ཧའོ་དགོན་དུ་སློབ་གཉེར་ལ་ཕེབས་པའི་བཤད་གྲྭ་བ་རྣམས་ལ་གནང་བའི་བཀའ་སློབ།

ཧའོ་དགོན་དུ་སློབ་གཉེར་ལ་ཕེབས་པའི་བཤད་གྲྭ་བ་རྣམས་ལ་གནང་བའི་བཀའ་སློབ།

༄༅།།བཤད་གྲྭ་བ་ལ་གསུང་བའི་གལ་ཆེན་མུན་ཁང་གི་སྒྲོན་མེ་ལྟ་བུའི་ངོ་མཚར་ཅན་གྱི་གསུང་སྒྲོས་ཞེས་བྱ་བ་བཞུགས་སོ།།

 

གཙང་ཧའོ་དགོན་གྱི་༧མཁན་ཆེན་བླ་མ་ཚེ་དབང་དོན་གྲུབ་མཆོག་གིས།

 

བསླབ་པ་སློབ་གཉེར་བ་རྣམས་ལ་དེ་རིང་སང་བར་ཆད་མང་དང་མང་བཞིན་པའི་གནས་སྐབས་འདིར་གྲྭ་པ་འགའ་ཞིག་གི་དགོན་པ་རུ་མ་བསྡད་པར་འགའ་ཞིག་གྲོང་ཁྱེར་ལ་སོགས་པར་འཁྱམས་ནས་བསྡད་མཁན་དང་དེ་མིན་དུས་ཚོད་ཅུང་ཙམ་ཡོད་ན་གནས་བསྐོར་སོགས་ལ་འགྲོ་གི་ཡོད་རེད། མ་གཞི་གནས་བསྐོར་ཞུ་བ་ནི་ཡག་པོ་རེད་དེ། འོན་ཀྱང་གནས་དེ་བྱིན་ཆེན་པོ་ག་ཚོད་ཡོད་ཀྱང་གནས་འདི་ངོས་འཛིན་མ་ཐུབ་པ་དང་། གནས་མཇལ་ཞུ་མ་ཤེས་པ་དང་གནས་མཇལ་གྱི་དོན་དངོས་དེ་ཧ་མ་གོ་བ་རེད།

རྒྱུ་མཚན་གང་ལ་རག་ལས་ཡོད་རེད་ཟེར་ན།དེ་ནི་ང་ཚོ་ལ་ལོ་རྒྱུས་དེ་དག་ཡག་པོ་བྱས་ནས་སྦྱོང་མ་མྱོང་བ་དང་། དེ་ནི་སློབ་སྦྱོངས་ཡག་པོ་བྱས་ནས་མ་སྦྱང་པ་དང་། དཔེ་ཀློག་མང་པོ་མ་རྒྱབ་པ་དང་།ང་རང་ཚོ་བླ་མའི་རྣམ་ཐར་ཁག་ལ་དོ་སྣང་ཡག་པོ་བྱས་མ་བྱས་པའི་སྟོབས་ཀྱིས་རེད། དེ་འདྲ་ཡིན་དུས་གནས་མཇལ་ཞུ་མཁན་རིག་གནས་མེད་པ་དང་། ཆུ་ཚད་མེད་པ་དང་། གནས་མཇལ་མ་ཤེས་པ་དང་། སྤོ་རྨོའོ་ཚོ་ལ་མགོ་སྐོར་བའི་གནས་བཤད་ཁོ་ཉན་ནས་བསྡད་པ་ཙམ་ལས། དོན་དངོས་ཀྱི་གནད་དོན་དེ་ཧ་མ་གོ་བར་ལུས་ཡོད་རེད།དོན་མ་གོ་བའི་གནད་དོན་གཙོ་བོ་ནི་གང་ཡིན་ཟེར་ན། དེ་ནི་གོང་དུ་ཞུས་པ་ལྟར་ལོ་རྒྱུས་མ་ཤེས་པ་དང་བླ་མ་གོང་མ་དག་གི་རྣམ་ཐར་ལ་ལྟ་ཀློག་མ་བྱས་པའི་སྐྱོན་རེད།དེ་འདྲ་ཡིན་དུས་ལོ་རྒྱུས་དེ་ངོ་མ་ཡིན་ནམ་ཡང་ན་རྫུན་མ་ཡིན་སྙམ་ནས་བསྡད་ཡོད་རེད། དེ་འདྲའི་ངང་ནས་ཐོམ་ཟིར་ཟིར་ལ་ཕར་ཚུར་མང་པོ་ཞིག་འགྲོ་གི་ཡོད་རེད། ད་དེར་གནད་དོན་ངོ་མ་དེ་ཞིབ་འཇུག་མ་བྱེད་པ་དང་དེ་མིན་གྱི་ལྟ་སྐོར་བཞིན་དུ་ལྟ་ཙམ་ལྟ་ཙམ་མ་གཏོགས་མེད་པ་རེད།དེ་ཡིན་དུས་བསླབ་པ་སློབ་ཉེར་བ་ཕོ་མོ་སུ་འདྲ་ཡིན་ཡང་གནད་དོན་དེ་མ་ཤེས་པར་དེ་འདྲར་འགྲོ་ན་དོན་ཅི་ཡང་མེད་པ་རེད། ཤིན་ཏུ་བཟང་བའི་བསླབ་པ་རིན་པོ་ཆེ་དེ་ལ་འབད་བརྩོན་ལྷོད་མེད་གནང་དགོས་པ་རེད། ང་རང་ཚོ་ལུས་ལ་ཆོས་གོས་རྣམ་གསུམ་གྱོན་པ་ལྟར་ནང་སེམས་པ་ཡང་ངོ་མ་ངོ་དག་གི་ཆོས་པ་ཞིག་གནང་དགོས་པ་རེད་མ་གཏོགས། དེ་མིན་གྱི་ནང་པའི་ཆོས་དང་རྒྱབ་འགལ་དུ་སོང་བའི་བྱ་བ་དེ་འདྲ་དང་། ལྷག་པར་དུ་བསླབ་པ་རིན་པོ་ཆེ་དང་འགལ་བའི་བྱ་བ་དེ་འདྲ་གཏན་ནས་མ་གོས་པ་མ་ཟད་དེ་ལ་སྲུང་སྐྱོབ་ཚུལ་ཞིན་བྱ་དགོས་པ་རེད། དེ་ལ་མཐའ་གཅིག་ཏུ་བརྩོན་ལེན་བྱ་དགོས་པ་རེད། བསླབ་པ་རིན་པོ་ཆེ་དེ་ལ་འགལ་རྐྱེན་བར་ཆད་ཀྱི་བཟོ་ལྟ་ཙམ་ཞིག་ཡོད་ཀྱང་དེ་དག་ལ་གཡོལ་གང་ཐུབ་དང་། དེ་ལ་ཟུར་གང་ཐུབ་ཅིག་བྱ་དགོས་པ་རེད། ཐབས་ལམ་གཞན་ཡང་དག་པ་ཞིག་བཙལ་ནས་མདོར་ན་ཉོན་མོངས་པའི་དགྲ་ལ་ནམ་ཡང་མགོ་བོ་ཞུམ་པར་མི་བྱའོ།། ཞེས་པ་ལྟར།དུས་དང་རྣམ་པ་ཀུན་ཏུ་ཉོན་མོངས་པའི་དགྲ་དེ་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱ་དགོས་པ་རེད་ལ་དེ་ལ་མགོ་ནམ་ཡང་ཞུམ་མི་དགོས་པ་ཞིག་བྱ་དགོས་པ་རེད།
ད་ང་རང་ཚོ་ཚང་མར་དགོན་པ་ཡོད་པ་ཤ་སྟག་རེད་ལ་དེ་ཡིན་དུས་དགོན་པའི་སྒྲིག་ཁྲིམས་ལ་བརྩི་སྲུངས་བྱ་དགོས་པ་དང་། ལྷག་པར་དུ་ཡང་དགོན་པའི་དབུ་ཁྲིད་དང་དེ་བཞིན་གྱི་སྐུ་ཞབས་རྒན་པ་ཚོ་ལ་གུས་བཀུར་གང་ཐུབ་གནང་དགོས་པ་རེད། ཁོང་ཚོས་ལས་ཀ་བསྐུལ་བ་མ་ཡིན་ན་ཡང་རང་སྒུལ་གྱིས་དགོན་གྱི་སྤྱི་ཕན་གྱི་ལས་ལ་གང་ཐུབ་བརྩོན་ལེན་བྱ་དགོས་པ་རེད། མདོར་ན་དེའི་སྟེང་ནས་རྣམ་པ་གང་འདྲ་ཞིག་བྱ་དགོས་པ་རེད་ཟེར་ན། དགོན་པའི་དམངས་གཙོ་བདག་གཉེར་དང་དེ་མིན་གྱི་དགོན་པའི་དོ་དམ་ཨུ་ཡོན་ཚོ་དང་དགོན་པའི་དབུ་ཁྲིད་དག་གི་བསམ་པར། ད་སྐུ་ཞབས་དེ་བཤད་གྲྭར་ཕྱིན་ནས་སློབ་སྦྱོང་ཤེས་པ་ཡིན་ས་རེད། གོ་བ་ཐེབས་ཀྱི་ཡོད་ས་རེད། ཆོས་པ་ཡག་པོ་ཞིག་ཆགས་འདུག་ཟེར་སའི་ཆོས་པ་ཞིག་གི་རྣམ་པ་ཡག་པོ་ཞིག་མངོན་ཐུབ་པ་བྱ་དགོས་པ་རེད། དེ་སྔ་ཕན་ཆད་ང་རང་ཚོ་ལ་བཀའ་ངལ་གང་འཕྲད་ཡོད་རེད་ཟེར་ན།དགོན་པའི་དབུ་ཁྲིད་དང་དམངས་བདག་དེ་བཞིན་གྱི་སྐུ་ཞབས་རྒན་པ་ཚོས་དགོན་པའི་ནང་དུ་ལས་ཀ་ག་ཚོད་ཡོད་ཀྱང་ཚང་མ་ཁོ་ཚོས་བྱས། སྲིད་གཞུང་ནས་ག་ཚོད་བཀའ་བཀྱོད་གནང་ཡང་ཁོང་ཚོས་བཟོད་སྒོམ་བྱས་ནས་ང་ཚོ་བཤད་གྲྭ་ཁག་དང་དེ་མིན་གྱི་སློབ་གཉེར་གཞན་རྣམས་ལ་བཏང་བ་རེད། ད་དེ་ནས་ང་ཚོས་སློབ་སྦྱོང་ཡག་པོ་མ་བྱས་པར་ད་དུང་དགོན་པར་སླེབས་པའི་དུས་ཁྱེད་ཚོས་གང་ཤེས་ཀྱི་མ་རེད་མདོག་མདོག་དང་ང་ཚོ་བཤད་གྲྭ་བ་ཤེས་ཡོན་ཡོད་མདོག་མདོག་བྱེད་པ་ནི་གཏན་ནས་མ་བྱུང་བ་རེད། དེ་ང་རང་ཚོའི་ནོར་འཁྲུལ་རེད། ཁོང་ཚོས་བཀའ་བཀྱོན་གནང་ཡང་བཟོད་སྒོམ་བྱ་དགོས་པ་རེད། ཁོང་ཚོས་ང་རང་ཚོ་ལོ་ཆུང་བ་ཁོ་ཚོ་སློབ་སྦྱོངས་ལ་བཏང་ནས་བསམ་ཤེས་དེ་ལས་ལྷག་པ་མེད་པ་ཞིག་གནང་བ་རེད། བཏང་བའི་དུས་ཚོད་དེ་ཡང་ཐུང་ཐུང་གཏན་ནས་མ་རེད་ལོ་དགུ་བཏང་བ་རེད་ལ་དེ་ཡང་རང་ཉིད་ལ་ཡོན་ཏན་ཡོང་བ་དང་རང་ཉིད་ལ་ཤེས་ཡོན་ཡོང་བའི་ཆེད་དུ་ཡིན་དུས་གུས་བཀུར་གང་ཐུབ་བྱ་ཞིད་དགོས་པ་རེད་ལ། ད་བཤད་གྲྭ་ཟེར་བ་དེ་ལ་ཕྱིན་ན་ངོ་མ་ཡག་པོ་ཡོད་ས་རེད། ལས་ཀ་བྱེད་སྟངས་ཡག་ཏུ་འགྲོ་གི་འདུག་ལ་སྐད་ཆ་བཤད་སྟངས་ཡག་ཏུ་འགྲོ་གི་འདུག སྤྱོད་པ་ཡག་པོ་ཞིག་ཀྱང་ཆགས་འདུག་བསམ་པ་ཞིག་བཟོ་དགོས་པ་རེད། དེ་མ་བཟོས་ན་ ང་ཚོས་ད་ཡག་པོ་མི་འདུག་ཟེར་བ་མ་ཟད་ཕྱིས་སུ་དགོན་པ་དེའི་ལོ་ཆུང་ཆུང་དེ་ཚོ་ཡང་སློབ་གཉེར་ལ་འགྲོ་བ་ལ་འགལ་རྐྱེན་བཟོས་པའི་ནང་ནས་སྡུག་ཤོས་ཁོ་བཟོས་པ་རེད། ཁོང་ཚོའི་བསམ་པར་ད་བཤད་གྲྭར་བཏང་མ་བཏང་མི་འདུག་བཤད་གྲྭར་ཕྱིན་ན་མི་སྡུག་ཏུ་འགྲོ་གི་འདུག་བསམ་པ་དེ་འདྲ་བྱས་ན་སྡིགས་པ་དང་སྡིགས་པ་མི་འདྲ་བ་བསགས་པ་རེད་ལ། སོ་སོའི་དགོན་པ་ཡག་ཐོག་ཡག་བརྩེགས་ལ་འགྲོ་བའི་འགལ་རྐྱེན་ཆེ་ཤོས་ནང་ནས་ཆེ་ཤོས་ཁོ་བཟོས་པ་རེད། དེ་མགོ་ནས་སྲིད་གཞུང་གི་ལྟས་ན་ཡང་ད་ཡག་པོ་མི་འདུག་བསམ་པ་ཞིག་བཟོས་པ་དང་མི་དམངས་ཁོ་ཚོས་ཀྱང་ད་དེ་བཤད་གྲྭར་ཕྱིན་པ་རེད་དེ་དགོན་པར་ཡག་པོ་མི་འདུག་ཟེར་གྱི་འདུག་དེ་ཡིན་དུས་བཤད་གྲྭར་ཕྱིན་ཀྱང་ཡག་པོ་ཡོད་ས་མ་རེད་བསམ་པ་བཟོས་པ་ཙམ་དུ་མ་ཟད། སྲིད་གཞུང་ཁོ་ཚོས་ཀྱང་ལྟས་ན་ཡང་ད་བཤད་གྲྭར་ཕྱིན་ན་ཡག་པོ་མི་འདུག་བསམ་པ་བཟོས་ན། གཅིག་ནས་རང་གི་འགོག་རྐྱེན་དང་གཉིས་ནས་རང་གི་དགོན་པར་ཡོད་པའི་ལོ་ཆུང་བའི་འགོག་རྐྱེན་བཟོས་པ་རེད་ལ་གསུམ་ནས་སངས་རྒྱས་བསྟན་པ་ཁྱོན་ཡོངས་ཀྱི་བཀག་རྡོ་ཁོ་ཆགས་བསྡད་ཡོད་རེད། རྒྱུ་མཚན་གང་ཡིན་ཟེར་ན། སངས་རྒྱས་བསྟན་པ་སྲུང་ཟེར་བ་ནི་ཆོས་དེ་ལ་ཐོས་བསམ་སྒོམ་གསུམ་བྱ་དགོས་པ་དེ་རེད་དེ་འོན་ཀྱང་དེ་མ་བྱས་པར་རང་ཉིད་ཀྱི་ཐོས་བསམ་སྒོམས་གསུམ་ལ་ཧྲག་ཏག་ཏག་མ་བྱས་པ་མ་ཟད་གཞན་ལོ་ཆུང་ཁོ་ཚོ་ལ་ཡང་གནོད་ཚེ་བྱེད་ཀྱི་ཡོད་པའི་མི་སྡུག་ཤོས་ཁོ་ཆགས་ཡོད་རེད་ལ་དེ་ངས་འགྲེལ་མི་དགོས་པར་ཡོངས་གྱི་མཐོང་སར་ཁྲ་ལམ་མེར་མཐོང་རྒྱུ་ཡོད་རེད། རྒྱུ་མཚན་དེ་ཡིན་དུས་རང་ཉིད་དགོན་པར་སོང་ན་ཡང་གང་ཡག་ཡག་བྱ་དགོས་པ་དང་གུས་བཀུར་གང་ཐུབ་བྱ་དགོས་པ་དང་ཁོང་ཚོས་བྱས་པའི་བྱ་བ་དེ་ལ་རིན་ཐང་ཞིག་མཐོང་ཐུབ་པ་ཞིག་དང་ཁོ་ཚོ་ལ་བཀའ་དྲིན་ཞུ་དགོས་པ་དེ་དང་ཁོ་ཚོ་དགའ་མགུ་་ཡིད་རང་བྱ་ཐུབ་པ་ཞིག་བྱས་ན་རང་སློབ་སྦྱོང་ལ་འགྲོ་བར་འགལ་རྐྱེན་མེད་པ་མ་ཟད་གཞན་ལ་ཡང་འགལ་རྐྱེན་མེད་པ་ཞིག་དང་ངོ་མ་སློབ་སྦྱོང་ལ་ཕྱིན་ན་ཡག་པོ་འདུག་བཤད་གྲྭ་ལ་ཕྱིན་ན་ཡག་པོ་འདུག་བསམ། མདོར་ན་གཞན་དགའ་མགུ་ཡིད་རང་ཐོབ་པ་ཞིག་དང་ད་དེའི་ཐོག་ནས་སངས་རྒྱས་བསྟན་པ་རྒྱུན་རིང་རུ་འགྲོ་ཐུབ་ཀྱི་རེད་ལ། དེ་མིན་གྱི་དགོན་པར་ཡོད་པ་ཁོ་ཚོས་ང་ཚོ་ལོ་ཆུང་བ་བཤད་གྲྭ་ཁག་དང་དེ་མིན་གྱི་སློབ་གཉེར་བ་གཞན་ཚོ་ལ་དཀའ་བཀྱོན་དང་ཕྱག་འཇུག་དང་བྱུང་མིན་འདུག་ཟེར་གྱི་རེད་ལ་དེ་ལ་བཟོད་སྒོམ་བྱ་དགོས་པ་རེད་ལ་བཟོད་སྒོམ་བྱེད་མཁན་བསམ་བློ་ཞིབ་ཏུ་བཏང་ན་དེ་ང་ཚོ་རེད་དང་ཁོ་ཚོ་རེད།བཟོད་སྒོམ་་བྱེད་མཁན་དེ་ང་ཚོ་རེད། རྒྱུ་མཚན་གང་ཡིན་ཟེར་ན། ང་ཚོ་སློབ་སྦྱོང་ལ་ཕྱིན་ནས་བསམ་བློ་གུ་དོག་པོ་དེ་བསིལ་ནས་རྒྱ་ཆེ་པོ་བཟོས་ནས་སྡུག་བསྔལ་དང་བཀའ་ངལ་དེ་དག་ལ་བཟོད་སྒོམ་བྱས་ན་དགེ་བའི་རྩ་བ་ཡོད་པ་དང་། ཁོང་ཚོ་ནི་བཤད་གྲྭར་འགྲོ་མ་མྱོང་བ་དང་དེ་ག་ཙམ་མ་ཡིན་པར་ཡོད་པ་དེ་ང་རང་ཚོ་སློབ་སྦྱོང་བྱས་པ་རེད་པ། སློབ་སྦྱོང་བྱས་ནས་ང་རང་ཚོས་བསམ་བློ་དེ་གུ་ཡངས་བཟོས་པ་རེད་པ། ང་རང་ཚོས་འཆིང་རྒྱ་ང་པོ་ཞིག་དཀྲོལ་བ་རེད་བ། ང་རང་ཚོ་བསམ་བློའི་འཆིང་རྒྱ་དཀྲོལ་དུ་བཏང་བ་རེད་བ། དེ་ཡིན་དུས་དགོན་པའི་དམངས་བདག་དང་དེ་མིན་སྐུ་ཞབས་རྒན་པ་ཚོས་བཀའ་བཀྱོན་དང་ཕྱག་འཇུག་དང་ཟུར་ཟ་ག་ཚོད་བྱས་ཀྱང་ལགས་སོ་ཟེར་ནས་བཟོད་སྒོམ་བྱ་དགོས་རེད་པ། ཁོང་ཚོ་ནི་སློབ་སྦྱོང་བྱེད་མྱོང་མེད་པ་དང་ཁོ་ཚོ་ནི་སློབ་སྦྱོང་ལ་རྒྱ་ཆེན་པོ་འགྲོ་མ་ཐུབ་པ་དང་། ཁོང་ཚོ་ད་བར་དུ་དགོན་པའི་ནང་དུ་བཀའ་ལས་མང་པོ་རྒྱབ་ཡོད་པ་དང་། ང་ཚོ་ནི་སློབ་སྦྱོང་བྱས་པ་རེད་པ། དེ་བཞིན་དུ་ཁོང་ཚོས་བཀའ་ལས་མང་པོ་ཞིག་རྒྱབ་རྒྱུ་ཡིན་དུས་ད་ཁོང་ཚོ་བཟོད་སྒོམ་མང་པོ་མང་པོ་བྱ་རྒྱུ་མེད་པ་རེད་ད་སྔ་ཕན་ཆད་ནས་བཟོད་སྒོམ་བྱས་པ་རེད། དེ་བཞིན་ད་ལྟ་ཕན་ཆད་ཀྱང་བྱེད་ཀི་ཡོད་རེད། དེ་ཡི་ཕྱིར་ན་ཁོང་ཚོ་ཡང་མ་སྤྲོ་བ་རེ་ཙམ་བྱུང་བ་དང་ང་ཚོས་ཀྱང་ལས་ཀ་དེ་མ་བྱུང་བ་བྱས་པའི་ཕྱིར་ན་ཁོང་ཚོས་ཀྱང་བཀའ་བཀྱོན་གནང་བ་རེད་ལ་དེ་ལ་ང་ཚོས་ལཱ་དགོངས་དག་བདག་རང་གི་ནོར་སོང་ད་ནས་བཟུང་བདག་གི་མ་ནོར་བ་བྱ་དགོས་ཞེས་ཞུ་དགོས་པ་རེད་པ། དེ་ཞུ་མ་ཐུབ་ནས་བཟུང་ག་ནས་འགྲིག་འགྲིག་གི་མ་རེད་པ། ང་རང་ཚོ་སློབ་སྦྱོང་བྱས་ནས་བསམ་བློ་གུ་ཡངས་བཟོས་པ་ཡིན་པ་དང་ང་ཚོ་ནི་ཤེས་ཡོན་ཆེ་བ་ཡིན་པ་དང་ང་ཚོ་སློབ་སྦྱོང་མང་བ་བྱས་པ་ཡིན་པ་དང་ང་ཚོ་སློབ་སྦྱོང་ལ་སྦྱོང་ལྟར་མང་བ་བྱས་པ་དེ་ཡིན་པས་ཕྱིར་ན།གང་ལྟར་ཀྱང་ང་ཚོ་ཤེས་རྒྱ་ཆེ་བ་དང་ཡོན་ཏན་ཆེ་བ་ཡིན་པ་དེ་ཡིན་པ་དང་འཇོན་ཐང་ཆེ་བ་ཡིན་པ་དང་བློ་རྒྱ་ཆེ་བ་ཡིན་པའི་རེད་པ། རྒྱུ་མཚན་གང་ཡིན་ཟེར་ན་ང་ཚོ་ནི་ཁོང་ཚོ་ལས་ཀྱང་ལམ་ཁ་དེ་ལ་རྒྱ་ཆེ་བ་ཕྱིན་པ་དང་ལམ་ཁ་དེ་ལ་མང་བ་སྦྱང་པ་རེད་པ། སྦྱང་བརྩོན་ཡང་ལོ་མང་བ་བྱས་པ་རེད་པ། སློབ་སྦྱོང་ཡང་ལོ་མང་བ་བྱས་པ་རེད་པ།དེ་ཡིན་དུས་ང་རང་ཚོ་ཤེས་བྱ་མང་བ་ཤེས་ན། ཤེས་བྱ་མེད་པ་ཁོང་ཚོ་ལས་ཀྱང་བཟོད་སྒོམ་མང་བ་བྱ་ཐུབ་པ་ཞིག་དང་ཁོ་ཚོ་ལས་ཀྱང་སེམས་ཞི་བཞིན་དུལ་བ་ཞིག་ངེས་པར་དུ་བྱ་དགོས་པ་རེད་པ། ཁོང་ཚོས་ཀྱང་ད་སློབ་སྦྱོང་ལ་ཕྱིན་ནས་ཕན་འབྲས་བྱུང་འདུག་རྒྱུ་མཚན་གང་ཡིན་ཟེར་ན་སེམས་པ་ཡང་ཞི་དུལ་ཞིག་ཆགས་པ་དང་སྤྱོད་པ་ཡང་ཡག་ཏུ་ཕྱིན་འདུག་ལ་བཟོད་སྒོམ་ཡང་ཆེ་རུ་ཕྱིན་འདུག་ལ་གུས་ཞབས་ཀྱང་ཆེ་རུ་ཕྱིན་འདུག་དམའ་བ་ཟིན་ཐུབ་པ་ཞིག་ཀྱང་ཆགས་འདུག་སློབ་སྦྱོང་ངོ་མ་བྱས་པ་ཡིན་ས་རེད་ལ་སློབ་སྦྱོང་དེ་ཡང་དེ་གང་གི་སློབ་སྦྱོང་བྱས་པ་མ་ཡིན་པར་སློབ་སྦྱོང་ནང་ནས་ནང་ཆོས་བྱས་པ་དང་དེ་ཡང་ཉམས་ལེན་དངོས་ཤིག་བསྟར་གྱི་འདུག་ཟེར་བ་ཞིག་གི་ངང་ནས་མདོར་ན་ནང་ཆོས་ཀྱི་ཁྱད་ཆོས་ལྡན་པས་སློབ་སྦྱོང་དང་ཉམས་ལེན་ཅིག་ཅར་དུ་བྱ་དགོས་པ་དང་ཁོང་ཚོའི་བསམ་པར་དེ་འདྲ་བསམ་ཐུབ་པ་བཟོས་དགོས་པ་རེད་པ།ངས་ནམ་རྒྱུན་ནས་ཞུ་གི་ཡོད། ནང་པ་སངས་རྒྱས་པའི་ཁྱད་ཆོས་ཡིན་ཞིང་གཞན་དག་ལ་མེད་པ་དེ་སློབ་སྦྱོང་དང་ཉམས་ལེན་དུས་མཉམ་དུ་བྱེད་པ་ནི་རེད་པ།ང་རང་ཚོ་ནང་པའི་སློབ་གྲྭ་དེ་ནི་སློབ་སྦྱོང་དང་ཉམས་ལེན་དུས་གཅིག་ལ་བྱ་རྒྱུ་དེ་རེད་པ།དགེ་རྒན་གི་སློབ་སྦྱོང་འཁྲིད་པ་དང་དུས་འདིར་སློབ་གསོ་འགྲོ་བ་གཉིས་ཅིག་ཅར་དུ་བྱ་དགོས་ཀྱི་ཡོད་དགོས་པ་རེད་པ། ཡོད་རེད་ཟེར་གྱི་ཡོད་རེད།དེ་མ་བྱས་ན་སངས་རྒྱས་བསྟན་པ་སྤྱིར་གནོད་པ་བྱས་པ་རེད་པ། གནོད་ཚེའི་ནང་ནས་དེ་ལས་འདུག་པ་མེད་པ་ཞིག་བཟོས་པ་རེད་པ། དེ་ནི་བཀྲ་མ་ཤིས་པ་རེད་དཔེར་ན་རྒྱ་མཚོ་ལས་མེ་འབར་བ་དང་ཉི་མ་ལས་ཆུ་བྱུང་བ་ཟེར་བའི་བཀྲ་མ་ཤིས་པའི་དཔེ་དེ་བཞིན་རེད། དེ་ཡིན་དུས་ང་ཚོས་ངན་པ་དེ་འདྲ་བྱ་མི་དགོས་པ་ཞིག་ངེས་པར་དུ་བྱ་དགོས་པ་ཞིག་རེད། དེ་ཡིན་དུས་སངས་རྒྱས་བསྟན་པ་ལ་ཕན་མ་ཐོགས་ཀྱང་གནོད་ཚེ་མེད་པ་ཞིག་ང་ཚོས་ངེས་པར་དུ་བྱ་དགོས་པ་རེད།
ད་དེ་ནས་བཤད་གྲྭ་བ་ཚོས་ནང་ལ་འགྲོ་བའི་ཚེ་ན་རང་གི་གཞས་ཞབས་བྲོ་དང་དེ་མིན་ཤོ་དང་ཤོག་ཤོ་དང་སྒྲིག་ཤོ་དང་རྒྱ་སྒྲིག་ལ་སོགས་རྒྱབ་ན་ཕ་མ་སྤུན་མཆེད་ཁོན་ཚོའི་བསམ་པར་ཨ་ཙི་དེ་འདྲ་གང་ཡིན་ན་ཁ་སང་འགྲོ་དུས་གྲྭ་པའི་རྣམ་པ་ཞིག་ཡོད་ད་དེ་རིང་ཚུར་འོང་དུས་བྱེད་མི་རུང་བ་ཚང་མ་བྱེད་མཁན་ཞིག་ཆགས་འདུག་ད་དེ་འདྲ་ཡག་ཏུ་ཕྱིན་པ་ཡིན་ནམ་ཡང་ན་སྡུག་རུ་ཕྱིན་པ་ཡིན་བསམ་པའི་གནས་ཚུལ་ངན་པ་དེ་འདྲ་བཟོ་བའི་ཉེན་ཁ་ཡོད་རེད། དེ་འདྲ་མེད་པ་ཞིག་གནང་དགོས་པ་རེད། ང་ཚོས་ཕ་མ་ཚོ་ལ་མི་ཚེ་གང་པོ་འདིར་སྡིག་པ་ཤ་སྟག་བསགས་རྒྱུ་མ་ཡིན་པར་དེ་ལས་ཟློག་ནས་ཆོས་ཕྱོགས་ལ་ཁ་ལོ་བསྒྱུར་དགོས་པ་རེད་ད་ང་རང་ཚོ་ནང་ལ་སླེབས་དུས་སྔ་དྲོ་ངལ་གསོ་རྒྱབ་ན་དགོང་དྲོ་སློབ་མཚན་འཁྲིད་ཐུབ་པ་དང་དགོང་དྲོ་ངལ་གསོ་རྒྱབ་ན་སྔ་དྲོ་སློབ་མཚན་འཁྲིད་ཐུབ་པ་མདོར་ན་རང་ཉིད་ཀྱི་ཁྱིམ་ཚང་འདིའི་མི་དེ་རྣམས་རིག་གནས་ཅན་གྱི་མི་ཞིག་ལ་ཁ་ལོ་བསྒྱུར་ཐུབ་པ་ཞིག་དང་ཆོས་ཕྱོགས་ལ་ཁ་ལོ་བསྒྱུར་ཐུབ་ནི་ངེས་པར་དུ་བཟོ་དགོས་པ་རེད་ལ་དེ་ང་རང་ཚོའི་ལམ་ཁ་ཨང་དང་པོར་ལེན་དགོས་པ་རེད་ལ།དེ་ང་རང་ཚོའི་འགན་འཁྲི་རེད་པ། རྒྱུ་མཚན་གང་ཡིན་ཟེར་ན་ཕ་མ་ཁོང་ཚོས་ང་རང་ཚོ་ལ་ཡོད་ཚད་དེ་གནང་བ་རེད་པ། དེ་ཡིན་དུས་དེ་ལ་ང་ཚོས་ཕར་ཞབས་ཞུ་གང་སྒྲུབ་དགོས་ཀྱི་ཡོད་རེད་ཟེར་ན། དེ་ནི་ཕ་མའི་བསམ་པ་ཆོས་ཕྱོགས་ལ་ཁ་ལོ་བསྒྱུར་ཐུབ་པ་དེ་ངེས་པར་དུ་བྱ་དགོས་པ་རེད། ད་དེ་མིན་གྱི་གྲྭ་པ་དགའ་ཞིག་གིས་ནང་པ་སངས་རྒྱས་པའི་ཞབས་འདྲེན་གང་བྱ་གི་ཡོད་རེད་ཟེར་ན། ཕ་མ་ཁོ་ཚོ་ལ་དངུལ་ལོར་གིས་གོས་རིགས་དང་ཟས་རིགས་སོགས་འཕུལ་ནས་བཀའ་དྲིན་གསོ་གི་ཡོད་རེད། དེ་ངོ་མ་ནང་ཆོས་ཀྱི་ཞབས་འདྲེན་རེད།འོ་ན་དྲིན་ངོ་མ་དེ་གང་འདྲ་བྱས་ནས་གསོ་དགོས་ཡོད་ཟེར་ན། ཕ་མའི་བསམ་པ་དེ་ནང་པའི་ཆོས་ཕྱོགས་ལ་བསྒྱུར་ཐུབ་པ་ཞིག་བྱུང་ན་ཡག་པོ་འདུག ཕ་མའི་དྲིན་གསོ་སྟངས་ཡག་ཤོས་དེ་རེད། དེ་ལ་ང་ཚོས་བརྩོན་ལེན་བྱ་དགོས་པ་དང་དེ་ང་རང་ཚོས་མ་བྱས་ན་མི་འགྲིག་པ་ཞིག་རེད། འོ་ན་ཕ་མ་གཉིས་ལ་ཕྲུ་གུ་དྲུག་ཡོད་ན་ཆོས་པ་གཅིག་ལས་མེད་པ་དེས་ཕ་མ་གཉིས་ཚེ་རབས་ནས་ཚེ་རབས་བར་དུ་ཁ་ལོ་ཆོས་ལ་བསྒྱུར་ནས་བདེ་སྐྱིད་དེ་ང་ཚོ་ཆོས་པ་ཚོས་མ་བསྒྱུར་་ན་སུ་ཞིག་གིས་སྒྱུར། ཕ་མ་ཁོང་ཚོ་རེ་པ། དེ་ང་ཚོ་ཆོས་པ་ཚོར་བཅངས་པ་རེད། དེ་ང་ཚོས་མ་བྱས་ན་ག་ནས་འགྲིག ཁོང་ཚོ་སྙིང་རྗེ་སྐྱེ་མ་རེད་པས། ཁོང་ཚོ་ཡ་ང་སྐྱེ་མ་རེད་པས། རེ་བ་དེའི་ཆེད་དུ་མི་ཚེ་འདིར་སྡིག་པ་མང་པོ་བསགས་དགོས་བྱུང་བ་རེད། ཡིན་ཅིས་རེ་བ་དེ་ང་ཚོས་བསྒྲུབ་དགོས་པ་རེད།
• བོད་རྒྱལ་ལོ་༢༡༤༥རབ་བྱུང་༡༧པའི་ས་ཕོ་ཁྱི་ལོ་༢༠༡༨པའི་ཧོར་ཟླ་བ་༡༡པའི་བོད་ཚེས་༢༥ཉིན་བཤད་གྲྭ་བ་རྣམས་ལ་སློབ་འཇུག་གི་ཚོགས་འདུའི་སྐབས་སུ་གསུང་བའི་གལ་ཆེན་གནད་སྡུས་འདི་ཉིད་དཔལ་ཆེན་ཧའོ་དགོན་ཐར་ལམ་དམ་ཅན་མཚན་ཉིད་གླིང་གི་སློབ་བུ་བ་བསོད་ནམས་ཆོས་འབར་གྱིས་ཡི་གེར་ཕབ་པའོ།། དགེའོ།། དགེའོ།། དགེའོ།།

 

བརྒྱུད་སྐུལ།

མཆན་སྤེལ།