༄༅། །ལྷ་རྩེ་རྫོང་མང་མཁར་དུ་ཆགས་པའི་ཆ་ལུང་བཙུན་དགོན་གྱི་སྐོར། པཎ་ཆེན་འབུམ་ཕྲག་གསུམ་པའི་དངོས་སློབ་གྲུབ་ཆེན་མ་བདེ་ལེགས་དཔལ་འཛོམ་གྱིས་མང་མཁར་ཆ་ལུང་རྡོ་རྗེ་བྲག་རྫོང་གི་གཞུང་དུ་དུས་རབ་བཅུ་དྲུག་པའི་ནང་ཕྱག་བཏབ། གྲུབ་ཆེན་མ་མཆོག་གིས་དབུས་བཙུན་མ་ཡང་གང་ཙམ་གསར་དུ་བྱུང་བ་ངེས། གྲུབ་ཆེན་མ་དང་བཙུན་དགོན་འདུས་ཚོགས་ནས་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་མཆོག་སྤྱན་དྲངས་ནས། གྲུབ་ཆེན་མ་མཆོག་ནས་ལམ་འབྲས་མ་རྫོགས་སྤྲོས་མེད་དགོས་གསུང་། བླ་མ་ནས་ངེ་རང་བརྒྱུད་པ་འདི་བརྒྱུད་པ་གཉིས་ལྡན་ཡིན་པས་ཐོག་མར་གཤེར་དམར་ལྷ་ལྔའི་དབང་། དེ་ནས་འཁྲིད་བཙུགས། སྤྲོས་མེད་རྒྱུན་གྱི་བྱིན་རླབས་བྱས།
དེ་ནས་ཐེག་ཆེན་པ་ནས་བརྒྱུད་པའི་རྣམ་རྟོག་འོད་གསལ་གྱི་བྱིན་རླབས་བྱས། དེ་ནས་སེམས་སྐྱེད་དྲུག་གི་འཁྲིད་དང་བདུད་རྩི་བྱིན་རླབས་བྱས། དེའི་རྗེས་བར་ཆད་བསལ་བ་སོགས་འཁྲི་རྫོགས་པར་བྱས། ཐེག་ཆེན་པས་མཛད་པའི་སྤྲོས་མེད་ཚིག་སྐང་གི་རྣམ་འགྲེལ་དང་། རྗེ་ངོར་ནས་མཛད་པའི་སྤྲོས་མེད་མཛེས་རྒྱན་སོགས་ལུང་རྣམས་ཀྱང་ཆ་ཙམ་སོང་། དེ་དུས་ཕྱག་ཆེན་རྩེད་སྤོང་གི་འགོ་ཐོར་ཙམ་ལ་པདྨ་དཀར་པོས་མཆན་བུ་གནང་འདུག་པའི་ཡན་ལག་སྤྱན་དབྱེ་བའི་ཆོག་དེ་ཡང་དེ་དུས་བརྩམས་གནང་ཡོད། སྐབས་དེ་དུས་བཙུན་དགོན་ནས་ཆོས་འཆད་ས་ཚོམས་དང་གཡབས་གསར་རྣམས་གསར་དུ་ཟོས། དེ་མིན་གྲྭ་ཤག་ཡང་གང་ཙམ་ཡོད། དེ་ནས་སྐབས་གེ་ཤེད་ཅིག་ལ་མཁན་ཆེན་བསོད་ནམས་ཆོས་འཕེལ་མཆོག་ཆ་ལུང་རྡོ་རྗེ་བྲག་ལ་ཟླ་བ་ལྷག་ཙམ་སྐུ་མཚམས་བཅད་རྒྱ་དམ་པོ་ཞུགས་པའི་ཐ་མ་གྲུབ་ཆེན་མ་དང་མཇལ་བ། དེ་ཡང་། གང་ལྟར་དེ་གྲོལ་ནས་རྡོ་རྗེ་ཕག་མོའི་རྣམ་སྤྲུལ་ཡིན་ཞུ་བའི་ཆ་ལུང་སྒྲུབ་ཆེན་མ་དང་མཇལ། ནེ་གུ་དང་ཕྱག་ཆེན་སོགས་ཀྱི་གླེང་མོ་རྒྱས་པོ་བྱུང་ཞེས་གསུང་། སྐབས་དེ་དུས་གྲུབ་ཆེན་མ་མཆོག་དང་བཙུན་མ་ཡང་གང་ཙམ་ཡོད་ངེས། དེ་ནས་ལོ་ངོ་བརྒྱ་ལྷག་ཙམ་ལ་དར་རྒྱས་ཆེན་པོ་བྱུང་ནས་༧གོངས་ས་སྐྱབས་མགོད་ལྔ་བ་དྲུག་པའི་སྐབས་ལ་བཙུན་མ་བཞི་བཅུ་ཞེ་དགུ་ཙམ་ཡོད་པ་དེ་ཡང་་། དགའ་ལྡན་ཆོས་འབྱུང་བེ་སེར་ལས་ཨང་གཉིས་པ་བཙུན་མ་བཞི་བཅུ་ཞེ་དགུ་སྐོར་ཞེས་གསུང་། བཙུན་དགོན་གྱི་འཛིན་བདག་བྱེད་པའི་བླ་མ་ནི། གྲུབ་ཆེན་མ་བདེ་ལེགས་དཔལ་འཛོམ། བར་སྐབས་ཇོ་ནང་པ་བདག ཇོ་ནང་པས་འཛིན་བདག་བྱེད་པའི་མཁན་པོ་དང་པོ་ནི། གཙང་པ་འགབ་པ་སྐུ་ཕྲེང་དང་པོ་གྲུབ་ཆེན་ངག་དབང་འཕྲིན་ལས། ཕྱིས་ཀུན་དགའ་ཆོས་བཟང་། ༧གོངས་ས་སྐྱབས་མགོན་ལྔ་བ་དྲུག་པའི་སྐབས། ད་ལྟ་ཀྲེ་བ། ཆོ་ག་ནི་སྔོན་མ་པདྨ་ཡང་གསང་ཁྲོས་པ་ཡོད་པ་འདྲ། བེ་སེར་ལས་བྱང་གཏེར་ཐུགས་རྗེ་ཆེན་པོ་སོགས་གཏོང་གསུང་། བར་སྐབས་ནས་བཙུན་དགོན་དེ་ཡང་བདག་མེད་དུ་གྱུར་ནས་དེང་སྐབས་གོག་རོ་ལས་མེད།
དཔྱད་དེབ་ནི། མང་ཐོས་ཀླུ་སྒྲབ་རྒྱ་མཚོའི་རྣམ་ཐར་དང་། མཁན་ཆེན་བསོད་ནམས་ཆོས་འཕེལ་གྱི་རྣམ་ཐར། ཇོ་ནང་ཆོས་འབྱུང་། དགའ་ལྡན་ཆོས་འབྱུང་བཻ་སེར།
ཕྱོགས་སྒྲིག་པ། ལྷ་རྒོད་གངས་རི།
Post Views: 1,395