བོད་ཀྱི་ལོ་ཙཱ་བ་དང་དགེ་རྒན་ཆེན་མོ་མཁས་དབང་འཕྲིན་ལས་ཆོས་གྲགས་ལགས་འདས་གྲོངས་སུ་གྱུར་པ།

 

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གྱི་མཚན་གུང་ཆུ་ཚོད་༢༣།༦ ཐོག རྒྱ་ནག་གི་སྒྲུང་རྩོམ་གྲགས་ཅན་བཞིའི་ཡ་གྱལ་ཆུ་ངོགས་གཏམ་རྒྱུད་རྒྱས་པ་བོད་སྒྱུར་བྱེད་མཁན་གྱི་གྲས་མཁས་དབང་འཕྲིན་ལས་ཆོས་གྲགས་ལགས་སྙུང་གཞིའི་རྐྱེན་གྱིས་སྐུ་གྲོངས་ཡོད་པ་དང་། ད་ལྟ་དགུང་ལོ་ ༨༡ ཡིན་འདུག

 

ལོ་ཙཱ་བ་འཕྲིན་ལས་ཆོས་གྲགས་ལགས་ནི། ཕྱི་ལོ་ ༡༩༣༧ ཟླ ༢ པར་བོད་ལྗོངས་ལྷ་སར་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༨ ལོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན། དེ་སྔ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དབུ་འཛིན་དང་། སྤྱི་ཁྱབ་རྩོམ་སྒྲིག་པ། བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་གི་དབུ་འཛིན། དེ་བཞིན་བོད་རང་སྐྱོང་ལྗོངས་སྲི་གྲོས་ཀྱི་རྒྱུན་ལས་དང་། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས། བོད་ལྗོངས་དམངས་ཁྲོད་སྒྱུ་རྩལ་མཁས་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ལྷོ་ནུབ་ཁུལ་གྱི་བོད་རིག་པའི་ལས་འཛིན་པ་བཅས་ཀྱི་འགན་འཁུར་མྱོང་ཡོད་འདུག ལས་འཁྱུར་ངལ་གསོ་གནང་རྗེས་སུ་མུ་མཐུད་དུ་ཞིབ་འཇུག་གི་ཕྱག་ལས་གནང་བ་དང་སྦྲགས། བོད་ལྗོངས་སློབ་གྲྭ་ཆེན་མོའི་གདན་ཞུས་དགེ་རྒན་ཆེན་མོ་དང་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་དཔོན་ཡང་གནང་ཡོད་འདུག

ཁོང་གིས་ལོ་ངོ་ ༤༠ ལྷག་ཙམ་ནང་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་སྦྲགས། ཡིག་སྒྱུར་དང་རྩོམ་སྒྲིག་སོགས་ཀྱི་ཕྱག་ལས་མང་པོ་གནང་ཡོད་འདུག རྒྱལ་ཁབ་ཕྱི་ནང་གི་ཚགས་པར་དང་དུས་དེབ་ཐོག་ཏུ་སྲོང་བཙན་སྒམ་པོའི་ལོ་རྒྱུས་ཀྱི་མཛད་རྗེས་ཞེས་པ་དང་།  བོད་ཀྱི་གླུ་གར་ལ་རགས་ཙམ་དཔྱད་པ།  གེ་སར་རྒྱལ་པོའི་སྒྲུང་གཏམ་གྱི་རིག་གནས་ནང་དོན་དང་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས། ལྷ་སའི་ལོ་རྒྱུས་ཞེས་པ་སོགས་དཔྱད་ཞིབ་རྩོམ་ཡིག་མང་པོ་སྤེལ་མྱོང་ཡོད་པ་མ་ཟད། རྒྱ་བོད་ཚིག་མཛོད་ཆེན་མོ་རྩོམ་སྒྲིག་དང་།  ཆུ་ངོགས་གཏམ་རྒྱུད་རྒྱས་པ་ཡིག་སྒྱུར་དང་ཞུ་དག་གི་བྱ་བར་ཞུགས།  ཆུ་ངོགས་གཏམ་རྒྱུད་རྒྱས་པ་ཡིག་སྒྱུར་དང་ཞུ་དག་གི་བྱ་བར་ཞུགས་པ་དེར་རྒྱ་ནག་རྒྱལ་ཡོངས་རྒྱ་བོད་ཡིག་སྒྱུར་གྱི་བྱ་དགའ་ཨང་དང་པོ་ཐོབ་འདུག


ཁོང་གིས་བརྩམས་པའི་བོད་ཀྱི་ཡུལ་སྲོལ་རྣམ་བཤད་དང་བོད་ལྗོངས་ང་ཡི་ཕ་ཡུལ་ཞེས་པ་སོགས་དབྱིན་ཡིག་དང་།  འཇར་མན་དང་སི་པིན། ཉི་ཧོང་སོགས་ཀྱི་སྐད་ཡིག་ནང་བསྒྱུར་ཡོད་འདུག

 

བརྒྱུད་སྐུལ།

མཆན་སྤེལ།