ཉིན་དེ་ནི་རྗེ་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་ཀྱི་དུས་མཆོད་ཉིན་མོ་སྟེ་“དགའ་ལྡན་ལྔ་མཆོད་”ཡིན་ལ། དེར་གླིང་མེའི་མཆོད་འབུལ་དུས་ཆེན་ཞེས་པར་འབོད་ལ་གཞུང་ཞབས་དཔོན་རིགས་རྣམས་དགུན་ཆས་ན་བཟའ་བརྗེ་བཞེས་གནང་བའི་དུས་ཀྱང་ཡིན། སྐབས་དེར་རྩེ་ཤོད་ཞབས་གསར་བ་ཉུང་ན་གཉིས་དང་མང་ན་བཞི་དག་དྲུང་གནས་གསར་པ་བཞེས་འགོ་ཚུགས། དེ་ཡང་སྔོན་ལ་སྙན་ཞུ་འབུལ་དགོས་པ་དང་རྗེས་སུ་རྒྱུགས་སྤྲོད་དགོས་ཤིང་། རྒྱུགས་ལོན་ཏེ་གོང་རིམ་ལ་སྙན་འབུལ་ཞུས་ཏེ་ཆོག་མཆན་ཕབ་རྗེས་འགན་གནས་བཞེས་ཆོག་པ་ནི་གླེང་མེད་རེད། སློབ་གྲྭར་འགྲོ་བའི་ལོ་ཚད་དང་དུས་ཚོད་གཏན་ཁེལ་མེད་པ་དང་སྤྱིར་བཏང་དུ་སྒེར་གཉེར་སློབ་གྲྭ་ནས་སྦྱངས་འབྲས་ཐོན་རྗེས་ཕྲུ་གུ་ཡང་ལོ་ན་བཅུ་གསུམ་བཅུ་བཞིར་སོན་ཞིང་། དེ་དུས་རྩིས་ཁང་སློབ་གྲྭར་འགྲོ་རེ་ཞུས་ཆོག

ཕྲན་ཡང་རྩིས་ཁང་སློབ་གྲྭར་སློབ་སྦྱོང་བྱེད་མྱོང་ཡོད་ཅིང་། སྐབས་དེར་༡༩༤༠ལོ་ཡིན་ཏེ་ཕྲན་ལོ་ན་བཅུ་གསུམ་ལ་སོན་པའི་སྐབས་སུ་རྩིས་ཁང་སློབ་གྲྭར་ཕྱིན་ནས་སློབ་སྦྱོང་ལོ་གསུམ་བྱས་ཏེ་༡༩༤༣ལོའི་གླིང་མེའི་མཆོད་འབུལ་དུས་ཆེན་སྐབས་དྲུང་འཁོར་གྱི་གནས་སུ་འཁོད། དྲུང་འཁོར་དུས་ཡུན་གང་འཚམས་ཤིག་བྱས་རྗེས་བཀའ་བློན་གྱི་བཀའ་པའི་གནས་སུ་འཁོན་པ་རེད། མདོར་བསྡུས་ནས་གླེང་ན་བཀའ་པའི་གནས་སུ་འཁོད་པ་རེད། མདོར་བསྡུས་ནས་གླིང་ན་རྩེ་སློབ་གྲྭ་དང་རྩིས་ཁང་སློབ་གྲྭ་གང་ཞིག་ཡིན་རུང་དེ་ཡི་སློབ་ཁྲིད་བྱེད་པ་མཐར་གཏུགས་ནའང་འབྲིང་རིམ་ཆེད་ལས་སློབ་གྲྭའི་ཆུ་ཚད་དུ་སླེབས་པ་ནི་ཕལ་ཆེར་གསོ་རིག་སྐར་རྩིས་སློབ་གླིང་སྟེ་སྨན་རྩིས་ཁང་སློབ་གྲྭ་ལས་མེད། སློབ་གྲྭ་དེ་ཉིད་ཀྱི་ལོ་རྒྱུས་ཅུང་རིང་ཙམ་ཡིན་པ་དང་སློབ་མ་ཡང་ཅུང་མང་པོ་ཡོད་དེ་མང་ཤོས་ཀྱི་སྐབས་སུ་བརྒྱ་ཕྲག་ཙམ་ཟིན་གྱི་ཡོད། སློབ་གྲྭར་ཆེད་ལས་ཁག་གསུམ་དུ་དབྱེ་ཞིང་། སྤྱིར་བཏང་ཐོག་བོད་ཀྱི་སྨན་པ་གྲགས་ཅན་དང་གནམ་རིག་སྐར་རྩིས་མཁས་པ་གདན་འདྲེན་ཞུས་ཏེ་སློབ་ཚན་ཁྲིད་ཀྱི་ཡོད་དེ་སློབ་སྦྱོང་བྱེད་གནས་སྲིད་གཞུང་གི་ཐམ་ག་སྦྱར་བའི་དཔང་ཡིག་ཅིག་སྤྲོད་ཀྱི་ཡོད།

གཞུང་གཉེར་སློབ་གསོ་ཕུད་ད་དུང་སྒེར་གཉེར་གྱི་ཡོད་པ་དཔེར་ན་ལྷ་ས་དང་། གཞིས་ཀ་རྩེ། རྩེད་ཐང་། རྒྱལ་རྩེ་ས་ཁུལ་སོགས་སུ་ཡོད་པ་ལས་ཞིང་འབྲོག་ཁུལ་དུ་ཧ་ལམ་མེད། གྲོང་ཁྱེར་དེ་དག་ནང་དུའང་ལྷ་སར་མང་ཙམ་ཡོད་ཅིང་། ཞི་བའི་བཅིངས་འགྲོལ་མ་བཏང་གོང་ལ་ལྷ་སར་སྒེར་གཉེར་སློབ་གྲྭ་ཕལ་ཆེར་ཉི་ཤུ་རྩ་གྲངས་ཡོད་པའི་ནང་ནས་གྲགས་པ་ཆེས་ཆེར་ལྡན་པ་ནི་ཏར་ཁང་སློབ་གྲྭ་ཡིན། སློབ་གྲྭ་དེ་སྔོན་མའི་ཁྲོམ་གཟིགས་ཁང་དུ་ཡོད་པ་དང་དགེ་རྒན་ནི་ལྷ་སའི་ཏར་ཁང་གི་ཏར་གཏོང་མཁན་ཡིན་ཞིང་། ཁོང་རྒྱ་གར་དུ་སློབ་སྦྱོང་བྱེད་པར་ཕེབས་མྱོང་ཡོད་པར་བརྟེན་སློབ་གྲྭ་དེར་ཏར་ཁང་སློབ་གྲྭ་ཞེས་འབོད། དེར་སློབ་གྲྭ་བ་ཕལ་ཆེར་༡༠༠ལྷག་ཙམ་དང་དགེ་རྒན་གཅིག་ཡོད། སློབ་གྲྭ་བ་ཆུང་གྲས་ཚོར་ལོ་ན་ཅུང་ཆེ་བའི་སློབ་གྲྭ་བས་སློབ་ཚན་ཁྲིད་པས་ཁོང་ཚོར་རྒན་བདག་ཅེས་འབོད་པ་དེ་ཡང་ད་ལྟའི་སྐྱོར་དཔོན་དང་མཚུངས་། དེ་ནས་སྐྱིད་རས་སློབ་གྲྭ་ཡིན་ཞིང་། ཕྲན་ཆུང་དུས་སྒེར་གཉེར་སྐྱིད་རས་སློབ་གྲྭར་འགྲོ་མྱོང་། སློབ་གྲྭ་དེ་ནི་གྲོང་ཁྱེར་སྲིད་གྲོས་ཀྱི་ཉེ་འདབས་སུ་ཡོད་པ་དང་དགེ་རྒན་ནི་བོད་སྲིད་གཞུང་གི་སོ་ནམ་ལས་ཁུངས་ཀྱི་དྲུང་ཡིག་ཡིན་ཞིང་དགུང་ལོ་ལྔ་བཅུའི་ཡས་མས་སུ་ཕེབས་ཡོད། ཕྲན་གྱི་དྲན་ཤེས་སུ་རྒན་ལགས་ཀྱི་མཚན་ལ་ཨོ་རྒྱན་ལགས་ཞུ་བས་ངེད་ཚོས་ཁོང་ལ་རྒན་བདག་ཨོ་རྒྱན་ལགས་ཞེས་འབོད་ཀྱི་ཡོད།

ཁོང་གི་སྒྱུག་པོ་ནི་སྒེར་གྱི་སློབ་གྲྭ་གཉེར་མཁན་ཞིག་ཡིན་པ་དང་། རྒན་ཨོ་རྒྱན་ལགས་ནི་ཁོང་གི་སྒྱུག་པོའི་སྒེར་གཉེར་སློབ་གྲྭའི་རྒན་བདག་ཡིན་པས་རྗེས་སུ་རྒན་ལགས་ཀྱི་མག་པ་གནང་ནས་མུ་མཐུད་དེ་སྒེར་གཉེར་སློབ་གྲྭར་བརྩོན་པར་བརྟེན་དེ་རྒྱུད་འཛིན་སློབ་གྲྭ་ཞིག་རེད། རྒྱུད་འཛིན་སྒེར་གཉེར་སློབ་གྲྭ་དེ་རིགས་ད་དུང་ཅུང་མང་པོ་ཡོད་ཅིང་། དེ་དག་ཕུད་པའི་ད་དུང་ནང་རོང་ཤག་སློབ་གྲྭ་དང་སྦྱར་པ་ཁང་གསར་སློབ་གྲྭ་སོགས་ཡོད། སྒེར་གཉེར་སློབ་གྲྭ་དེ་རིགས་ཀྱི་དགེ་རྒན་འགའ་ཤས་ནི་སྲིད་གཞུང་གི་དཔོན་རིགས་ཡིན་པས་སྤྱིའི་ཆ་ནས་ལས་ཁུངས་འཚོགས་པར་འགྲོ་དགོས་ལ་སློབ་ཚན་ཡང་འཁྲིད་དགོས་སྟབས་གཙོ་བོ་སྔ་ཞོགས་དང་ཕྱི་དྲོ། དགོང་མོ་བཅས་ཀྱི་དུས་ཚོད་སྤྱད་དེ་སློབ་ཚན་འཁྲིད་ཀྱི་ཡོད་ཅིང་། སྔ་དྲོའི་སློབ་ཁྲིད་ཀྱི་ནང་དོན་རྒན་བདག་ནས་བཀོད་སྒྲིག་བྱེད་འགན་འཁུར། སྐབས་དེའི་སྒེར་གཉེར་སློབ་གྲྭ་མང་ཆེ་བ་བཀའ་ཤག་སྲིད་གཞུང་གི་དྲུང་ཡིག་གིས་གཉེར་བ་དང་བོད་ལུགས་སྨན་པས་གཉེར་བ་ཡང་ཁ་ཤས་ཡོད་པ་ལས། རྩེ་དྲུང་གིས་གཉེར་བ་ཧ་ཅང་ཉུང་། འོན་ཀྱང་དམིགས་བསལ་ཅན་ཡང་ཡོད་པ་དཔེར་ན་ཏར་ཁང་སློབ་གྲྭ་གཉེར་མཁན་ནི་རྩེ་དྲུང་གོ་གནས་རིམ་བདུན་ཞིག་ཡིན། དེ་ལྟར་ཡིན་ནའང་རྩེ་དྲུང་ཆེ་གྲས་ཀྱིས་སྒེར་གྱི་སློབ་གྲྭ་མི་གཉེར། ད་དུང་གྲགས་པ་ཅུང་ཆེ་ཙམ་ལྡན་པའི་སྒེར་གཉེར་སློབ་གྲྭ་ཞིག་ཡོད་པར་ནང་རོང་ཤག་སློབ་གྲྭ་ཟེར་ཞིང་། དགེ་རྒན་ནི་བོད་ལུགས་སྨན་པ་ཞིག་ཡིན་པ་དང་ཡབ་ཁོ་རང་དགོངས་པ་རྫོགས་རྗེས་ཁོང་གི་བུ་མོས་རྒྱུན་བསྐྱངས་ནས་མུ་མཐུད་དགེ་རྒན་གནང་བ་རེད། སློབ་གྲྭ་དེ་ཉིད་སློབ་གྲྭ་གཞན་དག་འགའ་ཞིག་དང་ཁྱད་པར་འགའ་ཤས་ཡོད་པ་ནི་དེར་འཛིན་གྲྭ་ཆུང་གྲས་འགའ་ཤས་སུ་བགོས་ཡོད་ཁར། ཕྱིས་སུ་ད་དུང་རྒྱུན་མཁོའི་རྩོམ་ཡིག་འབྲི་རྩལ་ཡང་འཁྲིད་ཀྱི་ཡོད། ད་ལྟ་ལྷ་སར་བཞུགས་པའི་དགུང་ལོ་དྲུག་ཅུའི་ཡས་མས་སུ་སོན་པའི་རྒན་གྲས་མང་ཆེ་བ་སྒེར་གཉེར་སློབ་གྲྭ་དེ་ཉིད་དུ་སྦྱང་བརྩོན་གནང་མྱོང་ཡོད།

སྒེར་གཉེར་སློབ་གསོའི་ཆ་རྐྱེན་ཁྱོན་ཡོངས་ནས་ཅུང་ཞན་ཙམ་ཡོད་པས་སྤྱིར་བཏང་སློབ་ཁང་ནི་ཁང་མིག་གཅིག་ཚམ་ཡིན་ཁར། ལོ་ན་དང་ཡོན་ཚད་མི་གཅིག་པའི་ཕྲུ་གུ་ཚང་མ་མཉམ་དུ་སློབ་སྦྱོང་བྱེད་པ་དང་། སློབ་ཁྲིད་གྱི་ནང་དོན་གཙོ་བོ་ནི་བོད་ཡིག་འབྲི་ཀློག་བྱང་ཐོན་ཡོང་བ་བྱ་རྒྱུ་སྟེ། བོད་ཡིག་གི་ཀ་མད་སུམ་ཅུ་ཐམ་པ་སྦྱོར་ཀློག་ཤེས་པར་བྱ་རྒྱུ་དང་། སློབ་དེབ་གཙོ་བོ་ནི་ལེགས་བཤད་འགའ་ཞིག་དཔེར་ན་ས་སྐྱ་ལེགས་བཤད་དང་ལུགས་ཀྱི་བསྟན་བཅོས་སོགས་ཡིན། ལོ་གཉིས་སོང་རྗེས་སུམ་ཅུ་པ་སྐྱོར་འགོ་ཚུགས་པ་དང་དེ་རྗེས་དག་ཡིག་དང་ “འཇམ་དབྱངས་ཀྱི་བསྟོད་པ་”དགུ་ཟླ་སོགས་སྐྱོར་དགོས། ནང་དོན་དེ་དག་སློབ་གྲྭ་བས་སྤྱིར་བཏང་ཀློག་འདོན་ཤེས་པ་ལས་མང་ཆེ་བས་གོ་དོན་རྟོགས་མི་ཐུབ། སྦྱོང་འབྲི་བ་རྒྱུ་ནི་སྒེར་གཉེར་སློབ་གྲྭའི་ནང་དོན་གཙོ་ཆེ་ཤོས་ཤིག་ཡིན། ཉིན་ལྟར་གྱི་བཀོད་སྒྲིག་བྱེད་ཚུལ་དུ་སྔ་ཞོགས་སློབ་དེབ་ཀློག་འདོན་དང་སྐྱབས་འགྲོ་སོགས་སྐྱོར་དགོས་ཤིང་། སྔ་དྲོ་ཡིག་གཟུགས་སྦྱོང་འབྲི་བ་དགོས་པ་དང་ཕྱི་དྲོ་ཡང་དེ་ལྟར་ཡིན་པས་ཉི་མ་ནུབ་ཉེའི་མཚམས་སུ་དཔེ་དེབ་ངག་སྐྱོར་གཏོང་དགོས་པ་བཅས་ཡིན། སློབ་སྦྱོང་བྱེད་ཡུན་ལོ་འགའ་ཤས་དེ་དག་གཙོ་བོ་ཡིག་གཟུགས་སྦྱོང་འགྲི་བྱེད། སྔོན་ལ་བྱང་ཤིང་སྟེང་སྦྱོང་འབྲི་དང་དེར་བྱང་པོ་བྱུང་མཚམས་ཤོག་བུའི་ཐོག་སྦྱོང་འབྲི་བྱ་རྒྱུ། སྔོན་ལ་ཡིག་གཟུགས་ཆུང་བ་དང་དེ་ནས་ཆེ་བ་འབྲི་རྒྱུ། སྔོན་ལ་ཚུགས་ཡིག་སྦྱོང་བ་དང་དེ་ནས་འཁྱུག་ཡིག་སྦྱོང་གི་ཡོད། དགེ་རྒན་ནས་སློབ་གྲྭ་བར་བླང་བྱ་ནན་པོ་འདོན་ཞིང་། སློབ་གྲྭ་བས་འཚུབ་པོ་བྱས་ན་ལག་མཐིལ་དང་འགྲམ་པར་སྨྱུག་ལྕག་གཞུ་གི་ཡོད་པ་དང་གལ་ཏེ་སྒྲིག་ཁྲིམས་ལས་འགལ་ཚེ་ད་དུང་རྟ་ལྕག་གཞུ། ཟླ་རེའི་ཟླ་དཀྱིལ་དང་ཟླ་མཇུག་སོ་སོར་ཡིག་ཚད་རེ་གཏོང་ལ། གཙོ་བོ་ཡིག་གཟུགས་ལེགས་ཉེས་རྒྱུགས་ལེན་བྱེད་པ་དང་། རྒྱུགས་འབྲས་ལ་གཞིགས་ཏེ་དགེ་རྒན་གྱིས་ཨང་ཀི་དང་པོ་གཉིས་པ་ཞེས་རིམ་པ་བཞིན་བཀོད་ནས་རྒྱུགས་ཡག་པོ་འཕྲོད་མེད་ནའང་སྨྱུག་ལྕག་གཟེད་དགོས་ཀྱི་ཡོད། དགེ་རྒན་གྱིས་ལྟ་སྐུལ་བྱས་ཐོག་ཨང་ཀི་དང་པོ་ཐོབ་མཁན་དེས་ཨང་ཀི་གཉིས་པ་མན་ཆད་ལ་སྨྱུག་ལྕག་གཞུ་བ་དང་། ཨང་ཀི་གཉིས་པ་ཐོབ་མཁན་དེས་ཨང་ཀི་གསུམ་པ་མན་ཆད་ལ་སྨྱུག་ལྕག་གཞུ་བ་དེ་ལྟར་བྱས་ཏེ་མཐའ་མའི་སྨྱུག་ལྕག་མང་ཤོས་གཟེད་པའི་སློབ་གྲྭ་བ་དེས་རང་གི་རྗེས་སུ་སྨྱུག་ལྕག་གཞུ་ཡུལ་མེད་པས་མར་སྐོགས་ལ་སྨྱུག་ལྕག་གཞུས་པ་ལས་ “ཕུ་ཕུ་”ཞེས་པའི་སྒྲ་འཐོན་མཚམས་སློབ་གྲྭ་བ་བྱིངས་ནས་འུར་ཆ་བརྒྱབ་སྟེ་ངོ་ཚ་སློང་།

 

བརྒྱུད་སྐུལ།

མཆན་སྤེལ།