སྣེའུ་པ་ཡེ་ཤེས་འབར་གྱི་རྣམ་ཐར་སྙིང་བསྡུས།

སྣེའུ་པ་ཡེ་ཤེས་འབར་གྱི་རྣམ་ཐར་སྙིང་བསྡུས།

མཛད་པ་པོ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།

 

༈ ཟབ་མོའི་ཏིང་འཛིན་བརྟན་པའི་སྣེའུ་ཟུར་པ། །ཞེས་བསྔགས་པ། དགེ་བའི་བཤེས་སྣེའུ་ཟུར་པ་ནི། སྤྲས་སྣེའུ་ཟུར་གྱི་ས་སྐོར་ཐོང་པ་ཞེས་བྱ་བར། ཡབ་ཞང་སྟག་པོ་ཞེས་པའི་སྲས་སུ་ 1062 ཆུ་ཕོ་སྟག་ལ་སྐུ་འཁྲུངས། སྐུ་ཚེ་སྔ་མ་རྣམས་སུ་བསམ་གཏན་བསྒོམས་པའི་བག་ཆགས་མཐུ་བརྟས་པས་བྱིས་པའི་དུས་ཉིད་ནས་སྐྱེ་པས་ཐོབ་པའི་ཏིང་ངེ་འཛིན་བརྟན་བོ་མངའ་བ་ཞིག་བྱུང་ཞིང་། ཁྱིམ་གྱི་འདུ་འཛི་ལ་ཆགས་པ་མེད་པར་གཞན་གྱི་ལད་མོ་དང་གཞན་གྱིས་དབང་མེད་དུ་བསྐུལ་བ་ཙམ་མིན་པར་ངེས་འབྱུང་ཤུགས་དྲག་པོས་གཞོན་ནུ་ནས་བྲག་རྒྱབ་ཏུ་རབ་ཏུ་བྱུང་། མཚན་ཡེ་ཤེས་འབར་ཞེས་བཏགས།

 

ལོ་ལོན་ནས་བསྙེན་པར་རྫོགས། འདུལ་བ་ནས་གསུངས་པའི་དགག་སྒྲུབ་གནང་གསུམ་གྱི་བཅས་མཚམས་རྣམས་མིག་གི་འབྲས་བུ་ལྟར་བསྲུངས་ཏེ་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་ནས་སྡེ་སྣོད་གསུམ་ལ་མང་དུ་ཐོས་པ་བཙལ། དགེ་འདུན་སྤྱིའི་ལས་གང་ལ་ཡང་སྐྱོ་ངལ་མེད་པར་བྱས་ཏེ་བྲག་རྒྱབ་ཀྱི་གཉེར་ཡང་ལོ་གཅིག་མཛད། དེར་བཞུགས་དུས་བྲག་རྒྱབ་པའི་སྟོན་པ་ཤཱཀ་ཚུལ་ཞེས་བྱ་བ་ཞིག་ར་སྒྲེང་དུ་དགོན་པ་བའི་སྤྱན་སྔར་བྱོན་པས། དེར་ཁོང་གིས་ངེད་ཀྱི་དེ་ན་བཙུན་ཆུང་སྐྱེས་ཐོབ་ཀྱི་ཏིང་ངེ་འཛིན་མངའ་བ་འདི་ལྟ་བུ་ཞིག་བདོག་ཞུས་པས་དགོན་པ་བ་སྐུ་ལུས་སྒྱེད་མཛད་ནས། ཨ་ཧ་ཧ་ཨ་རེ་སྐྱིད་ཨ་རེ་སྐྱིད། ཡང་ན་ཁོའི་དེ་ལ་བླ་མ་མི་དགོས་པར་ཏལ་གྱིས་འགྲོ་བའང་སྲིད། ཡང་ན་བླ་མ་ཞིག་དགོས་པའང་སྲིད་གསུངས་ནས་ཐུགས་དགྱེས་པའི་མཚན་མ་མཛད། དེར་སྟོན་པ་ཤཱཀ་ཚུལ་གྱིས་བྲག་རྒྱབ་ཏུ་འོངས་ནས་ཁྱེད་འདིར་མ་སྡོད་པར་ར་སྒྲེང་དུ་སོངས། དགོན་པ་གོང་མ་བས་ཐུགས་ལ་འདོགས་པར་འདུག་བྱས་པས། དགེ་བཤེས་དགོན་པ་བའི་མཚན་ཐོས་པ་ཙམ་གྱིས་སྣང་བ་འགྱུར་ཏེ་ལུས་ཀྱི་སྤུ་གཟིང་ཞེས་བྱེད་ཅིང་ཇོ་བོ་ཡབ་སྲས་གཉིས་ཀའི་མན་ངག་མངའ་བ་དགེ་བའི་བཤེས་གཉེན་དེ་ལྟ་བུ་ཞིག་དང་མཇལ་ནས་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་ཡོངས་སུ་རྫོགས་པ་ཞིག་ཐོབ་ན་ཅི་མ་རུང་སྙམ་དུ་སྨོན་པས་ར་སྒྲེང་དུ་བྱོན་ཏེ་དགེ་བཤེས་དགོན་པ་བ་མཇལ་བར་ཞུས་པས། སྐུ་མཚམས་དམ་པས་མཇལ་ས་མེད་ཟེར་བས་གཟིམ་ཁང་དེ་ལ་བསྐོར་བ་ལན་གསུམ་བྱས། བྱང་ཕྱོགས་ཀྱི་ཆུ་མིག་གི་ཁ་དེ་ནས་ཕྱག་ལན་གསུམ་མཛད་དེ་སྐྱེ་བ་འདི་ལ་སྐྱེས་བུ་དམ་པ་ཁྱོད་ཀྱི་གདུལ་བྱར་མ་གྱུར་ཀྱང་མ་འོངས་པ་ན་སྐྱེས་བུ་དམ་པ་ཁྱོད་ཀྱི་གདུལ་བྱར་གྱུར་ཅིག་བྱས་ནས་སྨོན་ལམ་བཏབ། སྤོས་རེང་བུ་གཅིག་ཀྱང་བསྲེགས་ནས་ཕུལ། ཆུ་མིག་ཁ་དེར་དྲོ་བཏབ། རྣལ་འབྱོར་པ་ཆེན་པོ་ལ་ཆོས་ཅི་རིགས་གསན་ཞིང་བཞུགས་པ་ན་དགེ་བཤེས་དགོན་པ་བས་མངོན་པར་ཤེས་པས་མཁྱེན་ཏེ་ཉེ་གནས་བཏང་ནས་ཤོག་གསུང་། དགེ་བཤེས་དགོན་པ་བའི་ཞབས་དྲུང་དུ་བྱོན་ནས་མཇལ་ཏེ་ཆོས་ཀྱི་གསོལ་བ་བཏབ་པ་ན་དགེ་བཤེས་དགོན་པ་བའི་ཞལ་ནས། ཨ་ཏི་ཤས་ང་ལ་དང་པོར་མཇལ་མ་ཐག་ཆོས་འདི་གནང་བ་ཡིན་གསུངས་ནས་བསྟན་པ་ལ་འཇུག་པའི་སྒོ་དམ་པ་སྐྱབས་འགྲོའི་ཁྲིད་དང་གཏོར་མའི་ཁྲིད་གཉིས་གནང་སྟེ། འོ། མ་བསམས་པའི་ཆོས་ཀྱིས་ཕན་མེད་པས་ཟླ་བ་ཕྱེད་ཕྱེད་སོམས་ལ་ཤོག་གསུང་། དགོན་པ་བ་ཆེན་པོས་ཇི་ལྟར་གསུང་བ་ལྟར། སྣེའུ་ཟུར་པས་རང་གི་སྤྱིལ་པོར་སྐྱབས་འགྲོ་དང་གཏོར་མ་གཉིས་ལ་ཟླ་བ་ཕྱེད་ཕྱེད་བླ་མས་ཇི་ལྟར་གསུང་བ་ལྟར་བསྐྱངས་ཏེ་མྱོང་བ་ཐོན་པ་བྱས། དེ་ནས་ཟང་ཟིང་གི་ཡོ་བྱད་རྒྱ་ཆེན་པོ་མེད་ཀྱང་སྤོས་རེང་བུ་རེ་བསྣམས་ཏེ་རང་གིས་ཇི་ལྟར་བསྐྱངས་པ་རྣམས་ཞུས། དགོན་པ་བ་ཆེན་པོས་ཀྱང་དགྱེས་བཞིན་དུ་སྔར་བསྐྱངས་པ་རྣམས་ལ་གེགས་སེལ་བོགས་འདོན་དང་། གསར་དུ་སྐྱོང་དགོས་རྣམས་མགོན་པོ་ཨ་ཏི་ཤའི་མན་ངག་ལྟར་སྐྱེས་བུ་གསུམ་ཀྱི་ལམ་ལ་རིམ་གྱིས་ཁྲིད་དེ་ཕས་བུ་ལ་སློབ་པ་ལྟར་མཛད། ལན་ཅིག་སྤྱན་སྔ་ན་མི་ཁ་ཅིག་འདུག་པ་ལ། ཁོ་ཁ་སང་ནས་མ་འོངས་པ་ཡིན་པས་སྔོན་ལ་ཐོངས་གསུངས་ནས་གང་དང་མི་སྙོམས་པར་མཛད། དགེ་བཤེས་དགོན་པ་བས་སྣེའུ་ཟུར་པ་ལ་ཆོས་གསུང་བའི་དུས་སུ་ཨ་ཏི་ཤ་འདི་གསུང་། ཨ་ཏི་ཤ་འདི་གསུང་གསུངས་ནས་ཆོས་མི་མང་ཙམ་རེ་གསུང་། ད་དུང་ཞིག་གསུངས་ན་ཉུངས་སམ་སྙམ་ཙ་ན་ཚིག་མང་ཁ་ན་མེད། དོན་སེམས་པ་གལ་ཆེ་བ་ཡིན་གསུང་དེ་ཀ་ལ་འཕྲོ་བཅད་ནས་མི་གསུང་། དེ་ལྟ་བུའི་ཚུལ་གྱིས་གདམས་ངག་རྣམས་ཚང་བར་ཐུགས་ལ་བཏགས། རེས་འགའ་ཕྱག་ཕུལ་ཏེ་ད་ལན་ཞབས་ཀྱིས་བྱིན་རླབས་གནང་བ་བྱུང་ན་བསམས་པ་ན་དགོན་པ་བས་ཞབས་ནར་གྱིས་བརྐྱངས་ནས་འོང་། དགོན་པ་བ་ཆེན་པོ་སྣེའུ་ཟུར་པ་ལ་ཐུགས་ཤིན་ཏུ་མཉེས་པས་ལན་ཅིག་ཕྱག་སོར་གསུམ་གྱིས་མགོ་ལ་བྱིན་རླབས་མཛད་པས། དབུ་ལ་ཕྱག་སོར་གསུམ་པོ་ཐིམ་པའི་ཤུལ་སྐྱོང་ལོག་གེ་བ་ཇི་སྲིད་འཚོའི་བར་དུ་ཡོད་གསུང་ངོ་། །ལམ་ཐུན་མོང་བ་ལ་ཁྲིད་ནས་མྱོང་བ་ཕུལ་ཕྱིན་འཁྲུངས་པ་ན་གསང་སྔགས་རྡོ་རྗེ་ཐེག་པའི་དབང་དང་མན་ངག་རྣམས་གནང་ཞིང་། ལྷག་པར་མི་གཡོ་བ་ཡིད་དམ་དུ་ཟུངས་གསུངས་ནས་དེའི་དབང་དང་གདམས་པ་ལས་ཚོགས་དང་བཅས་པ་ཚང་བར་གནང་། སྣེའུ་ཟུར་པས་ཀྱང་མི་གཡོ་བ་ལྷག་པའི་ལྷར་བཟུང་ནས་བསྙེན་པ་མཛད་པས་མི་གཡོ་བ་ཞལ་གཟིགས། ལས་ཚོགས་ལ་ནུས་པ་ཐོན་ཞེས་གྲགས་སོ། །དེ་ལྟར་སྣེའུ་ཟུར་པས་དགེ་བཤེས་དགོན་པ་བ་ཐོག་མར་མཇལ་བ་ནས་མཐར་ཞིང་གཤེགས་པའི་བར་འབྲལ་མེད་དུ་བསྟེན་ཅིང་བཀའ་བཞིན་དུ་བསྒྲུབས་པས་ཐུགས་སྲས་ཐུ་བོར་གྱུར། དགོན་པ་བ་གཤེགས་ནས་སྐུ་མཆེད་གསུམ་ག་ལ་ཆོས་འབྲེལ་མཛད། ཁྱད་པར་དུ་པོ་ཏོ་བའི་བླ་མཆོད་མཛད་ནས་ལོ་བཅུ་བཞིར་ཆོས་གསན། ལམ་གྱི་རིམ་པ་ཡང་དགོན་པ་བའི་དེ་གཞིར་མཛད། པོ་ཏོ་བའི་ལེགས་ལེགས་རྣམས་ཀྱང་བཏུས་པ་ཡིན་གསུང་། དེ་ནས་སྣེའུ་ཟུར་པའི་ཐུགས་དགོངས་ལ་འདི་ལྟར་ཤར་ཏེ། ད་ནི་དཔལ་ཨ་ཏི་ཤའི་མན་ངག་བྱང་ཆུབ་ལམ་གྱི་རིམ་པ་འདི་ལ་སྒྲུབ་པ་སྙིང་པོར་བྱ་བའི་ཕྱིར་རང་ཡུལ་ཉེ་དུ་གྲྭ་ས་གང་ལའང་མ་ཆགས་པར་ནམ་ཤི་བར་སྒྲུབ་པ་ལ་རྩེ་གཅིག་ཏུ་གནས་པར་བྱའོ་དགོངས་ནས་སྤྲས་ཐོང་པ་ན་སྔོན་གྱི་དུས་སུ་གཡོག་བྱས་པའི་ཡོན་བདག་གཅིག་གིས་ཞབས་ཏོག་བྱས་ནས་སྣེའུ་ཟུར་གྱི་དབེན་ཚ་གོག་པོ་དེ་ལ་བརྟེན་ཏེ་ཁང་ཆུང་ཞིག་བརྩིགས་ནས་ཐུགས་དམ་རྩེ་གཅིག་ཏུ་མཛད་པས། དགེ་སྦྱོར་ཤིན་ཏུ་འཕེལ་བས་འདི་བཞིན་བསྒོམས་ན་ནི་འཁོར་བ་འདི་ལ་འུར་བཟློག་སྟེ་འོང་བར་འདུག་དགོངས་པ་ཅིག་བྱུང་གསུང་། དགེ་བའི་བཤེས་གཉེན་པོ་ཏོ་བ་ཆེན་པོ་སྟག་ལུང་དུ་གྲྭ་ཚོགས་སྐྱོང་ཞིང་བཞུགས་པའི་ཚེ་དགེ་སློང་བཅུ་ལྷག་ཙམ་ལ་ཀླུ་ནད་བྱུང་བ་ལ་སྣེའུ་ཟུར་པ་ལ་ཁྱོད་ཀྱིས་ཀླུ་ནད་ཀྱིས་བཏབ་པ་འདི་དག་གསོས་གསུངས་པས་དགེ་བཤེས་པོ་ཏོ་བའི་བཀའ་བཞིན་དུ་སྣེའུ་ཟུར་པས་ནད་པ་དེ་དག་བཅོས་ཏེ་བདེ་བར་བྱས་པས་པོ་ཏོ་བ་ཐུགས་ཤིན་ཏུ་མཉེས་པ་བྱུང་། ཕྱིས་པོ་ཏོ་བ་སྐུ་ཁམས་བསྙེལ་བའི་ཚེའང་། འཁོར་གྱིས་དགེ་བའི་བཤེས་གཉེན་འདི་དང་འདི་སྔས་སྲུང་དུ་གདན་དྲངས་ན་ཞུས་དུས་གསན་དུ་མ་བཞེད། སྣེའུ་ཟུར་པ་སྤྱན་དྲང་ངམ་ཞུས་པས། ཞལ་ནས། དེ་བྱུང་ན་དེ་ཀ་རང་གིས་ཆོག་སྟེ་གསུང་བས་སྔས་བསྲུངས་ཀྱང་མཛད། དེར་ཐུགས་དམ་མཛད་པས་ནམ་མཁའ་ལ་མཐོ་བར་འཕགས་པའི་སྣང་བ་བྱུང་ཞུས་པས། པོ་ཏོ་བའི་ཞལ་ནས། ཨེ་འདི་ངའི་དོན་བྱེད་སྙམ་ཙ་ན་ཁོ་རང་གི་དོན་བྱས་ནས་འདུག་གསུང་། སྣེའུ་ཟུར་པའི་ཞལ་ནས། ང་ཡང་རྣལ་འབྱོར་པ་འབྲིང་པོ་ཞིག་ཡིན། སྡེ་དཔོན་དང་མི་ནག་པའི་ཐེམ་པ་འགོམ་མ་མྱོང་ནས་ལོ་བཞི་བཅུ་སོང་བ་ཡིན་གསུང་། རྣལ་འབྱོར་པ་འབྲིང་པོས་མི་ཚད་བོད་དུ་བྱོན་པའི་བཀའ་གདམས་པ་གཅིག་ལ་ཁོང་ལས་ཚུགས་ཐུབ་པ་མ་བྱུང་བ་ཡིན་ཞེས་དབོན་སྟོན་རིན་པོ་ཆེ་གསུང་ངོ་། །དེ་ལྟར་དགེ་བཤེས་སྣེའུ་ཟུར་པས་དགེ་བཤེས་དགོན་པ་བ་དང་། དགེ་བཤེས་པོ་ཏོ་བ་གཉིས་ཀ་ལ་ལམ་རིམ་གྱི་ཁྲིད་གསན་ནས་སྒྲུབ་པ་དར་དྲག་ལ་རྒྱུན་རིང་བ་མཛད་པས་རྟོགས་པ་མཆོག་ཐོབ་སྟེ། དེ་ཡང་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་པའི་ཚུལ་ཁྲིམས་རྣམ་པར་དག་པ་དང་། ཚེ་འདིའི་བྱ་བ་གང་གིའང་དབང་དུ་མ་བཏང་བར་ད་ལྟ་རང་འཆི་བ་ལྟ་བུའི་བརྩོན་པ་ཤུགས་དྲག་པོས་མཚན་མོ་གཉིད་ཀྱང་ཡེ་མི་ཡོང་བར་ཉིན་མཚན་ཁོར་ཡུག་ཏུ་དགེ་སྦྱོར་ལ་ཆིག་སྒྲིལ་མཛད་དེ་གཞན་གྱིས་མདང་སང་རྨི་ལམ་འདྲ་ཅི་གདའ་ཞུས་པས་ཨ་འདི་ཅི་ཟེར། གཉིད་མེད་པར་རྨི་ལམ་ག་ན་འོང་གསུང་། དེ་ལྟར་མཛད་པས་ཏིང་ངེ་འཛིན་ཕུལ་ཕྱིན་ཐོབ་སྟེ་འབྲེ་ཆུང་བས་དགེ་བཤེས་ལ་ཏིང་ངེ་འཛིན་ཚད་ཇི་ཙམ་མངའ་ཞུས་པས། ངས་ཏིང་ངེ་འཛིན་གཅིག་ལ་མཉམ་པར་གཞག་ན་ཉིན་ཞག་བཅུ་བཞི་ཙམ་གནས་ཐུབ་པར་འདུག་གསུང་། སྤྱན་སྔའི་ཞལ་ནས། ངེད་ར་སྒྲེང་པ་རྣམས་ལ་ཏིང་འཛིན་གྱི་ཚད་ཀ་དེ་ཞང་སྒོམ་ཁོ་ན་ཆེ་བ་ཡིན་གསུང་། ཏིང་ངེ་འཛིན་ཤིན་ཏུ་བརྟན་ཅིང་དབེན་པར་དགེ་སྦྱོར་ལ་ཆིག་སྒྲིལ་མཛད་པས་རྗེ་བཙུན་མི་ལ་དང་དངོས་སུ་མ་མཇལ་ཡང་ཐུགས་མཐུན་པའི་གྲོགས་སུ་མཛད། ལན་ཅིག་གཡོག་པོ་དར་ཚུལ་བྱ་བས། ཐུགས་དམ་གཏོར་མ་ཚར་ནས་གཟིམ་མལ་དུ་སྐྱིལ་ཀྲུང་ལམ་གྱི་བཅས་ནས་ན་བཟའ་གསོལ། དེའི་སྟེང་ན་ཕར་ལ་རེ་ཁ་ཐེན་ནས་བཞག་སྟེ་ནང་པར་བལྟས་ཙ་ན་སྤུ་གས་ཙམ་ཡང་མི་ཡོང་བ་ཡིན། མཉམ་གཞག་བྱ་བ་དེ་འདྲ་བ་དགོས་པ་ཡིན། རྒྱུ་མཚན་འདི་དག་ལ་དགོངས་ནས་རྗེ་བདག་ཉིད་ཆེན་པོས། ཟབ་མོའི་ཏིང་འཛིན་བརྟན་པའི་སྣེའུ་ཟུར་པ་ཞེས་བསྟོད་པ་མཛད་དོ། །བདག་ཉིད་ཆེན་པོ་འདི་སེམས་ལ་དབང་ཐོབ་པ་ཞིག་སྟེ། སྣེའུ་ཟུར་པ་ཉིད་ཀྱི་ཞལ་ནས། ངའི་སེམས་འདི་ང་རང་གིས་ཁ་ལོ་སྒྱུར་བཏུབ་པ་ཅིག་བྱུང་གསུང་། ཡང་ཞལ་ནས། སྔོན་གྱི་དུས་སུ་ང་རང་གི་སེམས་འདི་ཁ་ལོ་སྒྱུར་དུ་བཏུབ། མིས་ནི་མི་ཚོར། ད་ཡོང་འཁོར་བ་འདི་ལ་འུར་བཟློག་སྟེ་འོང་བར་འདུག་སྙམ་ཙ་ན། ཕྱིས་ལྷ་ཡིན་ཀླུ་ཡིན་ཟེར་ནས་གཅིག་འཚོགས་གཉིས་འཚོགས་མེ་ཏོག་ཤྭ་ཤྭ་བྱས་ནས་རང་གི་དགེ་སྦྱོར་བཅག །མི་ལ་འདི་གྱིས་བྱས་པས་ནི་ཉན་དུ་མ་འདོད་གསུང་སྟེ། ཁོང་རང་གར་འདོད་དུ་བཀོལ་དུ་བཏུབ་པ་ཅིག་ག་སྣང་ངོ་གསུང་། བྱང་ཆུབ་ལམ་རིམ་ལ་མྱོང་བ་ཕུལ་ཕྱིན་ཐོན་པའི་རྟགས་སུ་ཐུགས་རྗེ་ཤིན་ཏུ་ཆེ་བས་ལོང་བ་དང་སྤྲང་བོ་ལ་སོགས་པ་དམན་པ་རྣམས་ལ་ཤིན་ཏུ་བྱམས་པར་མཛད། ལན་ཅིག་གཡོར་པོ་གཅིག་གིས་འཇམ་ཕྲུག་གིས་ན་བཟའ་སྦྱར་མ་གཅིག་ཕུལ་བས། ཕ་ཚད་ན་མཛེ་པོ་གཅིག་དགེ་བའི་བཤེས་གཉེན་གོས་གཅིག་ཞུ་འཚལ་ཟེར་བས། འདི་ཁྱེར་གསུངས་ནས་ཕྲུག་སྦྱར་མ་དེ་གནང་། གཡོར་པོ་དེ་ན་རེ། དེ་ལ་དགེ་བཤེས་པའི་ན་བཟའ་བགྱི་བསམས་ནས་དཀའ་ལས་ཅི་ཡང་བགྱིས་པ་ལགས། ཞག་གཅིག་མི་གསོལ་བ་ཟེར་བས་ཅི་ཟེར་ཁྱོད་རང་གི་མ་ལ་བྱིན་པ་ཡང་མི་དགའ་འམ་གསུང་། ངས་ཚེ་འདི་ལ་གསེར་སྲང་བདུན་སྟོང་སྦྱིན་པར་ཐོངས་གསུངས། ལམ་ཅིག་མུ་གེ་ཆེ་བ་ཅིག་བྱུང་བས་བཤོས་དེ་གསོལ་བ་བཞིན་མཛད་ནས་ན་བཟའི་ཕག་ཏུ་སྦས་ཏེ་སྤྲང་བོ་རྣམས་ལ་བྱིན་པས་སྤྲང་བོ་མང་པོའི་བརྒྱགས་བྱུང་། སྐུ་ཤ་ནག་རིད་ཀྱིས་སོང་པའི་དུས་སུ་གླང་ཐང་པ་དེ་ཕྱག་ཕྱི་ལ་བྱོན་པའི་ཞལ་རས་ཟླ་བ་ཤར་བ་བཞིན་གདའ་པས། རིན་པོ་ཆེའི་ཞལ་ནས། བྱང་ཆུབ་སེམས་དཔའ་བྱ་དཀའ་བའི་སྦྱིན་པ་བྱར་ཡོད་པའི་དུས་སུ། བརྒྱགས་ཚད་ཁྱོད་རང་གིས་ཟོས་ནས་ཁྱོད་ལ་བསམ་རླག་ཉམ་པོ་ཆེ་ཟེར་བ་ཡིན་གསུངས་ནས་བཀྱོན་པས། གླང་རི་ཐང་པ་འདར་ཕྲི་ལི་ལི་བྱུང་ཞེས་གྲག །སྣེའུ་ཟུར་པ་འདི་ཁྲོ་བོའི་དབང་པོ་མི་གཡོ་བ་ལ་བསྙེན་སྒྲུབ་མཐར་ཕྱིན་པ་ཞིག་ཡིན་པས་ལྷ་འདིའི་སྒོ་ནས་འགྲོ་དོན་མཛད་པ་ལ་ནུས་པ་ཐོན་པ་ཞིག་སྟེ། དགེ་བཤེས་པདྨ་བྱང་ཆུབ་བྱ་བ་ལ་ཀླུའི་གནོད་པ་བྱུང་ནས། ཁོང་གི་སྣང་བ་ལ་སྦྲུལ་གཅིག་ཐོད་བཞིན་དུ་དཀྲིས་ནས་སྦྲུལ་མགོ་དེ་དཔྲལ་བའི་སྟེང་ན་གདེངས་ཀ་བཞིན་ཡོད་པ་མིས་མཐོང་གི་དོགས་ནས་བཀབ་སྟེ་སྣེའུ་ཟུར་པའི་སྤྱན་སྔར་འོངས་པས། དེ་ང་དང་ཁྱོད་རང་མིན་པ་གཞན་གྱིས་མི་མཐོང་། སྦེད་མི་དགོས། ད་ང་དེའི་སྟེང་དུ་སྒོམས་དང་གསུངས་པས། ཁོས་དེ་བཞིན་དུ་བསྒོམས་པས་གར་སོང་ཆ་མེད་པར་སོང་། ལན་ཅིག་ར་སྒྲེང་ལ་བྱོན་པའི་ཚེ། ཕ་བོང་གཅིག་ལ་ཞབས་གཏད་དེ་ཞབས་སྒྲོགས་བཅིངས་པས་སྦྲུལ་དཀར་པོ་གཅིག་ཕ་བོང་འོག་དེ་ནས་འཐོན་ཏེ་སོང་། དེ་ན་མཛེ་པོ་ཅིག་ཡོད་པ་གཞན་ཅི་ཡང་མ་དགོས་པར་དེ་གཅིག་པུས་ནད་གསོས། དགེ་བཤེས་ཀྱི་ཞལ་ནས། བོད་ཀྱི་སྲུང་བའི་སྐོར་དུ་གཏོགས་པ་རྣམས་ཕྱོགས་གཅིག་ཏུ་བཞག་པ་བས། ངས་དམིགས་པ་སྐོར་གསུམ་གྱིས་མཛེ་གསོས་པ་མང་བ་ཡིན་གསུང་། ཁམས་པ་ལུང་པ་ལ་མི་མ་ཡིན་ཚན་ཅིག་གིས། སྨྱུག་རུམ་དུ་གཏོར་མ་གཏོང་དེར་འགྲོ་ཟེར། འོ་ན་སྣེའུ་ཟུར་དུ་གཏོར་མ་ཟར་མི་འགྲོ་འམ་བྱས་པས། དེ་ན་རྡོ་རྗེའི་ར་དང་མེ་རི་བཅས་པས་མི་ཚུད་ཟེར། སྣེའུ་ཟུར་པའི་ཞལ་ནས་བཀའ་རྒྱུད་འདི་བྱིན་གྱིས་བརླབས་པའི་བཀའ་བརྒྱུད་ཡིན་པས། གཏོར་མ་འདྲེ་ལ་མི་འཆོར་ཙམ་པའི་བཀའ་བརྒྱུད་ཡིན་གསུང་ངོ་། །སྣེའུ་ཟུར་པས་དགེ་བཤེས་དགོན་པ་བ་ལ་གེགས་སེལ་བོགས་འདོན་གྱི་མན་ངག་མཐའ་དག་ཞུས་ཏེ་ཐུགས་ཉམས་སུ་བསྟར་བས་གཞན་གྱི་སྒོམ་གེགས་སེལ་བ་ལ་ཤིན་ཏུ་མཁས་པ་ཞིག་སྟེ། ཨ་མེས་ཚུལ་ཁྲིམས་འབར་བྱ་བས་གཙང་གཡས་རུར་ཕྱིན་ནས་རི་བོ་ཆེའི་སྒོམ་སེམས་འཛིན་བག་རེ་བསླབས་པ་ཅིག་བདོག་པར་གདའ་བས་སྤྱན་སྔར་འོངས་ཏེ་རྟོགས་པ་ཕུལ་བས། དེས་མི་འོང་གསུང་། འོ་ན་ཇི་ལྟར་བགྱི་ཞུས་པས། འདི་བཞིན་དུ་སྒོམས་དང་གསུང་བ་ལ། སྒོམ་བསླབ་ཉེས་བྱ་བ་ཡིན་པས་སྔར་གྱི་སྟེང་དུ་སོང་ནས་མ་བཏུབ། ཡང་གཅིག་བསླབས་པས་མ་བཏུབ་པས། ད་འོ་ན་ཅམ་གྱིས་ཞོག་ལ་ཞག་ཤས་གསོལ་བ་ཐོབ་ཅིག་གསུངས། དེ་ནས་ཞག་ཁ་ཡར་གསོལ་བ་བཏབ་པས་དགེ་བཤེས་ཀྱི་གཟིམ་ཁང་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་མཐོ་གང་ཙམ་པ་འོད་ལྷག་པ་ཅིག་ནར་གྱིས་བྱུང་ནས་ཨ་མེའི་སྤྱི་བོར་ཐིམ་པ་སྙམ་བྱེད་ཙ་ན་དེ་ཉིད་དུ་ཏིང་ངེ་འཛིན་དུ་ལྷན་གྱིས་སོང་བས་དགའ་དྲགས་རྟོགས་པ་འབུལ་དགོས་སྙམ་ཕྱིན་པས་གཟིམ་ཁང་གི་སྒོ་ན་མིས་གཅེར་ནས་སྤྱན་སྔར་མ་ཐོན། ཕྱི་ནས་སྐེ་རྨྱང་རྨྱང་བྱས་པས་ཞལ་ནས། འོ་ཨ་མེས་དེ་ཙུག་འོང་བ་ཡིན་གསུངས་ནས་ཏིག་གིས་མཁྱེན་པ་ཞིག་བྱུང་ཞེས་གྲག་གོ །བདག་ཉིད་ཆེན་པོ་འདི་ལ་གཞན་སེམས་ཤེས་པའི་མངོན་པར་ཤེས་པའང་རྒྱ་ཆེན་པོ་མངའ་སྟེ། སྣེའུ་ཟུར་པའི་སྤྱན་སྔ་ན་ཇོ་སྟན་ཚང་རོང་པ་བྱ་བའི་འདུལ་འཛིན་དེ་ནུབ་གཅིག་བཞིན་དུ་བསམ་པས། ཆས་རྐྱེན་མེད་པའི་ཁང་པ་འདི་བྲག་ཕུག་གཅིག་དང་ཁྱད་མེད། ཡུལ་དུ་འགྲོ་དགོས་སྙམ་པ་ཅིག་བྱུང་། སང་དགེ་བཤེས་དེས་ཉེ་གནས་བཏང་ནས་འདིར་ཤོག་དང་གསུང་། སྤྱན་སྔར་ཕྱིན་པས། འོ་བླ་མ་བསྟེན་པའི་དུས་སུ་ཁང་པ་ལ་བྲག་ཕུག་ཏུ་སྒོམ་པ་མིན། ཆས་རྐྱེན་མེད་ན་འདི་ནས་ལོངས་གསུངས་ནས། ནས་སྒྲོ་བ་གང་། མར་ཚུད་གཅིག །ཇ་ཞིབ་མ་གང་གནང་། ཡང་ལྷོ་བྲག་པ་བཤིད་སྟོན་ཁ་འདར་བྱ་བ་ལ་དགེ་བཤེས་ཀྱི་ཞལ་ནས། ཁ་འདར་བ་ལ་འུར་སོངས། མ་ལ་གཉིད་མེད་ནས་ཟླ་བ་ཁྱུར་བོ་གཉིས་སོང་ན་གསུང་། དེར་ཡུལ་དུ་ཕྱིན་པས་མ་རྒན་ཤེད། ཁྱོད་མེད་པས་སྙིང་མ་དགའ་ནས་གཉིད་མེད་ནས་ཟླ་བ་ཁྱུར་པོ་གཉིས་ལོན་ཟེར་ཏེ་ཏིག་གིས་དགོངས། ཡང་དགེ་བཤེས་དགྱེར་གྱིས་སྣེའུ་ཟུར་པའི་སྤྱན་སྔར་བྱོན། དེ་ན་འཕྱིང་པ་དྲས་ནས་སྟན་ཆུང་གཅིག་གི་བཟོ་མཛད་ཀྱིན་གདའ། དེར་ཁོང་གི་ཐུགས་དགོངས་ལ། དགེ་བཤེས་འདི་ཐུགས་རྒྱུད་རང་ཇི་ཙམ་པ་ཡིན་ནམ། མངོན་ཤེས་མངའ་འམ་མི་མངའ་སྙམ་པ་ཅིག་བྱུང་ཙ་ན། འགྲམ་པ་ལ་ཐལ་ལྕག་ཅིག་རྒྱབ་ནས། ཨ་ན་ཅི་གདའ་ལེ་གསུངས། བདག་ཉིད་ཆེན་པོ་འདིས་རང་དང་གཞན་གྱི་ཚེ་རབས་སྔ་ཕྱི་མང་པོ་མཁྱེན་པ་ནི། དགེ་བཤེས་སྣེའུ་ཟུར་པ་ཉིད་ཀྱི་ཞལ་ནས། ང་སྐྱེ་བ་སྔ་མ་མི་དབུལ་པོ་ཞིག་ལས་ཚེ་འཕོས་པ་ཡིན། སྐྱེ་བ་ཕྱི་མ་དགའ་ལྡན་དུ་སྨོན་ལམ་འདེབས་གསུངས། བདག་ཉིད་ཆེན་པོ་འདི་ལ་ཏིང་ངེ་འཛིན་བརྟན་པོའི་མཐུས་རྫུ་འཕྲུལ་དང་མངོན་ཤེས་ཀྱང་མངའ་སྟེ། ལན་ཅིག་ཙ་ན་ཉེ་གནས་ཞང་བཙུན་བྱ་བས་ན་བཟའ་ཁུར་ནས་ཕུ་ཆུང་པའི་འབུམ་པའི་རྩ་ནས་ཕར་དཔོན་གཡོག་གཉིས་ཀྱིས་བྱོན། འབུམ་པའི་ཟུར་དུ་སླེབ་ཙ་ན་སྟོན་པ་ཤཱཀ་ཚུལ་གྱིས་ཕྱག་བྱས། ཕྱག་གཏོད་མཛད་པའི་བར་དེར་ཞང་བཙུན་གྱིས་ན་བཟའ་རྣམས་ཐང་ལ་བཞག་ནས་སྟོན་པ་ཤཱཀ་ཚུལ་ལ་ཕྱག་བྱས། ན་བཟའ་ཁུར་ནས་འབུམ་ཆུང་ཟུར་དུ་འོངས་ཙ་ན་ཇི་ལྟར་བྱས་ཆ་མེད་པར་གཟིམ་ཁང་ན་ཕར་ཡུད་བཞུད་པ་ཅིག་བྱུང་ཞེས་གྲག་གོ །ཡང་ནུབ་གཅིག་ཆར་ཆེན་པོ་བྱུང་བས་གཟིམ་ཁང་གི་ཝ་རྩ་ཤོར་ནས་ཆུ་ནར་གྱིས་བྱུང་བས། ཉེ་གནས་ཀྱིས་ཇི་ལྟར་མཛད་དམ་སྙམ་ནས་བརྫུས་བསྡད་པས། གཟིམ་མལ་ནས་ཀོག་གིས་བཞེངས་ནས་ས་སྐས་ལ་ཐེགས་པ་བཞིན་རྩེན་གྱིས་གཤེགས་ཏེ་ཝ་ཁ་དེར་ཅག་ཅག་ཅིག་མཛད་ནས་ཡང་ས་སྐས་ལ་འབྱོན་པ་བཞིན་བྱོན་པ་ཉེ་གནས་ཀྱིས་དངོས་སུ་མཐོང་། ཡང་གྲོག་ཅེས་བྱ་བའི་ཡུལ་ན་ཤ་འཛུལ་སྨོན་ནེ་བྱ་བ་དད་གུས་ཤིན་ཏུ་ཆེ་བ་ཡོད་པ་ཚེའི་དུས་བྱས་པས་ནངས་གཅིག་ཞལ་ནས། ཉེ་གནས་ལ་འུ་ཅག་གི་ཡང་གྲོག་གི་ཡོན་བདག་དེ་ཤི་བ་འདྲ་གསུང་། ཇི་ཙུག་གདའ་ཞུས་པས། ད་ནང་ཡོན་བདག་དེ་གོས་གསར་པ་ཅིག་གྱོན། མེ་ཏོག་ཚན་ཞིག་ཐོགས་ནས་ངའི་དྲུང་དུ་བྱུང་གསུངས་ཏེ། དེའི་དུས་ཁོ་ནར་ཚེའི་དུས་བྱས་པ་ཇི་ལྟ་བ་བཞིན་མཁྱེན་པར་གདའ། ཡང་བྱ་ཡུལ་བ་ཆེན་པོས་སྤྱན་སྔ་གཤེགས་པའི་སྐུ་སྐལ་ཞིག་དང་ན་བཟའ་ཞིག་སྐྱེལ་དུ་བྱོན། དེར་གསུང་གླེང་འདྲ་མཛད་དེ། སྣེའུ་ཟུར་པའི་ཞལ་ནས་དུས་ཚོད་འདི་ཁོ་ན་ལ་འདས་ཏེ་འོང་། ཚེས་གྲངས་འདིའི་ཉི་མའི་དུས་ཚོད་འདི་ཙམ་ལ་ཤར་ཕྱོགས་ནས་འོད་ཟེར་ཞིག་བྱུང་ནས་འཇམ་དཔལ་སྐུ་མདོག་དམར་སེར་ཞིག་ནམ་མཁའ་ལ་གཤེགས་པའི་སྣང་བ་ཅིག་བྱུང་། ཕྱིས་འདི་ལྟར་བརྩིས་ཙ་ན་དུས་ཚོད་དང་ཚེས་གྲངས་ཀྱང་ཏིག་གེ་པར་འདུག་པ་ལ། རྟོག་པ་ཅིག་གིས་བསྒྲིགས་ནས་ཆོས་ཞུ་རྒྱུ་འདྲ་ཡོད་པ་མ་ཞུས་གསུངས་ནས་འགྱོད་པ་མཛད་དོ། །དགེ་བཤེས་སྣེའུ་ཟུར་པ་དེ་གཙོ་བོར་དགེ་བཤེས་དགོན་པ་བ་ལ་བརྟེན་ཞིང་སྐུ་མཆེད་གསུམ་ལའང་བརྟེན་ལ། དགེ་བཤེས་སྤྱན་སྔ་བ་ལ་མི་གཡོ་བའི་སྒྲུབ་སྐོར་ཞུས། དགེ་བཤེས་དགོན་པ་བ་དང་སྤྱན་སྔ་བ་གཉིས་ཀས་གནང་བའི་ཇོ་བོ་མི་གཡོ་བའི་བསྙེན་པ་མང་དུ་མཛད་པས་ཞལ་གཟིགས། དགེ་བཤེས་སྒྲེ་པ་དེ་སྤྱན་སྔའི་སློབ་མར་གདའ་ན། ཇོ་བོ་མི་གཡོ་བའི་ཡི་གེ་བཅུ་པ་ཁོ་ན་བགྲངས་པས་མི་གཡོ་བ་དམར་པོ་ཞལ་གཟིགས། ཀ་མ་བ་ལ་དྲིས་པས་ཆ་མེད་བཟླས་པ་འདྲ་བགྱིས་དང་གསུང་། དགེ་བཤེས་ཀྱི་སྤྱན་སྔར་བྱོན་པས། འོ་སྐྱེས་བུ་དད་པས་གོ་བཅད་ནས་འདུག་གི་གསུང་། འོ་ན་དམར་པོར་འོང་བ་ཇི་ལྟར་ལགས་ཞུས་པས་ཁྱོད་ཐུགས་རྗེ་ཆེ་བའི་རྟགས་ཡིན་གསུང་། འོ་ན་དེའི་སྔོན་དུ་ཇོ་མོའི་སྣང་བ་ཅིག་ཀྱང་གདའ་ན་ཞུས་པས། ཡི་དམ་གྱི་ལྷ་གང་གི་ཞལ་མཐོང་ཡང་ལས་ཀྱི་ལྷ་མོ་ཡིན་པས་སྔོན་ལ་ཇོ་མོའི་ཞལ་མཐོང་བ་ཆོས་ཉིད་ཡིན་གསུང་། དེར་དགེ་བཤེས་སྒྲེ་པས་དགེ་བའི་བཤེས་གཉེན་ལ་ཡང་དེ་ལྟ་བུའི་ཡོན་ཏན་མངའ་འམ་ཞུས་པས་ང་ལ་བསྟན་པའི་སྒོར་ཞུགས་མ་ཐག་ནས་དེ་འདྲའི་སྣང་བ་མང་དུ་བྱུང་གསུང་། དགོན་པ་བའི་གདམས་པ་ལ་བརྟེན་ནས་དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་སྒོམ་ཟླས་མཛད་པས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཞལ་གཟིགས་སོ། །དགེ་བཤེས་སྣེའུ་ཟུར་པ་རང་ཉིད་སྨིན་པར་མ་ཟད་གདུལ་བྱ་གཞན་གྱི་རྒྱུད་བྱིན་གྱིས་རློབས་པ་ལའང་མངའ་བརྙེས་པ་ཞིག་སྟེ། དགེ་བཤེས་སྣེའུ་ཟུར་པའི་དྲུང་ན་འདུག་པ་ཀུན་ཀྱང་ལས་དང་ཉོན་མོངས་པ་འགོ་ནོན་པ་དང་། ཡོན་ཏན་རིན་པོ་ཆེ་རྣམས་མེ་ལོང་གི་ངོས་ལ་ཤར་བ་བཞིན་གསལ་པ་ཆོས་ཉིད་ཡིན། དབྱར་གཅིག་ཆར་ཆེས་པས་གཟིམ་ཆུང་གི་རྩིག་པའི་ཟུར་དེ་ཞིག །དེར་ཞང་བཙུན་དགེ་འདུན་གྱིས་གཡོག་བྱས་ནས་འདག་པ་དང་རྡོ་བཏང་། དགེ་བཤེས་ཀྱི་ཐུགས་དམ་འཕྲེང་བ་དེ་དབུ་ལ་བསྐོར་ནས་རྩིག་པ་མཛད་པའི་ཚེ་དེ་མ་ཚར་གྱི་རིང་ལ་ཞང་བཙུན་གྱིས་ཀྱང་མི་ཕྱུགས་མང་པོའི་སེམས་ཤེས་པ་བྱུང་ཞེས་ཟེར། དགེ་བཤེས་སྣེའུ་ཟུར་པས་སྐལ་བ་དང་ལྡན་པ་གཞན་མང་པོ་ལ་ལམ་རིམ་གྱི་ཁྲིད་རྒྱ་ཆེར་སྩལ་ཏེ། དགེ་བའི་བཤེས་གཉེན་དགོན་པ་བ་དེ་རང་ལ་བློ་གཏད་པའི་སློབ་མ་རྣམས་ལ་དབྱར་དུས་ལམ་རིམ་ཚར་རེ་དང་དགུན་དུས་ལམ་རིམ་ཚར་རེ་གནང་བ། དགེ་བཤེས་སྣེའུ་ཟུར་པའང་དགོན་པ་བའི་རྣམ་ཐར་རྗེས་སུ་བསྐྱངས་ཏེ་ལམ་གྱི་རིམ་པ་དེ་དབྱར་ཚར་རེ་དགུན་ཚར་རེ་གསུང་། སྐལ་བ་དང་ལྡན་པ་མང་པོ་ལམ་གྱི་རིམ་པ་ལ་ཁྲིད་པས་བསྐྱང་བཏུབ་པར་བྱུང་གསུང་། ལམ་རིམ་གྱི་ཁྲིད་རྒྱས་པར་གསུངས་པ་ལ་སློབ་མས་ཟིན་བྲིས་སུ་བྱས་པའང་མང་དུ་ཡོད། དེ་ལ་བརྟེན་ནས་བོད་འདིར་སྣེའུ་ཟུར་པའི་ལུགས་ཀྱི་ལམ་གྱི་རིམ་པ་ཤིན་ཏུ་དར་བར་བྱུང་ངོ་། །དེ་ལྟར་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་མཛད་པས་སློབ་མ་མཐའ་ཡས་པ་བྱུང་ཞིང་། པོ་ཏོ་བ་གཤེགས་ནས་གྲྭ་པ་མང་པོ་སྣེའུ་ཟུར་དུ་ལྷགས། སྨྱུག་རུམ་པ་འདའ་པའི་དུས་སུ། ང་ལ་བླ་མར་འཛིན་པ་རྣམས་སྦྲས་ཐོང་པ་ན་དགོན་པ་བའི་སློབ་མ་མི་གཡོ་བའི་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་ཅིག་ཡོད་པས་དེར་སོངས་གསུངས་ནས་ཁོང་གི་གྲྭ་པ་མང་པོ་ཞིག་ཀྱང་བྱོན། ཁམས་པ་ལུང་པ་གཤེགས་རྗེས་ཇ་རྫ་ཚུན་ཆད་ཁུར་ནས་བྱུང་བས་གྲྭ་པ་དེ་ཡང་འུར་གྱིས་སོང་། ཚ་རོང་གི་ཇོ་སྟན་ནག་པོ་ལ་སོགས་པའི་འདུལ་བ་འཛིན་པ་ཆེན་པོ་མང་པོས་ཀྱང་ཞབས་ལ་གཏུགས། གཞན་ཡང་དགེ་བའི་བཤེས་གཉེན་རིན་ཆེན་སྒང་པ། ལྷ་འབྲི་སྒང་པ། འདུལ་འཛིན་ཐག་མ་བ་སོགས་བསྟན་པ་ཡོངས་རྫོགས་འཛིན་པའི་དགེ་བའི་བཤེས་གཉེན་ཡང་མང་དུ་བྱུང་ངོ་། །ཚོགས་པ་ཡང་མང་དུས་སུ་ཉིས་སྟོང་ལྷག་ཙམ་འདུས། ཕུ་ཆུང་བའི་རྟེན་འབྲེལ་དེ་ཡང་མཁས་པའི་ཚད་ཅིག་མཁྱེན། བསླབ་ཕྱོགས་དང་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མཁས་པའི་ཚད་ཅིག་མཁྱེན། ལན་ཅིག་བརྒྱད་སྟོང་འགྲེལ་ཆེན་ཞིག་གསུངས་པས་སྐབས་དང་པོ་གཅིག་པུ་ལ་ཟླ་བ་གསུམ་སོང་གསུངས་སོ། །བདག་ཉིད་ཆེན་པོ་འདི་སྤྲུལ་པའི་སྐུར་ཡང་གྲགས་ཏེ། དེ་དུས་ཕན་ཡུལ་དུ་ནད་ཡམས་ཆེན་པོ་བྱུང་བས་མི་མང་པོའང་ཤི། དེ་ནས་མི་མ་ཡིན་རྣམས་སྣེའུ་ཟུར་དུ་འགྲོ་བར་བརྩམས་པ་ན་ནམ་མཁའ་ལས། དེ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྲུལ་པ་ཡིན་ནོ་བྱ་བའི་སྒྲ་བྱུང་བས་མི་མ་ཡིན་རྣམས་ཕྱིར་ལོག་སྟེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྲུལ་པར་ཡང་གྲགས་སོ། །དེ་ལྟར་དགེ་བའི་བཤེས་གཉེན་སྣེའུ་ཟུར་པས་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་ནས་སྐུ་དངོས་ཀྱི་གདུལ་བྱ་རྣམས་ཕལ་ཆེར་རྫོགས་ཏེ་ཞིང་གཤེགས་པ་ལ་ཉེ་བ་ན་ཆོས་ཤིག་གནང་བའི་དུས་སུ་བྱང་ཤར་མཚམས་དེར་བྲག་བརྡབས་པ་འདྲ་པའི་སྒྲ་ཆེན་པོ་དང་། འོད་དང་ས་གཡོ་བ་ལ་སོགས་པའང་བྱུང་། དེ་ནས་སྐུ་ཁམས་ཅུང་ཟད་ལྟེམ་པ་ཅིག་བྱུང་བ་ལ་ཉེ་གནས་དཔོན་རྡོག་ཆུང་བ་བྱ་བ་སྣེའུ་ཟུར་པ་ཇི་སྐད་གསུང་བ་བཞིན་སྒྲུབ་པ་ཅིག་ཡོད་པ་དེས་ལྷ་རྗེ་ཡེ་འབྱུང་བྱ་བའི་སྨན་པ་ཅིག་བོས་ནས་སྦྱོང་ཆུང་ཅིག་བྱས་པས་འཕྲོ་མ་ཆོད་ནས་སྐུ་ཤེད་དེ་ཞན་ཙམ་བྱུང་། ནམ་མཁའ་ལས་བདུད་རིགས་ཀྱི་ཡི་དྭགས་མིང་འདི་ཞེས་བྱ་བས་དགེ་བཤེས་ཀྱི་ཐུགས་དམ་ལ་བར་ཆད་བྱེད་པ་འདུག་པས་བཟླས་པ་གྱིས་བྱ་བའི་སྒྲ་སྤྱན་སྔར་བཞུགས་པ་རྣམས་ཀྱིས་ཀྱང་ཚོར་བར་བྱུང་བས། ཁྱེད་རྣམས་ཀྱིས་སྔགས་རིང་དེ་ལ་མིང་སྤེལ་ཆུག་ལ་བཟླས་པ་གྱིས་གསུང་བས་དགེ་འདུན་རྣམས་ཀྱིས་བཟླས་པ་བྱས། དེ་ནས་ཞག་བདུན་སོང་བ་ན་སྨན་པ་གཅིག་དང་ཚུལ་ཁྲིམས་འོད་ཟེར་གཉིས་ཞབས་དྲུང་ན་ཡོད་དུས་སྐྱིལ་ཀྲུང་ལམ་གྱི་མཛད་ནས་ཐུགས་དམ་དུ་ལྷན་གྱིས་སོང་། ཁོང་གཉིས་ཀྱིས་བལྟས་པས་ཞལ་ཀོ་ཕྱང་གིས་སོང་བྱུང་ཙ་ན་སྤྱི་བོ་ནས་ཡར་ལ་འོད་འཇག་མ་ཙམ་ཞིག་དཀར་ནར་གྱིས་སོང་། ཕྱི་ན་ཡོད་པ་ཀུན་གྱིས་སྦ་ལྕག་ཙམ་དཀར་ནར་ནར་མཐོང་། དེ་ཇེ་ཆེ་ལ་སོང་ནས་ནམ་མཁའ་ལ་འོད་རྫ་མ་ཙམ་ཞིག་ཏུ་སོང་བ་ཞིག་བྱུང་ངོ་། །དེ་ལྟར་དགེ་བའི་བཤེས་གཉེན་སྣེའུ་ཟུར་པ་དེ་དགུང་ལོ་བདུན་ཅུ་རྩ་བདུན་པ་ 1138 ས་ཕོ་རྟའི་ལོ་ལ་ཞིང་གཤེགས་ཏེ་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་ཕེབས་སོ། །སློབ་མ་རྣམས་ཀྱིས་སྤུར་གང་དུ་སྦྱོང་སྙམ་པ་ལ་སྤུར་ལ་འཇའ་གཅིག་ཟུག་པའི་སྣེ་མོ་ཤོད་དེ་ན་ཞིང་གཅིག་ཡོད་པའི་སྟེང་དུ་ཟུག་དེར་འོད་གཡུལ་ཐང་ཙམ་ཞིག་ཞག་གཉིས་གསུམ་དུ་བྱུང་བས། དགེ་བཤེས་ཉིད་ཀྱི་བསྟན་པ་ཡིན་ཏེ་འོང་སྙམ་ནས་དེར་སྤུར་སྦྱངས་པའི་དུས་ཉི་མའི་དཀྱིལ་འཁོར་གྱི་དབུས་ནས་འོད་ཟེར་ཅིག་བྱུང་བ་སྤུར་ཁང་ལ་ནར་གྱིས་ཟུག་པས་གདུགས་ཀྱི་ཡུ་བ་འདྲ་བ་ཅིག་བྱུང་། ཉི་མ་དེ་ལ་སྤྲིན་སྲས་སེ་བ་ཅིག་བྱུང་བས་འཇའ་ཚོན་གདུགས་འདྲ་བས་བསྐོར་བའང་བྱུང་། སྤུར་ཁང་གི་ཁྲིའི་ཟུར་བཞི་ལ་འཇའ་ཚོན་འཕྱར་དར་འདྲ་བ་བཞི་དང་། གཞན་ཡང་འཇའ་ཚོན་འཕན་འདྲ་བ་དང་རྒྱལ་མཚན་འདྲ་བ་མང་པོའང་བྱུང་། དེའི་དུས་སུ་ལྷ་བཀའ་གདམས་པ་དེ་ཞབས་ཏོག་ཀྱང་ཆེ། མི་ཡང་ཆེ་བས་མང་བསྐོལ་ཞིག་བྱས་ནས་འདི་ལ་རྟེན་ཁྱད་པར་ཅན་བྱོན་འོང་བས། དེ་བྱོན་ན་འམ་བུ་ལ་ཐུགས་ལ་འདོགས་པར་ཞུ་ཟེར་ནས་སྤྱི་ཞུས་བྱས། གདུང་རྣམས་གདན་དྲངས་པའི་དུས་སུ་དགོན་པ་བས་ཕྱག་གཡས་པ་བཞག་པའི་རྗེས་ཀྱི་དབུ་ཐོད་དེ་ལྷ་བཀའ་གདམས་པ་ལ་ཕུལ་བས་དངུལ་གྱི་གདུང་རྟེན་ཞིག་བཞེངས། ཕྱིས་འབྲི་སྒང་ནས་གདན་དྲངས་ཏེ་དོན་སྟེང་གི་གདུང་རྟེན་ཆེན་མོའི་ནང་ན་བཞུགས། ཕྱག་མཉལ་སྨད་གསེར་ཕྱེ་འབུམ་པའི་ནང་ན་བཞུགས་པར་གྲགས། ཞལ་ཀོ་རིན་ཆེན་སྒང་གི་མཆོད་རྟེན་ནང་ན་བཞུགས། གཞན་ཡང་རིང་བསྲེལ་དཔག་ཏུ་མེད་པ་བྱོན་ནོ། །དེས་ན་བྱང་ཆུབ་ལམ་རིམ་ལ་བློ་སྦྱོང་བར་འདོད་པ་རྣམས་ཀྱིས་དགེ་བའི་བཤེས་གཉེན་སྣེའུ་ཟུར་པ་ལ་གསོལ་བ་འདེབས་ཤིང་གསོལ་བ་བཏབ་ན་སེམས་རྒྱུད་ལས་སུ་རུང་བ་དང་། དབེན་པར་སྒྲུབ་ཚུགས་ཟིན་པ་དང་། སྒྲུབ་པ་བྱེད་པ་ལ་མི་མ་ཡིན་གྱི་བར་ཆད་མི་འབྱུང་བ་དང་། ལྷག་པར་ཀླུ་ནད་ཞི་བ་ལ་ཤིན་ཏུ་བསྔགས་སོ། །གཙོ་བོར་ནི་བདག་ཉིད་ཆེན་པོ་འདིའི་མཛད་པ་རྣམ་ཐར་རྣམས་དྲན་པར་བྱས་ལ་སྤྱིར་སྐྱེ་བོ་མང་པོ་དང་བསྲེ་བསླད་མི་བྱ་བ་དང་། ལྷག་པར་གྲོང་ཁྲོད་དུ་རྒྱུ་བ་སྤངས་ཏེ་དབེན་པའི་གནས་སུ་ལམ་གྱི་རིམ་པའི་ཉམས་ལེན་མཐར་ཕྱིན་པ་ཞིག་བྱའོ།། །།

 

ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།