མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་དཔེ་དེབ་གསར་ཐོན།

མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་དཔེ་དེབ་གསར་ཐོན།

ད་ལམ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་དཔེ་དེབ་འདི་གཉིས་ཀྱི་ནང་དོན་གཙོ་བོ་ནི་ནང་རིག་པའི་སྙིང་བཅུད་གསང་སྔགས་བླ་མེད་རྒྱུད་ཀྱི་བརྗོད་བྱ་འགྲེལ་པའི་བསྐྱེད་རྫོགས་གཉིས་ཀྱི་རྣལ་འབྱོར་སྒོམ་ཚུལ་ཡིན་ཞིང་། གསང་སྔགས་ནི་ང་རང་ཚོའི་ལུས་སེམས་ལ་ཡོད་པའི་དངོས་ཡོད་ཀྱི་གནས་ཚུལ་བེད་སྤྱོད་བཏང་ནས་སྦྱོང་བརྡར་བྱས་ཏེ། ལུས་སེམས་གཉིས་ལ་བདེ་བ་ཐོབ་ཐབས་ཀྱི་རིག་གཞུང་ཞིག་རེད། མདོར་ན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་བཀའ་ཁྲིད་གནང་བའི་《བསྐྱེད་རིམ་》དང་《རྫོགས་རིམ་》ཞེས་པའི་དེབ་འདི་ཉིད་ཀྱིས་ལས་དང་པོ་བ་རྣམས་ལ་ཁ་གསལ་ཞིང་གོ་བདེ་བའི་ངང་གསང་སྔགས་ཀྱི་རྨང་གཞིའི་ཤེས་བྱ་ངོ་སྤྲོད་མཛད་འདུག་པས། བོད་རིག་པ་དང་སྒོས་སུ་ནང་བསྟན་ལ་ཞིབ་འཇུག་གནང་མཁན་ཚོར་མཚོན་ན་དེབ་འདི་ནི་ཉེ་བར་མཁོ་བའི་གཅེས་ནོར་ལྟ་བུ་ཞིག་ཅི་ལ་མིན།

གཉིས་པ། དཔེ་སྐྲུན་གྱི་དམིགས་ཡུལ། 

མཁས་པའི་ཁྱུ་མཆོག་གང་གི་སྐུ་ཚེ་སྨད་ཀྱི་རིན་ཐང་བྲལ་བའི་བཀའ་ཁྲིད་ལེགས་སྒྲིག་བྱས་ནས་མི་རབས་རྗེས་མར་ཁོང་གི་རིག་གཞུང་གི་བསམ་བློ་དང་སྙིང་སྟོབས་བརྒྱུད་སྤྲོད་བྱ་རྒྱུ་དང་། བོད་རིག་པའི་རིག་གཞུང་ཞིབ་འཇུག་ལ་སྐུལ་འདེད་བྱེད་པའི་ཀུན་སློང་བཅངས་ཏེ་བཀའ་ཁྲིད་འདི་ཉིད་ལེགས་སྒྲིག་བྱས་ཤིང་དཔེ་སྐྲུན་བྱས།

 

གསུམ་པ། དཔེ་སྐྲུན་གྱི་བརྒྱུད་རིམ།

དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནི་སྐུ་གཞོན་ནུའི་དུས་ཉིད་ནས་མདོ་སྔགས་གཞུང་ལུགས་ཀུན་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད་དེ་དགེ་བཤེས་ལྷ་རམས་པ་དང་སྔགས་རམས་པའི་མཚན་གྱི་ཅོད་པན་བཞེས་ཤིང་། རྒྱལ་ཁབ་ཕྱི་ནང་དུ་སློབ་གསོ་དང་བོད་རིག་པའི་བྱ་བཞག་ཁྱབ་ཁོངས་ནང་སློབ་མ་ནམ་མཁའི་སྐར་ཚོགས་ལྟར་གསོ་སྐྱོང་མཛད་ཡོད། ལྷག་པར་དུ་བོད་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་རྒྱུའི་ཐད་མཛད་རྗེས་ཤིན་ཏུ་ཆེ་ལ། རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ལས་རིགས་ནང་ཤུགས་རྐྱེན་ཤིན་ཏུ་ཆེན་པོ་ཐེབས་པར་མ་ཟད། རྒྱལ་ཁབ་རིམ་པའི་མཁས་དབང་སོགས་ཀྱི་མཚན་གནས་བཞེས་ཏེ་གང་འདིའི་མཛད་འཕྲིན་དབྱར་མཚོ་ལྟར་རྒྱས་པ་བྱུང་ཡོད་པ་ནི་གཟུར་གནས་བློ་ལྡན་རྣམས་ཀྱིས་ཤེས་གསལ་ལགས།


དམ་པ་གང་གིས་སློབ་ཁྲིད་ཀྱི་བཀའ་དྲིན་བསྐྱངས་པའི་སྒྲ་ཕབ་དེའི་ནང་གསང་སྔགས་ཀྱི་རྨང་གཞིའི་ཤེས་བྱ་དང་། གཞི་རྩའི་ལྟ་ཚུལ་ཁག་གི་འགྲེལ་བཤད་ཆ་ཚང་བ་དང་། གོ་བདེ་བ། ཁ་གསལ་བ། ནང་དོན་ཟབ་པ་བཅས་ཀྱི་ཁྱད་ཆོས་ལས་བགྲང་བྱ་སུམ་ཅུའི་གོང་དུ་བོད་ལྗོངས་སློབ་ཆེན་དུ་དམ་པ་གང་གི་གསེར་ཞལ་དངོས་སུ་མཇལ་བ་ལྟ་བུའི་ཚོར་སྣང་དང་སྦྲགས། རིན་ཐང་བྲལ་བའི་བཀའ་ཁྲིད་དེ་ཉིད་ཡི་གེར་བཀོད་ནས་མི་རབས་རྗེས་མར་བརྒྱུད་སྤྲོད་བྱ་རྒྱུ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་ཞིབ་འཇུག་གནང་མཁན་རྣམས་ལ་ཉེ་བར་མཁོ་བ་ཞིག་ཀྱང་ཡིན་པས་བཀའ་ཁྲིད་དེ་ཉིད་དཔེ་སྐྲུན་ཞུ་ཐུབ་ན་ཅི་མ་རུང་སྙམ་པའི་རེ་བ་བཅངས་ནས་བཀའ་ཁྲིད་དེ་ཉིད་ཡི་གེར་བཀོད་པ་ཞིག་ཡིན་པ་དང་། གཞན་ཡང་བཀའ་ཁྲིད་ལེགས་སྒྲིག་བྱེད་པའི་བརྒྱུད་རིམ་ནང་མི་རིགས་དཔེ་སྐྲུན་ཁང་སོགས་སྤྱི་ཚོགས་ཀྱི་སྡེ་ཚན་དང་ལས་རིགས་ཁག་གི་བློ་ལྡན་དོན་གཉེར་བ་དུ་མའི་ཐུགས་འཁུར་རྒྱབ་སྐྱོར་ཐོབ་པ་སྟེ། སྐུ་ཡི་རིགས་སྲས་འགྱུར་མེད་ལགས་ནས་ཐུགས་དགྱེས་ཆེན་པོས་སྐུ་ཡི་ལོ་རྒྱུས་ཀྱི་དཔྱད་གཞི་རྩ་ཆེན་གནང་བ་དང་། དེ་ཉིད་དཔེ་སྐྲུན་བྱ་ཐབས་ཐད་གལ་ཆེའི་བཀའ་སློབ་ཐོབ་ཡོད། མཇུག་ཏུ་ང་ཚོའི་ཆུ་ཚད་དང་ཆ་རྐྱེན་དབང་གིས་སྐྱོན་མི་ཉུང་བ་ཞིག་ཡོད་སྲིད་པས་རྒྱ་ཆེའི་དཔྱོད་ལྡན་རྣམས་ནས་དགག་བཞག་སྤང་གསུམ་གྱི་རྣམ་གཞག་ལྡན་པའི་དགོངས་འཆར་གང་མང་གནང་རྒྱུར་དགའ་བསུ་ཞུ།

གཞན་ལས་དྲངས།

བརྒྱུད་སྐུལ།

མཆན་སྤེལ།