ཇོ་བོ་ཝ་ཏི་བཟང་པོ་འཕགས་ཡུལ་དུ་གདན་ཞུ་གནང་ཚུལ།

ཇོ་བོ་ཝ་ཏི་བཟང་པོ་འཕགས་ཡུལ་དུ་གདན་ཞུ་གནང་ཚུལ།

ཕྱི་ལོ་ ༡༩༥༩ ལོར་བོད་ས་རྒྱ་ལག་ཏུ་ཤོར་རྗེས་ཇོ་བོའི་གནས་བདག་འདི་ག་རྫོང་ཆོས་གྲྭ་ཚང་ནས་ཇོ་བོ་ཝ་ཏི་བཟང་པོ་མཆོག་བོད་ནས་གདན་ཞུ་བྱེད་དུས་སྐབས་སོ་སོར་ཇོ་བོ་རང་ཉིད་ལ་ཟན་རིལ་ཞུས་པའི་ནང་དོན་ཇི་ལྟར་བབས་པ་ལྟར་ཐབས་ལམ་སྣ་ཚོགས་ལ་རྟེན་ནས་བོད་ནས་ཙུམ་ནུབ་རི་གློ་སོགས་ཟླ་དུས་དང་རི་ལུང་ས་ཁུལ་སྣ་ཚོགས་བརྒྱུད་དེ་མཐར་ཕྱི་ལོ་ ༡༩༦༧ ལོའི་ཟླ་བ་ ༤ ཚེས་ ༢༤ ཉིན་བཞུགས་སྒར་རྡ་སར་༸རྒྱལ་བའི་ཐུགས་དམ་གྱི་རྟེན་གཙོར་གདན་ཞུ་ཐུབ་པ་བྱུང་ཡོད།

སྐབས་དེ་དག་ཏུ་ཇོ་བོ་རྒྱ་གར་དུ་གདན་ཞུ་བྱེད་པར་འདི་གའི་དགེ་འདུན་པསདཀའ་ངལ་སྣ་ཚོགས་པ་ཞིག་ལ་གདོང་ལེན་བྱ་དགོས་བྱུང་ཡོད་པ་སྟེ། དཔེར་ན། ཐོག་མར་འདི་གའི་དགེ་འདུན་པས་ཇོ་བོ་ཉེན་ཡོལ་ཆེད་ཁོང་གི་བཞུགས་ཡུལ་སྐྱིད་གྲོང་ཇོ་བོའི་ལྷ་ཁང་ངམ་འཕགས་པ་ལྷ་ཁང་ནས་ས་ཐག་གང་ཙམ་རིང་པོའི་བར་བལ་ཡུལ་ཕྱོགས་སུ་གདན་ཞུ་བྱེད་སྐབས་སྐྱིད་གྲོང་ཡུལ་གྱི་དད་ལྡན་མང་ཚོགས་ཀྱིས་རྗེས་འདེད་བྱས་ཏེ་ཇོ་བོ་གཞན་དུ་གདན་ཞུ་བྱེད་ན་མི་འོས་ཚུལ་བརྗོད་པར་སླར་ཇོ་ཁང་རང་དུ་ཕར་གདན་ཞུ་བྱ་དགོས་བྱུང་ཞིང་། སྐབས་དེར་འདི་ག་རྫོང་ཆོས་གྲྭ་ཚང་གི་སྐུ་ཚབ་དང་སྐྱིད་གྲོང་ཡུལ་གྱི་གནད་ཡོད་མི་སྣའི་དབར་དེ་ཐད་བགྲོ་གླེང་མང་པོ་བྱས་མཐར་ཇོ་བོ་དེ་རང་དུ་བཞུགས་སམ་གཞན་དུ་ཕེབས་མིན་ཇོ་བོ་རང་ཉིད་ལ་ཟན་རིལ་ཞུ་འབྲས་སུ་ཇོ་བོ་བོད་དུ་བཞུགས་རྒྱུ་བབས་ན་དེ་ནས་སྐྱིད་གྲོང་མི་མང་གི་འདོད་མོས་ལྟར་ལས་འདི་གས་ཐག་གཅོད་བྱེད་དབང་མེད་པ་དང་། གལ་ཏེ་གཞན་དུ་ཕེབས་རྒྱུར་བབས་ཚེ་འདི་ག་རྫོང་ཆོས་གྲྭ་ཚང་གིས་ཅི་བྱེད་ལས་སྐྱིད་གྲོང་མི་མང་གིས་ལབ་གླེང་གང་ཡང་བྱེད་དབང་མེད་པའི་ཐག་གཅོད་བྱུང་ནས། ཇོ་བོ་རང་ཉིད་ལ་ཟན་རིལ་ཞུས་འབྲས་སུ་ཇོ་བོ་གཞན་དུ་ཕེབས་རྒྱུར་བབས།

དེ་ནས་ཇོ་བོ་ནམ་དུས་དང་ཁ་ཕྱོགས་ཡུལ་ལུང་གང་གི་བརྒྱུད་ནས་ཕེབས་མིན་འདི་གའི་དགེ་འདུན་པས་སྐབས་འཚམས་ཐམས་ཅད་དུ་ཇོ་བོ་རང་ཉིད་ལ་ཟན་རིལ་ཞུ་འབྲས་ལྟར་ཐག་གཅོད་ཀྱིས་གདན་ཞུ་བྱས། སྐབས་འགའ་ཞིག་ཏུ་ཇོ་བོ་ཕེབས་རྒྱུར་ཟླ་བ་མང་པོའི་རིང་མ་བབས་པར་ས་ཆ་གཅིག་རང་དུ་གནས་དགོས་པ་དང་། སྐབས་འགར་ཉེན་ཁ་ཡོད་སའི་ས་ཁུལ་ཁག་དང་ཉེ་བའི་སྐབས་ཇོ་བོ་མི་ཐེག་པར་ལྕི་པོར་གྱུར་ཏེ་འགྲོ་སྟབས་མི་བདེ་བ་དང་། སྐབས་འགར་ཉེན་ཁ་གང་ཡང་མེད་པའི་ས་ཁུལ་ཁག་ཏུ་འབྱོར་སྐབས་སྐུ་ཧ་ཅང་ཡང་པོར་གྱུར་ཏེ་གདན་ཞུ་བ་རྣམས་མགྱོགས་པོ་དང་སྟབས་བདེར་འགྲོ་ཐུབ་པ་སོགས་ཀྱི་གནས་ཚུལ་དམིགས་བསལ་བ་དེ་འདྲ་ཡང་ཡང་བྱུང་ཡོད།

ཡང་བལ་ཡུལ་ཁུལ་གློ་བོ་ས་གནས་སུ་འབྱོར་སྐབས་དེར་རྒྱུན་རིང་བཞུགས་ཏེ། དེར་འཁོད་དད་ལྡན་མང་ཚོགས་དང་ཡུལ་མི་དག་གིས་མཆོད་འབུལ་ཚོགས་བསགས་ཀྱི་སྐལ་བ་ལ་རེག་པར་བྱས་ཤིང་། མཐར་བློས་མི་ཐོང་བའི་ཚད་དུ་གྱུར། བལ་གཞུང་ནས་ཀྱང་ཇོ་བོ་གཞན་དུ་གདན་ཞུ་མི་བྱེད་པའི་དོ་དམ་དང་བསྲུང་བྱ་ཡང་བྱས། འདི་གའི་དགེ་འདུན་པ་ཚོར་ཡང་ཇོ་བོ་དེ་ནས་གདན་ཞུ་ཐུབ་རྒྱུ་མིན་པའི་སེམས་ངལ་ཡང་ཧ་ཅང་ལྕི་ཡང་ཐབས་སྣ་ཚོགས་ལ་བསམ་པར་བྱས་པའི་མཐར་སྟོད་ས་དགའ་རྫོང་ཁོངས་ཤྲཱི་དགའ་ལྡན་དར་རྒྱས་གླིང་གྲྭ་ཚང་གི་དགེ་འདུན་པ་རྟེན་བཅས་ཧྲག་བསྡུས་ཤིག་ཀྱང་དེར་འབྱོར་ཡོད་པ་དེའི་ཁོངས་སུ་ཙནྡན་དཀར་པོ་ལས་བྱས་ཤིང་སྐུའི་ཉམས་དང་བཞུགས་སྟབས་སོགས་ཇོ་བོ་ཝ་ཏི་བཟང་པོ་ལས་ཏོག་ཙམ་ཆུང་བ་མ་གཏོགས་ཆ་ཐམས་ཅད་ནས་ཧ་ཅང་འདྲ་ཆེ་བའི་ཇོ་བོའི་སྣང་བརྙན་ཞིག་ ༼སྐུ་དེ་ད་ལྟ་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་ས་གནས་སུ་ཆགས་པའི་ཤྲཱི་དགའ་ལྡན་དར་རྒྱས་གླིང་དུ་མཇལ་རྒྱུ་ཡོད།༽ ཡོད་པ་དེར་ཇོ་བོ་ཝ་ཏི་བཟང་པོ་དང་ཆ་འདྲ་ཞིང་ཚད་མཉམ་པའི་ཞལ་འབག་ཅིག་བཞེངས་ཏེ་བསྒྲོན་ ༼ཞལ་འབག་དེའང་ད་ལྟ་བལ་ཡུལ་སྤོག་ར་བཀྲ་ཤིས་གླིང་ས་གནས་སུ་ཆགས་པའི་ཤྲཱི་དགའ་ལྡན་དར་རྒྱས་གླིང་དུ་མཇལ་རྒྱུ་ཡོད།༽ པ་དང་རྒྱུན་པའི་ཇོ་བོའི་སྐུ་རྒྱན་ན་བཟའ་དང་བཅས་པ་དེར་བསྒྲོན་ནས་ཡུལ་དེའི་དམངས་ཀྱིས་མི་ཤེས་པར་ཇོ་ཚབ་ཏུ་བཞུགས་སུ་གསོལ། མཚན་མོ་ཞིག་ལ་དགེ་འདུན་པ་ཁག་ཅིག་གིས་ཇོ་བོ་ངོ་མ་དེ་གསང་བའི་ཐོག་ནས་གདན་ཞུས་ཀྱིས་ས་གནས་ནས་གསང་ཐོན་བྱས་ཏེ་ཕེབས་དགོས་བྱུང་ཡོད་པ་རེད་ལ། རིམ་པས་རི་ལམ་སྣ་ཚོགས་བརྒྱུད་དེ་མཐར་ ༡༩༦༧ ལོར་རྡ་ས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་གདན་ཞུ་ཐུབ་པའི་སྐལ་བཟང་དེ་མངོན་དུ་ཡོད་པ་རེད། འོག་གི་པར་དེ་རྣམས་ཇོ་བོ། ཇོ་ཚབ་ཞལ་འབག ཞལ་འབག་གང་ལ་བསྒྲོན་སའི་དར་གླིང་གི་ཇོ་བོའི་སྐུ་བཅས་རེད།

ཇོ་བོ་ཝ་ཏི་བཟང་པོ། ༼ ད་ལྟ་བཞུགས་སྒར་༧རྒྱལ་བའི་ཐུགས་དམ་གྱི་རྟེན་གཙོར་ཞུགས།༽

ཇོ་བོ་ཝ་ཏི་བཟང་པོ་གློ་བོ་ནས་གསང་ཐོན་གནང་སྐབས་ཇོ་ཚབ་ཆེད་བཞེངས་པའི་ཇོ་བོའི་ཞལ་འབ

 

ཇོ་བོ་ཝ་ཏི་བཟང་པོ་གློ་བོ་ནས་གསང་ཐོན་གནང་སྐབས་ཇོ་ཚབ་ཏུ་བཞུགས་པའི་ཤྲཱི་དགའ་ལྡན་གླིང་གི་རྟེན་ཙནྡན་དཀར་པོ་ལས་གྲུབ་པའི་ཇོ་བོའི་སྣང་བརྙན

 

 

 

༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༡༥ ཉིན་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་དུ་སྤྱན་རས་གཟིགས་ཀྱི་བཀའ་དབང་
སྨིན་སྩོལ་སྐབས་སྩལ་བའི་བཀའ་སློབ་ལས་ཟུར་འདོན་ཞུས་པ།

 

ཉི་ཧོང་དུ་དབང་ཞིག་བྱ་རྒྱུ་བྱས་པ་ལྟར། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་བྱེད་དགོས་སམ། ཡང་ན་ཇོ་བོ་ཝ་ཏི་བཟང་པོའི་ཐོག་ནས་བྱེད་དགོས་པ་ཡིན་ནམ་སྙམ་སྟེ་ངོས་ནས་བརྟག་དཔྱད་བྱས་པ་ཡིན། ཇོ་བོ་ཝ་ཏི་བཟང་པོ་དེ་ཧ་ཅང་བཟང་པོ་ཞིག་བབ་ཡོང་གི་འདུག །དེར་བརྟེན་དེ་རིང་ཇོ་བོ་ཝ་ཏི་བཟང་པོའི་ཐོག་ནས་དབང་བྱེད་དགོས་བསམ་བྱུང་། ངོས་ནས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྟེ། ཕྱིས་སུ་སྟོད་ནས་ཇོ་བོ་ཝ་ཏི་བཟང་པོའི་སྐུ་དེ་རྫོང་དཀར་ཆོས་སྡེའི་དགེ་འདུན་པ་རྣམས་བྲོས་བྱོལ་དུ་ཕེབས་སྐབས་ཝ་ཏི་བཟང་པོའི་སྐུ་དེ་ཡང་མཉམ་དུ་གདན་ཞུ་ཐུབ་པ་རེད། ཇོ་བོ་ཝ་ཏི་བཟང་པོ་དྷ་རམ་ས་ལར་ངོས་རང་ཡོད་སར་སྐུ་བརྙན་དེ་ཉིད་བཞུགས་ཡོད། དྷ་རམ་ས་ལར་ཡོད་པའི་ཇོ་བོ་ཝ་རི་བཟང་པོའི་སྐུ་དེ་ནི། རྫོང་དཀར་ཆོས་སྡེའི་དགེ་འདུན་པ་རྣམས་ཀྱིས་སྐུ་དེའི་ཞལ་རས་ལ་འགྱུར་བ་འགྲོ་གི་འདུག་ཅེས་བརྗོད་རྒྱུ་འདུག་ལ། ངོས་རང་སྡོད་ས་དེར་སྐུ་དེ་བཞུགས་སུ་གསོལ་ཡོད་པས། སྤྱན་རས་གཟིགས་ཝ་ཏི་བཟང་པོའི་ཞལ་རས་མཇལ་སྐབས་རྣམ་འགྱུར་ལ་ཧ་ཅང་འགྱུར་བ་འགྲོ་གི་འདུག །མཚམས་རེ་མཇལ་སྐབས་བཞད་མོ་མ་བཞད་པའི་རྣམ་པ་དང་། སེམས་བསྐྱེད་སྨོན་ལམ་སོགས་བཏོན་ནས་མཇལ་སྐབས་བཞད་མོ་བཞད་པའི་རྣམ་པ་ཞིག་འཆར་ཅན་ལྟ་བུ་ཡོང་གི་འདུག །

སྙིང་པོ་དེ་ཙམ་མེད་ཀྱང་། ངོས་ཀྱི་གཉིད་ལམ་ལའང་ཇོ་བོ་ཝ་ཏི་བཟང་པོའི་སྐུ་དེ་ཐེངས་གཅིག་མཇལ་ནས། མི་དང་མི་འཕྲད་པ་ལྟར་བརྩིས་ནས་ཁྱེད་རང་སྟོང་ཉིད་རྟོགས་ཀྱི་ཡོད་དམ། ཞེས་བཀའ་འདྲི་ཞུས་པར། སྟོང་ཉིད་རྟོགས་ཀྱི་ཡོད་ཅེས་གསུང་གི་འདུག །འོ་ན་སྟོང་ཉིད་མངོན་སུམ་དུ་རྟོགས་ཀྱི་ཡོད་དམ། ཞེས་བཀའ་འདྲི་ཞུས་པར། སྟོང་ཉིད་མངོན་སུམ་དུ་རྟོགས་ཀྱི་ཡོད། ཅེས་གསུང་གི་འདུག །དམིགས་བསལ་ངོས་ལ་ལོ་ཀེ་ཤྭ་ར་འཇིག་རྟེན་དབང་ཕྱུག་དང་། ཝ་ཏི་བཟང་པོའི་སྣང་བརྙན་བཅས་དང་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད་པ་རེད།

ཁྱེད་རང་ཚོ་འགའ་ཞིག་གིས་རྨོངས་དད་བྱས་ཏེ། ༸རྒྱལ་བ་རིན་པོ་ཆེ་འཕགས་པ་སྤྱན་རས་གཟིགས་རེད་ཅེས་བརྗོད་ཀྱི་ཡོད། དེ་ནི་རྨོངས་དད་རེད། གང་ལྟར་ངོས་རང་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་ལྟ་བུ་བྱེད་ཀྱི་ཡོད། དེ་ནི་ངོས་ཀྱིས་ཚོད་ཐིག་གི་འདུག །ཇོ་བོ་ཝ་ཏི་བཟང་པོར་ནམ་རྒྱུན་འདི་ལྟར་ཞུ་བཞིན་ཡོད། ཁྱེད་རང་ནི་སྤྱིར། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས། །ཡོན་ཏན་དམ་པ་ཀུན་ནས་བསགས། །སྤྱན་རས་གཟིགས་ཞེས་མཚན་གསོལ་བ། །རྟག་པར་བརྩེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་སྙིང་རྗེའི་བདག་ཉིད་ཀྱི་ལྷ་མཆོག་དང་། ཡང་སྒོས་བོད་ཁ་བ་གངས་ཅན་གྱི་ལྷ་སྐལ་རེད། གོ་ཆོད་ཀྱང་རུང་མ་ཆོད་ཀྱང་རུང་། འཕགས་པ་སྤྱན་རས་གཟིགས་ཀྱི་མགྲོན་གཉེར་དེ་ང་ཡིན་ད་ཞེས་ཞུ་བཞིན་ཡོད། ངོས་རང་ཕར་ཚུར་འགྲོ་སྐབས་འཕགས་པ་སྤྱན་རས་གཟིགས་ཇོ་བོ་ལོ་ཀེ་ཤྭ་ར་དེ་ངོས་ཀྱི་མཇིང་པའི་ཐོག་ཏུ་ཡོད་བསམ་གྱི་འདུག །དེར་བརྟེན་འཕགས་པ་སྤྱན་རས་གཟིགས་མི་མངོན་ནམ་མཁའི་དབྱིངས་ཤིག་ནས་ཐུགས་རྗེས་གཟིགས་ནས་བཞུགས་ཡོད། མི་དང་མི་ཐུག་ནས་ཁ་ཡོད་ལག་ཡོད་བྱས་ནས་ཕན་ཐོགས་བྱེད་མཁན་དེ་ཨ་མདོའི་ཕྲུ་གུ་ལྷ་མོ་དོན་གྲུབ་ཅེས་པ་དེ་ཆགས་ཡོད། ཅེས་བཀའ་སློབ་བྱིན་ཅན་སྩལ་བའོ།།  །།

བརྒྱུད་སྐུལ།

མཆན་སྤེལ།