ཐོག་མར་གྲོང་ཁྱེར་འདི་ལ་“ལྷ་ས་”ཞེས་མིང་ཐོགས་དོན་ནི། ད་ཕན་མི་ལོ་༡༣༥༠ལྷག་ཙམ་གྱི་གོང་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་སྐྱིད་ཤོད་འོ་ཐང་གི་མཚོ་ཡོད་སར་གཙུག་ལག་ཁང་འདི་བཞེངས་སྐབས་རྒྱ་བཟའ་འུན་ཤིང་ཀོང་ཇོས་སྤོར་ཐང་གི་རྩིས་ལ་བརྟེན་ནས་ས་དཔྱད་བརྟགས་པའི་དོན་ལྟར། ར་དཀར་མོ་ལ་ས་བཀལ་ཏེ་མཚོ་བསུབ་དགོས་པར་བསྟན་པ་བཞིན་བྱས་ནས་བཞེངས་པས་ལྷ་ཁང་འདིའི་ཐོག་མའི་མཚན་ལ་“ར་ས་”གཙུག་ལག་ཁང་ཞེས་བཏགས་པ་ནི། བཙན་པོའི་སྐབས་ཀྱི་བསམ་ཡས་དང་། དཀར་ཆུང་གི་རྡོ་རིང་ཡི་གེ་ལའང་གསལ་པོར་བཀོད་ཡོད། དེ་རྗེས་བཙན་པོ་ཁྲི་ལྡེ་གཙུག་ལྡེ་བཙན་རལ་པ་ཅན་གྱི་སྐབས་སུ་“ར་ས་”ཞེས་པ་དེ་ལེགས་བསྒྱུར་གྱི་“ལྷ་ས་”ཞེས་པའི་མིང་ཐོག་མར་ཆགས་པ་དེ་ཡང། སྤྱི་ལོ་༨༢༣བོད་སྐྱིད་རྟག་ལོ་དགུ་པ་ཆུ་ཡོས་ལོར་བཙུག་པའི་ལྷ་ས་གཙུག་ལག་ཁང་མདུན་གྱི་དབོན་ཞང་དབུ་བསྙུང་རྡོ་རིང་གི་ཡི་གེར་དངོས་སུ་བཀོད་པ་ད་ལྟའང་ཁྲ་ལྷམ་མེར་མཇལ་རྒྱུ་ཡོད།
ལྷ་ས་ཞེས་པའི་གོ་དོན་ནི་རྒྱ་བཟའ་འུན་ཤིང་ཀོང་ཇོས་གདན་དྲངས་པའི་གསེར་གྱི་ལྷ་ཤཱཀྱ་མུ་ནེ་བཞུགས་ས་ཞེས་པའི་དོན་ཡིན། རྗེས་སུ་གཙུག་ལག་ཁང་གི་མཐའ་སྐོར་དུ་རིམ་བཞིན་གྲོང་ཁྱེར་ཆགས་ཤིང་། ལྷ་ཁང་གི་མཚན་དེ་གྲོང་ཁྱེར་ལ་ཚུར་འཇགས་ནས་གྲོང་ཁྱེར་ལྷ་ས་ཞེས་ད་ལྟ་འཛམ་གླིང་ཀུན་ཏུ་གྲགས་པ་དེ་ལྟར་ལགས་སོ།།