ཇོ་བོ་རྗེའི་ངོ་མཚར་བའི་གཏམ་བརྒྱ་རྩ་བརྒྱད།

ཇོ་བོ་རྗེའི་ངོ་མཚར་བའི་གཏམ་བརྒྱ་རྩ་བརྒྱད།

ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་ལས[1]། ཇོ་བོའི་ཆེ་བ་བརྒྱ་རྩ་བརྒྱད་ནི། ༡ སྐུ་ཚེ་སྔ་མ་ཇི་ལྟར་འཁྲུངས་པའི་ཆེ་བ་དང་། ༢ ལོངས་སྤྱོད་དང་རིགས་ཕུན་སུམ་ཚོགས་པའི་ཆེ་བ། ༣ རང་གི་ལྷག་པའི་ལྷས་བྱིན་གྱིས་བརླབས་པའི་ཆེ་བ། ༤ འཁོར་བས་ཡིད་བྱུང་སྟེ་རྒྱལ་སྲིད་ལ་མ་ཆགས་པའི་ཆེ་བ། ༥ སྔོན་བཟོད་པ་བསྒོམས་པའི་འབྲས་བུས་སྐུ་ལྟ་བས་ཆོག་མི་ཤེས་པའི་ཆེ་བ། ༦ རྣམ་འཚེ་སྤངས་པས་སྙུན་དང་བྲལ་བའི་ཆེ་བ། ༧ སྤྱོད་ལམ་རྣམ་བཞིའི་ཉེས་པས་མ་གོས་པའི་ཆེ་བ། ༨ ལོངས་སྤྱོད་ཀྱིས་མི་ཕོངས་པའི་ཆེ་བ། ༩ ཡོ་བྱད་ཆུད་མི་གཟོན་པའི་ཆེ་བ། ༡༠ དགེ་བའི་རྩ་བ་ཆུད་མི་ཟ་བའི་ཆེ་བ།

 

༡༡ རིག་གནས་ཐུན་མོང་བ་ལ་མཁས་པའི་ཆེ་བ། ༡༢ རིགས་མཆོག་ཏུ་གྱུར་པས་ཐོག་མར་རྡོ་རྗེ་ཐེག་པར་ཞུགས་པའི་ཆེ་བ། ༡༣ རྒྱུད་སྡེ་བཞི་ལ་མཁས་པའི་ཆེ་བ། ༡༤ རང་བཞིན་གྱི་རྣལ་འབྱོར་མས་བྱིན་གྱིས་བརླབས་པའི་ཆེ་བ། ༡༥ བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་པའི་ཆེ་བ། ༡༦ རྫོགས་པའི་རིམ་པ་ལ་མངའ་བརྙེས་པའི་ཆེ་བ། ༡༧ དཔལ་ཧེ་རུ་ཀས་རབ་ཏུ་བྱུང་བར་བསྐུལ་བའི་ཆེ་བ། ༡༨ བཅོམ་ལྡན་འདས་ཉིད་ཀྱིས་རབ་ཏུ་འབྱུང་བར་བསྐུལ་བའི་ཆེ་བ། ༡༩ སོ་སོ་ཐར་པའི་བསྟན་པའི་སྒོར་རྫོགས་པར་ཞུགས་པའི་ཆེ་བ། ༢༠ ནང་རིག་པའི་བསྟན་བཅོས་སྡེ་སྣོད་གསུམ་ལ་མཁས་པའི་ཆེ་བ། ༢༡ ལྷག་པར་ཐེག་པ་ཆེན་པོའི་གཞུང་ལ་མཁས་པའི་ཆེ་བ། ༢༢ དམ་པའི་ཆོས་ཀྱི་ཕྱིར་དཀའ་བ་སྤྱད་པའི་ཆེ་བ། ༢༣ གཞན་ཕན་བདེ་ལ་འགོད་པའི་བྱམས་པ་དང་ལྡན་པའི་ཆེ་བ། ༢༤ སྙིང་རྗེ་ཆེན་པོ་དང་ལྡན་པའི་ཆེ་བ། ༢༥ ལྷག་པའི་བསམ་པས་གཞན་དོན་གྱི་ཁུར་ཁྱེར་བའི་ཆེ་བ། ༢༦ བདག་གཞན་མཉམ་པར་གཟིགས་པའི་ཆེ་བ། ༢༧ སྦྱིན་པ་ལ་ཉེ་རིང་མེད་པའི་ཆེ་བ། ༢༨ ཉེས་པ་ཕྲ་མོས་ཀྱང་མ་གོས་པའི་ཚུལ་ཁྲིམས་དང་ལྡན་པའི་ཆེ་བ། ༢༩ མི་མཐུན་པའི་རྐྱེན་གྱིས་སྒུལ་མི་ནུས་པའི་བཟོད་པ་དང་ལྡན་པའི་ཆེ་བ། ༣༠ བཟོད་པའི་རྒྱུ་ཆོས་བརྒྱད་མགོ་སྙོམས་པའི་ཆེ་བ། ༣༡ བརྩོན་འགྲུས་ཆེན་པོས་ཡེ་ཤེས་ཀྱི་ཚོགས་གསོག་པའི་ཆེ་བ། ༣༢ བསོད་ནམས་ཀྱི་ཚོགས་གསོག་པའི་ཆེ་བ། ༣༣ ནམ་མཁའ་རྣམ་པར་དག་པ་ལྟ་བུའི་མཉམ་གཞག་ལ་གནས་པའི་ཆེ་བ། ༣༤ རྗེས་ཐོབ་ཏུ་ལྷ་སྐུ་སྒྱུ་མ་ལྟ་བུ་ལས་མ་གཡོས་པའི་ཆེ་བ། ༣༥ ཟབ་གསལ་ཐོགས་པ་མེད་པའི་ཤེས་རབ་དང་ལྡན་པའི་ཆེ་བ། ༣༦ གཞན་ལྟ་བ་ངན་པའི་འཆིང་བ་ལས་གྲོལ་བར་མཛད་པའི་ཆེ་བ། ༣༧ བརྒྱུད་ལྡན་གྱི་བླ་མ་ཇི་ལྟར་བསྟེན་པའི་ཆེ་བ། ༣༨ ཟབ་མོའི་ལྟ་བ་ལ་གཞན་དྲིང་མི་འཇོག་པའི་ཆེ་བ། ༣༩ བསྟན་བཅོས་རྩོམ་པ་ལ་དབང་བའི་ཆེ་བ། ༤༠ སོ་སོ་ཐར་པའི་སྡོམ་པ་མཆོག་དང་ལྡན་པའི་ཆེ་བ། ༤༡ བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའི་ཆེ་བ། ༤༢ གསང་སྔགས་ཀྱི་སྡོམ་པ་དང་ལྡན་པའི་ཆེ་བ། ༤༣ སྒྲུབ་པའི་ཡོན་ཏན་ལ་སྤྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོའི་ཞལ་གཟིགས་པའི་ཆེ་བ། ༤༤ ཁྱད་པར་ཡི་དམ་གྱི་ལྷ་དྲུག་གིས་བྱིན་གྱིས་བརླབས་ཤིང་རྗེས་སུ་གཟུང་བའི་ཆེ་བ། ༤༥ སྦྱིན་པའི་ཞིང་མཆོག་ཏུ་ལུང་བསྟན་པའི་ཆེ་བ། ༤༦ བྱང་ཆུབ་སེམས་ཉིད་ཐུགས་དམ་གྱི་མཐིལ་དུ་མཛད་པའི་ཆེ་བ། ༤༧ བྱམས་པ་ཆེན་པོས་གནོད་ལན་དུ་ཕན་འདོགས་མཛད་པའི་ཆེ་བ། ༤༨ རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང་ལྡན་པའི་ཆེ་བ། ༤༩ ལྷའི་རྣ་བ་དང་ལྡན་པའི་ཆེ་བ། ༥༠ གཞན་གྱི་སེམས་ཤེས་པའི་ཆེ་བ། ༥༡ སྔོན་གྱི་གནས་རྗེས་སུ་དྲན་པའི་ཆེ་བ། ༥༢ ལྷའི་མིག་དང་ལྡན་པའི་ཆེ་བ། ༥༣ ཕྱི་རོལ་པའི་སྨྲ་བ་ངན་པ་ཚར་བཅད་པའི་ཆེ་བ། ༥༤ སྟོན་པའི་འཁོར་རྣམ་བཞིའི་གཙུག་གི་ནོར་བུ་ལྟ་བུར་གྱུར་པའི་ཆེ་བ། ༥༥ སྡེ་པ་བཅོ་བརྒྱད་ཀྱི་ལུང་ལེན་པ་དང་ཐེ་ཚོམ་གཅོད་པར་གྱུར་པའི་ཆེ་བ། ༥༦ བསྟན་པ་འཛིན་པའི་ཆེ་བ། ༥༧ བསྟན་པ་བསྲུང་བར་མཛད་པའི་ཆེ་བ། ༥༨ བསྟན་པ་སྐྱོང་བར་མཛད་པའི་ཆེ་བ། ༥༩ བསྟན་པའི་བདག་པོར་མངའ་གསོལ་བའི་ཆེ་བ། ༦༠ འཛམ་བུ་གླིང་གི་རྒྱན་དུ་གྱུར་པའི་ཆེ་བ། ༦༡ བསྐལ་པ་བཟང་པོའི་སངས་རྒྱས་སུ་ལུང་བསྟན་པའི་ཆེ་བ། ༦༢ ཐུབ་པའི་དབང་པོ་ཉིད་དང་དབྱེར་མེད་པའི་ཆེ་བ། ༦༣ འཇིག་རྟེན་དབང་ཕྱུག་གིས་བོད་ཡུལ་དུ་འབྱོན་པར་བསྐུལ་བའི་ཆེ་བ། ༦༤ ཇོ་མོ་སྒྲོལ་མས་བོད་དུ་འབྱོན་པར་བསྐུལ་བའི་ཆེ་བ། ༦༥ བླ་མས་བོད་དུ་འབྱོན་པར་ལུང་བསྟན་པའི་ཆེ་བ། ༦༦ ཇོ་བོ་ཉིད་ཀྱིས་ཀྱང་དགོངས་པ་ལུང་བསྟན་པའི་ཆེ་བ། ༦༧ ཇོ་མོ་སྒྲོལ་མས་བོད་ཡུལ་དུ་འབྱོན་པར་ལུང་བསྟན་པའི་ཆེ་བ། ༦༨ རང་བཞིན་གྱི་རྣལ་འབྱོར་མས་ལུང་བསྟན་པའི་ཆེ་བ། ༦༩ ལུས་སྲོག་ལ་ཡང་མི་ལྟ་བར་ཐུགས་རྗེ་ཆེན་པོས་གཟིགས་པའི་ཆེ་བ། ༧༠ གནས་གཞི་གཙུག་ལག་ཁང་བཞེངས་པའི་ཆེ་བ། ༧༡ གསང་སྔགས་སྒྲ་ཇི་བཞིན་པར་བཟུང་སྟེ་རྩིང་ཆོས་སུ་བྱེད་པ་ཚར་བཅད་པའི་ཆེ་བ། ༧༢ འདུལ་བ་ལ་རང་བཟོ་བྱེད་པ་ཚར་བཅད་པའི་ཆེ་བ། ༧༣ ལྟ་བ་ངན་པ་ཚར་བཅད་པའི་ཆེ་བ། ༧༤ མི་མ་ཡིན་ཚར་བཅད་པའི་ཆེ་བ། ༧༥ མི་མ་ཡིན་གྱིས་བྱིན་གྱིས་བརླབས་པ་ཚར་བཅད་པའི་ཆེ་བ། ༧༦ མུ་སྟེགས་ངན་པའི་བར་ཆད་ཀྱིས་མི་ཚུགས་པའི་ཆེ་བ། ༧༧ ཆོམ་རྐུན་པས་མ་ཚུགས་པའི་ཆེ་བ། ༧༨ གཞན་གྱི་སྡིག་རྐྱེན་མི་མཛད་པར་བདེ་བའི་སར་གཤེགས་པའི་ཆེ་བ། ༧༩ ཕན་གནོད་ཀྱི་ཞིང་ཁྱད་པར་ཅན་དུ་གྱུར་པའི་ཆེ་བ། ༨༠ གནས་དང་གང་ཟག་ལུང་བསྟན་པའི་ཆེ་བ། ༨༡ ས་གཞི་བྱིན་གྱིས་བརླབས་པར་གྱུར་པའི་ཆེ་བ། ༨༢ གཞན་གྱིས་ཇི་ལྟར་ཞུས་པ་བཞིན་རེ་བ་སྐོང་བའི་ཆེ་བ། ༨༣ སློབ་མའི་སྒོམ་གེགས་སེལ་བར་མཛད་པའི་ཆེ་བ། ༨༤ སྒོམ་ལ་བསྔགས་པ་མཛད་པའི་ཆེ་བ། ༨༥ ཆེ་ཆོས་སྤངས་ཏེ་དམན་པ་རྣམས་ལ་ལྷག་པར་བརྩེ་བའི་ཆེ་བ། ༨༦ བསམ་ཡས་སུ་ངོ་མཚར་བའི་མཛད་པ་བསྟན་པའི་ཆེ་བ། ༨༧ ལྷ་སར་ངོ་མཚར་བའི་མཛད་པ་མང་དུ་གཟིགས་པའི་ཆེ་བ། ༨༨ སྙེ་ཐང་དུ་བྱམས་འཇམ་དབྱངས་ཆོས་ཀྱི་བགྲོ་བ་མཛད་པ་གཟིགས་པའི་ཆེ་བ། ༨༩ ཆེ་རྒུ་མཐའ་དག་གིས་ཞབས་ལ་གཏུགས་པའི་ཆེ་བ། ༩༠ ལྷའི་ལྷར་གྱུར་པའི་ཆེ་བ། ༩༡ བོད་འབངས་ཐམས་ཅད་ཀྱིས་མཆོད་ཅིང་བསྙེན་བཀུར་བའི་ཆེ་བ། ༩༢ མཚན་ཙམ་གྱིས་ཀྱང་བསྟན་པ་ལ་ཕན་པར་གྱུར་པའི་ཆེ་བ། ༩༣ བླ་མའི་བཀའ་དྲིན་གསབ་པར་མཛད་པའི་ཆེ་བ། ༩༤ བོད་དུ་སྤྱིར་བསྟན་པ་གསལ་བར་མཛད་པའི་ཆེ་བ། ༩༥ གཞུང་བྱང་ཆུབ་ལམ་གྱི་སྒྲོན་མ་ལ་བརྟེན་ནས་ཐེག་པ་ཆེན་པོ་གསལ་བར་མཛད་པའི་ཆེ་བ། ༩༦ ལོ་ཆེན་རིན་ཆེན་བཟང་པོ་སྒྲུབ་པ་ལ་བཙུད་པར་མཛད་པའི་ཆེ་བ། ༩༧ ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་དར་བར་མཛད་པའི་ཆེ་བ། ༩༨ བྱང་ཆུབ་ཀྱི་སེམས་ཀྱི་སྙིང་པོ་ལེན་པ་ལ་སྦྱར་བའི་ཆེ་བ། ༩༩ སྐལ་བ་དང་ལྡན་པ་རྣམས་ལ་གདམས་པའི་ཆར་གྱིས་ཚིམ་པར་མཛད་པའི་ཆེ་བ། ༡༠༠ བསྟན་བཅོས་བསྒྱུར་བར་མཛད་པའི་ཆེ་བ། ༡༠༡ རྩོམ་པས་ཐུབ་བསྟན་གསལ་བར་མཛད་པའི་ཆེ་བ། ༡༠༢ སྐུ་གསུང་ཐུགས་ལ་ནོངས་པ་གཏན་མི་མངའ་བའི་ཆེ་བ། ༡༠༣ འབྲེལ་ཚད་དོན་ལྡན་དུ་གྱུར་པའི་ཆེ་བ། ༡༠༤ འབྲོམ་བསྟན་པའི་བདག་པོར་བྱིན་གྱིས་བརླབས་ནས་རྒྱལ་ཚབ་ཏུ་དབང་བསྐུར་བའི་ཆེ་བ། ༡༠༥ མྱ་ངན་ལས་འདའ་ཁར་ངོ་མཚར་བའི་ལྟས་གཟིགས་ཤིང་ཞལ་ཆེམས་གསུངས་པའི་ཆེ་བ། ༡༠༦ སྐུ་སྐྱེ་ཕྱི་མ་དགའ་ལྡན་དུ་ཇི་ལྟར་འཁྲུངས་པའི་ཆེ་བ། ༡༠༧ སྐུ་གདུང་ལ་ལྷའི་མཆོད་པ་རྒྱས་པར་མཛད་པའི་ཆེ་བ། ༡༠༨ རྒྱ་བོད་དུ་སློབ་མ་ཇི་ལྟར་བྱུང་བའི་ཆེ་བ་བཅས་ཨ་ཏི་ཤའི་ཡོན་ཏན་ནམ་མཁའ་ལྟར་རྒྱ་ཆེ། རྒྱ་མཚོ་ལྟར་གཏིང་ཟབ་པ་ལས་ངོ་མཚར་བའི་གཏམ་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས་ཕྱོགས་ཙམ་སྣང་བར་བྱས་པ་ཡིན་ནོ།།

དེ་དག་ཀྱང་མདོར་བསྡུས་ན་ཆེ་བའི་རིགས་སུ་སྐུ་འཁྲུངས་ཀྱང་། སྲིད་པའི་ཕུན་ཚོགས་ལ་མ་ཆགས་པར་མཁས་ཤིང་གྲུབ་པའི་བླ་མ་མང་པོ་བསྟེན། རིག་གནས་མཐའ་དག་ལ་མཁས་པར་སྦྱངས། བསླབ་པ་གསུམ་དང་བྱང་ཆུབ་ཀྱི་སེམས་ལ་ཉམས་ལེན་དང་ཐུགས་དམ་གྱི་མཐིལ་དུ་མཛད་པས། ཡི་དམ་མང་པོའི་ཞལ་གཟིགས་ཤིང་། མངོན་པར་ཤེས་པ་རྒྱ་ཆེན་པོ་ཐུགས་ལ་འཁྲུངས། འཕགས་པའི་ཡུལ་གྱི་གཙུག་གི་ནོར་བུར་གྱུར་པའི་སྐབས་སུ། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་སྤྱན་དྲངས་ཤིང་། ཡི་དམ་གྱི་ལྷ་མོས་ཀྱང་ལུང་བསྟན་པས། ཁ་བ་ཅན་གྱི་རྒྱལ་ཁམས་སུ་བྱོན་ཏེ་གདུལ་བྱ་མ་ལུས་པ་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་འགོད་པར་མཛད་ནས། ཉིད་ཀྱི་བསྟན་པ་འབྲོམ་ལ་གཏད་དེ་དགའ་ལྡན་གྱི་གནས་སུ་གཤེགས་པར་མཛད་དོ་ཞེས་བྱ་བ་ཡིན་ཏེ། དཔལ་ཕག་མོ་གྲུ་པས།

རྒྱལ་སྲིད་མཆིལ་མའི་ཐལ་བ་ལྟ་བུར་སྤངས། །

རིག་འབྱུང་མཁས་པའི་སློབ་གྲྭ་ན་ལེནྡྲར། །

གཙུག་གི་ནོར་བུ་ལྔ་བརྒྱའི་ཐམས་ཅད་མཁྱེན། །

བསླབ་གསུམ་རིན་ཆེན་ཐོད་བཞིན་སྤྱི་བོས་བཀུར། །

 

བྱང་ཆུབ་སེམས་མཆོག་རབ་སྦྱངས་གཞན་དོན་མཛད། །

ཇོ་མོས་ལུང་བསྟན་ཁ་བ་ཅན་དུ་བྱོན། །

དད་ལྡན་སྐྱེ་བོ་ངེས་ལེགས་གཉིས་ལ་བཀོད། །

དཔལ་ལྡན་ཨ་ཏི་ཤ་ལ་ཕྱག་འཚལ་ལོ། །

ཞེས་བསྟོད་པ་ལྟར་རོ། །དེ་ལྟར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་རྒྱས་པར་མཁྱེན་པར་འདོད་ན་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེར་གོང་གསལ་ཇོ་བོ་ཉིད་ཀྱི་ཆེ་བའི་ཡོན་ཏན་བརྒྱ་རྩ་བརྒྱད་བརྗོད་པའི་སྐབས་གསུམ་པར་ཆེ་བ་རེ་རེའི་འགྲེལ་པ་ཞིབ་རྒྱས་སུ་གསལ་བ་ལྟར་གཟིགས་པར་འཚལ་ལོ།།

ཟུར་འདོན་ཞུ་བ་པོ་ནི། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་རྣམ་ཐར་ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལོ།།

[1] བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༥༢ ནས་  ༡༢༩ བར།

བརྒྱུད་སྐུལ།

མཆན་སྤེལ།