དགའ་ལྡན་དར་རྒྱས་གླིང་གི་གནས་ཡིག

དགའ་ལྡན་དར་རྒྱས་གླིང་གི་གནས་ཡིག

༄། །ཕུན་ཚོགས་དགའ་བ་ཀུན་ལྡན་གནས་ཀྱི་མཆོག །ལུང་རིགས་གནས་ལ་མཁས་པའི་སྡེ་དར་བཞིན། །རྒྱས་བཞིན་འགྲོ་ལ་ཐར་པའི་ལམ་སྟོན་པ། །གླིང་འདི་ཕྱོགས་དུས་ཀུན་ཏུ་རྒྱས་གྱུར་ཅིག །ཅེས་དགེ་ཤེས་ཚུལ་ཁྲིམས་ཕུན་ཚོགས་ལགས་ཀྱི་གསུང་ཚིག་བྱིན་རླབས་ཅན་གྱིས་སྔུན་བསུས་ཏེ་འདིར་གླེང་བར་བྱ་བ་ནི། མདོ་མཁར་དགའ་ལྡན་དར་རྒྱས་གླིང་ངམ། ཡང་ན་འདར་དར་རྒྱས་གླིང་ཞེས་གྲགས་པ་འདི་ཉིད་མགོན་པོ་རྒྱ་མཚོ་བས་ཕྱག་བཏབ་ཅིང་། དེ་ནས་སྐྱོན་གང་ཡིན་མི་ཤེས་ཀྱང་སྤོ་དགོས་བྱུང་། དགའ་ཞིག་གིས་འདར་ཆོས་སྡེ་ཟེར་བ་ཞིག་ཡོད་པ་དེ་ཡིན་ཟེར། དེའི་དབོན་བརྒྱུད་མཁས་གྲུབ་དཔལ་ལྡན་རྒྱ་མཚོ་བས་རུ་ལག་སྟོང་སྡེ་བཅུའི་ནང་ཚན་མང་མཁར་ཞེས་གྲགས་པའི་ཕུ་ལྷ་རྒོད་གངས་རིའི་འདབས་ཞོལ་དུ་གནས་པའི་ཆ་ལུང་རྡོ་རྗེ་བྲག་རྫོང་གི་རྒྱབ།

 

མང་མཁར་ཐུབ་བསྟན་དགེ་འཕེལ་དགོན་གྱི་གཡོན་ཕྱོགས་རྐྱང་རི་རི་བོའི་ཞོལ་དུ་ཡོད་པའི་རི་ཆུང་ཆུང་འབལ་འཁོར་འདྲ་བ་དེ་དང་། དེ་མིན་ས་ཡུལ་ཁག་ཅིག་བཅས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་གསུམ་པ་བསོད་ནམ་རྒྱ་མཚོ་མཆོག་ལ་ལུང་བསྟན་ཞུས། ༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ནས་རི་འབལ་འཁོར་འདྲ་བའི་ས་དེར་བཟང་བའི་ལུང་བསྟན་ཅིང་། དགོན་པའི་མིང་ཡང་དགའ་ལྡན་དར་རྒྱས་གླིང་ཞེས་སྩལ། མཁས་གྲུབ་དཔལ་ལྡན་རྒྱ་མཚོ་མཆོག་ནས་རི་ཆུང་འབལ་འཁོར་འདྲ་བ་དེའེ་སྟེང་དུ་དགོན་པ་སྦོ་འདྲ་བ་གཅིག་བཞེངས་དགོས་དགོངས་ནས་ཐུགས་ལ་ཡོད་པ་ནང་བཞིན་བྱུང་། རི་ཆུང་དེ་དེ་སྔོན་ཡུལ་གྱི་དུར་ཁྲོད་ཡིན་ཟེར། དེ་ནས་དགེ་འདུན་འཕེལ་རིམ་གྱི་དགོན་པ་ཡར་རྒྱས་གང་ཙམ་བྱུང་སྟེ་དུས་རབ་ཉི་ཤུའི་དཀྱིལ་ལ་གཙུག་ལག་ཁང་དང་། དགེ་འདུན་བཞུགས་གནས། ཆོས་ར་སོགས་ཕྱི་ཡི་བཀོད་པ་རྒྱ་ཆེ་ཙམ་བྱུང་། ཆོས་རར་ཚོགས་རྒྱུ་དང་དགུ་གཏོར་གར་འཆམ་སོགས་གསར་དུ་བཙུགས་པ་དང་། དགོན་པའི་ལོ་གཅིག་གི་ཆོས་ཀྱི་བྱེད་སྒོ་མང་དུ་ཡོད་པ་རྣམས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཐུབ་པ་བྱུང་ནས་དར་རྒྱས་གླིང་ཞེས་གྲགས་པ་ཆེ་ཙམ་བྱུང་ཡོད།
དགོན་འདིའི་མཁན་པོ་རིམ་བྱུང་ནི། མཁན་པོ་དང་པོ་མགོན་པོ་རྒྱ་མཚོ་དང་། མཁས་གྲུབ་དཔལ་ལྡན་རྒྱ་མཚོ། རྒྱ་མཁར་བ་དགེ་འདུན་དཔལ་གྲུབ། ཟང་མཁར་དཀོན་རིན་པ། དགེ་འདུན་དཔལ་འབྱོར། གུ་གེ་འཇམ་དཔལ་རྒྱལ་མཚན། རྟ་ནག་ནོར་རྒྱན་པ། ཁལ་ཁ་བཟོད་པ་རྒྱ་མཚོ། མང་ཡུལ་བསོན་ནམས་ཆོས་འཕེལ། ཟང་མཁར་བློ་བཟང་བཀྲ་ཤིས། གཏིང་སྐྱེས་བློ་བཟང་། བསྟན་པ་དར་རྒྱས། དེ་ནས་ཧར་གདོང་པ་དཀའ་ཆེན་བློ་བཟང་བཀྲ་ཤིས། གཏིང་སྐྱེས་དཀའ་ཆེན་བློ་བཟང་དཔལ་འབྱོར། དེ་ནས་དུས་འགྱུར་སྐབས་དཀའ་ཆེན་བློ་བཟང་ལེགས་ཚོགས་བཅས་མཁན་རིན་པོ་ཆེ་བཅོ་ལྔ་ཙམ་གྱི་མཚན་རྙེད་པ་དེ་ཙམ་ལགས། དེ་མིན་མཁན་པོ་སུམ་ཅུ་ལྷག་ཙམ་ཕེབས་ཡོད་ན་ད་དུང་མཁན་པོ་བཅོ་ལྔ་ཙམ་གྱི་མཚན་རྙེད་མེད་པ་བཅས་སོ།།

དགེ་འདུན་ཞལ་གྲངས་ནི་༸གོང་ས་ཐམས་ཅད་མཁྱེན་པ་སྐུ་ཕྲེང་ལྔ་པ་དང་དྲུག་པའི་སྐབས་སུ་བཞི་བཅུ་ཞེ་གཉིས་ཡོད་པ་བཻ་སེར་ལས་གསུངས། དེ་ནས་དུས་རབས་བཅུ་དགུ་པ་དང་ཉི་ཤུའི་སྟོད་ཙམ་ལ་དགེ་འདུན་ཞལ་གྲངས་ཉི་ཤུ་ནས་སུམ་ཅུ་བར་དང་། དེ་ནས་སྤྱི་ལོ་ཆིག་སྟོང་དགུ་རྒྱ་སུམ་ཅུའི་ནང་ནས་དགོན་པ་ཡར་རྒྱས་གང་ཙམ་བྱུང་སྟེ་དགེ་འདུན་ཡར་ངོའི་ཟླ་བཞིན་འཕར་ནས་དུས་འགྱུར་སྐབས་དགེ་འདུན་ཞལ་གྲངས་རྒྱ་ལྷག་ཙམ་ཡོད་པ་བཅས་སོ།།

 

ལྷ་རྒོད་གངས་རིའམ་དངོས་མིང་ཡེ་ཤེས་ནས། དཔྱད་དེབ་ནི། དགའ་ལྡན་ཆོས་འབྱུང་བཻ་སེར། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ། དེ་མིན་ཡུལ་ལུང་གི་མི་རྒན་པ་རྣམ་གྱི་ངག་རྒྱུན་སོགས་ལ་གཞིགས་ཏེ་ཕྱོགས་བསྒྲིགས་ཞུས་པའོ།།

དར་རྒྱས་གླིང་གི་མཚན་རྒྱས་པར། དགའ་ལྟན་དར་རྒྱས་གླིང་ཞེས་ཞུ། ཐུབ་བསྟན་དགེ་འཕེལ་གླིང་ནས་སྤྱི་ལེ་ཁ་ཤས་མར་ཡོང་ན་དགོན་དེ་ལམ་འོག་ཏུ་ཡོད། དགོན་དེ་ནི་༸རྒྱལ་བ་བསོད་ནམས་རྒྱ་མཚོའི་ལུང་གིས་ཟིན་པ་མཁས་གྲུབ་དཔལ་ལྡན་རྒྱ་མཚོས་ཕྱག་བཏབ་གནང་མཛད། དགོན་དེ་ནི་ལྷ་རྩེ་ཁུལ་དུ་དགེ་ལྡན་གྱི་དགོན་པ་དང་པོ་ཡིན་པ་དང་། གྲུམ་པ་གྱང་ཉམས་གསོ་གནང་རྗེས་སུའང་དགོན་དེའི་ཁོངས་སུ་སྦྱར། མཁན་པོའང་བཀྲས་ལྷུན་སྔགས་པ་གྲྭ་ཚང་ནས་ཕེབས་པ་ཡིན། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ཡང་སྐྱིད་གྲོང་དེར་ཞབས་བཅགས་པ་དང་། པཎ་ཆེན་སྐུ་ཕྲེང་དགུ་པའང་མང་འཁར་ཆུ་ཚན་དུ་ཕེབས་སྐབས་དགོན་དེར་བཞུགས་པའི་ལོ་རྒྱུས་ཀྱང་ཡོད། སྔོན་འདུ་ཁང་ཀ་བ་བཅུ་གཉིས་ཀྱི་ནང་དུས་གསུམ་སངས་རྒྱས་ཐོག་སོ་ཅན་དང་། འཇིགས་བྱེད་དཔའ་བོ་གཅིག་པ། རྗེ་ཡབ་སྲས་གསུམ་སོགས་རྟེན་དང་བརྟེན་པར་བཅས་པ་མཇལ་རྒྱུ་ཡོད། སྔར་དུས་འགྱུར་གོང་དགེ་འདུན་ཞལ་གྲངས་ ༨༠ སྐོར་གྱིས་དགེ་ལྡན་ལུགས་ཀྱི་བཤད་སྒྲུབ་ཕྱག་བཞེས་གནང་བ་ཡིན། ད་ལྟ་སྔོན་གྱི་རྩིག་སྟེང་ཐོག་བཀབ་གནང་བའི་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། ལྡེབས་རིས་རྙིང་མ་མང་པོ་བཅས་མཇལ་རྒྱུ་ཡོད།

ཆོས་འཕེལ་ལགས་ཀྱིས་བརྩམས་པའི་གཞིས་རྩེའི་གནས་སྐོར་ལམ་ཡིག་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།