དུང་དཀར་རིན་པོ་ཆེ་དང་བོད་ཀྱི་སྐད་ཡིག་མཉམ་དུ་གླེང་བ།
ཕན་བདེ་སྣང་གསལ།
སྐད་ཡིག་གི་ཐོག་མའི་ལོ་རྒྱུས།
གངས་ལྗོངས་མཁས་པའི་ཁྱུ་མཆོག་སློབ་དཔོན་ཆེན་པོ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནི་དུས་རབས་སྔ་ཕྱི་གཉིས་ཀྱི་འགྱུར་འགྲོས་ནང་བོད་ཀྱི་རིག་གནས་ཐོག་གཟེངས་སུ་ཐོན་པའི་ཕྱག་རྗེས་ཡོད་མཁན་ཞིག་རེད། ཁོང་ཕྱི་ལོ་ ༡༩༣༡ ལོར་༧གོང་ས་བཅུ་གསུམ་པ་ཆེན་པོས་1དུང་དཀར་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ངོས་འཛིན་གནང་ཞིང་། སེར་སྨད་གྲྭ་ཚང་དུ་ཆོས་ཞུགས་ཐོག་གཞུང་ཆེན་བཀའ་པོད་ལྔ་ལ་སྤྱངས་པ་མཐར་ཕྱིན་ཏེ་ཕྱི་ལོ་ ༡༩༤༧ ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པ་ཨང་བཞི་པའི་མཚན་བཏགས་བཞེས། རྒྱུད་སྨད་གྲྭ་ཚང་ནས་སྔགས་རམས་པ་ཨང་གཉིས་པའི་མཚན་བཞེས་དང་རྒྱུད་པའི་དགེ་བསྐོས་སོགས་རིམ་གནང་གིས་དགའ་ལྡན་ཁྲི་པའི་ཕེབས་ལམ་གྱི་རྒྱུད་རིམ་ཕལ་ཆེ་བ་བརྒྱུད་ཟིན་པ་རེད། ཕྱི་ལོ ༡༩༥༥ ནས་ཐ་སྙད་རིག་གནས་ལ་སྦྱངས་པ་མཛད་པས་བཅུ་ཕྲག་རིག་པའི་གནས་ལ་མཁྱེན་པ་ཡངས་པའི་མཁས་པ་ཆེན་པོར་གྱུར།
ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་མི་ཟད་པ་བྱུང་བའི་སྐབས་བོད་ཀྱི་རིག་གནས་དང་འབྲེལ་བའི་ཚན་ཁག་མང་པོའི་ནང་ལས་འཛིན་མཚན་བཞེས་ཐོག་ཐུགས་ནུས་གང་ཡོད་ཀྱིས་བོད་ཀྱི་རིག་གནས་སྲུབ་སྐྱོབ་ལ་སྨན་པའི་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པ་ནི་ཀུན་གསལ་ལྟ་བུར་གྱུར་ཡོད། གངས་ལྗོངས་ཆོས་ལྡན་དག་པའི་ཞིང་ཁམས་སུ་མི་རིགས་གཞན་གྱི་བཙན་འཛུལ་འོག་མ་ལེ་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་རང་རེའི་སྲོལ་རྒྱུན་རིག་གནས་རྙིང་བཞི་ཞེས་པའི་ཁོངས་སུ་དྲངས་ཏེ་རྩ་གཏོར་དུ་གཏོང་རྩིས་ཀྱི་སྲིད་བྱུས་ངན་པའི་འོག་སྙིང་སྟོབས་ཆེན་པོས་ཐབས་ཤེས་མཁས་པོའི་ཐོག་ནས་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་སྲུང་སྐྱོབ་ཀྱི་ལས་དོན་ལ་འཇུག་མཁན་མཁས་པ་ཉུང་ཤས་ཤིག་ཡོད་པ་ནས་དུང་དཀར་རིན་པོ་ཆེ་མཆོག་དེ་དག་ཁྲོད་ཀྱི་གཅིག་ཡིན། དུས་སྐབས་དེའི་ནང་དུང་དཀར་རིན་པོ་ཆེར་མཁས་པ་གཞན་སུ་ལའང་མེད་པའི་བསམ་བློ་གསར་པའམ་རིག་པ་གསར་པ་ཞིག་ཡོད་པ་ནི་བཙན་ཤུགས་ཀྱིས་སྤེལ་བཞིན་པའི་མ་ལེ་རིང་ལུགས་ཀྱི་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་2ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་རིགས་ལམ་བེད་སྤྱད་དེ་རང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་དར་སྤེལ་གནང་རྒྱུ་དེ་རེད། ཡངས་ཤིང་རྒྱ་ཆེ་ལ་དུས་དང་འཚམས་པའི་དགོངས་གཞི་འདིའི་འོག་ཁོང་གིས་མདོ་དབུས་ཁམས་གསུམ་གྱི་བློ་གསར་སློབ་གཉེར་བ་མང་དག་ཅིག་གསོ་སྐྱོང་གནང་ཡོད་པ་དང་། བོད་ཀྱི་སྐད་ཡིག་དང་། ལོ་རྒྱུས། རྩོམ་རིག་སོགས་དང་འབྲེལ་བའི་ལྗགས་རྩོམ་སྣ་མང་ཕུན་སུམ་ཚོགས་པ་ཕྱི་ནང་མཁས་པའི་མདུན་སར་བཀྲམ་པས། ལོ་རབས་བརྒྱད་ཅུ་པའི་མཇུག་ཙམ་ནས་མདོ་དབུས་ཁམས་གསུམ་དུ་མི་རིགས་ཀྱི་ལ་རྒྱ་ཟབ་ཅིང་། རིག་གནས་ཀྱི་ཤེས་རྒྱ་ཆེ་བའི་ན་གཞོན་མཁས་པའི་དཔུང་ཁག་ཅིག་ཐོན་པར་མ་ཟད། ཕྱི་རྒྱལ་མི་རིགས་ཀྱི་ཁྲོད་དུའང་ཁོང་གི་ཞིབ་འཇུག་རྩོམ་ཡིག་ཁག་མཁས་པའི་རྩོམ་ཡིག་ཏུ་ཁས་ལེན་ཆེ་བསྟོད་ཐོབ་ཐུབ་པ་བྱུང་བས་གངས་ལྗོངས་མཁས་པའི་ཁྱུ་མཆོག་གི་གྲགས་པའི་བ་དན་དྲི་བཞོན་བུ་མོའི་གར་སྟབས་དང་ལྷན་གཅིག་ཏུ་འཛིན་མའི་ཕྱོགས་སུ་གཡོས། ཁོང་གིས་ལོ་རྒྱུས་དངོས་གཙོའི་རིགས་ལམ་གྱི་ཐོག་ནས་བོད་མི་རིགས་ཀྱི་འབྱུང་ཁུངས་དང་། སྐད་ཡིག་གི་འཕེལ་ཕྱོགས་སོགས་སྒོ་གང་སར་ཞིབ་འཇུག་གནང་བའི་གྲུབ་དོན་ལས་འདིར་སྐད་ཡིག་གི་ཐོག་མའི་ལོ་རྒྱུས་དང་། བར་གྱི་འཕེལ་རྒྱས། མ་འོངས་པའི་མདུན་ལམ་བཅས་ལ་མཁས་དབང་གང་གི་གཟིགས་ཚུལ་དང་འབྲེལ་ཏེ་རང་བློའི་དཔོག་ཚོད་ཀྱི་བགྱིད་པ་རྣམས་ཀློག་པ་པོའི་སྤྱན་ལམ་དུ་བསྟར་བ་ཡིན།།
གདོད་མའི་སྐད་ཡིག
མཁས་དབང་དུང་དཀར་རིན་པོ་ཆེས། མི་ཡི་རིགས་3ཐོག་མར་བྱུང་ནས་གདོད་མའི་སྤྱི་ཚོགས་སྐབས་མི་རྣམས་ཐུན་མོང་ཐོག་འཚོ་བ་སྐྱེལ་བ་དང་ཐོན་སྐྱེད་བྱས་པ་བཅས་ཀྱི་གོ་རིམ་ནང་མི་དང་མིའི་བར་ལ་ཁ་བྲལ་དུ་མི་རུང་བའི་འབྲེལ་བ་ཞིག་ཆགས་པ་དེས། མི་རྣམས་ཐུན་མོང་གི་བྱ་སྤྱོད་གཅིག་གྱུར་ཞིག་ཡོང་རྒྱུར་སྐུལ་འདེད་བྱུང་ཞིང་། མི་རྣམས་ཕན་ཚུན་བསམ་བློ་མཚོན་བྱེད་ཀྱི་སྐད་བརྡ་གཅིག་གྱུར་ཞིག་ཆགས་ཐུབ་པ་བྱུང་བ་དང་། ཐོག་མའི་སྐབས་ཀྱི་བརྡ་རྟགས་དེ་ནི་སྐད་ཆེན་པོ་ཞིག་རྒྱག་པ་ལྟ་བུའི་ཧ་ཅང་སྟབས་བདེ་ཞིག་ཡིན་སྟབས། སྐད་རྒྱག་པ་དེས་མ་ལྡང་བའི་ཆ་རྣམས་ལག་པའི་བརྡ་དང་ལུས་ཀྱི་རྣམ་འགྱུར་ལ་བརྟེན་ནས་གོ་ཐབས་བྱེད་ཀྱི་ཡོད་པ་རེད། ཅེས་གསུངས་པར་བསམ་གཞིགས་བྱེད་སྐབས། འགྲོ་བ་མིའི་རིགས་ཐོག་མར་སྤྲ་ནས་མིར་གྱུར་པའམ་ཡང་ན་ལྷ་དང་ཀླུ་སོགས་རིགས་རྒྱུད་གཞན་ལས་ཆད་པ་གང་ཞིག་ཏུ་འདོད་ཀྱང་། མི་རྣམས་འདུས་སྡོད་ཀྱི་སྤྱི་ཚོགས་ནང་འཐོན་སྐྱེད་ངལ་རྩོལ་གྱི་དཀའ་སྡུག་ཁྲོད་ནས་བསམ་གཞིག་གི་ཀླད་པ་ཡར་རྒྱས་འགྲོ་བ་དང་ལྷན་དུ་ནང་བསམ་བློའི་ནུས་སྟོབས་ཕྱིར་མངོན་ཐུབ་པར་ལུས་ངག་གི་རྣམ་འགྱུར་སྣ་ཚོགས་བརྟེན་དགོས་པས་ལུས་བརྡ་དང་ངག་བརྡ་འཕེལ་རྒྱས་བྱུང་བར་འདོད། གངས་རིའི་རྭ་བས་སྐོར་བའི་ཞིང་ཁམས་སུའང་ཆུ་མོ་ཡར་ཀླུང་གཙང་པོའི་འགྲམ་རྒྱུད་དུ་རང་རེའི་མེས་པོ་སྤྲེའུ་དང་བྲག་སྲིན་ནམ་སྤྲ་འདུས་པ་ལས་མིའུ་གདོང་དྲུག་སོགས་སྤྲ་མི་འདུས་སྡོད་ཀྱི་སྲིད་པ་ཆགས་པ་རེད། སྤྲ་མིའི་འཚོ་གནས་སྟབས་བདེའི་རྒྱུད་རིམ་ནང་ཕན་ཚུན་གོ་བརྡ་སྤྲོད་བྱེད་ལག་བརྡ་སོགས་ལུས་པོའི་རྣམ་འགྱུར་རིགས་ཉུང་ཤས་ཀྱིས་འགྲིག་གི་ཡོད་ཀྱང་། རིགས་རྒྱུད་འཚོ་ཁག་བར་འབྲེལ་འདྲིས་བྱུང་བ་དང་འཚོ་གནས་ཆེད་ངལ་རྩོལ་ནུས་ཤུགས་མཉམ་སྦྲེལ་རྒྱ་སྐྱེད་འགྲོ་སྐབས་རང་ཉིད་ཀྱི་འཆར་སྒོའམ་སེམས་དོན་ཕ་རོལ་པོར་གོ་བརྡ་ཕྲོད་ཆེད་ལག་བརྡ་སོགས་ལུས་པོའི་རྣམ་འགྱུར་ཙམ་གྱིས་མི་འགྲིགས་པར་མ་ཟད། རྒྱང་ཐག་རིང་པོས་ཆོད་པའི་སྐབས་གོ་བརྡ་ཕྲོད་རྒྱུར་དེ་བས་དཀའ་ངལ་ཆེན་པོ་ཡོད་པ་རེད། དཀའ་ངལ་དེར་གདོང་ལེན་བྱེད་པའི་རིག་པ་གསར་པ་ནི་སྐད་སྒྲ་མི་འདྲ་བའི་ཐོག་ནས་རྒྱང་ཐག་ཆོད་པའི་སར་དགྲ་ཟོན་སོགས་ཀྱི་བརྡ་གཏོང་བྱེད་པ་ནས་འགོ་ཚུགས་ཏེ་ངལ་རྩོལ་ཐོན་བསྐྱེད་ཀྱི་རྒྱུད་རིམ་ནང་ངག་གི་ལམ་ནས་ཕན་ཚུན་བརྡ་སྤྲོད་པའི་སྐད་ཆ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་རེད།
སྤྱི་ཚོགས་འཕེལ་རྒྱས་ཁྲོད་འབྲེལ་འདྲིས་ཀྱི་རྙོག་འཛིང་ཇེ་ཆེར་འགྲོ་བཞིན་ཡོད་སྟབས་ཁ་བརྡ་དང་། ལག་བརྡ། མིག་བརྡ། རྐང་བརྡ་སོགས་ལུས་པོའི་བརྡ་སྟོན་གྱི་རྣམ་འགྱུར་ལ་ཡང་འཕེལ་རྒྱས་ཆེན་པོ་འགྲོ་བཞིན་ཡོད། དེ་ཡང་རང་གི་ལུས་པོའི་ཡན་ཡག་ཙམ་མ་ཡིན་པར་ཕྱི་རོལ་རང་བྱུང་ཁམས་ཀྱི་དངོས་པོ་རྡོ་དང་། ཤིང་སོགས་བརྡ་སྟོན་ཡོ་ཆས་སུ་བེད་སྤྱོད་བྱས་པས་མིག་ཤེས་ཀྱི་ལམ་དུ་བརྡ་སྟོན་དངོས་པོ་མང་པོར་འཕེལ་རྒྱས་འགྲོ་བཞིན་ཡོད། འདུལ་སྦྱོང་མ་བྱས་པའི་དངོས་པོ་རང་འགའ་བ་བེད་སྤྱོད་བྱེད་རྒྱུ་ནི་སྟབས་བདེ་མ་ཡིན་པ་དང་། དེས་ཀྱང་དགོས་མཁོ་ཡོངས་སུ་བཀང་ཐུབ་རྒྱུ་ཁག་པོ་ཡིན་པས་རྡོ་དང་ཤིང་སོགས་འདུལ་སྦྱོང་བྱས་ཏེ་སྟབས་བདེའི་གཟུགས་རིས་འདྲ་མིན་གྱི་བེད་སྤྱོད་དང་། དེ་ཡང་ཧ་ཅང་སྟབས་བདེར་སོང་བ་སྟེ་གཟུགས་དབྱིབ་འདྲ་མིན་རི་མོར་བྲིས་ཏེ་བེད་སྤྱོད་ཀྱིས་བརྡ་སྟོན་ཡོ་བྱས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད། རྙོག་འཛིང་ཆེ་བའི་འདས་དོན་མང་པོ་ཞིག་གསོག་ཉར་བྱེད་པ་དང་། ཡང་ན། མ་འོངས་པའི་བྱེད་འཆར་མང་དག་ཅིག་བང་བསྒྲིགས་ཏེ་བཀོད་སྒྲིག་བྱེད་པ། འཚོ་ཁག་རྒྱ་བསྐྱེད་དེ་རྒྱལ་ཕྲན་སིལ་མར་འཕེལ་རྒྱས་བྱུང་བས་རྒྱལ་ཕྲན་སོ་སོའི་བར་འགྱང་ཁད་ཧ་ཅང་ཆོད་པས་ངག་ལམ་གཅིག་པོའི་ཐོག་ནས་འབྲེལ་བ་བྱེད་རྒྱུ་དེ་ཡང་སྟབས་བདེ་ཞིག་ག་ལ་ཡིན། ལུས་པོའི་རྣམ་འགྱུར་དང་དངོས་པོའི་གཟུགས་རིས་བེད་སྤྱད་བརྡ་སྟོན་བྱེད་པ་དེར་འདས་པའི་ལོ་རྒྱུས་ཀྱི་གནས་ཚུལ་མང་པོ་མི་རབས་རིམ་བརྒྱུད་ཀྱིས་གསོག་ཉར་བྱེད་པ་སོགས་ལ་སྟབས་བདེ་བསྐྲུན་ཐུབ་ཀྱི་མེད་པས་ད་གཟོད་དེའི་ཐད་ཡང་བསྐྱར་བསམ་གཞིག་བྱེད་དགོས་བར་ཐུག་པ་རེད། དེས་ན་མིའི་རིགས་ཀྱི་སྤྱི་ཚོགས་ནང་ཡི་གེ་གསར་བཟོའི་ལས་དོན་ཐད་ཐོག་མར་ཕལ་ཆེ་བ་འདྲ་གཟུགས་ཀྱི་ཡི་གེ་བྱུང་བར་བསམ་ན། རང་རེའི་ཡུལ་འདིར་ཡང་ཐོག་མར་ལུས་པོའི་རྣམ་འགྱུར་ནས་རིམ་བཞིན་དངོས་པོའི་གཟུགས་རིས་བེད་སྤྱོད་ཀྱིས་བརྡ་སྟོན་ཡོ་ཆས་བར་འཕེལ་རྒྱས་ཕྱིན་ཏེ་འདྲ་གཟུགས་ཀྱི་ཡི་གེ་དར་ཡོད་ངེས། གནའ་ཤུལ་ཞིབ་འཇུག་པའི་གྲུབ་དོན་ལ་གཞིགས་ན་རང་རེ་ཁ་བའི་ལྗོངས་སུ་མིའི་འགྲོ་བ་ཆགས་ནས་ལོ་ཁྲི་འདས་ཤིང་། རྡོ་ཆས་རྙིང་པ་དང་གསར་མའི་དུས་ཡུན་རིང་ཡར་ཀླུང་གཙང་པོའི་འགྲམ་རྒྱུད་ཀྱི་སྤྱི་ཚོགས་དཔལ་ཡོན་གང་ཙམ་དར་རྒྱས་ཆེ་བའི་གྲས་སུ་བསླེབས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོར་བོན་དང་ཆོས་གང་གི་ཡང་དྲི་མས་མ་གོས་པའི་གདོད་མའི་འདྲ་གཟུགས་ཡི་གེ་ཡོད་པར་བཤད་ཆོག་སྟེ་སྟོན་པ་གཤེན་རབ་ཀྱིས་ཡི་གེ་གསར་དུ་བཟོས་པའི་གཏམ་རྒྱུད་ནང་ཁོང་ལ་ཡི་གེ་ཁྲི་འབུམ་ཡོད་པའི་གཏོ་ཡི་བཀའ་སྒྲོམ་ཡོད་པར་བཤད་པས་ན་(འདི་དང་འབྲེལ་བ་གཤམ་དུ་གསལ་)དེ་དག་ནི་གནའ་རབས་ཀྱི་འདྲ་གཟུགས་ཡི་གེ་ཡིན་ངེས་སོ།།
ཞང་ཞུང་ཡི་གེ།
མཁས་དབང་དུང་དཀར་རིན་པོ་ཆེས། རྒྱལ་པོ་སྲོང་བཙན་སྒམ་པོའི་4གོང་དུ་བོད་ཡིག་རྙིང་པ་ཞིག་ཡོད་པ་དེ་ནི་ཞང་གཞུང་གི་ཡིག་རྙིང་ཡིན་པ་དང་། དེ་ཆ་མི་ཚང་ཞིང་ཧ་ཅང་སྟབས་བདེ་ཞིག་ཡིན་པའི་དབང་གིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་གོང་འཕེལ་ཕྱིན་པའི་དགོས་མཁོ་དང་འཚམས་ཐུབ་ཀྱི་མེད་པ་རེད། ཅེས་གསུངས་པར་གཞིགས་ན། སངས་རྒྱས་ཆོས་ལུགས་དང་འབྲེལ་བའི་དཔེ་རྙིང་ཁག་དང་། ཏུན་ཧོང་5ཡིག་རྙིང་དང་ཐང་ཡིག་6གསར་རྙིང་དུ་ཡང་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་ལ་ཡི་གེ་བྱུང་བ་གསལ་ཡང་། ཉེ་རབས་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་བོན་གྱི་དཔེ་རྙིང་ཁག་7ནང་བཙན་པོ་སྲོང་བཙན་སྒམ་པོའི་སྔོན་ནས་བོད་ལ་ཡི་གེ་ཡོད་པ་གསལ་ཡོད་པ་དང་། གཉའ་ཁྲི་བཙན་པོ་ཡར་ཀླུང་རྒྱལ་ཕྲན་གྱི་རྒྱལ་པོར་བསྐོ་སྐབས་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་སྐོར་གསལ་བས་དུས་སྐབས་དེ་ཙམ་ནས་བོད་ལ་གཡུང་དྲུང་བོན་དང་འབྲེལ་བའི་རིག་གནས་དར་ཁྱབ་བྱུང་ཡོད་པར་མངོན་པས་དེ་དང་འབྲེལ་བའི་ཡི་གེ་ཞིག་ཡོད་ངེས་སུ་མཐོང་། བོན་གི་དཔེ་རྙིང་ནང་སྟོན་པ་གཤེན་རབ་མི་བོ་ཆེས་ཡི་གེ་གསར་དུ་བཟོས་པའི་གཏམ་རྒྱུད་ཅིག་ཡོད་ཚུལ་8མཁས་པས་དྲངས་པ་དེ་སྤྱིར་ལྷ་སྒྲུང་ཞིག་ཡིན་ནའང་ནང་དོན་བསམ་གཞིགས་ནན་པོ་བཏང་ན་དུས་སྐབས་དེར་ཡི་གེ་ཞིག་གསར་དུ་བཟོས་པ་གསལ་པོར་མཚོན་ཐུབ་པའི་ནུས་པ་ཡོད། གཏམ་རྒྱུད་དེ་ནི་ཀོང་ཡུལ་གྱི་བདུད་ཁྱབ་པ་ལག་རིང་གིས་གཤེན་རབ་མི་བོ་ཆེའི་ཆིབས་རྟ་བརྐུས་པར་གཤེན་རབ་མི་བོ་ཆེས་རྗེས་དེད་ཀྱིས་མཐར་བདུད་རྣམས་ཕམ་པར་བྱས་པར་ཁྱབ་པ་ལག་རིང་ཡི་མ་རངས་པར་སྟོན་པ་གཤེན་རབ་ཀྱི་བཙུན་མོ་བོད་བཟའ་དང་ཀོང་བཟའ་བསླུས་ཏེ་ཡིག་འབྲུ་ཁྲི་འབུམ་གསོག་ཉར་བྱས་པའི་གཏོ་ཡི་བཀའ་སྒྲོམ་མེར་བསྲེགས་བཏང་། གཤེན་གྱི་ཐུགས་སྲས་ཡིད་ཀྱི་ཁྱེའུ་ཆུང་གིས་མེའི་དབུས་སུ་ཕྱག་བསྙབས་པས་དཔའ་བོ་འབྲུ་ལྔ་བླངས་ཐུབ་པ་དེ་ཉིད་གཞིར་བཟུང་ཏེ་ཡི་གེ་གསར་གཏོད་གནང་བར་གསུངས་ཡོད།
རང་རེའི་ཉེ་རབས་ཀྱི་མཁས་པ་9ཚོས་གཏམ་རྒྱུད་འདི་རང་རེའི་བོད་ཡིག་གསར་དུ་བྱུང་བའི་འགོ་ཁུངས་སུ་འཛིན་གྱི་ཡོད་ཀྱང་ཡིག་འབྲུ་ཁྲི་འབུམ་མེར་བསྲེགས་པ་ཞེས་པ་ནི་དངོས་དོན་དུ་ངོས་འཛིན་དཀའ་བ་ཞིག་ཡིན་ཏེ་དེའི་གོང་དུ་དེ་འདྲའི་ཡི་གེ་མེད་པར་གསུངས་འདུག གཏོ་ཡི་བཀའ་སྒྲོམ་དེ་གཤེན་རབ་མི་བོ་ཆེའི་ཡིག་སྣོད་ཅིག་ཡིན་ན། དེའི་ནང་གསོག་ཉར་བྱས་པའི་ཡི་གེ་ཁྲི་འབུམ་དེ་དག་ནི་གདོད་མའི་གཟུགས་རིས་སམ་འདྲ་གཟུགས་ཡི་གེ་ཡིན་ཅིང་། གཤེན་རབ་མི་བོ་ཆེས་དེ་དག་གཞི་རྩར་བཟུང་སྟེ་བོད་ཀྱི་ཡི་གེ་གསར་གཏོད་གནང་བའི་དུས་སྐབས་ཤིག་ཏུ་ངོས་འཛིན་བྱས་ཆོག་པ་འདུག ཡི་གེ་གསར་གཏོད་ཀྱི་ལས་གཞི་དེར་བར་ཆད་བྱུང་བར་བརྟེན་སླར་ཡང་གསར་གཏོད་ཀྱི་ལས་རིམ་ལ་བསམ་རྒྱ་བསྐྱེད་ཐུབ་པ་བྱུང་བ་རེད། དཔའ་བོ་འབྲུ་ལྔ་དེ་འབྱུང་བ་ལྔ་ལས་གྲུབ་པར་བཤད་སྟངས་ལས་དེ་དག་ངེས་པར་དུ་ནང་གི་འབྱུང་བ་ལྔར་ངོས་འཛིན་དགོས་པས་མིའི་ལུས་པོའི་ནང་གི་འབྱུང་བ་ལྔ་གཡོས་པ་ལས་བྱུང་བའི་སྒྲ་གདངས་ལ་བསམ་གཞིག་ཞིབ་ཚགས་ཀྱིས་སྒྲ་སྦྱོར་ཡི་གེ་གསར་གཏོད་ཀྱི་རྨང་གཞི་གཏིང་འགོ་ཚུགས་པ་ཡིན།
སྟག་གཟིག་སྤུངས་ཡིག་(མཁས་དབང་ནམ་མཁའི་ནོར་བུས་ཞང་ཞུང་གི་ཡི་གེའི་གཟུགས་སྟག་གཟིག་སྤུངས་ཡིག་ལ་བཅོལ་ཚུལ་ནི་དུས་ཕྱིས་ཀྱི་བོན་པོ་ཚོས་གཤེན་རབ་མི་བོ་ཆེའི་འཁྲུངས་ཡུལ་སྟག་གཟིག་འོལ་མོ་ལུང་རིང་ཡིན་པའི་བཤད་སྲོལ་ཡོད་པའི་ལུགས་སུ་བྱས་པ་ཙམ་ཡིན་པར་གསུངས་)10ཞང་ཞུང་ཡིག་རྒན་དུ་བསྒྱུར། དེ་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆན་ནམ་གཟབ་ཏུ་བསྒྱུར། སྨར་ཆུང་འབྲུ་མར་བསྒྱུར་ཚུལ་གྱི་གསུང་རྒྱུན་དེར་བལྟས་ན། ཞང་ཞུང་དང་སྟག་གཟིག་བར་ཆོས་དང་རིག་གཞུང་གི་འབྲེལ་བ་བྱུང་བས་སྤུངས་ཡིག་ལ་བརྟེན་ནས་ཞང་ཞུང་ཡིག་གན་ཚགས་ཚུད་དང་ཡར་རྒྱས་བཏང་ཡོད་འདུག དུས་སྐབས་དེའི་ནང་བོད་ཁམས་ཀྱི་རྒྱལ་ཕྲན་ཁག་ལས་ཞང་ཞུང་ནི་རྒྱལ་ཕྲན་སྟོབས་ཆེ་ལ་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་གཞན་ལ་འབྲེལ་འདྲིས་ཡོད་མཁན་ཞིག་ཡིན་ཅིང་། ཤེས་རིག་གི་ཆ་ནས་ཀྱང་ཡར་ཀླུང་རྒྱལ་པོ་ལས་ཕུན་སུམ་ཚོགས་པ་ཡོད་འདུག འདིའི་ཐད་མཁས་པའི་བཞེད་པ་11སྣ་ཚོགས་ཞིག་ཡོད་པ་སྟེ་མཁས་པ་ལ་ལས་སྟག་གཟིག་ཅེས་པ་ཨ་རབ་སོགས་དེང་སྐབས་ཀྱི་ཁ་ཆེའི་ཡུལ་ཞིག་ཏུ་ངོས་འཛིན་གྱིས་གནའ་བོའི་དུས་སུ་ཞང་གཞུང་དང་དཔལ་འབྱོར་དང་རིག་གནས་ཀྱི་འབྲེལ་ལམ་ཡོད་པར་ངོས་འཛིན་པ་དང་། ལ་ལས་སྟག་གཟིག་ཅེས་པ་བོད་རང་གི་ཡུལ་ག་གེ་མོ་ཞིག་ཡིན་པ་དང་། ཡང་བོན་གྱི་མཁས་པའི་ནང་སྟག་གཟིག་འོལ་མོ་ལུང་རིང་ཞེས་པ་སྟོན་པ་གཤེན་རབ་མི་བོ་ཆེའི་འཁྲུངས་ཡུལ་ཡིན་པར་ངོས་འཛིན་དང་། ལ་ལས་དེ་ནི་དག་པའི་གཞིང་ཁམས་ཤམ་བྷ་ལ་ལྟ་བུ་སོ་སྐྱེ་ཕལ་བའི་སྤྱོད་ཡུལ་མ་ཡིན་པའི་ཞིང་ཁྱད་པར་བ་ཞིག་ཏུ་ངོས་འཛིན་བྱེད་པ། ཡང་བོན་གྱི་མཁས་པ་ལ་ལས་ཏ་ཟིག་སྟག་གཟིག་གི་ཡུལ་གཉིས་ལ་ཁྱད་པར་ཡོད་པ་སོགས་གཅིག་མཐུན་གྱི་བཞེད་པ་མ་བྱུང་བས་སྟག་གཟིག་སྤུང་ཡིག་ཞང་གཞུང་གི་ཡིག་རྒན་དུ་བསྒྱུར་ཅེས་པའི་སྐད་ཆ་དེ་ཡང་ལྷ་སྒྲུང་ཞིག་ལྟར་ངོས་འཛིན་དཀའ་བའི་གནས་སུ་མཆིས། ཡུལ་དུས་ངོས་འཛིན་དཀའ་བའི་གཏམ་རྒྱུད་དེའི་ཁྲོད་ནས་ང་ཚོས་ཤེས་རྟོགས་ཐུབ་པ་ནི་དུས་སྐབས་དེ་ནི་བོད་ལ་ཡི་གེ་བྱུང་བའི་དོན་དངོས་དང་འབྲེལ་ཡོད་དོ།།
སྐད་ཡིག་གི་བར་གྱི་འཕེལ་རྒྱས།
སྐད་ཡིག་བཅོས་སྒྱུར།
མཁས་དབང་དུང་དཀར་རིན་པོ་ཆེས། སྤྱི་ལོའི་དུས་རབས་བདུན་པའི་དཀྱིལ་དུ་12རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་ཡར་རྒྱས་ཆེན་པོ་བྱུང་བ་དང་། མི་རིགས་གཞན་དག་དང་། ཁྱིམ་ཚེས་རྒྱལ་ཁབ་བར་མཛའ་གྲོགས་ཀྱི་འགྲོ་འོང་བྱས་པ་བརྒྱུད་སྔར་ཡོད་བོད་ཡིག་རྙིང་པ་དེ་ལས་ཆ་ཚང་ཞིང་བརྡ་སྤྲོད་རིག་པའི་གཞུང་ལུགས་ཡོད་པའི་བོད་ཡིག་གསར་པ་ཞིག་དགོས་མཁོ་བྱུང་བར་བརྟེན། ཞེས་གསུངས་པར་གཞིགས་ན། གཉའ་ཁྲི་བཙན་པོ་ནས་རྒྱལ་ཐོག་རིམ་པ་བརྒྱུད་པའི་ཡར་ཀླུང་བཙན་པོའི་རྒྱལ་ཕྲན་འདི་བཞིན་དམག་སྲིད་ཐད་རང་ཚུགས་ཐུབ་པའི་རྒྱ་སྐྱེད་འགྲོ་བཞིན་ཡོད་ནའང་། ཞང་ཞུང་སྒོ་ཕུག་བར་གསུམ་དུ་ཁྱབ་པའི་བོན་ལུགས་རིག་གནས་ཀྱི་དབང་སྒྱུར་འོག་ཡོད་སྟབས་རིག་གནས་དེའི་ཁ་གཏད་དུ་ལངས་ནས་ཕར་རྒོལ་བྱེད་ཐུབ་ཀྱི་མེད། བོན་ལུགས་རིག་གནས་ཀྱི་བརྩི་མཐོང་བྱེད་ཡུལ་དུ་གྱུར་པའི་ཁྱིམ་གཞིས་ཆེན་པོ་འགའ་རེས་ཀྱང་བཙན་པོའི་བཀའ་འོག་ཏུ་མ་ཚུད་པའི་བྱ་བ་བརྩམས་པར་ཇི་མི་སྙམ་པའི་ཚད་དུ་སླེབ་ཀྱི་ཡོད་པ་རེད། ཏུན་ཧོང་ཡིག་རྙིང་དུ་13གསལ་བའི་ལོ་ངམ་རྟ་རྫི་དང་། བཙན་པོའི་བར་འཐབ་མོ་བྱས་པའི་གཏམ་རྒྱུད་དེས་ཀྱང་བཙན་པོའི་ཆབ་སྲིད་དང་བོན་ལུགས་རིག་གནས་བར་གྱི་གདོང་ཐུག་རྣོ་ངར་ཅན་དུ་འགྱུར་བཞིན་ཡོད་པ་གསལ་བཤད་བྱས་ཡོད། བཙན་པོ་ཁྲི་ཐོག་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉེན་བཙན་སྐབས་སུ་རྒྱ་གར་གྱི་14པཎྜི་ཏ་དེ་འདྲ་དང་འབྲེལ་བ་བྱུང་སྟེ་ནང་བསྟེན་ཕྱག་དཔེ་འགའ་ཤས་གདན་ཞུ་གནང་ཡོད་ཀྱང་། ཕྱག་དཔེ་དེ་དག་གནམ་ནས་ཕེབས་པའི་གཏམ་རྒྱུད་ཅིག་དང་འབྲེལ་ཏེ་གཉེན་པོ་གསང་བ་ཞེས་མཚན་གསོལ་ནས་ལྐོག་ཏུ་ཉར་ཚགས་གནང་དགོས་བྱུང་བ་རེད། བཙན་པོ་ཁྲི་ཐོག་སོ་གཅིག་པ་སྟག་རི་གཉན་གཟིག་གི་སྐུ་ཚེའི་སྨད་དུ་ཟིང་འགོ་རྗེ་སྟག་སྐྱ་བོ་དང་(དེང་སང་འཕན་པོ་དང་མལ་གྲོའི་རྒྱུད་དུ་ཡིན་)ཟིང་འགོ་རྗེ་ཁྲི་ཕང་གསུམ་གྱི་ཆབ་སྲིད་ཚུལ་བཞིན་མ་འཁྱོངས་པར་བློན་འབངས་མང་པོ་བློ་ལོག་འགོ་ཚུགས། བཙན་པོ་གནམ་རི་སྲོང་བཙན་གྱི་སྐུ་དུས་སུ་དེ་དག་རིམ་པས་དབང་འོག་ཏུ་བསྡུས་པ་སོགས་ཆབ་སྲིད་རྒྱ་སྐྱེད་ས་བརྟན་དུ་བཏང་ཡོད་ཀྱང་མཐར་བཙན་པོ་རང་ཉིད་དུག་གིས་བཀྲོང་པ་རེད། བཙན་པོ་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་དུ་ཕེབས་སྐབས་ཆབ་སྲིད་ཀྱི་ཁྲིར་ཕེབས་དགོས་བྱུང་། བཙན་པོའི་ཆབ་སྲིད་ལ་བློ་དཀར་དབུ་འོག་དཔུང་འདེགས་ཞུ་མཁན་གྱི་བློན་འབངས་མང་པོས་གུས་བཀུར་བླ་མེད་ཞུས། ཁོང་ཁྲིར་ཕེབས་རྗེས་ཀྱི་ཕྱག་ལས་དང་པོ་ནི་ཡབ་དུག་གིས་བཀྲོང་མཁན་རྩད་ཞིབ་ཀྱིས་དགྲ་ཤ་བླང་རྒྱུ་དེ་རེད། བཙན་པོ་སྲོང་བཙན་སྒམ་པོ་ནི་ཆུང་དུས་ནས་ལྷན་སྐྱེས་ཀྱི་ཤེས་རབ་དང་། བློ་སྟོབས་ཡོད་མཁན་གཞན་དང་མི་འདྲ་བ་ཞིག་ཡིན་པ་ནི་ཁོང་གི་ཕྱག་རྗེས་དེ་དག་ལས་གསལ་མཐོང་ཐུབ་པ་ཡིན། ཁོང་གི་ཐུགས་དགོངས་སུ་བཙན་པོའི་རྒྱལ་ཁབ་རྒྱ་སྐྱེད་ས་བརྟན་ཞིག་དགོས་ན་དམག་ཤུགས་ཀྱི་དབང་སྒྱུར་རྒྱ་སྐྱེད་ཙམ་མ་ཡིན་པར་རིག་གནས་ཀྱི་དབང་སྒྱུར་རྒྱ་སྐྱེད་ཅིག་ངེས་པར་དུ་དགོས་པ་མཐོང་ཐུབ་པ་བྱུང་བས་ཁོང་ལ་རིག་གནས་གསར་བརྗེ་དགོས་པའི་བློ་སྟོབས་ཤིག་འཁྲུངས་ཡོད། རིག་གནས་ཤིག་ཡང་དག་པའི་གསར་བརྗེ་བྱེད་དགོས་ན་དུས་སྐབས་དེའི་སྤྱི་ཚོགས་ཀྱིས་ངོས་ལེན་དགོས་པ་ཡིན། བཙན་པོ་སྲོང་བཙན་སྒམ་པོས་གཡས་གཡོན་གྱི་རྒྱལ་ཕྲན་མང་པོ་དབང་དུ་བསྡུས་ཏེ་རྒྱལ་མཚམས་དབང་ཤུགས་རྒྱ་སྐྱེད་བྱས་པ་དང་། ཁྱིམ་ཚེས་རྒྱལ་ཁབ་བལ་ཡུལ་དང་། རྒྱ་ནག་སོགས་ལ་ཕྱི་འབྲེལ་བཙུགས་ཏེ་བལ་རྒྱ་གཉིས་ཀྱི་རྒྱལ་པོའི་སྲས་མོ་བཙུན་མོར་བསུས། རྒྱ་ནག་དང་བལ་ཡུལ་གཉིས་ནི་ནང་བསྟན་རིག་གནས་དར་ཁྱབ་ཡོད་པའི་རྒྱལ་ཁབ་ཡིན་པས་བཙུན་མོ་གཉིས་ནས་སོ་སོའི་རྟེན་སྐལ་དུ་སངས་རྒྱས་ཀྱི་སྐུ་བརྙན་རིན་ཐང་བྲལ་བ་རེ་བསྣམས་ཕེབས་པར་བརྟེན་བཙན་པོའི་བཞུགས་སྒར་ནས་རིག་གནས་གསར་པའི་སྣང་བརྙན་ཞིག་ངང་གིས་མངོན་ཡོང་གི་ཡོད། བཙན་པོ་སྲོང་བཙན་སྒམ་པོས་བློ་རིག་བཀྲ་བ་འདེམས་སྒྲུག་གིས་ཐང་རྒྱལ་ཁབ་ཏུ་15རྒྱའི་གཙུག་ལག་རིག་གནས་ལ་སློབ་སྦྱོང་བྱེད་མཁན་བཏང་བར་མ་ཟད། བལ་ཡུལ་རྒྱལ་པོའི་རྒྱབ་སྐྱོར་འོག་རྒྱ་གར་འཕགས་པའི་ཡུལ་དུ་སློབ་གཉེར་ལ་བཏང་གནང་ཡོད་པ་རེད། རྒྱ་གར་ཕྱོགས་སུ་བྱིས་པ་བློ་རིག་ལྡན་པ་བཅུ་ནས་ཉི་ཤུའི་བར་སློབ་གཉེར་ལ་བཏང་བའི་ཁོངས་ནས་འགའ་ཤས་ནི་ཚ་བ་དང་ཟས་རིགས་མ་འཕྲོད་ནས་འདས་པ་དང་། ལ་ལ་ནི་གར་སོང་མེད་པར་གྱུར་པ་སོགས་བྱུང་ཡོད་པ་ལས་ཐོན་མི་ནི་དེ་དག་གི་ཁྲོད་ནས་དཀའ་སྡུག་ཁྱད་གསད་ཀྱིས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོབ་ཐུབ་མཁན་དེ་ཡིན་ནོ།།
བརྡ་སྤྲོད་གཞུང་ལུགས།
སློན་དཔོན་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་སློབ་གཉེར་ལ་ཕེབས་པ་དང་། ཕྱིར་བོད་དུ་ཕེབས་ནས་བོད་ཡིག་གསར་བཟོ་གནང་བར་མ་ཟད། བརྡ་སྤྲོད་པའི་གཞུང་སུམ་རྟགས་གཉིས་དང་དེ་མིན་གཞུང་གཞན་ཡང་གསར་རྩོམ་གཏན་འབེབས་གནང་བ་སོགས་ལྷ་སྒྲུང་དང་འདྲེས་པའི་གཏམ་རྒྱུད་ཡ་མཚན་ཅན་མང་དག་ཅིག་ཤོད་རྒྱུ་ཡོད་ན་ཡང་། ཁུངས་དེད་རྩད་ཞིབ་བྱེད་སྐབས་དངོས་དོན་དུ་ར་འཕྲོད་ཐུབ་པ་ནི་ཧ་ཅང་དཀོན་ཚོད་དུ་འདུག བྱུང་རབས་སྨྲ་བ་ཚོས་ཁུངས་བཙུན་ཚད་འཛིན་བྱ་ཡུལ་ཏུན་ཧོང་ཡིག་རྙིང་དང་། རྒྱའི་ཐང་ཞིག་གསར་རྙིང་དུ་(མཆན་༨པར་གསལ་)སྲོང་བཙན་སྔོན་དུ་བོད་ལ་ཡི་གེ་མེད་པར་གསལ། ཏུན་ཧོང་ཡིག་རྙིང་དུ་བོད་ལ་སྔ་ན་ཡི་གེ་མེད་པ་ཡང་། བཙན་པོ་འདིའི་ཚེ་བྱུང་ནས། ཞེས་གསལ་བ་དང་། ཡང་ཐང་ཡིག་རྙིང་པར། ཡི་གེ་མེད་ཅིང་། ཐག་ལ་མདུད་པ་དང་ཤིང་ལ་རྟགས་བུ་བཏབ་སྟེ་རྩིས་བྱེད། ཞེས་གསལ་བས་དེ་སྔོན་རྒྱལ་ཕྲན་ཆུང་འདུས་སྐབས་ཀྱི་ཡི་གེ་དེས་རྒྱལ་ཁབ་ཆེན་པོའི་སྲིད་ལུགས་ཀྱི་བྱ་བར་བཀོལ་སྤྱོད་གོ་ཕེར་མེད་པའམ་བཙན་པོ་སྲོང་བཙན་གྱི་སྐབས་ནས་ཕྱིའི་རྒྱལ་ཁབ་ཁག་གི་རིག་གནས་གསར་པར་འབྲེལ་བ་བྱུང་བས་རང་རེའི་ཡིག་རྙིང་དེར་ལེགས་བཅོས་དགོས་པ་ནི་གདོན་མི་ཟ་བ་ཡིན། ཏུན་ཧོང་ཡིག་ཆ་དང་། རྡོ་རིང་། བྲག་བརྐོས་ཡི་གེ་སོགས་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ཡིག་ཆ་གང་དུ་ཡང་ཐོན་མི་རྒྱ་གར་དུ་སློབ་གཉེར་ལ་ཕེབས་ནས་བོད་ཡིག་གསར་གཏོད་མཛད་པའི་བྱུང་བ་ལྟ་ཅི་ཐ་ན་ཐོན་མིའི་མཚན་ཡང་འཁོད་མེད་ཅིང་། དུས་རབས་བཅུ་གཉིས་པའི་ནང་དུ་ཐོན་པའི་རང་རེའི་ཆོས་འབྱུང་རྙིང་གྲས་ལྡེའུ་ཆོས་འབྱུང། ནེའུ་ཆོས་འབྱུང་། ཉང་ཆོས་འབྱུང་སོགས་ཀྱི་ནང་དུའང་ཐོན་མིས་བོད་ཡིག་གསར་གཏོད་མཛད་པ་ཙམ་ལས་བརྡ་སྤྲོད་པའི་གཞུང་ལུགས་གསར་རྩོམ་གནང་བའི་སྐོར་འཁོད་མི་འདུག ཐོན་མིས་ཡིག་གེ་གསར་བཟོ་གནང་བ་དང་འབྲེལ་བའི་གཏམ་རྒྱུད་དེ་དག་ཕལ་ཆེ་བ་བཀའ་ཆེམས་བཀའ་འཁོལ་མ་16དང་མ་ཎི་བཀའ་འབུམ་17ནང་དུ་འཁོད་འདུག་པ་དང་། བཀའ་ཆེམས་སུ་18དེ་ལ་སོགས་པའི་གཏམ་རྒྱུད་མང་ཞིང་ཞིབ་པ་བློན་པོ་རྣམས་ཀྱིས་མཛད་པའི་ཟླ་བ་འདོད་འཇོ་དང་། བཙུན་མོ་རྣམས་ཀྱིས་མཛད་པའི་དར་དཀར་གསལ་བའི་ནང་རྒྱས་པར་བྲིས་འདུག་གོ་ཞེས་གསལ་བར་གཞིགས་ན་རྒྱལ་པོའི་བཀའ་ཆེམས་བཀའ་འཁོལ་མ་དང་དུས་མཚུངས་ལྟ་བུར་བཙུན་བློན་གྱིས་ཀྱང་དག་པའི་མཛད་པ་གསལ་བའི་ཤོག་དྲིལ་དེ་འདྲ་ཡང་ཡོད་ཚོད། མ་ཎི་བཀའ་འབུམ་དུ་ཐོན་མིས་སྒྲའི་བསྟན་བཅོས་ཆེན་པོ་བརྒྱད་མཛད་དོ་ཞེས་གསལ། སྐབས་དེར་རྒྱ་གར་ལ་སློབ་གཉེར་དུ་བསྐྱོད་མཁན་མང་དག་བྱུང་བ་ནས་ཐོན་མི་མ་གཏོགས་གཞན་རྣམས་ཚ་བ་མ་འཕྲོད་པ་སོགས་བྱུང་ནས་འདས་གྲོངས་སུ་གྱུར་པ་དང་ཐོན་མིས་ལོ་བདུན་ནང་སློབ་གཉེར་མཐར་ཕྱིན་ཏེ་རང་ཡུལ་དུ་འཁོར་མཚམས་བོད་ཡིག་གསར་གཏོད་མཛད་པ་དང་ཡིག་སྒྱུར་ཡང་མཛད་པ་གསལ་བ་ནི་ཐོན་མིའི་ཆེ་བ་བརྗོད་ཚུལ་ཙམ་ལས་དོན་དངོས་དང་མཐུན་པའི་བྱུང་རབས་ཀྱི་དན་རྟགས་ནི་རྙེད་དཀའ་ཙམ་ཡོད་ཚོད་དུ་སྣང་ངོ་། དཔེར་ན་བཀའ་ཆེམས་བཀའ་འཁོལ་མ་དང་། མ་ཎི་བཀའ་འབུམ། དེ་མིན་ཆོས་འབྱུང་གཞན་ཁག་ཏུ་ཐོན་མི་སམ་བྷོ་ཊས་མདོ་རྒྱུད་མང་པོ་བསྒྱུར་བར་གསལ་ཡང་བཀའ་བསྟན་དཀར་ཆག་ནང་ཐོན་མིའི་སྒྱུར་མཚན་གསལ་བ་19སྤང་སྐོང་ཕྱག་རྒྱ་ལས་མེད་པ་དང་། མ་ཎི་བཀའ་འབུམ་རང་དུ་ཐོན་མིས་ཟ་མ་ཏོག་བཀོད་པ་བསྒྱུར་པར་གསལ་ཡང་བཀའ་འབུམ་དེ་རང་དུ་བཞུགས་པའི་མདོ་ཟ་མ་ཏོག་བཀོད་པའི་སྒྱུར་མཆན་དུ་20རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་སྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ཅེས་གསལ་བ་དང་། ཐུགས་རྗེ་ཆེན་པོའི་གཟུངས་ཀྱི་སྒྱུར་མཆན་དུ་ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཆོས་སྒྲུབ་ཀྱིས་རྒྱ་དཔེ་ལས་བསྒྱུར་ཏེ་གཏན་ལ་ཕབ་པ་གསལ།
དུས་སྐབས་དེར་ཕྱི་ནང་གང་ས་ནས་ཁྱིམ་ཚེས་རྒྱལ་ཁབ་ཕན་ཚུན་རིག་གནས་འབྲེལ་བ་བྱུང་བ་དང་བསྟུན་རྒྱ་ནག་ཐང་རྒྱལ་ཁབ་དང་བལ་ཡུལ་དང་རྒྱ་གར་སོགས་སུ་སློབ་གཉེར་ཆེད་གཏོང་འགྲོ་མི་མང་པོ་བྱུང་བ་དང་། རྒྱ་གར་རིག་གནས་ཀྱི་ཞིང་ཁམས་སུ་སློབ་སྦྱོང་འགྲོ་མིའི་ཁྲོད་ནས་ཕུལ་བྱུང་རྩེར་སོན་པ་ཐོན་མི་སམ་བྷོ་ཊ་ཡིན་པ་ཤོད་ག་ལ་དགོས། ཐོན་མི་རྒྱ་གར་གྱི་སྐད་ཡིག་རིག་གནས་ལ་མཁྱེན་རྒྱ་ཆེ་བས་རྒྱ་ཡིག་སྣ་མང་ལ་དཔེར་བྱས་ཏེ་རང་རིགས་ཀྱི་ཡི་གེའི་སྒྲོམ་གཞི་འཐུས་སྒོ་ཚང་དུ་བཏང་བར་མ་ཟད། ལུང་དུ་སྟོན་པའི་རྣམ་གཞག་ཀྱང་མཛད་ཡོད་ངེས་ཀྱང་ད་དུང་ཚད་ཐུབ་ཀུན་ཚང་ཞིག་ཏུ་གྱུར་མེད་པ་ནི་དུས་སྐབས་དེའི་རིང་གི་ཡིག་རྙིང་ཤོག་དྲིལ་དང་། རྡོ་རིང་དང་རྡོ་བརྐོས་ཡི་གེ་ཁག་ནས་གསལ་པོ་ཤེས་ཐུབ། ཡང་ལ་ལས་གླེགས་བམ་དུ་བཞུགས་པའི་འགྱུར་ཡིག་ཁག་དང་ཏུན་ཧོང་ཡིག་རྙིང་དང་རྡོ་རིང་གི་ཡི་གེ་ནི་ཐ་དད་ཡིན་པ་ལྟར་བྱེད་ཀྱང་ཏུན་ཧོང་ཡིག་རྙིང་ནང་མདོ་རྒྱུད་ཀྱི་སྒྱུར་ཡིག་དཔེ་ཆ་འགའ་ཤས་ཡོད་པ་དེ་དག་ལ་གཞིགས་ན་དུས་སྐབས་དེའི་བོད་ཡིག་གི་ཚིག་སྦྱོར་གནས་བབས་དེ་རང་ཡོད་པ་ནས་རིམ་པས་ཡར་རྒྱས་ཕྱིན་ཡོད་པ་ནི་ཕྱིས་བཙན་པོ་ཁྲི་རལ་པ་ཅན་གྱི་སྐབས་སུ་བཞེངས་པའི་ཡིག་རིགས་ཁག་གོང་གསལ་ལས་བརྗོད་བདེར་གྱུར་ཡོད་པ་ནི་ཞིབ་གཟིགས་གནང་ན་སྤོག་ཐུབ་བོ།།
ཡིག་སྒྱུར་དང་བཀས་བཅད།
རང་རེའི་ཆོས་འབྱུང་ཁག་ཏུ་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ་སོགས་ཀྱིས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་སོགས་ཆོས་དཔེ་མང་པོ་ཡིག་སྒྱུར་མཛད་ཚུལ་གསལ་ཡང་བཀའ་བསྟན་འགྱུར་རོ་ཅོག་གི་དཀར་ཆག་ནང་ཐོན་མིའི་འགྱུར་བྱང་གསལ་པ་མདོ་སྡེ་སྤང་སྐོང་ཆགས་རྒྱ་པ་མ་གཏོགས་མཇལ་རྒྱུ་མེད་ཚོད། བཙན་པོ་སྲོང་བཙན་ནས་ཁྲི་སྲོང་ལྡེ་བཙན་བར་རིག་གནས་གསར་རྙིང་ངམ་གཉུང་མའི་རིག་གནས་དང་གློ་བུར་ལྷག་པའི་རིག་གནས་བར་21འགལ་ཟླའི་འཐབ་རྩོད་རྒྱུན་མ་ཆད་པར་བྱུང་བས་རིག་གནས་ནང་འདྲེན་གྱི་ཡིག་སྒྱུར་ལ་གྲུབ་འབྲས་ཐོབ་མེད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་གཉིས་ཀྱིས་གཙོས་ལོ་པཎ་མང་པོ་གདན་འཛོམས་པའི་ཐོག་རྒྱལ་ཁབ་ནས་མཐུན་རྐྱེན་སྦྱར་ཏེ་སྒྲ་སྒྱུར་གླིང་སོགས་རིག་གནས་ཀྱི་ལྟེ་གནས་ཁང་གསར་སྐྲུན་མཛད་དེ་ནང་པ་སངས་རྒྱས་པའི་རིག་པའི་གཞུང་ལུགས་མང་དག་ནང་འདྲེན་དངོས་སུ་བྱེད་འགོ་ཚུགས། སམ་བོད་གཤན་སྦྱར་གྱི་མིང་ཚིག་གསར་བཟོ་དང་། སྒྲ་སྒྱུར་གྱི་གཞུང་ལུགས་གཏན་འབེབས་སོགས་གཅིག་གྱུར་བཀས་བཅད་མཛད་དེ་མདོ་རྒྱུད་ཀྱི་གཞུང་མང་པོ་བསྒྱུར་བ་ཙམ་དུ་མ་ཟད། ཕྱོགས་ཡོངས་ནས་སངས་རྒྱས་ཆོས་ལུགས་ཀྱི་བྱེད་སྒོ་སྣ་མང་སྤེལ་བས་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་བཞིན་བོད་ས་མཐོའི་སྤྱི་ཚོགས་ནང་རྐང་ཚུགས་ཐུབ་པ་བྱུང་བ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་མཇུག་ནས་བཙུགས་པའི་གནའ་བོའི་རྡོ་རིང་དང་། བྲག་བརྐོས་(སྐབས་འདིའི་རྡོ་རིང་དང་བྲག་བརྐོས་ཡི་གེ་རྣམས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར་བའི་བོད་ཡིག་རྡོ་རིང་ཞིབ་འཇུག་དཔེ་དེབ་ལས་དྲངས་སོ།)སོགས་ཡིག་རྙིང་ཁག་ཏུ་གསལ་པོ་ཡོད། ཕྱི་ལོ་བདུན་བརྒྱ་དགུ་བཅུ་གོ་བདུན་ཙམ་ལ་བཞེངས་པའི་འཕྱོངས་རྒྱས་སྟག་རྩེའི་རྡོ་རིང་དུ། འཕྲུལ་གྱི་ལྷ་བཙན་པོ་ཡབ་མྱེས་ལྷ་དང་མྱིའི་རྗེར་གཤེགས་ཏེ། ཆོས་གཙུག་ལག་ནི་ལུགས་ཀྱིས་བཟང་། དབུ་མོག་བརྩན་པི་ནི་བྱིན་དུ་ཆེའོ། ཞེས་དང་། དེ་ལྟར་ཆབ་སྲིད་ཆེ་བའི་བྱིན་གྱིས། བོད་ཡོངས་ཡུལ་ཆེ། ཁོང་ཕྱུག་ཏུ་གྱུརད་པས། ནང་ནས་ཀྱང་། ནམ་ཞར་བདེ་ཞིང་སྐྱིད་པར་གནས་སོ། ཐུགས་ལ་བྱང་ཆུབ་སྤྱོད་པ་རླབས་པོ་ཆེ་མངའ་བས། འཇིག་རྟེན་ལས་འདས་པའི་ཆོས་བཟང་པོ་བརྙེས་ནས། ཀུན་ལ་བཀའ་དྲིན་དུ་བྱིན་ནོ། ཞེས་གསལ། ཕྱི་ལོ་བདུན་བརྒྱ་དགུ་བཅུ་གོ་བརྒྱད་ནས་བརྒྱད་བརྒྱ་བཅོ་ལྔ་ལོའི་བར་ཞིག་ཏུ་བཞེངས་པའི་རྒྱལ་སྡེ་དཀར་ཆུང་ལྷ་ཁང་གི་རྡོ་རིང་དུ། འདྀ་ལྟར། ཡབ་མྱེས། གདུང་རབས་རྒྱུད་ཀྱྀས། དཀོན་མཆོག་གསུམ་གྱྀ་རྟེན་བཙུགས་ཤྀང། སངས་རྒྱས་ཀྱྀ་ཆོས་མཛད་པ་འདི། གཅེས་སྤྲས་ཅྀ་ལ་ཡང་། སྡྀག་གོ་ཞེའམ། མ་ལེགས་སོ་ཞེས། མོ་དང་རྨྱི་ལྟས་ལས་སྩོགས་སྟེ། ཅྀའི་ཕྱིར་ཡང་རུང་སྟེ། མྱྀ་གཞིག་གོ། མྱྀ་སྤང་ངོ། དེ་སྐད་ཅེས། ཆེ་ཆུང་སུས་གསོལད་ཀྱྀས་ཀྱང་། དེ་ལྟར་མྱྀ་མཛད་དོ། བཙན་པོ་དབོན་སྲས། སྐུ་ཆུང་ངུར་བཞུགས་པ་ཡན་ཅད། ཆབ་སྲྀད་ཀྱི་མངའ་བདག་མཛད་པ་མན་ཆད་ཀྱང་། དགེ་སློང་ལས། དགེ་བའི་བཤེས་ཉེན་བསྐོས་སྟེ། ཆོས་ཐུགས་སུ་ཅི་ཆུད་ཆུད་དུ་བསླབ་ཅྀང་། བོད་ཡོངས་ཀྱྀས་ཀྱང་ཆོས་སློབ་ཅིང་སྤྱད་པའྀ་སྒོ་མྱི་གཅད། ནམ་དུ་ཡང་བོད་ཡ་རབས་མན་ཅད། བོད་འབངས་ལས་ཐར་པར་གཟུད་པའྀ་སྒོ་མྱི་བགག་པར། དད་པའྀ་རྣམ་པར་ཏར་པར་བཙུད་ཏེ། དེའི་ནང་ནས་ནུས་པ་ལས། བཅོམ་ལྡན་འདས་ཀྱྀ་རིང་ལུགས་རྟག་ཏུ་བསྐོ་ཞྀང་། བཅོམ་ལྡན་འདས་ཀྱྀ་རིང་ལུགས་བྱེད་པའྀ་རྣམས་ཆོས་འཁོར་ནས་བྱའོ་ཅོག་གྀ་བཀའ་ལ་ཡང་བཏགས་སྟེ། ཆོས་འཁོར་གྱི་ལས་དང་དབང་བྱེད་ཅིང་དགེ་བའི་བཤེས་ཉེན་བྱེད་པར་བསྐོའོ། ཞེས་དང་། ཕྱི་ལོ་བརྒྱད་བརྒྱ་བཅོ་ལྔ་ནས་བརྒྱད་བརྒྱ་ཞེ་གཅིག་བར་གྱི་ལོ་ཞིག་ལ་བཞེངས་པའི་ལྷ་རྩེའི་ཁྲོམ་ཆེན་རྡོ་རིང་། ཡུལ་མྱྀ་ལ་སྩོགས་པ་ཆོས་སྙན་པ་ལ་ཆོས་བཤད་ཅིང་བསླབ་རྒྱ་མངའ་ན་བླ་ཐབས་ཆྀ་འོས་སུ་དཀོན་མཅོག་མཆོད་འཁོར་རྣམས་བཞེངས། ཕངས་པ་ལ་སྦྱིན་གཏོང་བགྱི། ཞེས་གསལ་བ་སོགས་ཀྱི་རྡོ་རིང་དང་བྲག་བརྐོས་ཡི་གེའི་ནང་དོན་ལ་བསམ་གཞིགས་བྱས་ན་སངས་རྒྱས་ཆོས་ལུགས་ཁྱབ་སྤེལ་སླད་སྐུ་གསུང་ཐུགས་རྟེན་བཞེང་སྐྲུན་དང་། ནང་དོན་རིག་པར་འགོ་བཙན་པོ་ནས་འོག་མི་སེར་ཡན་གྱིས་སློབ་སྦྱོང་བྱེད་དགོས་པ་དང་། རྒྱལ་ཁབ་ནས་དེའི་ཐད་མཐུན་རྐྱེན་བསྐྲུན་རྒྱུར་ཆོད་སེམས་བརྟན་པོ་ཡོད་ཚུལ་སོགས་འཁོད་པར་གཞིགས་ན་སངས་རྒྱས་པའི་བསྟན་པ་དར་རྒྱས་འགྲོ་བཞིན་པའི་སྐབས་ཤིག་ཡིན་པར་མ་ཟད། ཏུན་ཧོང་ཡིག་རྙིང་ནང་22གསལ་བའི་བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་སྐུ་དུས་སུ་རྒྱ་དྲུག་འཇང་བར་གྱི་འདུམ་སྒྲིག་གཙིགས་ཀྱི་སྨོན་ལམ་གྱི་མ་ཡིག་ལ་ཞིབ་སྐབས་བཙན་པོ་དང་། བློན་ཆེན། དམག་དཔོན། ཡུལ་དཔོན་སོགས་སོ་སོའི་སྨོན་ལམ་གྱི་ནང་དོན་ནང་པ་སངས་རྒྱས་པ་ཙམ་མ་ཟད་ཐེག་པ་ཆེན་པོའི་སྨོན་སེམས་འབའ་ཞིག་ཏུ་འདུག་པས་སངས་རྒྱས་ཆོས་ལུགས་འདི་བཞིན་བོད་སྤྱི་ཚོགས་ཀྱི་ལྟེ་སྙིང་དུ་བཞུགས་ཟིན་འདུག་སྙམ། དེས་ན་སངས་རྒྱས་ཆོས་ལུགས་ཀྱི་ཁྱབ་ཚད་དང་ལྷན་དུ་བོད་ཀྱི་སྐད་ཡིག་ཀྱང་གཅིག་གྱུར་རྒྱ་ཁྱབ་འགྲོ་བཞིན་ཡོད་པ་ནི་གདོན་མི་ཟ་བ་ཡིན་ནོ།།
ཐ་སྙད་རིག་གནས་དར་ཁྱབ།
འུ་དུམ་བཙན་པོའི་སྐུ་དུས་སུ་སྲིད་དབང་འཕྲོག་རྩོད་ཀྱི་ཡོ་འཁྱོམ་ཁྲོད་སླར་ཡང་རིག་གནས་ཀྱི་འགལ་ཟླ་རྣོ་ངར་ཅན་བྱུང་ཏེ་མཐར་པུར་རྒྱལ་བཙན་པོའི་སྲིད་དབང་ཐོར་ཞིག་ཏུ་ཕྱིན། བཙན་པོའི་གདུང་རྒྱུད་སྐོར་ཞིག་མངའ་རིས་ཕྱོགས་སུ་ཕེབས་པ་དེར་གཞིས་ཚུགས་ཏེ་སླར་ཡང་ཡབ་མེས་ཀྱི་སྲོལ་བསྲུངས་ཤིང་ནང་བསྟན་དར་སྤེལ་གྱི་ལས་གཞི་འགོ་ཚུགས་པ་རེད། དུས་སྐབས་དེར་རྒྱ་གར་གྱི་པཎྜི་ཏ་གསེར་འཚོལ་བ་མང་པོ་བོད་ཡུལ་དུ་བསླེབས་ཏེ་དག་མ་དག་གི་ཆོས་མང་དག་སྤེལ་བས་ནང་བསྟན་ཆོས་ལུགས་ལ་ནག་རྣོག་དྲི་མ་ཅན་དུ་གྱུར་པར་དགོངས་ཏེ་ལྷ་བླ་མ་ཞི་བ་འོད་དང་བྱང་ཆུབ་འོད་དང་ནག་མཚོ་ལོ་ཙཱ་བ་དང་རྒྱ་བརྩོན་སེང་སོགས་ཀྱིས་ཇོ་བོ་པཎྜི་ཏ་གདན་དྲངས་ཏེ་ནང་བསྟན་དག་བཅོས་དར་སྤེལ་མཛད་ཚུལ་སོགས་ཞིབ་པར་མ་གླེང་། ས་ཆེན་ཀུན་དགའ་སྙིང་པོས་དཔལ་ས་སྐྱ་པའི་གྲུབ་མཐའ་གསར་འཛུགས་མཛད་དེ་ས་སྐྱར་བསྟན་པའི་གནས་གཞི་བཙུགས་པའི་གདུང་འཛིན་དུ་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བོ་དམ་པ་མང་དུ་བྱོན། ཆོས་རྗེ་ས་སྐྱ་པཎྜི་ཏ་ནི་ཐུན་མོང་དང་ཐུན་མོང་མིན་པའི་རིག་པའི་གནས་ཐམས་ཅད་ལ་མཁྱེན་པ་མཆོག་ཏུ་སྔ་བ་ཞིག་ཡིན། ཁོང་23འཁོན་གྱི་གདུང་རྒྱུད་དུ་ཡབ་དཔལ་ཆེན་འོད་པོ་ཆེ་དང་། ཡུམ་མ་གཅིག་གར་ཕུ་མ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༡༨༢ ལོར་སྐུ་བལྟམས། ཡབ་དཔལ་ཆེན་འོད་པོ་ཆེ་དང་། ཁུ་བོ་རྗེ་བཙུན་གྲགས་པ་རྒྱལ་མཚན། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། པཎྜི་ཏ་སངྒ་ཤྲཱི། སློ་དཔོན་ཐར་པའི་འབྱུང་གནས། བྲམ་ཟེ་སུ་ག་ཏ་ཤྲཱི། རྨ་བྱ་རྩོད་པའི་སེང་གེ། མཁས་པ་དགེ་འདུན་དཔལ་སོགས་རྒྱ་བོད་ཀྱི་སློབ་དཔོན་མང་པོའི་དྲུང་ནས་ཡི་གེ་འབྲི་ཀློག་ནས་དབུ་ཚུགས་ཏེ་བཅུ་ཕྲག་རིག་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་པ་ནི་འདི་ལྟར། སྒྲ་ལ་སྦྱང་པ་མཐར་ཕྱིན་པའི་འབྲས་རྟགས་སུ་སྒྲ་འཇུག་གི་རྣམ་བཤད་དང་། སྨྲ་སྒོའི་དོན་བསྡུས། ཡི་གེའི་སྦྱོར་པ་སོགས་བརྩམས། ཚད་མར་སྦྱངས་པ་མཐར་ཕྱིན་པའི་འབྲས་རྟགས་སུ། ཚད་མ་རིག་པའི་གཏེར་རྩ་འགྲེལ་བརྩམས། བཟོ་རིག་པར་སྦྱངས་པ་མཐར་ཕྱིན་པའི་འབྲས་རྟགས་སུ། སྐུ་གཟུགས་ཀྱི་བསྟན་བཅོས་དང་། ས་བརྟག་པའི་རབ་བྱེད་སོགས་བརྩམས། གསོ་རིག་སྦྱངས་པ་མཐར་ཕྱིན་པའི་འབྲས་རྟགས་སུ། ཡན་ལག་བརྒྱད་པའི་དོན་བསྡུས་བརྩམས། ནང་རིག་ལ་སྦྱངས་པ་མཐར་ཕྱིན་པའི་འབྲས་རྟགས་སུ། ཐུབ་པ་དགོངས་གསལ་དང་། སྡོམ་གསུམ་རབ་དབྱེ། སེམས་བསྐྱེད་ཆེན་མོ་ལུང་སྦྱོར་དང་བཅས་པ། གྲུབ་མཐའི་རྣམ་འབྱེད། ཐེག་ཆེན་ལམ་གྱི་རྣམ་གཞག་སོགས་བརྩམས་པ་བཅས་རིག་གནས་ཆེ་བ་ལྔ་ལ་མཁས་པའི་སྤོབས་པ་ཐོབ། སྙན་ངག་ལ་སྦྱངས་པ་མཐར་ཕྱིན་པའི་འབྲས་རྟགས་སུ། མཁས་པའི་ཁ་རྒྱན་དང་། མཁས་པ་འཇུག་པའི་སྒོ་སོགས་བརྩམས། མངོན་བརྗོད་ལ་སྦྱངས་པ་མཐར་ཕྱིན་པའི་འབྲས་རྟགས་སུ། མངོན་བརྗོད་ཀྱི་བསྟན་བཅོས་ཚིག་གཏེར་བརྩམས། སྡེབ་སྦྱོར་ལ་སྦྱངས་པ་མཐར་ཕྱིན་པའི་འབྲས་རྟགས་སུ། སྡེབ་སྦྱོར་མེ་ཏོག་ཆུན་པོ་བརྩམས། སྐར་རྩིས་ལ་སྦྱངས་པ་མཐར་ཕྱིན་པའི་འབྲས་རྟགས་སུ། རྩིས་ཀྱི་བསྟན་བཅོས་དམིགས་བསལ་བཀའ་རྩོམ་མ་མཛད་ཀྱང་། དུས་འཁོར་ལུགས་དང་འབྲེལ་བའི་ལོ་ཟླ་དག་པ་དང་། ལྔ་བསྡུས། སྒྲ་གཅན། གཟའ་ལྔ་། ཉི་ཟླ་གཟའ་འཛིན། སོགས་ཀྱི་སྐོར་ལ་འཆད་ཁྲིད་སྤེལ། ཟློས་གར་གྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་པའི་འབྲས་རྟགས་སུ། རོལ་མོའི་བསྟན་བཅོས་སོགས་བརྩམས་པས་རང་ལ་མཁས་པའི་ངེས་ཤེས་གཏིང་ཚུགས་པ་རྙེད་པ་ནི་ས་པཎ་24རང་ཉིད་ཀྱིས། སྒྲ་པ་ང་ཡིན་རྟོག་གེ་བ་ང་སྨྲ་བ་ངན་འཇོམ་ང་འདྲ་མེད། །སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་། །དུས་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་། །འདྲི་འདྲ་གང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དང་གཟུགས་བརྙན་ཡིན། །ཞེས་གསུངས་པ་ལྟར་དོན་ལ་གནས་སོ། དགུང་གྲངས་སོ་ལྔར་ཕེབས་པ་ཕྱི་ལོ་ ༡༢༡༦ ནས་དགུང་གྲངས་རེ་དགུ་ཕྱི་ལོ་ ༡༢༥༡ བར་ས་སྐྱ་པའི་གདན་ས་འཛིན་ཅིང་རིག་གནས་ཀུན་ལ་ཐོས་བསམ་ཀྱི་སྡེ་ཆེན་པོ་བཙུགས་ཏེ་སློབ་བུ་མང་དག་ཅིག་གསོ་སྐྱོང་གནང་ཡོད། རང་རེ་དུས་རབས་མང་པོའི་རིང་ཕྱིའི་རིག་གནས་ནང་འདྲེན་བྱས་ཏེ་རང་མི་རིགས་ཀྱི་རིག་གནས་ཧ་ཅང་ཕྱུག་ཏུ་བཏང་བས་མཁས་པ་ནམ་མཁའི་སྐར་ཚོགས་ལྟར་ཐོན་པའི་ཁྲོད་ནས་ས་སྐྱ་པཎ་ཆེན་ནི་སྐར་མ་འོད་ཆེན་ཞིག་ཡིན། གླིང་ཆེན་ཨེ་ཤ་ཡའི་ནང་སོག་པོའི་སྟོབས་ཤུགས་རྒྱས་པའི་སྐབས་སུ་སོག་པོས་ཁྱིམ་ཚེས་རྒྱལ་ཁབ་ཁག་གི་རིག་གནས་ནང་འདྲེན་བྱེད་པའི་འགོ་ཚུགས། བོད་ཡུལ་དུ་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་དང་མཁས་པ་མང་པོའི་ཁྲོད་དུ་ཉམས་ཞིབ་བྱས་པའི་གྲུབ་དོན་དུ་25དགེ་འདུན་གྱི་སྡེ་བཀའ་གདམས་པ་ཆེ་བ་དང་། མི་ཆོས་སྟག་ལུང་པ་མཁས། གཟི་བརྗིད་འབྲི་གུང་པ་ཆེ། ཆོས་ས་སྐྱ་པཎྜི་ཏ་མཁས་པ་ཤེས་རྟོགས་བྱུང་བ་བཞིན་སྐུ་ཚེ་སྨད་ལ་ཧོར་གོ་དན་རྒྱལ་པོའི་གདན་ཞུ་ལྟར་སོག་ཡུལ་དུ་ཕེབས་ཏེ་བོད་བརྒྱུད་ནང་བསྟན་དང་བོད་ཀྱི་རིག་གནས་ཕྱི་ཕྱོགས་སུ་སྤེལ་བའི་སྒོ་ཆེན་ཕྱེས་གནང་མཛད་དེ་ཕྱི་ལོ་ ༡༢༥༡ ལོར་ཕྱི་ཡུལ་དུ་དགོངས་པ་རྫོགས། ས་སྐྱས་བོད་ཀྱི་གཞུང་འཛིན་སྲིད་དབང་བསྒྱུར་པའི་དྲིན་ལས་ཆོས་རྗེ་ས་སྐྱ་པཎ་ཆེན་གྱི་སྲོལ་བཟང་བོད་ཀྱི་བཅུ་ཕྲག་རིག་གནས་བོད་ཡུལ་ཀུན་དུ་དར་རྒྱས་འགྲོ་བའི་འགོ་ཚུགས། ས་སྐྱ་པའི་གདན་ས་འདི་བཞིན་དུས་སྐབས་དེའི་བོད་ཀྱི་རིག་གནས་ཀྱི་ལྟེ་གནས་སུ་གྱུར་ཡོད། དུས་རྒྱུན་རིག་གནས་སྨྲ་བ་ཚོས་26བོད་ཀྱི་ཐ་སྙད་རིག་གནས་ལ་ཐོག་མར་བཀའ་དྲིན་ཆེ་བ་ས་སྐྱ་པཎ་ཆེན་ཞེས་བསྟོད་པ་ཕུལ་བ་བཞིན་ས་པཎ་གྱི་སྐུ་དུས་ནས་བཅུ་ཕྲག་རིག་གནས་ཞེས་སྡེ་ཚན་སོ་སོར་སློབ་གཉེར་གྱི་དར་སྲོལ་ཆེན་པོ་བྱུང་བ་ནི་མཁས་པ་འདི་ཉིད་ཀྱི་སྐུ་དྲིན་ཡིན་ནོ།
བོད་ཀྱི་བྱུང་རབས་ནང་ཞིབ་ཚགས་ཀྱིས་ལྟ་སྐབས་ལུང་དུ་སྟོན་པའི་གཞུང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཐོན་མིས་མཛད་པའི་དན་རྟགས་ཁ་གསལ་མ་རྙེད་ཅིང་། དུས་ཕྱིས་ས་པཎ་གྱི་གསུང་འབུམ་ཁྲོད་དུ་”ཡི་གེའི་སྦྱོར་པ་”ཞེས་ཐོན་མིས་མཛད་པར་གྲགས་པའི་སུམ་རྟགས་གཉིས་དང་གཅིག་ཏུ་གནས་པ་ཞིག་བྱུང་བས་མཁས་པ་ལ་ལས་27སུམ་རྟགས་གཉིས་ས་པཎ་གྱིས་མཛད་པར་བཞེད་ཀྱིན་འདུག་ཀྱང་། དེ་ཙམ་གྱིས་ས་སྐྱ་པཎྜི་ཏས་མཛད་པར་འཇོག་ནུས་མ་ཡིན་ཏེ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་མཛད་པར་གྲགས་པའི་”དག་ཡིག་ཉེར་མཁོ་བསྡུས་པ་”དང་གཅིག་མཚུངས་ཤིག་ས་པཎ་གྱི་གསུང་འབུམ་དུ་”དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུ།”བཞུགས་པ་དང་། མཁས་འཇུག་ཏུ་མེ་ལོང་མའི་རྒྱན་མང་པོ་བསྒྱུར་ཡོད་ཀྱང་གཞུང་གི་དཀྱུས་གཅིག་ཏུ་གསལ་བ་སོགས་ལ་གཞིགས་ན་ས་པཎ་གྱི་གསུང་འབུམ་ནང་བཞུགས་པ་ཙམ་གྱིས་ས་པཎ་གྱིས་མཛད་པར་འཇོག་དཀའ་ཚོད་དུ་འདུག་གོ། ས་སྐྱ་པཎྜི་ཏའི་རྗེས་སུ་ཕེབས་པའི་བུ་སྟོན་རིན་པོ་ཆེས་ཕྱི་ལོ་ ༡༣༣༤ ལོར་བཞེངས་པའི་ཞྭ་ལུ་བསྟན་འགྱུར་གྱི་དཀར་ཆག་ནང་སུམ་རྟགས་གཉིས་བཅུག་པ་དང་། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་སོགས་བརྡ་སྤྲོད་སྨྲ་བའི་མཁས་པ་ཀུན་གྱིས་སུམ་རྟགས་གཉིས་ཐོན་མིས་མཛད་པ་ལྟར་ལས་དོག་སློང་ཙམ་ཡང་གནང་མེད་དོ།།
བརྡ་སྤྲོད་འགྲེལ་པའི་འཕེལ་རིམ།
བོད་ཀྱི་བརྡ་སྤྲོད་པའི་ཕྱི་མོ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཀྱི་འགྲེལ་པའི་འཕེལ་རིམ་ལ་གཞིགས་ན། ད་བར་སུམ་རྟགས་འགྲེལ་པ་མང་དག་ཅིག་ཡོད་པར་སྔ་འགྲེལ་དང་ཕྱི་འགྲེལ་ཞེས་གཉིས་སུ་ཕྱེ་སྲོལ་ལྟར། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱི་སུམ་རྟགས་འགྲེལ་པ་ནས་གཏིང་སྐྱེས་ཚོགས་གསོག་པ་བློ་བཟང་ཆོས་གྲགས་ཀྱི་འགྲེལ་པ་བར་སྔ་འགྲེལ་དང་། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱི་སུམ་རྟགས་འགྲེལ་པ་ནས་28ཕྱི་འགྲེལ་དུ་བརྗོད་པ་ཡིན། སྔ་འགྲེལ་དང་ཕྱི་འགྲེལ་གྱི་ས་མཚམས་འདི་ལྟར་ཕྱེ་བར་བརྡ་སྤྲོད་སྨྲ་བ་ཚོར་རྒྱུ་མཚན་འདྲེན་རྒྱུ་ཡོད་ངེས་ཀྱང་ཞིབ་རྩད་མ་ཐུབ། སྔ་འགྲེལ་གྲགས་ཆེ་བ་ནི་29དུས་རབས་བཅུ་གཉིས་པའི་ནང་དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱི་སུམ་རྟགས་འགྲེལ་པ་དང་། དུས་རབས་བཅུ་གསུམ་པའི་ནང་ཡར་འབྲོག་པ་རིན་ཆེན་ཏོག་གི་འགྲེལ་པ་རིན་པོ་ཆེའི་ཟ་མ་ཏོག དུས་རབས་བཅུ་བཞི་པའི་ནང་ལོ་ཆེན་ནམ་མཁའ་བཟང་པོའི་འགྲེལ་པ་བསྟན་པའི་སྒྲོན་མེ། དུས་རབས་དེ་ཉིད་དུ་སྣར་ཐང་བ་སཾ་གྷ་ཤྲཱིའི་མཆན་འགྲེལ། པཎ་ཆེན་བྱམས་པ་གླིང་པའི་(༡༤༠༠ ནས་ ༡༤༧༥)སུམ་ཅུ་པའི་འགྲེལ་པ་ཞིབ་མོ་རྣམ་འཐག གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེའི་(༡༤༢༩ ནས་ ༡༤༨༩)འགྲེལ་པ། དགེ་ཡེ་བ་ཚུལ་ཁྲིམས་སེང་གེའི་སུམ་རྟགས་འགྲེལ་པ་ཉི་མའི་འོད་ཟེར། པཎ་ཆེན་ཤཱཀྱ་མཆོག་ལྡན་(༡༤༢༨ ནས་ ༡༥༠༧)གྱི་སུམ་རྟགས་འགྲེལ་པ། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་(༡༤༤༡ ནས་ ༡༥༢༧)པོའི་འགྲེལ་པ་རྣམ་པར་གསལ་བའི་ལེགས་བཤད། པཎ་ཆེན་གསེར་མདོག་ཅན་པས་མཛད་པའི་སུམ་རྟགས་འགྲེལ་པ། དཔའ་བོ་གཙུག་ལག་ཕྲེང་བའི་(༡༥༠༤ ནས་ ༡༥༦༦)འགྲེལ་པ་གསལ་བྱེད་སྒྲོན་མེ། ཟུར་མཁར་བ་བློ་གྲོས་རྒྱལ་པོའི་(༡༥༠༩ ནས་ )འགྲེལ་པ་མཁས་པའི་དགའ་སྟོན། རབ་འབྱམས་སྨྲ་བ་ཆོས་རྒྱལ་གྱི་འགྲེལ་པ་བློ་གསལ་མགུལ་རྒྱན། འོལ་ཕྲུག་ཀརྨ་རབ་རྒྱས་ཀྱི་འགྲེལ་པ་མཁས་པའི་རྒྱན། སྨན་ལུང་བ་བློ་མཆོག་རྡོ་རྗེའི་(༡༥༩༥ ནས་ ༡༦༧༡)འགྲེལ་པ་ཟུང་འཇུག་སྣང་བྱེད་ཡིད་ཀྱི་ཤིང་རྟ། ཞྭ་ལུ་ཆོས་ལེགས་ཀྱི་འགྲེལ་པ་མཁས་པའི་ཡིད་འཕྲོག གཏིང་སྐྱེས་ཚོགས་པ་བློ་བཟང་ཆོས་གྲགས་ཀྱི་འགྲེལ་པ་གསལ་བའི་སྒྲོན་མེ། བཅས་ལས་ཕལ་ཆེ་བ་ནི་རང་རེའི་མིག་གི་དགའ་སྟོན་དུ་མ་གྱུར་པས་གྲགས་པ་ཙམ་དུ་ལུས། འགའ་ཞིག་ནི་དཔེ་མཛོད་རེ་འགའི་བཙན་སྦུག་ཏུ་བཞུགས་པར་གྲགས་ཀྱང་གཡང་རྟེན་ཙམ་ལས་སློབ་སྦྱོང་གི་བྱེད་ལས་ཉམས་ཡོད་པ་རེད། འདི་དག་ལས་ཡོངས་གྲགས་སྐྱེ་བོ་མཆོག་དམན་ཀུན་གྱི་བགོ་སྐལ་དུ་གྱུར་པ་ནི་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་སུམ་རྟགས་ཀྱི་འགྲེལ་པ་ཡིན། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱི་སུམ་རྟགས་འགྲེལ་པ་ནས་ཕྱི་འགྲེལ་དུ་བཞེད་ཀྱང་བརྡ་སྤྲོད་འགྲེལ་པའི་འཕེལ་རིམ་དང་ཁ་ཕྱོགས་སམ་འཕོ་འགྱུར་གྱི་རིམ་པར་ཞིབ་ཏུ་བལྟས་ན་སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བས་སུམ་རྟགས་གཉིས་ཀྱི་འགྲེལ་པ་བརྩམས་པ་འདི་ནས་སྔ་འགྲེལ་དང་ཕྱི་འགྲེལ་གྱི་ས་མཚམས་བཟུང་ན་བརྡ་སྤྲོད་འགྲེལ་པའི་བྱུང་རབས་དང་མཐུན་པར་སྣང་བས་འདིར་དེ་བཞིན་དུ་ངོས་འཛིན་བྱས་པ་ཡིན། དེས་ན་སྔ་འགྲེལ་དེ་དག་ལས་མཁས་བླུན་བར་མའི་སྤྱན་ལམ་དུ་གྲགས་ཆེ་བ་ནི་ཞྭ་རྣམ་པྲ་གསུམ་སྟེ་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་དང་། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས། པྲ་ཏི་རིན་ཆེན་དོན་གྲུབ་བཅས་ཀྱི་སུམ་རྟགས་འགྲེལ་པ་རྣམས་ཡིན་ནོ།
ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་(༡༤༤༡ – ༡༥༢༧)ནི་རིག་པའི་གནས་ཀུན་ལ་མཁྱེན་པ་མཆོག་ཏུ་ཡངས་ཤིང་བོད་ཀྱི་གྲགས་ཅན་ལོ་ཙཱ་བ་མཐའ་མའི་གྲས་ཡིན། ཁོང་གི་སྔོན་དུ་སུམ་རྟགས་འགྲེལ་པ་བརྒྱད་ཙམ་བྱུང་ཡོད་པ་དེ་དག་དཔྱད་གཞིར་བཟུངས་ཏེ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་འགྲེལ་པ་རྒྱས་ཙམ་ཞིག་བརྩམས་ཡོད། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་(༡༦༤༦-)ནི་གདན་ས་སྨིན་གྲོལ་གླིང་དུ་སློབ་གཉེར་གནང་སྟེ་མཐར་རིག་གནས་སྨྲ་བའི་སྙན་པ་ཐོབ་ཅིང་། ཁོང་གི་སུམ་རྟགས་འགྲེལ་པའི་ནང་སྔ་འགྲེལ་གྱི་གཞུང་ཕལ་ཆེ་བ་དྲངས་ཡོད་པས་དེ་དག་ལ་དཔྱད་གཞི་གནང་པའི་ཐོག་ནས་སུམ་རྟགས་ཀྱི་འགྲེལ་པ་རྒྱས་པ་ཞིག་བརྩམས་ཡོད། པྲ་ཏི་རིན་ཆེན་དོན་གྲུབ་(དུས་རབས་བཅུ་དྲུག་པའི་དུས་སྨད་ཙམ།)ནི་གདན་ས་སེ་རར་ཆོས་ཞུགས་སློབ་གཉེར་མཐར་ཕྱིན་པའི་མཁས་པ་ཆེན་པོ་ཞིག་ཡིན། ཁོང་གིས་ཞྭ་ལུ་དང་རྣམ་གླིང་པའི་འགྲེལ་པ་གཉིས་གཙོ་བཟུང་ཐོག་འགྲེལ་པ་གཞན་རྣམས་དཔྱད་གཞིར་བཟུང་སྟེ་སུམ་ཅུ་པའི་འགྲེལ་པ་རྒྱས་པ་ཞིག་བརྩམས་པར་མ་ཟད། རྣམ་གླིང་པཎ་ཆེན་སོགས་སྔ་འགྲེལ་འགའ་ཞིག་གི་གཟིགས་ཚུལ་ལ་རིགས་ལམ་ཐོག་ནས་དགག་སྒྲུབ་གནང་བས་སུམ་རྟགས་ཀྱི་ཚིག་དོན་ལ་མཁས་པའི་བགྲོ་གླེང་ངམ་རིགས་རྩོད་ཀྱི་ཕྱོགས་སུ་ཁ་བསྒྱུར་གནང་ཡོད། སི་ཏུ་པཎ་ཆེན་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་མཆོག་(༡༧༠༠- ༡༧༧༤)ནི་མཚན་དོན་དང་ཡོངས་སུ་མཚུངས་པ་བཅུ་ཕྲག་རིག་གནས་ལ་མཁྱེན་པ་རྩེར་སོན་པ་ཞིག་ཡིན། ཁོང་གིས་ཞྭ་རྣམ་པྲ་གསུམ་གྱི་འགྲེལ་པ་དང་སྔ་འགྲེལ་གཞན་རྣམས་ལ་དཔྱད་གཟིགས་མཛད་དེ་སི་ཏུ་འགྲེལ་ཆེན་”མཁས་པའི་འགུལ་རྒྱན་མུ་ཏིག་ཕྲེང་མཛེས་”ཞེས་པ་སུམ་རྟགས་འགྲེལ་པའི་རྒྱལ་པོ་ལྟ་བུ་འདི་བརྩམས། འགྲེལ་པ་འདི་ཉིད་ཀྱིས་ལུང་དུ་སྟོན་པའམ་བརྡ་སྤྲོད་པའི་རྩ་བ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཚིག་དོན་གྱི་དཀའ་གནད་མ་ཚང་བ་མེད་པ་གསལ་དཀྲོལ་ཐུབ་པ་བྱུང་བས་འདིའི་རྗེས་ནས་ད་བར་གྱི་འགྲེལ་པ་ཡོངས་རྫོགས་འགྲེལ་ཆེན་འདིའི་སྒྲོམ་གཞིའི་ནང་ཚུད་ཡོད་པས་འདི་ནས་བཟུང་སུམ་རྟགས་ཀྱི་དགོངས་དོན་མཁས་པའི་བཞེད་མཚམས་འགའ་རེ་མ་གཏོགས་ཕྱོགས་ཡོངས་ནས་གཅིག་གྱུར་བྱུང་ཡོད་ཅེས་བརྗོད་ཆོག་པ་ཡིན། དེས་ན་བོད་ཀྱི་མཐའ་སྙད་རིག་གནས་ལ་30དུས་ཕྱིས་བཀའ་དྲིན་ཆེ་བ་སི་ཏུ་པཎ་ཆེན་ཞེས་བརྗོད་སྲོལ་ལྟར་དོན་ལ་གནས། སི་ཏུའི་སུམ་རྟགས་འགྲེལ་པའི་ནང་ཁ་གཅིག་གི་བཞེད་པ་དང་དོགས་པ་སྔོན་བསུ་སོགས་མང་དག་ཅིག་བཀོད་ནས་དགག་གཞག་གི་རྩོད་གླེང་ཤུགས་ཆེན་སྤེལ་ཡོད་པས་ཁོང་གི་སུམ་རྟགས་འགྲེལ་པ་འདི་བཞིན་མཁས་པའི་མདུན་སར་བཀྲམ་པ་ཞིག་ལས་བློ་གསར་སློབ་གཉེར་བའི་ཚོགས་ལ་དམིགས་པ་ཞིག་མིན་པར་མ་ཟད། རིགས་ལམ་རྩོད་སྒྲུབ་བྱས་པས་སྐྱ་བོའི་སློབ་གཉེར་སློབ་གཞིར་འཁྱེར་ཐབས་མེད་པ་ལྟ་བུར་གྱུར་བ་དུས་སྐབས་དེའི་དགོན་སྡེའི་སློབ་གཉེར་བའི་རྒྱ་ལས་བརྒལ་ཐུབ་མེད་པ་རེད། དངུལ་ཆུ་དྷ་མ་བྷ་དྲའམ་ཆོས་བཟང་(༡༧༧༢-༡༨༥༡)གིས་སི་ཏུ་པཎ་ཆེན་གྱི་སུམ་རྟགས་འགྲེལ་ཆེན་ལས་མཁས་པའི་བགྲོ་གླེང་ངམ་རིགས་ལམ་རྩོད་སྒྲུབ་ཀྱི་དགག་གཞག་རྣམས་བསྐྱུར་ཏེ་སི་ཏུའི་རང་ལུགས་སམ་དགོངས་འགྲེལ་རྣམས་གོ་བདེའི་ལམ་ནས་བརྗོད་པ་”སི་ཏུའི་ཞལ་ལུང་”ཞེས་པ་བརྩམས་གནང་བ་དང་། དངུལ་ཆུའི་དབོན་སྲས་དབྱངས་ཅན་གྲུབ་པའི་རྡོ་རྗེས་(༡༨༠༩-༡༨༨༢)དེའི་དགོངས་འགྲེལ་གོ་བདེར་བརྗོད་པ་”ལེགས་བཤད་ལྗོན་དབང་དང་དཀའ་གནད་གསལ་བའི་མེ་ལོང་”གཉིས་བརྩམས་གནང་བ་ནས་བཟུང་སུམ་རྟགས་གཉིས་ལ་སློབ་སྦྱོང་བྱེད་རྒྱུ་འདི་བཞིན་གཞི་རིམ་སམ་ལས་དང་པོ་བ་བློ་གསར་གཞོན་ནུའི་སྤྱན་ལམ་དུ་བཀྲམ་ཐུབ་པ་བྱུང་བར་མ་ཟད། སུམ་རྟགས་གཉིས་སེར་མོ་བའམ་དགོན་སྡེའི་སློབ་གཉེར་གྱི་རྒྱ་ལས་གྲོལ་ཏེ་གཞི་རིམ་མང་ཚོགས་ཁྲོད་སློབ་གྲྭ་ཆུང་འབྲིང་ནས་མཐོ་རིམ་སློབ་གྲྭའི་བར་གྱི་སློབ་གཉེར་བའི་སློབ་གཞིར་འཇོག་ཆོག་པའི་སྟབས་བདེ་བྱུང་ཡོད་པས་བོད་ཀྱི་ཐ་སྙད་རིག་གནས་གྱི་རྩ་བ་བརྟན་པོ་ཚུགས་ཐུབ་པ་བྱུང་ཡོད་དོ།།
དུང་དཀར་བརྡ་སྤྲོད་འགྲེལ་པ།
མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་སྐུ་ཚེའི་མཛད་པ་འཕྲིན་ལས་སྐྱོང་སྐབས་ཀྱི་སྤྱི་ཚོགས་གནས་བབས་ལ་བསམ་གཞིགས་བྱས་ན། ཁོང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྦྱངས་པ་མཐར་ཕྱིན་ཏེ་མཁས་པའི་གོ་སར་བསླེབས་པ་དང་ལྷན་ཅིག་ཏུ་བོད་མི་རིགས་རིག་གནས་དང་བཅས་པར་ཕྱི་རོལ་ཡུལ་གྱི་བཙན་འཛུལ་འོག་ཆག་སྒོ་ཆེན་པོ་བྱུང་ཡོད། མཁས་དབང་དུང་དཀར་རིན་པོ་ཆེ་ཕྱི་ལོ་ ༡༩༦༠ ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་ཚན་ཁག་གི་ཞིབ་འཇུག་འཛིན་གྲྭའི་དགེ་རྒན་གནང་བ་ནས་བཟུང་སྐུ་ཚེ་ཧྲིལ་པོ་དགེ་རྒན་རིམ་པའི་ཕྱག་ལས་གནང་ཡོད་པས་ཁོང་གི་གསུང་རྩོམ་ཕལ་ཆེ་བ་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མའི་སློབ་ཁྲིད་ཟིན་བྲིས་ཁག་གཞི་རྩར་བཟུང་བ་ཞིག་ཡིན་འདུག ཁོང་གིས་དགེ་རྒན་གྱི་ཕྱག་ལས་གནང་བའི་དུས་སྐབས་ནི་རྙིང་བཞི་རྩ་གཏོར་གཏོང་བའི་ཟང་ཟིང་གི་དུས་སྐབས་ཤིག་ཏུ་འཁེལ་ཡོད་པས་དུས་སྐབས་དེའི་ནང་ཡིག་འགོ་ཡོད་པའི་ཡིག་ཕྲེང་ཁ་ཤས་ཤིག་མཐོང་ནའང་རྙིང་པར་བརྩིས་ཏེ་རྩ་མེད་གཏོང་བའི་དུས་སྐབས་ཤིག་ཡིན་པས། བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་སློབ་ཁྲིད་དང་སྲུང་སྐྱོབ་བྱ་རྒྱུ་ནི་ཧ་ཅང་སྐུ་ལས་ཁག་པོ་ཡོད་པ་ཤོད་མི་དགོས་པ་རེད། མཁས་དབང་དུང་དཀར་རིན་པོ་ཆེའི་སུམ་རྟག་འགྲེལ་པ་འདི་ཡང་དུས་སྐབས་དེ་འདྲ་ཞིག་ལ་བརྩམས་གནང་མཛད་པ་ཧ་ཅང་གསལ་པོ་ཡིན།
དུང་དཀར་རིན་པོ་ཆེའི་སུམ་རྟགས་གཉིས་ཀྱི་འགྲེལ་པ་འདིའི་སྔོན་དུ་བོད་ཀྱི་མཁས་པ་མང་པོས་སུམ་རྟགས་འགྲེལ་པ་མང་དག་ཅིག་མཛད་ཡོད་པས་ལུང་དུ་སྟོན་པའི་རྩ་བ་འདི་གཉིས་ཀྱི་དཀའ་གནད་གསལ་དཀྲོལ་གནང་རྒྱུ་དམིགས་བསལ་བ་གང་ཡང་ལྷག་མེད་པ་ལྟ་བུ་རེད། འོན་ཀྱང་དུས་སྐབས་དེ་ནི་དུས་རབས་སྔ་ཕྱི་གཉིས་ཏེ་དུས་རབས་གསར་རྙིང་དང་འབྲེལ་བཏགས་ཏེ་རིག་གནས་རྙིང་པ་རྩ་གཏོར་བཏང་སྟེ་གསར་པ་འཛུགས་སྐྲུན་བྱེད་པའི་ལས་འགུལ་གྱི་ཚ་རླབས་གང་སར་ཕྱུར་བཞིན་ཡོད་སྟབས་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཀྱང་གསར་བརྗེ་བྱེད་དགོས་ཟེར་ནས་ལས་འགུལ་སྤེལ་བཞིན་ཡོད་པས། བོད་ཀྱི་བརྡ་སྤྲོད་པའི་འགྲེལ་པ་རྙིང་པ་ཞིག་ཀྲུང་དབྱང་སྲིད་གཞུང་ནས་གསར་དུ་བཙུགས་པའི་སློབ་ཆེན་སློབ་མའི་དཔུང་ཁག་ལ་བློ་བདེ་བག་ཕེབས་ཀྱི་ངང་ནས་སློབ་ཁྲིད་བྱ་ཐུབ་པ་ཞིག་ག་ལ་ཡིན། དེ་ལྟར་ན་མཁས་དབང་དུང་དཀར་རིན་པོ་ཆེས་དུས་སྐབས་དེའི་ནང་ཀུན་གྱིས་གཙུག་ཏུ་བཀུར་ཞིང་ཕྱག་མཆོད་ཀྱི་ཡུལ་དུ་བྱེད་དགོས་པའི་དབུ་ཁྲིད་དང་སྲིད་གཞུང་དེ་ཚོ་མཆོད་བརྗོད་ཀྱི་ཡུལ་དུ་བཟུང་སྟེ་བོད་ཀྱི་བརྡ་སྤྲོད་པའི་འགྲེལ་པ་བློ་གསར་གཞོན་ནུའི་དགའ་སྟོན་དུ་གྱུར་པ་འདི་ཉིད་གསར་རྩོམ་མཛད་དེ་ཕྲད་དང་རྣམ་དབྱེ་སོགས་སོ་སོའི་དཔེར་བརྗོད་ཀྱང་དུས་སྐབས་དེའི་ནང་བསྟོད་བསྔགས་བྱེད་འོས་པའི་མི་སྣ་དང་། ཚོགས་པ། བྱ་བའི་འགུལ་བསྐྱོད་རིགས་ནང་དོན་དུ་བྱས་ཡོད། ཐབས་ཤེས་འདི་ནི་དུས་སྐབས་དང་འཚམས་པ་ཧ་ལས་དགོས་པའི་ཆོ་འཕྲུལ་ཞིག་སྟེ། འགྲེལ་པ་འདི་ཉིད་ཀྱི་འགོ་མཆོད་བརྗོད་དུ་31མའོ་ཀྲུ་ཞི་དང་། ཧྭ་ཀྲུ་ཞི། གུང་ཁྲན་ཏང་བཅས་ལ་མཆོད་པ་བྱས་པས་ཧུར་བརྩོན་པ་དང་མངོན་ཐོན་ཡིན་ཟེར་མཁན་དེ་ཚོས་གཞུང་འདི་ཉིད་སློབ་མ་ཚོའི་སློབ་ཚན་དུ་གཏན་འབེབས་ཁྲིད་རྒྱུར་དགག་བྱ་བྱེད་ཐབས་མེད་པ་དང་། གལ་ཏེ་མི་འདོད་པའི་རྣམ་འགྱུར་ཐོན་ན་རང་ཉིད་ཀླད་རྙིང་ཕྱོགས་སུ་འགྲོ་བའི་དཀའ་ཁག་བྱུང་ཉེན་ཡོད་པས་ལག་པ་འཆང་ས་མེད་པ་ལྟ་བུ་ཡིན། གཞུང་དཀྱུས་སུའང་ཕྲད་དང་རྣམ་དབྱེ་རྟགས་ཀྱི་ཁྱད་པར་སོགས་རང་སྲོལ་གཞུང་ལུགས་དང་མཐུན་པར་སློབ་ཁྲིད་ཚད་འཕེལ་བྱས་པའི་ཐོག་བར་བར་ལ་32ཏང་དང་། དབུ་ཁྲིད། དམར་པོའི་བྱ་བའི་འགུལ་བསྐྱོད་རིགས་དཔེ་མཚོན་དྲངས་ཏེ་ཕྲད་རྣམ་དབྱེ་སོགས་ཀྱི་དཔེར་བརྗོད་བཀོད་དེ་སློབ་ཁྲིད་གནང་བར་སུ་ཞིག་ཡིན་ནའང་གཞུང་འདིའི་འགོ་མཇུག་བར་གསུམ་དུ་རྙིང་པའི་ཁག་དཀྲི་བསྙོན་འཛུགས་བྱེད་ཤེས་ཐབས་མེད་པར་འགྱུར་ཡོད་ཅིང་། ཕྱོགས་གཞན་ནས་སུམ་རྟགས་ཀྱི་གཞུང་ལ་གསར་བརྗེ་བྱེད་དགོས་ཟེར་ནས་ཕྲད་དང་རྣམ་དབྱེ་ཉུང་བསྡུས་བྱེད་པ་སོགས་མི་ཤེས་ཧམ་པའི་ལག་སྙོབ་བྱེད་པ་དང་། ཡང་སྡིག་མོ་དང་བསྙོན་འཛུགས་འོག་དོགས་ཟོན་གསང་ཡིབ་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་པ་སོགས་ལ་མཆོད་བསྟོད་བྱས་པའི་གཞུང་རྙིང་པ་ཧུར་བརྩོན་པའི་མིག་ནང་མི་འགྲོ་བ་དེ་རིགས་ཨུ་ཚུགས་ཀྱི་སློབ་ཁྲིད་བྱེད་མི་དགོས་པ་དབུ་མའི་ལམ་ཞིག་གསར་གཏོད་མཛད་ཡོད་པ་རེད། ལམ་ལུགས་འདི་བསྐྲུན་པས་དོན་དུ་རང་རེའི་བརྡ་སྤྲོད་པའི་གཞུང་ལུགས་འདི་བཞིན་སྔོན་བྱོན་མཁས་པའི་བཞེད་དགོངས་མ་ཚང་བ་མེད་པ་རང་རིགས་བློ་གསར་གཞོན་ནུ་རྣམས་ལ་སྐད་གསང་ཐོན་པོའི་སྒོ་ནས་སློབ་ཁྲིད་བྱས་ཏེ་ན་གཞོན་སློབ་བུ་ཚོར་བརྡ་སྤྲོད་པའི་གཞུང་ལུགས་ཁོང་དུ་ཆུད་ཐུབ་པའི་དགེ་མཚན་བླ་ན་མེད་པ་ཞིག་བྱུང་འདུག་སྙམ། དེས་ན་དུང་དཀར་བརྡ་སྤྲོད་འགྲེལ་པ་འདི་ཉིད་གཙོ་གྱུར་ཐོག་ཁོང་གིས་དུས་སྐབས་དེ་དག་ཏུ་བརྩམས་གནང་བའི་རྩོག་ཡིག་ཁག་ནི་དུས་རབས་གསར་རྙིང་ནང་རིག་གནས་གསར་རྙིང་བརྗེ་བའི་སྐབས་སུ་ཁྱད་དུ་འཕགས་པའི་རྒྱུན་མཐུད་གསེར་ཟམ་ཞིག་ཡིན་པར་ངོས་འཛིན་བྱས་ཆོག་པ་ཡིན་ནོ།།
སྐད་ཡིག་གི་མ་འོངས་མདུན་ལམ།
སྐུ་ཚེ་ཧྲིལ་པོ་བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་དང་འབྲེལ་བའི་དགེ་རྒན་ཆེན་མོའི་བྱ་བར་གཞོལ་མཁན་ཞིག་གི་ངོས་ནས་བོད་མི་རིགས་ཀྱི་བླ་སྲོག་སྐད་ཡིག་གི་མ་འོངས་པའི་མདུན་ལམ་ཐད་དགོངས་པ་བཞེས་སྟངས་ནི་དམིགས་བསལ་ཁྱད་འཕགས་ཤིག་ཡིན་པ་སྨོས་ཅི་དགོས། གངས་ལྗོངས་མཁས་པའི་ཁྱུ་མཆོག་དུང་དཀར་བློ་བཟང་འཕྲིན་ལས་རིན་པོ་ཆེ་མཆོག་གིས་དགེ་རྒན་གྱི་ཕྱག་ལས་གནང་བའི་དུས་སྐབས་སུ་བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་དང་བཅས་པ་ཧ་ཅང་འཇིག་ཉེན་ཆེ་བའི་དུས་སྐབས་ཤིག་ཡིན། ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་བཟུང་བྱས་པ་ནས་བཟུང་ལོ་རབས་བརྒྱད་ཅུ་པའི་འགོ་བར་རྙིང་བཞི་རྩ་གཏོར་སོགས་ངན་ཁག་སྣ་ཚོགས་འོག་བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་ཀུན་ལ་གུད་ཆག་ཆེན་པོ་བྱུང་། ལོ་རབས་བརྒྱད་ཅུ་པའི་འགོ་ནས་མི་རིགས་སྲིད་བྱུས་ལ་གུ་ཡངས་ཅུང་ཟད་བྱུ་བ་དང་འབྲེལ་རང་མི་རིགས་ཀྱི་རིག་གནས་ལ་གདུང་བ་ཟབ་པའི་མཁས་པ་དང་ལས་སྣེ་མང་པོས་གོ་སྐབས་དམ་འཛིན་ཐོག་སྐད་ཡིག་དང་རིག་གནས་གང་ས་ནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གྱི་བྱ་བར་ཐབས་ཤེས་སྣ་ཚོགས་གནང་ཡོད། མཁས་དབང་དུང་དཀར་རིན་པོ་ཆེས་འདས་པའི་དུས་ཡུན་རིང་བོད་མི་རིགས་ཀྱི་སྐད་ཡིག་ནི་སྤྱོད་སྒོ་མི་བདེ་བ་དང་། རྗེས་ལུས། རྙིང་པ་སོགས་ཡིན་པའི་སྒྲོ་འདོགས་སྣ་ཚོགས་ཀྱིས་སྨྲ་འབེབས་ཁྱད་གསོད་པ་རྣམས་རེ་རེ་ནས་འཐེར་འདོན་གནང་བ་དང་། བོད་མི་རིགས་ཀྱི་སྐད་ཡིག་ནི་ལོ་རྒྱུས་ལྡན་པའི་སྐད་ཡིག་སྔོན་ཐོན་ཞིག་ཡིན་པ་ཙམ་དུ་མ་ཟད། བེད་སྤྱོད་སྟབས་བདེ་ཞིང་མིང་ཚིག་གསར་བཟོའི་ཐད་དཀའ་ངལ་མེད་པ་སོགས་ཀྱི་ཁྱད་ཆོས་གླེང་བ་དང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་འབྲེལ་བའི་ཁྲིམས་ཡིག་གཏན་འབེབས་བྱུང་བ་ཁག་ལག་བསྟར་འོག་བོད་མི་རིགས་ཀྱི་སྐད་ཡིག་འདིའི་མ་འོངས་པའི་མདུན་ལམ་སྐོར་ཐབས་ལམ་སྣ་ཚོགས་པའི་སྟེང་ནས་གླེང་གནང་ཡོད་པ་རེད།
རྒྱ་དམར་གྱི་དབང་སྒྱུར་དུས་སྐབས་ཤིག་གི་གཡོན་ཐལ་ནོར་འཛོལ་བྱུང་བ་ཐམས་ཅད་མི་བཞིའི་མགོ་བོར་གཡོག་སྟེ་མི་བཞིའི་ཤོག་ཁའི་དབང་སྒྱུར་དུས་སྐབས་ཞེས་གྲགས་པའི་དུས་ཡུན་དེའི་རིང་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་རྩ་གཏོར་གཏོང་འདོད་ཀྱིས་ཀུན་ནས་བསླངས་ཏེ་རང་གིས་མ་ཤེས་པ་དང་མ་མཐོང་བ་རྣམས་མེད་པའི་རྒྱུ་མཚན་དུ་བཀོད་དེ་33བོད་ཡིག་གིས་ལྡང་གི་མེད་པས་བོད་ཡིག་གསར་པ་བཟོ་དགོས་པ་དང་། ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་གཏོད་མཛད་ཟེར་བའི་ཤོད་ཚུལ་ནི་དཔའ་བོས་ལོ་རྒྱུས་གསར་སྐྲུན་བྱས་པའི་ལྟ་ཚུལ་ཡིན་པ་དང་། སུམ་རྟགས་ནི་བོད་རིག་ཤེས་ཡོན་ཅན་མཐོ་རིམ་པ་དེ་ཚོས་མང་ཚོགས་ཀྱི་སྐད་ལ་ཞིབ་འཇུག་མ་བྱས་པར་གང་བྱུང་དུ་བཟོས་པ་ཡིན་པས་སུམ་རྟགས་གསར་པ་ཞིག་བཟོ་དགོས་པ་དང་། བོད་ཡིག་ནི་སྒྲ་སྦྱོར་གྱི་ཡི་གེ་མིན་པས་ད་ལྟའི་བོད་ཡིག་འདི་མི་དགོས་པ་བཟོས་ཏེ་དེའི་ཚབ་ཏུ་ལ་ཏིང་གི་ཡི་གེ་བོད་ཡིག་དང་མཐུན་པར་སྒྲ་སྦྱོར་བྱས་ན་སྟབས་བདེ་ཚུལ་བཤད་པ་དང་། ཡིག་སྐད་དང་ཡུལ་སྐད་གཉིས་བར་ཐག་རིང་པོ་ཡོད་ཚུལ་དང་། ལྷ་ས་གྲོང་ཁྱེར་གྱི་སྐད་བོད་ཀྱི་ས་གནས་ཁག་ལ་ཁྱབ་བརྡལ་བཏང་ཐོག་དེ་དང་མཐུན་པའི་ཡི་གེ་འབྲི་དགོས་པ་དང་། སུམ་རྟག་དག་གསུམ་ལ་བཟོ་བཅོས་བྱས་ཏེ་ལྷ་སའི་སྐད་དང་མཐུན་པ་བཟོ་དགོས་ཚུལ་སོགས་ཁ་གཡར་ཁག་དཀྲི་མང་དག་ཅིག་བྱས་ཏེ་དོན་དུ་བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་དང་བཅས་པ་ཆ་ཚང་རྩ་གཏོར་དམིགས་མེད་དུ་གཏོང་འདོད་ཁོ་ན་བྱས་ཀྱང་། མཁས་མཆོག་དུང་དཀར་རིན་པོ་ཆེས་དེ་དག་ཚང་མར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་འབྲེལ་བའི་ལན་འདེབས་གནད་ལ་འཁེལ་བ་གནང་ཡོད།
དུང་དཀར་རིན་པོ་ཆེས་34བོད་ཡིག་ནི་བྱ་དངོས་གསར་པའི་མིང་ཚིག་ཁ་སྣོན་བྱེད་དགོས་པ་ཕུད་དེ་མིན་ཡི་གེ་འདི་ཉིད་ཀྱི་ཐོག་ནས་གང་དུའང་བེད་སྤྱོད་བྱེད་ཐུབ་པའི་སྒྲ་སྦྱོར་གྱི་ཡི་གེ་ཡིན་པ་དང་། ཡིག་གཟུགས་ཀྱང་སྟབས་བདེ་ཡིན་པས་བོད་ཡིག་གིས་མ་ལྡང་བ་མེད་པ་དང་། མི་རིགས་གང་ཞིག་གི་སྐད་དང་ཡི་གེ་ཡིན་ཡང་མི་རིགས་དེའི་འཕེལ་རྒྱས་ཀྱི་ཁྲོད་དུ་ཡར་རྒྱས་འགྲོ་བ་བཞིན་བོད་མི་རིགས་ཀྱི་སྐད་དང་ཡི་གེ་འདི་བཞིན་བོད་མི་རང་ཉིད་ཀྱི་སྤྱི་ཚོགས་ནང་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས་དང་བསྟུན་ནས་གོ་རིམ་ལྡན་པའི་ཐོག་ནས་འཕེལ་རྒྱས་ཚགས་ཚུད་དུ་ཕྱིན་པའི་ཡིག་རིགས་ཤིག་ཡིན་པ་དང་། བོད་ཡིག་ནི་སྤྱི་ཚོགས་ཀྱི་རྒྱུ་ཆའམ་རྨང་གཞིའི་ཐོག་མཁས་པས་གསར་གཏོད་ལས་སྣོན་བྱས་ཏེ་རིམ་བཞིན་བོད་མི་རིགས་ཀྱི་འཚོ་བའམ་ཆབ་དཔལ་རིག་གསུམ་གྱི་བྱ་འགུལ་ཁྲོད་འཕེལ་རྒྱས་ཕྱིན་པ་སྤྱི་ཚོགས་ཚན་རིག་དང་མཐུན་པའི་ལོ་རྒྱུས་རང་བཞིན་གྱི་དན་རྟགས་ཡོད་པའི་ཕུལ་བྱུང་གི་ཡིག་རིགས་ཤིག་ཡིན་པ་ལས་གང་བྱུང་བཟོ་བཅོས་བྱས་པའི་ཁུངས་འཁྱོལ་ཐབས་མེད་པ་དེ་འདྲ་མིན་པ་དང་། སྐད་ཡིག་འདི་ཉིད་ལ་བརྟེན་ནས་བོད་མི་རིགས་ཀྱི་རིག་གནས་ཕུན་སུམ་ཚོགས་པོ་འདི་འདྲ་དར་ཁྱབ་བྱུང་བ་མིག་མཐོང་ལག་ཟིན་ཡིན་པས་སྐྱེ་བོ་རང་ག་བས་མཐོང་ཆུང་དང་ཁྱད་གསོད་བྱེད་ཐབས་མེད་པ་ཞིག་ཡིན་པ་གསལ་སྟོན་གནང་ཡོད། བོད་ཡིག་འདི་བཞིན་བཅོས་བསྒྱུར་དགོས་ན་དེ་སྔའི་ལོ་རྒྱུས་ནང་བཀས་བཅད་རིམ་པ་གསུམ་བྱུང་བའི་རྒྱུད་རིམ་ལ་བསམ་གཞིགས་ཀྱིས་སུམ་རྟགས་ཀྱི་རིགས་པའི་གཞུང་ལུགས་དང་མ་འགལ་བའི་ཐོག་ནས་བཅོས་སྒྱུར་གཏོང་དགོས་པ་དང་། ཡུལ་སྐད་དང་ཡིག་སྐད་གཅིག་གྱུར་ཇི་ལྟར་གཏོང་དགོས་པའི་ཐད་མར་ཁེ་སིའི་བསམ་བློ་ལུང་འདྲེན་གནང་སྟེ་དཔལ་འབྱོར་དང་ཆབ་སྲིད་གཅིག་གྱུར་དགོས་པའི་ཐད་ནན་གསུངས་གནང་འདུག་པས་ང་ཚོས་དེའི་ཐོག་ནས་དུང་དཀར་རིན་པོ་ཆེས་སྐད་ཡིག་གི་མདུན་ལམ་ལ་བཅངས་པའི་ཁ་ཕྱོགས་གསལ་པོ་ཤེས་ཐུབ་པ་ཡིན། མདོར་ན་དུང་དཀར་རིན་པོ་ཆེའི་སྐུ་ཆེ་ཧྲིལ་པོ་བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་དང་བཅས་པ་ཁུངས་བཙུན་དར་སྤེལ་དང་། མ་འོངས་པའི་ཆེད་དུ་བཏང་གནང་མཛད་ཡོད་པ་ནི་ཁོང་གིས་དགེ་རྒན་གྱི་ཕྱག་ལས་ལོ་མང་གནང་བ་འདི་གཅིག་པུའི་ཐོག་ནས་བལྟས་ཀྱང་ལོང་བས་ཁམས་གསུམ་མཐོང་བར་གྱུར་བའི་དཔེ་དོན་དངོས་ར་གསལ་འཕྲོད་ཐུབ་ངེས་སུ་ཡོད་དོ།།
འདིར་སྨྲས་པ།
བློ་གྲོས་མཆོག་ནི་ཡངས་པའི་ནམ་མཁའ་བཞིན།།
བཟང་པོའི་ཡོན་ཏན་རིགས་ཀྱི་རྒྱན་དུ་བརྗིད།།
འཕྲིན་ལས་འཛིན་མའི་ལྟོ་ན་མཐའ་ཡས་མཚོ།།
ལས་མཛད་མཁས་པའི་ཁྱུ་མཆོག་དུང་དཀར་པོ།།
གངས་ལྗོངས་རིག་པའི་དཔའ་བོའི་ཁྱུ་མཆོག་ཅེས།།
མཁས་དང་མི་མཁས་ཀུན་གྱིས་བསྟོད་པའི་ཡུལ།།
དམ་པ་ཁྱེད་ནི་འཇིག་རྟེན་མིག་མཆོག་སྟེ།།
ངེས་དོན་མཁས་པའི་ཁྲོད་ན་དུང་དཀར་པོ།།
ངག་གི་ཉམས་འགྱུར་ཏམ་བུའི་སྒྲ་དབྱངས་བཞིན།།
རིགས་པའི་རྩོད་གླེང་འབྲོང་གཡག་རྭ་རྩེད་ཉིད།།
དབྱངས་གསལ་མྱུར་འགྲོས་རྟ་མཆོག་རྨིག་པའི་རྗེས།།
མཁས་པའི་དབང་པོའི་མཚན་འཛིན་དུང་དཀར་པོ།།
གངས་ལྗོངས་རིག་གནས་ཕྱུག་མོའི་གླིང་འདི་ན།།
རིག་པའི་བུ་རྒྱུད་དོན་གྲུབ་རྒྱལ་ལ་སོགས།།
མདོ་དབུས་ཁམ་གསུམ་རིག་པའི་བུ་ཡིས་ཁྱབ།།
ཨ་ལགས་དུང་དཀར་ཚང་ཞེས་ཀུན་གྱིས་བཀུར།།
མཐོ་སྒང་རིག་གནས་སྦུག་མཛོད་ཆེན་པོའི་སྒོ།།
ཤར་གླིང་ནུབ་གླིང་ཕྱོགས་བཞིར་ཕྱེ་བ་ན།།
བོད་རིག་མཁས་དབང་དུང་དཀར་བློ་འཕྲིན་ཞེས།།
ཕྱི་གླིང་མཁས་པའི་མགོ་ལྕོག་ལྡེམ་པར་གྱུར།།
མདོར་ན་ཁྱེད་ཉིད་གངས་ཅན་མཁས་པའི་དབུས།།
ལྔ་རིག་མཁྱེན་པའི་པཎ་ཆེན་གཉིས་པ་སྟེ།།
མཁས་མང་བརྒྱ་ཕྲག་དབུས་ན་ཏོག་ལྟ་བུ།།
དུང་དཀར་པཎྜི་ཏ་ཞེས་བདག་བསྟོད་དོ།།
ཞེས་གངས་ལྗོངས་མཁས་པའི་ཁྱུ་མཆོག་དུང་དཀར་བློ་བཟང་འཕྲིན་ལས་མཆོག་དང་བོད་ཀྱི་སྐད་ཡིག་གཉིས་གླེང་མཉམ་ངོ་བོ་གཅིག་པ་ལྟ་བུར་མཐོང་ནས་(དུང་དཀར་བོད་ཀྱི་སྐད་ཡིག་གླེང་བ།) ཞེས་རང་རེའི་གདོད་མའི་སྐད་ཡིག་ནས་ད་བར་གྱི་བོད་སྐད་ཡིག་གི་བྱུང་འཕེལ་རག་ཙམ་གླེང་ཁུལ་འདི་ཡང་གང་ཉིད་དགོངས་པ་རྫོགས་ནས་མི་ལོ་ཉི་ཤུ་འཁོར་བའི་དུས་ཚེས་ཁྱད་པར་ཅན་དང་སྟབས་བསྟུན་སྐུ་ཚེ་ཧྲིལ་པོ་བོད་མི་རིགས་ཀྱི་སྐད་ཡིག་རིག་གནས་དང་བཅས་པའི་འཆི་གསོན་གྱི་སོ་མཚམས་ནས་སྐྱོབ་ཐབས་ལ་འབད་པ་ལྷོད་མེད་གནང་བའི་མཛད་བཟང་དྲན་པས་ཟིན་འོས་པར་མཐོང་སྟེ་ཡིད་སེམས་དང་བས་ཀུན་ནས་བསླངས་ཤིང་རང་བློས་གང་ཐུབ་ཀྱིས་རྗེས་དྲན་གྱི་ཚུལ་དུ་བྲིས་པ་འདིས་ཀྱང་དམ་པ་གང་གི་བཀའ་དྲིན་གསོ་བའི་ཆ་ཤས་ཕྲ་མོར་གྱུར་ཅིག་གུ།། །།
ཟུར་ལྟའི་དཔྱད་གཞི།
༡) དུང་དཀར་རིན་པོ་ཆེའི་གསུང་རྩོམ་པོད་(ཇ་)སྐད་ཡིག་དང་སློབ་གསོ་ལས་གངས་ལྗོངས་མཁས་པའི་ཁྱུ་མཆོག་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་མཛད་རིམ། མི་རིགས་དཔེ་སྐྲུན་ཁང་།
༢) དུང་དཀར་རིན་པོ་ཆེའི་གསུང་རྩོམ་པོད་(ཉ་)གླེང་གཞི་དང་གསུང་བཤད། ཀྲུང་གོ་བོད་རིག་པའི་ལོ་རྒྱུས་ཞིབ་འཇུག་ཁང་གི་དབུ་འཛིན་ཁྲིན་ཆིན་དབྱིན་གྱི་ཆེད་བརྗོད། དགེ་རྒན་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་དང་ཀྲུང་གོ་གསར་པའི་བོད་རིག་པ།
༣) དུང་དཀར་རིན་པོ་ཆེའི་གསུང་རྩོམ་པོད་(ཇ་)སྐད་ཡིག་དང་སློབ་གསོ་ལས་བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ། མི་རིགས་དཔེ་སྐྲུན་ཁང་།
༤) དུང་དཀར་རིན་པོ་ཆེའི་གསུང་རྩོམ་པོད་(ཇ་)སྐད་ཡིག་དང་སློབ་གསོ་ལས་བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ། མི་རིགས་དཔེ་སྐྲུན་ཁང་།
༥) འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེས་རྩོམ་སྒྲིག་བྱས་པ་བོད་བཙན་པོའི་རྒྱལ་རབས་ལས། ཞང་གཞུང་བརླག་པའི་མཛད་སྟོན་ཐོག་རྒྱལ་བློན་གྱི་གསུང་མགུར་མ་ཡིག་ངོ་འདྲའི་བྲིས་ཞུས་མཆན། སྲོང་བཙན་དཔེ་མཛོད།
༦) དོན་གྲུབ་རྒྱལ་དང་ཁྲན་ཆིན་དབྱིན་གཉིས་ཀྱིས་བསྒྱུར་པའི་ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་ལས། ཐང་ཡིག་རྙིང་པའི་གླེགས་བམ་བརྒྱ་དང་གོ་དྲུག་པའི་སྟོད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང།
༧) མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས། ས་བཅད་བཞི་པ་ཡ་ཐོག་ཞང་ཞུང་གི་ཡི་གེ་བྱུང་ཚུལ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།
༨) མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས། ས་བཅད་བཞི་པ་ཡ་ཐོག་ཞང་ཞུང་གི་ཡི་གེ་བྱུང་ཚུལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༩) གྲོང་ཁ་ཚེ་རིང་ཆོས་རྒྱལ་གྱིས་བརྩམས་པའི་གངས་ཅན་ཡིག་སྲོལ་འཕེལ་རིམ་སྐོར་གྱི་གླེང་གཏམ་ཡིད་ཀྱི་རང་སྒྲ། ལས་གཤེན་རབ་མི་བོ་ཆེས་ཡི་གེའི་སྲོལ་ཆེ་བའི་གཏམ་རྒྱུད་སྐོར་གླེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
༡༠) མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི་ ཞང་བོད་ལོ་རྒྱུས་ཏི་སེའི་འོད་ ལས་ས་བཅད་ཞི་པ་ཡ་ཐོག་ཞང་ཞུང་གི་ཡི་གེ་བྱུང་ཚུལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༡༡) མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི་ ཞང་བོད་ལོ་རྒྱུས་ཏི་སེའི་འོད་ ལས་ས་བཅད་ཞི་པ་ཡ་ཐོག་ཞང་ཞུང་གི་ཡི་གེ་བྱུང་ཚུལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༡༢) དུང་དཀར་རིན་པོ་ཆེའི་གསུང་རྩོམ་པོད་(ཇ་)སྐད་ཡིག་དང་སློབ་གསོ་ལས་བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ། མི་རིགས་དཔེ་སྐྲུན་ཁང་།
༡༣) འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེས་རྩོམ་སྒྲིག་བྱས་པ་བོད་བཙན་པོའི་རྒྱལ་རབས། ལས་ཞང་གཞུང་བརླག་པའི་མཛད་སྟོན་ཐོག་རྒྱལ་བློན་གྱི་གསུང་མགུར་མ་ཡིག་ངོ་འདྲའི་བྲིས་ཞུས་མཆན། སྲོང་བཙན་དཔེ་མཛོད།
༡༤) འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེས་རྩོམ་སྒྲིག་བྱས་པ་བོད་བཙན་པོའི་རྒྱལ་རབས། ལས་ཞང་གཞུང་བརླག་པའི་མཛད་སྟོན་ཐོག་རྒྱལ་བློན་གྱི་གསུང་མགུར་མ་ཡིག་ངོ་འདྲའི་བྲིས་ཞུས་མཆན། སྲོང་བཙན་དཔེ་མཛོད།
༡༥) དོན་གྲུབ་རྒྱལ་དང་ཁྲན་ཆིན་དབྱིན་གཉིས་ཀྱིས་བསྒྱུར་པའི་ ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་ལས། ཐང་ཡིག་རྙིང་པའི་གླེགས་བམ་བརྒྱ་དང་གོ་དྲུག་པའི་སྟོད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང།
༡༦) བཀའ་འཆེམས་བཀའ་ཁོལ་མ་ལས། ལེའུ་དགུ་པ། སྤྲུལ་པའི་དགེ་སློང་ཨ་ཀར་མ་ཏིས་ཡི་དམ་གྱི་ལྷ་སྤྱན་དྲངས་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༡༧) མ་ཎི་བཀའ་འབུམ་ལས། བོད་ཡིག་རྩོམ་པ་དང་ཆོས་བསྒྱུར་བའི་མཛད་པ། གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང་ ༡༣༥ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
༡༨) བཀའ་འཆེམས་བཀའ་ཁོལ་མ་ལས། བཀའ་ཆེམས་ཀྱི་མཇུག་བསྡུ་བ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
༡༩) མཁས་དབང་བྱམས་པ་བསམ་གཏན་ལགས་ཀྱིས་བརྩམས་པའི་བཀའ་བསྟན་ལོ་རྒྱུས་འོད་སྣང་གསར་པ་ལས། མེས་ཨག་ཚོམས་ཡན་ཆད་ལ་བསྒྱུར་བར་གྲགས་པ་དཔྱད་པ། ཝཱ་ཎ་གཙུག་ལག་སློབ་ཁང་།
༢༠) མ་ཎི་བཀའ་འབུམ་ལས། བོད་ཡིག་རྩོམ་པ་དང་ཆོས་བསྒྱུར་བའི་མཛད་པ། གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང་ ༡༣༥ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
༢༡) སྦ་གསལ་སྣང་གྱིས་མཛད་པའི་སྦ་བཞེད། མི་རིགས་དཔེ་སྐྲུན་ཁང་།
༢༢) འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེས་བརྩམས་པའི་བོད་བཙན་པོའི་རྒྱལ་རབས། ལེའུ་བཅུ་བཞི་པ། སྲོང་བཙན་དཔེ་མཛོད།
༢༣) མཁས་དབང་ནོར་བྲང་ཨོ་རྒྱན་གྱི་གསུང་རྩོམ་གཅེས་བཏུས་ལས། གངས་ཅན་མཁས་པའི་གཙུག་རྒྱན་ས་སྐྱ་པཎྜི་ཏའི་རྣམ་མཐར་བདུད་རྩིའི་རྒྱུན་བཟང་།
༢༤) མེས་པོའི་ཤུལ་བཞག་ ༡༨ ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་ལས་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་པོད་བཞི་པ་ལས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
༢༥) རྩིས་དཔོན་ཞྭ་སྒམ་པ་དབང་ཕྱུག་བདེ་ལྡན་གྱིས་བརྩམས་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ལས་ས་བཅད་བཞི་པ། སོག་པོ་ཆིང་གེ་སེ་ཁཱང་དང་། ས་སྐྱ་མཆོད་ཡོན་གྱི་འབྲེལ་པ། ལྡི་ལི་པར་མ།
༢༦) མཁས་དབང་འགོས་པདྨ་རྒྱལ་མཚན་གྱིས་བརྩམས་པའི་བརྡ་སྤྲོད་པའི་གྲུབ་མཐའི་གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག
༢༧) མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པའི་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་འཕེལ་རིམ་འགར་ཐོག་མར་དཔྱད་པ།
༢༨) རྒན་ན་ག་སངས་རྒྱས་བསྟན་དར་གྱིས་བརྩམས་པའི་བོད་ཀྱི་བརྡ་སྤྲོད་ནག་ཊིཀཿ ལས་བརྡ་སྤྲོད་འགྲེལ་པ་སྔ་ཕྱི་བཤད་པ། བོད་ཀྱི་དཔེ་མཛོད་ཁང་།
༢༩) རྒན་ན་ག་སངས་རྒྱས་བསྟན་དར་གྱིས་བརྩམས་པའི་བོད་ཀྱི་བརྡ་སྤྲོད་ནག་ཊིཀཿ ལས་བརྡ་སྤྲོད་འགྲེལ་པ་སྔ་ཕྱི་བཤད་པ། བོད་ཀྱི་དཔེ་མཛོད་ཁང་།
༣༠) མཁས་དབང་འགོས་པདྨ་རྒྱལ་མཚན་གྱིས་བརྩམས་པའི་བརྡ་སྤྲོད་པའི་གྲུབ་མཐའི་གླེང་བརྗོད་ཆེན་མོ་འཛམ་གླིང་རྒྱན་གཅིག
༣༡) དུང་དཀར་རིན་པོ་ཆེའི་གསུང་འབུམ་པོད་(ཇ་)སྐད་ཡིག་དང་སློབ་གསོ། སུམ་རྟགས་ཀྱི་མཆོད་བརྗོད།
༣༢) དུང་དཀར་རིན་པོ་ཆེའི་གསུང་འབུམ་པོད་(ཇ་)སྐད་ཡིག་དང་སློབ་གསོ། སུམ་རྟགས་ཀྱི་དཔེ་བརྗོད།
༣༣) དུང་དཀར་རིན་པོ་ཆེའི་གསུང་རྩོམ་པོད་(ཇ་)སྐད་ཡིག་དང་སློབ་གསོ་ལས་བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ། མི་རིགས་དཔེ་སྐྲུན་ཁང་།
༣༤) དུང་དཀར་རིན་པོ་ཆེའི་གསུང་རྩོམ་པོད་(ཇ་)སྐད་ཡིག་དང་སློབ་གསོ་ལས་བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་ཕྱོགས་སྐོར་གྱི་ཐོག་མའི་བསམ་ཚུལ། མི་རིགས་དཔེ་སྐྲུན་ཁང་།