གཙང་བཞད་པ་ཁྱུང་པོ་སྐུ་ཕྲེང་གཉིས་པའི་རྣམ་ཐར་དང་། སྐུ་དཔར་ཁག

གཙང་བཞད་པ་ཁྱུང་པོ་སྐུ་ཕྲེང་གཉིས་པའི་རྣམ་ཐར་དང་། སྐུ་དཔར་ཁག

རྗེ་ཉིད་ཕྱག་དཔེ་གཟིགས་པའི་སྐབས།

 

༄༅།།གཙང་བཞད་པ་ཁྱུང་པོ་སྐུ་ཕྲེང་གཉིས་པ་རྗེ་བཙུན་བློ་བཟང་དོན་ཡོད་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས།



གྲུབ་མཆོག་བློ་བཟང་དོན་ཡོད་དཔལ་བཟང་པོ་མཆོག་ནི། རབ་བྱུང་བཅོ་ལྔ་པའི་ས་ཕོ་རྟ་ལོར་གཙང་རྒྱུད་སྦུག་མཛོ་ཆེན་ཞེས་པའི་ཡུལ་དུ་ཡབ་དབང་རྒྱལ་ཚེ་རིང་དང་། ཡུམ་གསུམ་ཆོག་གཉིས་ཀྱི་སྲས་སུ་སྐུ་བལྟམས། སྐུའི་ན་ཚོད་ཕྲ་མོ་ཉིད་ནས་གོང་མའི་ཕྱག་མཚན་རྡོར་དྲིལ་ཕྱག་ཕྲེང་སོགས་ངོས་འཛིན་འཁྲུལ་མེད་ཐུབ་ཅིང་། ཐོག་མར་སྐུ་གོང་མའི་རྡོ་རྗེ་ཕྱག་ཏུ་བཞེས་པས་དགེ་འཕེལ་སློབ་དཔོན་རིན་པོ་ཆེས་ཡ་མཚན་དང་། རྟེན་འབྲེལ་བཟང་བར་དགོངས་ཏེ། མཚན་ཡང་རྡོ་རྗེ་ཆོས་གྲུབ་ཅེས་གསོལ།

ཀུན་གཟིགས་ཡེ་ཤེས་ཀྱི་ཉི་མ་སྐྱབས་མགོན་༧པཎ་ཆེན་སྐུ་ཕྲེང་དགུ་པ་མཆོག་གིས་ཀྱང་ཁྱེའུ་འདི་ཁྱུང་པོ་བློ་བཟང་བསམ་གྲུབ་ཀྱི་སྤྲུལ་སྐུ་འཁྲུལ་མེད་ཡིན་པས་གདུལ་བྱའི་བསོད་ནམས་སྟོབས་ཀྱིས་འཁྱོགས་ན་འདི་ལ་དོན་ཡོད་པ་ཡིན་ཞེས་གསུངས་ཏེ་མཚན་ཡང་བློ་བཟང་དོན་ཡོད་ཅེས་འདོགས་གནང་མཛད།

དཔོན་བྲང་ཡོངས་འཛིན་རིན་པོ་ཆེས་དབུས་མཁན་སློབ་དགེ་འདུན་གྲངས་ཚང་གི་དབུས་སུ་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་བཞེས་མཛད། ཡོངས་འཛིན་བློ་བཟང་ཚེ་རིང་དཔལ་བཟང་པོའི་ཞལ་སྔ་ནས་ཡི་གེའི་འབྲི་ཀློག་འཛིན་སྐྱོར་སོགས་ཐུགས་སྦྱོང་དང་། བཀྲས་ལྷུན་དཀྱིལ་ཆོས་དཀེན་འགྱུར་མེད་ལགས་དང་། ཐོས་གླིང་མཁན་ཁྲི་རྒྱ་ཁམས་དཀེན་ཐུབ་བསྟན་ཚུལ་ཁྲིམས་དཔལ་བཟང་པོ། དཀྱིལ་ཁང་དཀེན་རྡོ་རྗེ་ལ་སོགས་པ་རྣམས་ལས་གཞུང་ཆེན་བཀའ་པོད་རྣམ་ལྔར་རྡོ་རུས་ཐུག་པའི་གསན་གཉེར་མཛད། དགུང་གྲངས་ཉེར་གཅིག་བཞེས་པའི་ཚེ་སྙན་བརྒྱུད་བསྟན་པའི་མངའ་བདག་རྗེ་མཻ་ཏྲིའི་མཚན་ཅན་གྱིས་དབུས་མཁན་སློབ་དགེ་འདུན་གྲངས་ཚང་གི་སྤྱན་སྔར་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་བཞེས་མཛད་དེ། བསླབ་ཁྲིམས་རྣམས་སྤྱན་འབྲས་ལྟར་སྲུང་བར་མཛད་ནས་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོར་གྱུར། སྐྱབས་མགོན་༧པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་དང་། ཡོངས་འཛིན་དངུལ་ཆུ་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་ཆོས་འཕེལ་དཔལ་བཟང་པོ། ཤེལ་དཀར་བཀའ་འགྱུར་བ་ངག་དབང་བློ་བཟང་བསྟན་འཛིན་ཚུལ་ཁྲིམས་རྒྱལ་མཚན། སྔགས་ཆེན་འདར་པ་ཧོ་ཐོག་ཐུའུ། དཀའ་ཞང་རིན་པོ་ཆེ་བློ་བཟང་ཡོན་ཏན། དགེ་བཤེས་བསམ་གྲུབ་སྐུ་གཞོན་རྗེ་བཙུན་ཡེ་ཤེས་རྒྱལ་མཚན། རྗེ་མཻ་ཏྲིའི་མཚན་ཅན་སོགས་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མའི་ཞབས་བསེན་སྤྱི་བོའི་གཙུག་ཏུ་གུས་པས་ནོད་དེ་དབང་རྗེས་ལུང་ཁྲིད་མཐའ་དག་ལ་གསན་བཞེས་ཀྱིས་ཐོས་པའི་ཕ་རོལ་དུ་སོན་ཅིང་གདམས་པའི་གཏེར་དུ་གྱུར་པར་མཛད་པས། ཀུན་གཟིགས་སྣང་བ་མཐའ་ཡས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཀྱང་།གཙང་གམ་པ་ལ་ཡན་ཆོད་ལ་སྐུ་ཞབས་ཁྱུང་པོ་ལས་དབང་ལུང་མན་ངག་གི་ཕྱུག་པ་མེད་ཅེས་དོན་མཐུན་གྱི་བསྔགས་བརྗོད་ཀྱི་མེ་ཏོག་འཐོར། སྔགས་ཆེན་འདར་པ་ཧོ་ཐོག་ཐུ་བསྟན་འཛིན་འཇིགས་མེད་དབང་ཕྱུག་དཔལ་བཟང་པོ་ལས་རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་བྲིས་ཐིག་དང་། མཆོད་རྟེན་རྣམ་བརྒྱད། ཞི་རྒྱས་དབང་དྲག་གི་ཐབ་ཐིག ལྟོ་ཕྱེའི་ཐིག་སོགས་འབྲི་ཐིག་གི་མན་ངག་མཐོང་བརྒྱུད་ཕྱག་ལེན་དང་བཅས་པ་ཐུགས་སུ་ཆུད།

མཚན་ཞབས་རྡོར་གདན་པ་ཞལ་སྔ་ནས་དཀེན་བློ་བཟང་བཀྲ་ཤིས་ཀྱི་ཞབས་དྲུང་དུ་ལན་ཝར་ཧོར་ཡིག་སོགས་ཡིག་རིགས་སྣ་ཚོགས་དང་། གཞན་ཡང་སྒྲ་སྙན་སྨན་རྩིས་སོགས་རིག་པའི་གནས་མཐའ་དག་ལ་མཁས་པའི་ཕུལ་དུ་གྱུར། དེ་དག་ཀྱང་ཐོབ་ཐོབ་ཤེས་ཤེས་ཀྱི་རྣམ་གྲངས་ཙམ་མ་ཡིན་པར་རྒྱུན་དུ་དཀོན་མཆོག་ལ་ཤེས་ནས་དང་། ལས་འབྲས་མི་ལྡོག་པའི་དད་པས་ཀུན་ནས་བླངས་ཏེ། བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བཟུང་ནས་ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱོར་བའི་ཉམས་ལེན་གྱིས་ཉིན་མཚན་གདའ་བར་མཛད་ཅིང་། ལྷག་པར་༡༩༦༠བོད་ཟླ་༣ཚེས༡ནས༡༩༧༩བོད་ཟླ་༤ཚེས༢༦བར་སྔ་རྗེས་སུ་ཁྲིམས་མུན་ཕྱག་སྦལ་དུ་བགྲང་བྱ་བཅུ་ལྷག་བཞུགས་རིང་དུ་ཡང་དཀོན་མཆོག་མི་སྤོང་བ་དང་། ལས་འབྲས་མི་འདོར་བ། བཙོན་སྲུང་རྣམས་ཀྱིས་སྲོག་གཅོད་ཀྱི་ལས་ལ་འཛུད་ཀྱང་ཞལ་བཞེས་ཙམ་ཡང་མི་མཛད་པར་ཚུལ་ཁྲིམས་རྣམ་པར་དག་པའི་ཐབས་ལ་འབད་པ་སོགས་དམ་པའི་ངང་ཚུལ་གསལ་བར་བསྟན།

བཙོན་གྲོལ་བྱུང་རྗེས་སུ་བཞད་བཀྲ་ཤིས་དགེ་འཕེལ་དགོན་སོགས་བསྟན་པའི་གཞི་མ་དགེ་འདུན་གྱི་སྡེ་འཛུགས་པ་དང་། ར་མོ་ཆེའི་ཇོ་བོ་མི་བསྐྱོད་རྡོ་རྗེར་གཟུངས་གཞུག་འབུལ་བ་དང་། རབ་གནས་ཆེན་མོ། དགའ་ལྡན་གསེར་སྡོང་ཆེན་མོའི་ཐིག་དང་། གདུང་ཚལ་གདན་ཞུས། ཕྱག་གནས། བཀྲས་ལྷུན་དབྱེན་ཟླུམ་མཆོད་རྟེན་གྱི་ཐིག་དང་།གཟུངས། དགེ་འདུན་འདུས་འཁོར། སྲུང་འཁོར་སྒྲུབ་པ་སོགས་ཀྱི་ཐུགས་འགན་བཞེས་པ། བསྒྲུབ་བྱ་གྲངས་ལས་འདས་པར་རབ་བྱུང་བསྙེན་རྫོགས་མཛད་པ། དགོན་སྡེ་མང་པོར་གཞི་གསུམ་གྱི་ཆོ་ག་འཛུགས་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེར་མཛད།

༡༩༨༦ལོར་སྐྱབས་མགོན་སྐུ་ཕྲེང་བཅུ་པ་མཆོག་གིས་ཐུགས་དམ་བཀའ་ཕེབས་བཞིན་རྩེ་རྣམ་རྒྱལ་གྲྭ་ཚང་གི་རྡོ་རྗེ་སློབ་དཔོན་གྱི་ཁྲིར་ཕེབས་ཏེ། གཙང་གི་གདན་ས་བཀྲ་ཤིས་ལྷུན་པོའི་བླ་གྲ་སྤྱི་ཡོངས་དང་། དབུས་ཀྱི་གདན་ས་སེར་འབྲས་སོགས་ཀྱི་མཁན་སློབ་དགེ་བའི་བཤེས་གཉེན་མང་པོས་གཙོས་དབུས་གཙང་གི་གྲྭ་ས་ཆེ་ཆུང་ཕལ་མོ་ཆེར་མདོ་སྔགས་ཡོངས་སུ་རྫོགས་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་སྐོར་ཅིང་།

དམ་ཆོས་བདུད་རྩའི་བགོ་སྐལ་ལ་སྤྱོད་པའི་ཐུགས་ཀྱི་བུ་ཆེན་ཡང་ཐུགས་ཡིད་གཅིག་འདྲེས་རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས་དཔལ་བཟང་པོ་དང་། སྔགས་ཁྲི་རྡོ་རྗེ་འཛིན་པ་རྗེ་བཙུན་བློ་བཟང་ཆོས་གྲགས་དཔལ་བཟང་པོ། མཁན་ཁྲི་འདུལ་བ་འཛིན་པ་རྗེ་བཙུན་ཤེས་རབ་ཆོས་དར་དཔལ་བཟང་པོའི་ཞལ་སྔ་ནས་ལ་སོགས་པའི་བསྟན་པའི་འཁུར་ཐེག་པའི་བླ་མ་དགེ་བའི་བཤེས་གཉེན་མང་དུ་མཆིས། ཀུན་གཟིགས་སྐྱབས་མགོན་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་བཀའ་བཞིན་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་གྱི་ས་ཆོག ཐིག་འདེབས། གཟུངས་འབུལ། ལོག་རིས་ཡོངས་རྫོགས་ཀྱི་ཐུགས་འགན་བཞེས།

རབ་སྟོན་གྱི་སྐབས་སྐུ་བསྙུན་གཞིས་རྐྱེན་པས་སྐྱབས་མགོན་རིན་པོ་ཆེར་དགོངས་ཞུ་བགྱིས་ཀྱང་། བཀའ་ལན་དུ་བཀྲ་ཤིས་ལྷུན་པོར་སྔགས་པ་ནམ་མཁའི་སྐར་ཚོགས་ལྟ་བུ་ཡོད་ཀྱང་སྐུ་ཞབས་ཁྱུང་པོ་མཆོད་ཁང་ཆེན་མོའི་རབ་གནས་ལ་ངེས་པར་ཕེབས་དགོས་ཞེས་བཀའ་ནན་བསྩལ། སྐྱབས་མགོན་རིན་པོ་ཆེ་དགོངས་པ་ཞི་བར་གཤེགས་རྗེས་སུ་དགོངས་རྫོགས་ཞུ་སྒོའི་དབུ་འཛིན་གཞོན་པ་གནང་ནས་གདུང་སྒྲུབ་ཀྱི་ཆོ་ག་སོགས་སྲི་ཞུ་ལེགས་པར་མཛད། ཡང་སྲིད་རིན་པོ་ཆེ་བཙལ་འཚོལ་གྱི་ཕྱིར་དུ་ལྷ་མོའི་བླ་མཚོ། ལྕམ་སྲིང་བླ་མཚོ་རྣམས་སུ་མཚོ་གཟིགས་དང་། དབུས་ཕྱོགས་གདན་ས་རྣམ་གསུམ་གྱི་གཙོས་དགོན་སྡེ་རྣམས་སུ་བསྙེན་བཀུར་མཛད་ཅིང་མཐའ་དག་བསྟན་འགྲོ་སྤྱི་དང་ཁྱད་པར་བསྟན་པའི་རྩ་ལག་སྐྱབས་མགོན་སྣང་མཐའི་མགོན་གྱི་འཁྲུལ་བྲལ་ཡང་སྲིད་རིན་པོ་ཆེ་ངོས་འཛིན་ཞུ་སྒོ་རྣམས་གེགས་མེད་ལམ་ལྷོང་ཡོང་བའི་ཕྱིར་དུ་བསྔོ་བ་སོགས།

མདོར་ན། མང་དུ་ཐོས་པ་རྒྱ་ཆེར་བཙལ་བས་མཁས། །

ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བས་བཙུན། །

ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང་། །

ཞེས་པ་ལྟར་གྱི་མཁས་བཙུན་བཟང་པོའི་རྣམ་ཐར་བདག་གིར་བཞེས་བཞིན་པའི་ངང་དགུང་གྲངས་དོན་གསུམ་བཞེས་པ་ལྕགས་ཕོ་རྟ་ལོའི་བོད་ཟླ་༦ཚེས་༢༡ཉིན་རེ་ཞིག་དགོངས་པ་ཞི་བར་གཤེགས་པའི་ཚུལ་བསྟན་ཏོ། །

གཙང་ལྗོངས་གདན་ས་བཀྲིས་ལྷུན་པོའི་མཆོད་ཁང་ཤར་བཀྲིས་རྣམ་རྒྱལ་གྱི་རབ་གནས་སྐབས་༸སྐྱབས་མགོན་རིན་པོ་ཆེ་དབུ་བཞུགས་རྗེ་ཉིད་ཀྱང་བཞུགས་པ།

རྗེ་ཉིད་སྐུ་གཞོན་ནུའི་སྐབས།

༧སྐྱབས་མགོན་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་ཐུགས་དམ་ངོ་ཕེབས། རྗེ་ཉིད་དང་། སྔགས་ཆེན་རིན་པོ་ཆེ། མཁན་རིན་པོ་ཆེ་བཅས་ལྷན་བཞུགས།

གདན་ས་བཀྲིས་ལྷུན་པོའི་གཟིགས་མོ་ཆེན་མོའི་སྐབས།

གདན་ས་བཀྲིས་ལྷུན་པོའི་གོས་སྐུ་ཆེན་མོའི་སྐབས།

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐུ་བེར་རྗེ་ཉིད་ཀྱི་མ་དགོན་བཞད་བཀྲིས་དགེ་འཕེལ་དགོན་དུ་གདན་ཞུའི་སྐབས།

༨༩ལོར་རྗེ་ཉིད་ཀྱི་མ་དགོན་བསྐྱར་བཞེངས་གྲུབ་རྗེས་ཀྱི་རབ་གནས་སྐབས།

རྗེ་ཉིད་ལྷ་ལྡན་གཙུག་ལག་ཁང་གི་ཡང་སྟེང་དུ།

རྗེ་ཉིད་རྩེའི་ཇོ་བོ་ལོ་ཀི་ཤྭ་རའི་སྐུ་མདུན།

རྗེ་ཉིད་བསམ་ཡས་གཙུག་ལག་ཁང་གི་ཡང་སྟེང་དུ།

ལྷ་མོའི་བླ་མཚོར་མཚོ་གཟིགས་ཕེབས་སྐབས་ཀྱི་སྐུ་འཁོར་ལྷན་རྒྱས།

མ་དགོན་ན་བཞུགས་པའི་རྗེ་ཉིད་ཀྱི་སྐུ་གདུང་མཆོད་རྟེན།

བརྒྱུད་སྐུལ།

མཆན་སྤེལ།