གསང་སྔགས་བསྟན་པའི་གདན་ས་དཔལ་ལྡན་སྲད་རྒྱུད་དགའ་ལྡན་ཕོ་བྲང་།

   རིགས་གསུམ་གཅིག་འདུས་གངས་ཅན་མཁས་པའི་རྒྱན། 

      མཉམ་མེད་ཙོང་ཁ་པ་ཡི་ཐུགས་ཀྱི་སྲས།

     གསང་བསྔགས་བླ་མེད་སྟོན་པར་མངའ་གསོལ་བའི། 

   རྗེ་བཙུན་ཤེར་བཟང་རྒྱུད་པར་བཅས་ལ་འདུད། 

  གང་དེའི་མཛད་པ་རྨད་བྱུང་རྒྱ་མཚོ་ལས།

  སྲད་རྒྱུད་གྲྭ་ཚང་ནོར་བུའི་ལྟོ་བ་ནས།

 སྙིགས་དུས་འགྲོ་བའི་ནད་ཀྱི་གདུང་སེལ་དུ།

 ངོ་མཚར་ཆུ་མིག་བདུད་རྩིའི་བཅུད་དུ་འཁྲུངས།། 

དེ་ཡང་གཙང་ཕྱོགས་གཞིས་རྩེ་གྲོང་ཁྱེར་ནས་ལྷོ་ནུབ་ཕྱོགས་སུ་སྣར་ཐང་བརྒྱུད་ཆུ་མིག་ནས་གམ་པའི་བར་གྱི་སྣུམ་ནག་གཞུང་ལམ་ཐོག་སྤྱི་ལེ ༦༨ ཙམ་བསྐྱོད་པའི་གནས་སུ་ཆགས་པའི་གསང་སྔགས་བསྟན་པའི་གདན་ས་དཔལ་ལྡན་སྲད་རྒྱུད་དགའ་ལྡན་ཕོ་བྲང་གི་ལོ་གྱོན་མའི་སྒྲུབ་ཆུའི་འབྱུང་བ་དང་ཕན་ཡོན་ཅུང་ཟད་བརྗོད་པར་བྱ་བ་ལ།    དགོན་པ་འདི་ཉིད་ཐོག་མར་སྤྱི་ལོ༡༤༣༠ ལོར་རི་བོ་དགེ་ལྡན་པའི་ཤིང་རྟའི་སྲོལ་འབྱེད་མཉམ་མེད་ཙོང་ཁ་པ་ཆེན་པོའི་སྲས་ཀྱི་ཐུ་བོ་རྗེ་ཉིད་ཀྱིས་གསང་ཆེན་བསྟན་པའི་རྒྱུད་འཛིན་དུ་མངའ་གསོལ་བའི་རྗེ་བཙུན་ཤེས་རབ་སེང་གེ་དང་ཁོང་གི་དངོས་སློབ་འདུལ་ནག་དཔལ་ལྡན་བཟང་པོ་ཡབ་སྲས་ཀྱིས་ཕྱག་བཏབ་གནང་བ་ཞིག་རེད།

 

སྐབས་བབས་བརྗོད་དོན་དངོས་ལོ་གྱོན་མའི་སྒྲུབ་ཆུར་གྲགས་པ་འདི་ནི་གཙང་ཕྱོགས་དབང་ལྡན་གྱི་གནས་བུམ་དུ་སྤྱི་ལོ ༡༦༠༢ ལོར་སྐུ་འཁྲུངས་པའི་རྒྱུད་ཆེན་རྡོ་རྗེ་འཆང་དཀོན་མཆོག་ཡར་འཕེལ་མཆོག་ནས་སྤྱི་ལོ ༡༦༥༠ ལོ་སྐོར་དུ་གཏེར་དུ་བཏོན་པའི་སྒྲུབ་ཆུ་ཞིག་ཡིན།

 

སྐབས་དེར་ཇ་དཔོན་ཞིག་ཡོད་པ་དེ་ཡིད་མུག་པའི་སྒོ་ནས་ལུས་ཀྱི་ཤ་སྐམ་པ་དང་ཤིག་མང་པོ་བརྒྱབ་པ་སོགས་སེམས་ནད་ཆེན་པོས་མནར་བའི་སྣང་ཚུལ་དེ་རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་མཆོག་ཀྱིས་མཁྱེན་ནས་ཇ་དཔོན་དེར་བཀའ་འདྲི་གནང་སྐབས་ཇ་དཔོན་ནས་ཞུས་པ།  བདག་ལ་སེམས་ནད་གཞན་གང་ཡང་མི་འདུག   འོན་ཀྱང་དགེ་འདུན་པའི་ཚོགས་ཆུ་མི་འདང་བའི་དཀའ་ངལ་འདིས་ཁོ་བོར་རྒྱུན་དུ་དཀའ་ངལ་བཟོ་བཞིན་འདུག་ཞུས་པས།    དེར་བླ་མས་ངས་ཁྱེད་ཀྱི་དཀའ་ངལ་དེ་སེལ་རོག་བྱས་ཆོག   ཁྱོད་ཀྱིས་ངའི་གདན་དེ་ཁྱེར་ཤོག་གསུངས།   ཇ་དཔོན་གྱིས་བླ་མའི་བཞུགས་གདན་ཐབ་གཞུག་ཏུ་བཏིང་མ་ཐག་བཞུགས་གདན་འོག་ནས་ཆུ་འཛིར་འཛིར་དོན་བྱུང་བས་བླ་མས་འདིར་ཆུ་མིག་བཏོན་ན་བཙོག་སྐྱོན་ཤོར་སླ་བས་མི་རུང་་གསུངས་ནས་དགོན་པའི་རྡོ་གཅལ་གྱི་ཤར་མཚམས་བྲག་སྟེང་དུ་བཞུགས་གདན་བཏིང་བ་དང་བླ་མ་བཞུགས་པ་ཙམ་གྱིས་ཆུ་མིག་འདིར་རྡོལ་བ་ཡིན།   

གཞན་ཡང་དགོན་པའི་རྒྱབ་རི་བདེ་མཆོག་ཅེས་གྲགས་པ་འདི་ཉིད་ལོ་གྱོན་མའི་སྐུའི་དབྱིབས་དང་མཚུངས་ཤིང་དགོན་པའི་གཡས་སྟོད་དུ་འདུལ་ནག་དཔལ་ལྡན་བཟང་པོའི་སྒྲུབ་ཁང་ཞིག་ཡོད་པའི་གཡས་གཡོན་དུ་ཤིང་སྡོང་རེ་རེ་ཡོད་པ་དང་ཤིང་སྡོང་གི་མཚམས་ནས་ཆུ་ཐིགས་རེ་རེ་འབབ་པ་ནི་ལོ་གྱོན་མའི་འོ་འཛིན་གཡས་གཡོན་གཉིས་དང་།     ད་ལྟའི་སྒྲུབ་ཆུ་འདི་ནི་ལོ་གྱོན་མའི་བྷ་ག་ཡིན་པར་གསུངས་སོ། 

ཆུ་མིག་འདིའི་ཕན་ཡོན་ནི་བཏུང་བ་ཙམ་གྱིས་ཆམ་རིམ་དང་གཟའ་ནད།  གྲིབ་སྐྱོན།  མཆིན་ནད།      ཕོ་བ་སྨུག་པོ་སོགས་ནད་རིགས་མཐའ་དག་སེལ་བ་མ་ཟད་ཁྱད་པར་ནད་བརྒྱ་སྨན་གཅིག་མན་ངག་གི་སྨན་སྦྱོར་ཁྱད་དུ་འཕགས་པའི་ལོ་གྱོན་རིལ་བུའམ་དམར་ཆེན་རིལ་བུར་གྲགས་པ་འདིའང་སྨན་ཆུ་འདི་མེད་ན་བཟོ་ཐབས་མེད་པ་ཞིག་ཡིན།  

ལོ་གྱོན་རིལ་བུའམ་དམར་ཆེན་རིལ་བུ་འདི་ནི་སྲད་རྒྱུད་གོང་མའི་ཕྱག་ལེན་ལྟར་ལྷ་མོ་ལོ་གྱོན་མའི་གསང་ཆབ་ཀྱིས་གཙོ་བྱས་དགེ་ལྡན་པའི་བླ་མ་རྩ་ཆེན་ཁག་གི་བྱིན་རྟེན་དང་།  སྨན་རྒྱུ་སྣ་མང་གཙོ་སྦྱོར་བྱས་ཤིང་ལོ་གྱོན་མའི་སྒོ་ནས་སྨན་སྒྲུབ་ནན་ཏན་ཞུས་པའི་ལྷད་མེད་རིལ་བུ་ཞིག་ཡིན།   རིལ་བུ་འདིའི་ཕན་ཡོན་ནི་གཉན་ཚད་དང་།  ཕོ་བ་སྨུག་པོ།   མཆིན་དུག་དྲེག་གྲུམ།  མགོ་གཟེར།  གག་ལྷོག ཆམ་རིམས་སོགས་རིམས་ནད་སེལ་བའི་སྤྱི་འཇོམས་རིལ་བུ་ཞིག་ཡིན།  

མཇུག་ཏུ་སྐུ་ཉིད་ཚོགས་བསགས་སྒྲིབ་སྦྱངས་ཀྱི་གནས་ཁྱད་པར་ཅན་འདིར་ཕེབས་ཚེ།   ཚེ་འདིའི་ལུས་ཀྱི་ནད་ངན་འཇོམས་ཤིང་ཕྱི་མ་མཐོ་རིས་དང་ཐར་པ་ཐོབ་པའི་ཚོགས་དང་བསོད་ནམས་དཔག་ཏུ་མེད་པ་གསོག་ཐུབ་པ་ལགས་སོ། 

བརྒྱུད་སྐུལ།

མཆན་སྤེལ།