ཞ་ལུ་གསེར་ཁང་དང་། རི་ཕུག་ཐེག་མཆོག་ཆོས་གླིང་གི་ལོ་རྒྱུས།

ཞ་ལུ་གསེར་ཁང་དང་། རི་ཕུག་ཐེག་མཆོག་ཆོས་གླིང་གི་ལོ་རྒྱུས།

མཚན་རྒྱས་པར་དཔལ་ཞ་ལུ་གསེར་ཁང་ཁྲ་བོ་ཞེས་ཞུ། རྒྱན་གོང་ནས་སྤྱི་ལེ་ཕྱེད་ཙམ་གྱི་ས་ན་དགོན་དེ་ཆགས་ཡོད། དགོན་དེ་ནི་སྤྱི་ལོ་ ༡༠༠༣ ལོར་རྗེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཕྱག་བཏབ་གནང་མཛད། (ལྕེ་ཞེས་པ་ནི་རིགས་རུས་ཀྱི་མིང་ཡིན་)ལྕེ་བཙུན་ཤེས་རབ་འབྱུང་གནས་ནི། ལོ་སྟོན་གྱི་དངོས་སློབ་དབུས་གཙང་མཁས་པ་མི་བཅུའི་ཡ་གྱལ་གྱི་སློབ་མ་ཡིན་ཅིང་། རྒྱན་གོང་བཏབ་རྗེས་ལོ་འགའ་སོང་བའི་རྗེས་ལྕེ་བཙུན་གྱིས་ཚོང་འདུས་ཁྲོམ་སྟོད་ཁྲོམ་སྨད་ཀུན་ལ་རྒྱན་གོང་སུས་བཏབ་བཀའ་འདྲི་གནང་བར་རྒྱན་གོང་ནི་ལོ་སྟོན་གྱིས་བཏབ་གནང་བ་ལས། ལྕེ་བཙུན་གྱི་མཚན་མེད་སྟབས་དགོན་གནས་ཤིག་འདེབས་དགོས་ཐུགས་ལ་འཁྲུངས་ཏེ་ལོ་སྟོན་ལ་ཞུས་པས། ལོ་སྟོན་གྱིས། ཁྱོད་ཀྱིས་མདའ་ཞིག་འཕངས་ཏེ་དེ་གང་དུ་བབས་ས་དེར་དགོན་གནས་ཤིག་འདེབས་ཆོག་ཅེས་གསུངས།

འོན་ཀྱང་ལྕེ་བཙུན་གྱིས་དགོན་པ་ཐག་རིང་ན་བླ་མའི་ཉེ་གནས་མཛད་རྒྱུར་ཐག་རིང་བར་དགོངས་ནས་མདའ་སྨུག་ནང་གསེར་བཀང་ཏེ་འཕངས་པས་ད་ལྟའི་དགོན་སྡེ་གནས་ཡུལ་དེར་པད་ཁའི་ཞིང་ཡིན་པ་དང་། མདའ་པད་ཁའི་ཞ་ལུའི་སྟེང་ཕོག་པས་“ཞ་ལུ་”ཞེས་པ་དེ་ལྟར་བྱུང་། དེ་ནས་རྗེ་བཙུན་གྱིས་ཐོག་མར་ཡུམ་ལྷ་ཁང་བཞེངས་ཏེ་ནང་རྟེན་དུ་ཡུམ་ཆེན་མོས་གཙོས་མངའ་བདག་ཁྲི་རལ་དང་། ཐུབ་པ་སེར་ཐུབ། ཕྱོགས་བཅུའི་སངས་རྒྱས་སོགས་སྐུ་རྒྱུ་སྨན་འདམ་ལས་གྲུབ་ཀྱང་ཁྲི་རྒྱབ་ཡོལ་དང་བཅས་གྲང་གསེར་གྱིས་ཁྱབ་པ་གསོལ་བས་གསེར་ཁང་ཞེས་པ་དེ་ལྟར་བྱུང་།

ཁྲ་བོ་ཞེས་པ་ནི་ཁང་པའི་ཕྱིར་རིགས་གསུམ་མགོན་པོའི་མཚོན་རྟགས་ཞེས་ས་རྩེ་དཀར་པོ་དང་། དམར་པོ། སྔོན་པོ་བཅས་གསོལ་བ་ཡིན་པས་“ཁྲ་བོ་”ཞེས་པ་དེ་ལྟར་བྱུང་། དགོན་དེ་ཐོག་མར་སྤྱི་ལོ་ ༡༣༢༠ ལོར་ཞ་ལུ་ཆོས་སྡེ་ཆེན་པོའི་གདན་ས་བཟུང་། མདོ་སྔགས་ཀྱི་བཤད་གྲྭའང་བཙུགས་གནང་ནས་དམ་ཆོས་འཆད་སྤེལ་ལོ་ངོ་སུམ་ཅུ་སོ་དྲུག་མཛད། “བུ་སྟོན་”ཞུ་བ་ནི་གཙང་སྟོད་ཁྲོ་ཕུའི་ཕྱོགས་ཀྱི་ཤབ་སྨད་སྒོམ་གནས་ཞེས་པའི་ཡུལ་དུ་ཡབ་རྙིང་མའི་བླ་ཆེན་བྲག་སྟོན་རྒྱལ་མཚན་དཔལ་བཟང་དང་། ཡུམ་བསོད་ནམས་འབུམ་གཉིས་ཀྱི་སྲས་སུ་སྤྱི་ལོ་ ༡༢༩༠ ལོར་སྐུ་འཁྲུངས། ཞལ་དབྱིབས་མི་མཛེས་པ་སྤྲེལ་དང་འདྲ་བས་གཞན་ལ་སྟོན་མི་ཕོད་པའི་ཚུལ་མཛད་པས་ཀུན་གྱིས་“བུ་སྟོན་ཅིག བུ་སྟོན་ཅིག །”ཅེས་པའི་སྒྲ་ལས་བུ་སྟོན་ཞེས་དང་། ཡང་ཕ་བྲག་སྟོན་པ་འཁྲུངས་འདུག་ཅེས་པ་ལས་བུ་སྟོན་ཞེས་པའི་མཚན་འབྱུང་ཚུལ་གསུང་སྲོལ་མི་འདྲ་བ་སོ་སོར་ཡོད། དེ་ལྟར་བུ་སྟོན་གྱིས་ཆོས་སྡེ་དེ་ཉིད་བསྐྱངས་གནང་བས་མཛད་འཕྲིན་ཤིན་ཏུ་རྒྱས་ཏེ་རྒྱ་བསྐྱེད་ཆེན་པོ་བྱུང་།

འདུ་ཁང་ཆེན་མོ་ཀ་བ་ ༣༦ དང་ཀ་རིང་གཉིས་ཅན་གྱི་ནང་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་བུ་སྟོན་ཡབ་སྲས་གསུམ་གྱི་སྐུ་བརྙན་མི་ཚད་མ་དང་། གཡས་ནས་རྩིས་པའི་ལྷ་ཁང་དང་པོར་ཤར་ལི་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན། གསེར་བྲིས་ཀྱི་བཀའ་བསྟན་དང་། བརྒྱད་སྟོང་བརྒྱ་ཚར། སྣར་ཐང་གི་པར་ཕུད་བསྟན་འགྱུར། གཙང་ཁང་དབུས་མར་ཐུགས་རྗེ་ཆེན་པོ་རྡོ་སྐུ་རང་བྱོན་ཁ་སརྤ་ཎི། རྒྱ་གར་རྡོ་རྗེ་གདན་གྱི་གཙུག་ལག་ཁང་ནས་གདན་དྲངས་པའི་ཇོ་བོ་ཁ་སརྤ་ཎི། མ་ཎི་རང་བྱོན། ཐུགས་རྟེན་དུ་མཆོད་རྟེན་རང་བྱོན། གཞན་ཡང་སྐུ་ཞང་ཁྲི་པ་རིམ་བྱོན་གྱི་ནང་རྟེན། གཙང་ཁང་བྱང་མར་སྨན་འདམ་གྱི་རྣམ་པར་སྣང་མཛད་ཉེ་སྲས་བརྒྱད་ཀྱིས་བསྐོར་བ་ཐོག་སོ་གཉིས་མ་ཟིན་ཙམ། དེ་ནས་སྒོ་གསུམ་ལྷ་ཁང་ནང་གཙོ་བོ་བུ་སྟོན་རིན་ཆེན་གྲུབ་ཀྱི་ནང་རྟེན་ཇོ་བོ་བྱང་ཆུབ་ཆེན་མོ་དང་། དེའི་གཡས་སུ་ཐུགས་སྲས་ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་གྱི་ནང་རྟེན་ཐུབ་དབང་། གཡོན་དུ་འཇམ་དབྱངས་གྲགས་པ་རྒྱལ་མཚན་གྱི་ནང་རྟེན་ཐུབ་དབང་།

གཞན་ཡང་སྐུ་ཞང་གི་བླ་མ་རིམ་བྱོན་གྱི་ནང་རྟེན་ཐུབ་དབང་། སྨན་བླ། རྣམ་འཇོམས། བུ་སྟོན་གྱི་ཡུམ་གྱི་ནང་རྟེན་གསེར་བུམ་མཆོད་རྟེན། དགའ་ལྡན་ཁྲི་པ་ལེགས་པ་རྒྱལ་མཚན་གྱི་ནང་རྟེན། མཁན་ཆེན་བསོད་ནམས་མཆོག་སྒྲུབ་དང་། མཁན་ཆེན་འཇམ་དཔལ། མང་ཐོས་བློ་གསལ་བསྟན་སྐྱོང་བཅས་ཀྱི་ནང་རྟེན་དང་སྐུ། གཞན་ཡང་ཞ་ལུ་དགོན་པར་ཁྱད་ཆོས་གསུམ་ཡོད་པ་ནི། གཙུག་ལག་ཁང་གི་རྨང་བོད་བཟོ་ཡིན་པ་དང་གཅིག །ལྡེབས་རིས་བལ་བཟོ་ཡིན་པ་དང་གཉིས། རྒྱ་ཕིབས་རྒྱ་ནག་ལུགས་ཡིན་པས་གསུམ་དང་བཅས་སོ།། གྲྭ་ཚང་བཞི་ཡོད་པ་ནི་ཁང་རྙིང་གྲྭ་ཚང་དང་། རབ་རྒྱས་གྲྭ་ཚང་། དཀར་པོ་གྲྭ་ཚང་། བྲང་ཆེན་གྲྭ་ཚང་བཅས་སོ་སོ་ལའང་རྟེན་དང་བརྟེན་པར་བཅས་བཞུགས། སྔོན་བུ་སྟོན་གྱི་སྐུ་དུས་སུ་དགེ་འདུན་བདུན་སྟོང་ཙམ་འདུས་པ་ལ་རྗེས་སུ་དགེ་འདུན་སུམ་བརྒྱ་སྐོར་གྱིས་བུ་སྟོན་ལུགས་ཕྱག་བཞེད་མཛད་པ་ཡིན།

དགོན་དེར་བུ་སྟོན་གྱི་དངོས་སློབ་སྔགས་འཆང་གཡུ་སྟོན་རྡོ་རྗེ་དཔལ་གྱིས་ཞ་ལུ་མ་ཧེ་མཆོད་པ་ཞེས་པའི་འཆམ་གྱི་སྲོལ་རྒྱུན་བཙུགས་གནང་མཛད། མ་ཧེ་མཆོད་པ་ནི་ལོ་འཁོར་བཅུ་གཉིས་ཀྱི་ཡོས་ལོའི་བོད་ཟླ་ ༡༡ ཚེས་ ༢༩ ཉིན་ཡིན། དེའང་མྱང་སྟོད་སྐྱིད་སྦུག་དགོན་དང་། མྱང་སྨད་བསམ་གྲུབ་ཆོས་སྟིང་དགོན་གཉིས་རེས་མོས་ཀྱིས་རྩ་ཐིག་རླུང་གསུམ་ལ་རང་དབང་ཐོབ་པའི་དགེ་འདུན་པ་གཉིས་ཕེབས་དགོས་ཤིང་། དེའི་ནང་ནས་གཅིག་ལ་“བམ་”དང་གཅིག་ལ་ “སྐད་གཏོང་”ཞེས་ཟེར་བ་ཡིན། བམ་ནི་རྩ་རླུང་ལ་རང་དབང་ཐོབ་སྟེ་རང་ལུས་ལ་ཞེན་མེད་མཆོད་སྦྱིན་ནུས་པ་ཞིག་ཡིན་པ་དང་། སྐད་གཏོང་ནི་གོང་ལྟར་རྩ་རླུང་ལ་རང་དབང་ཐོབ་སྟེ་བམ་ཆེན་ཤ་ཁྲག་གི་མཆོད་གཏོར་བཞེས་ལ་འབོད་པ་སྟེ་སྐད་གཏོང་བ་ཡིན་པས་སྐད་གཏོང་ཞེས་ཟེར་བ་ཡིན། སྐད་གཏོང་གིས་གཙང་སྨྱོན་ཧེ་རུ་ཀའི་ཆས་གོས་བཞེས་ཏེ་གཞིས་རྩེ་དང་། ས་སྐྱ་སོགས་བསྐོར་རྗེས་དབུས་སྡེ་པ་གཞུང་ལ་ཕེབས་ཏེ་༸རྒྱལ་བའི་མཇལ་ཁ་དང་། བསམ་ཡས་ལ་ཕེབས་ཏེ་བསམ་ཡས་དབུགས་ཁང་གི་གཙབ་གདན་བརྗེ་བ་སོགས་དུས་ཐུང་ནང་འཁོར་བ་ནི་མགྱོགས་རླུང་ལ་རང་དབང་ཐོབ་པའི་རྟགས་ཡིན་པ། བམ་གྱིས་འདོམ་གང་གྲུ་བཞིའི་ནང་ཉིན་བདུན་སྐུ་མཚམས་ལ་བཞུགས་རྗེས་བོད་ཟླ་ ༡༡ པའི་ཚེས་ ༢༩ ཉིན་གྱི་ནམ་ལངས་ཕྱི་ཆར་སྐུ་ལུས་ལ་རས་ཀྱི་མདོམས་དྲིབ་ཆུང་ངུ་ཞིག་དང་། སྒོམ་ཐག་ཙམ་ལས་ན་བཟའ་གང་ཡང་མ་བཞེས་པར་ཐོན་ཕེབས་པ་དང་། ལས་མཁན་ཕོ་མོ་ཞེས་པས་ཞགས་པ་ནག་པོ་བརྒྱབ་སྟེ་ཁྲིད་ཡོང་།

སྐབས་དེར་གཞིས་རྩེ་དམར་ཁེ་བ་ཞེས་པས་པའི་བཤན་པས་གཡག་ཀོ་རློན་པའི་སྟེང་ཁྲག་དང་གྲོ་ཞིབ་བྱུག་སྟེ་འཁྱགས་བཏང་བའི་ཀོ་བ་སྡེར་སྡེར་ཞིག་བཞག་ཡོད་པ་དེའི་སྡེང་འཕྲུལ་འཁོར་རྡོར་འབེབས་ཞེས་ས་ནས་ཐོག་རྩེག་གཅིག་ཙམ་ཡར་འཕར་མར་འབབ་ལན་མང་དང་། གན་རྐྱལ་ཉལ་བ་སོགས་བྱས་པས་འཁྱགས་ཐེབས་པའི་ཀོ་བ་བཞུར་ནས་རླངས་པ་ཐོན། དེ་ནས་ཀོ་བ་བཞི་ལྟེབས་བསྐྱོན་ནས་ཕྱག་གཅིག་གིས་ཡར་བཏེགས་ཏེ་ “ང་ཚོའི་ཆོས་ས་རང་ཏེ་མྱང་སྟོད་སྐྱིད་སྦུག་ནས་ཡིན། ཆོས་ཀྱི་སྒྲོ་མདོངས་སྤྱོད་ས་ཞ་ལུ་རྡོ་གཅལ་སྔོན་མོ། ཞ་ལུའི་དགེ་འདུན་རྣམས་ཀྱི་ཞབས་ཀྲད་ (ལྷམ་གྱི་རྡོག་པ་)ཉན་པ་ཡོད་དོ་”ཅེས་རྡོ་གཅལ་གྱི་དཀྱིལ་དུ་གཡུགས་པས་འཕར་རློང་དང་དྲོད་རླུང་གི་སྒྲུབ་རྟགས་ཐོན་པ་ཡིན།

དེ་ནས་བམ་རོའི་མཇུག་ཏུ་བདེན་པ་བརྡར། གྲྭ་ཚང་བཞི་ནས་གཏོར་མ་འཕངས། གཞན་ཡང་སྐྱ་སེར་ཚང་མས་ཟློག་པ་བརྒྱབ་པ་སོགས་བྱེད། དེ་ནས་ཞ་ལུ་གྲྭ་ཚང་བཞི་ནས་རྣམ་སྲས་ཀྱི་སྒོ་ནས་སྐུ་འཆམ་ཉིན་གསུམ་དང་། སྔགས་པ་གོས་དཀར་ཕྱོགས་ཡོངས་ནས་འདུས་ཏེ་རང་རང་གི་ལུགས་ལྟར་གཏོར་མ་བརྒྱབ་པ་དང་། གསེར་སྐྱེམས་འབུལ་བ། གླུད་བརྫང་པ་སོགས་བྱེད། དེ་ནས་རྟེན་འབྲེལ་བཅུ་གཉིས་དང་ལོ་འཁོར་བཅུ་གཉིས་སོགས་རིམ་བཞིན་འཆམ། དེ་ནས་གྲྭ་ཚང་བཞིའི་ཚོགས་ཆེན་བསྐང་གསོའི་རོལ་ཚིག་དང་བསྟུན་ནས་སྐད་གཏོང་བས་ཁ་ཌ་དྲག་པོ་ལན་དགུ་བརྡབས་ནས་བམ་ཆེན་ཤ་ཁྲག་གི་མཆོད་གཏོར་ཆེན་པོ་འདི་དམ་ཅན་ཆོས་ཀྱི་རྒྱལ་པོ་འཁོར་བཅས་ཀྱིས་དགྱེས་པར་བཞེས་ལ་སྤྱིར་སངས་རྒྱས་ཀྱི་བསྟན་པ་བསྲུང་། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ། འཛམ་གླིང་ཡངས་པའི་རྒྱལ་ཁམས་ཐམས་ཅད་ཞི་བདེའི་དཔལ་ལ་སྤྱོད་པའི་སྨོན་ཚིག་ལན་གསུམ་ཙམ་གྱིས་མཇུག་གྲིལ་བར་བྱེད་པ་ཡིན། མཆོད་རྒྱུན་འདི་ནི་སྤྱི་ལོ་ ༡༤༥༠ ནས་ཕྱི་ལོ་ ༡༩༥༩ བར་ཆད་མེད་རྒྱུན་གནས་ཐུབ་ཡོད།

 

ཞ་ལུ་རི་ཕུག་དགོན་གྱི་ལོ་རྒྱུས།

མཚན་རྒྱས་པར། ཞ་ལུ་ཁྲི་ཆེན་སྦུག་ཅེས་ཞུ། ཞ་ལུ་དགོན་ནས་སྤྱི་ལེ་ ༤ ཙམ་རི་སྦུག་ཏུ་སོང་ན་དགོན་དེ་མཇལ་གྱི་རེད། དགོན་དེ་ནི་ཐོག་མར་ཇོ་བོ་ཞོགས་ལ་ཞེས་པ་ནས་ཕེབས་ཏེ་ཡུམ་ལྷ་ཁང་དུ་ཕེབས་ནས་རབ་གནས་གནང་བས་ཡུམ་ཆེན་མོའི་སྤྱན་གཡས་ལ་མཆོད་འབྲུ་བཞེས། དེ་ནས་ད་ལྟའི་གནས་དེར་ཕེབས་ནས་བྱང་སེམས་གླིང་དུ་བཞུགས། དེའི་འོག་ནས་སྒྲུབ་ཆུ་ཞིག་ཐོན་པ་ནད་ཀུན་ལ་ཕན་ཞེས་གསུངས། དེ་ནས་ཐུགས་དམ་འབུམ་པ་ཞེས་པ་དེ་བཞེངས་གནང་བ་བཅས་ཡིན།

དེ་རྗེས་བུ་སྟོན་རིན་ཆེན་གྲུབ་ཀྱིས་དབྱར་ས་རི་སྦུག་དང་། དགུན་ས་ཞ་ལུར་བཞུགས་པར་མཛད། འདུ་ཁང་ལྷོ་བྱང་གཉིས་ཡོད་པ་ལ་ལྷོ་ཀ་རིང་གཉིས་དང་ཀ་ཐུང་ ༢༠ སར་རྒྱུད་སྡེ་ལྔ་བཅུ་རྩ་གཉིས་ཚོགས་གནང་ས་ཡིན་པ་དང་། རྟེན་གཙོར་གསེར་ཟངས་ཀྱི་སྟོན་པ་བཅོམ་ལྡན་འདས་དང་། སྨན་འདམ་གྱི་བུ་སྟོན་ཡབ་སྲས་གསུམ་དང་། ཇོ་རྔོག་འབྲོམ་གསུམ་གྱི་སྐུ་བརྙན། ལྡེབས་རིས་སུ་དཔལ་གསང་བ་འདུས་པ་དང་། སྟོན་པའི་མཛད་བརྒྱ། འདུ་ཁང་ནང་བཏགས་གྲོལ་ཞེས་ཤིང་སྣ་ ༡༠༨ ལས་གྲུབ་པའི་གཟུངས་ཆེན་སྡེ་ལྔའི་པར་ཤིང་ཡོད་པ་འདིའི་པར་ལུས་ལ་བཏགས་ན་ངན་སོང་ལས་གྲོལ་ཞེས་ (འདི་ད་ལྟའང་ཞ་ལུར་བཞུགས་) པ་དང་། མྱོང་གྲོལ་ནི་གྲུབ་ཆེན་བི་ཝ་པའི་དབང་བུམ་གྱི་ཆུ། མཐོང་གྲོལ་ནི་བུ་སྟོན་གྱི་ཡུམ་གྱི་འཁྲུངས་རྟགས་འབུམ་པ་མཐོ་ཚད་ཁྲུ་ ༦༤ ཡོད་པ་སྐུ་འབུམ་མཆོད་རྟེན་ཆེན་མོ་ཞེས་སཱ་ཙྪ་འབུམ། སྐུ་འབུམ། མཆོད་རྟེན་འབུམ་བཅས་བཞུགས་པའི་མཐོང་གྲོལ་འབུམ་པ། ཞ་ལུ་མཐེལ་ལྟར་གྱི་གྲྭ་ཚང་ཡང་བཞི་ཡོད།

 

བུ་སྟོན་གྱི་སྐུ་དུས་སུ་དགེ་འདུན་ ༣༣༠༠ ཙམ་ཡོད་པ་ལས་སྦས་སྒོ་འདག་སྦྱར་ཁོ་ན་ ༣༠༠ ལྷག་ཙམ་ཡོད་ཅེས་གསུངས། གཞན་ཡང་རྟ་ཕྱག་ཁྱུང་གསུམ་གྱི་ཆུ་མིག་སོགས་ཆུ་མིག་ ༡༠༨ ཤིང་སྣ་ ༡༠༨ ཡོད་ཅེས་དང་། གཞན་ཡང་ལྷོ་ངོས་སུ་རི་ཟུར་རིན་པོ་ཆེའི་གཟིམ་ཤག་དང་། བྱང་ངོས་བུ་སྟོན་གྱི་གཟིམ་ཤག་སོ་སོ་ལའང་རྟེན་དང་བརྟེན་པར་བཅས་པ། ད་དུང་མཆོད་རྟེན་བཅོ་བརྒྱད། ལྷག་པར་དུ་ཤིང་ཏ་ལའི་ལོ་མར་བྲིས་པའི་ཕྱག་དཔེ་ནི་ས་སྐྱ་ལས་མང་བ་ཡོད་ཅེས་གསུངས་པ་བཅས། ད་ལྟ་འདུ་ཁང་ལྷོ་ཀ་རིང་གཉིས་དང་ཀ་ཐུང་ ༡༦ གསར་བཞེངས་གནང་པའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐྱ་ཚབ་གསར་བཞེངས་གནང་བ་དང་། བོད་ཟླ་ ༤ པར་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བའི་དུས་འཁོར་སྒྲུབ་མཆོད། ཟླ་ ༥ པར་རྡོ་རྗེ་དབྱིངས་ཀྱི་རྡུལ་ཚོན་དཀྱིལ་འཁོར་དང་འབྲེལ་བའི་སྒྲུབ་མཆོད། ཟླ་ ༧ པར་བདེ་མཆོག་དྲིལ་བུ་ལྷ་ལྔའི་དཀྱིལ་འཁོར་གོང་དང་འདྲ་བའི་སྒྲུབ་མཆོད་སོགས་གནང་མུས་ཐོག་མཐོང་སྒྲོལ་སྐུ་འབུམ་ཆེན་མོ་བསྐྱར་བཞེངས་གནང་བ་བཅས་མཇལ་རྒྱུ་ཡོད་པ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།