ཀུན་མཁྱེན་འཇིགས་མེད་གླིང་པའི་རྣམ་ཐར།

ཀུན་མཁྱེན་འཇིགས་མེད་གླིང་པའི་རྣམ་ཐར།

གསང་སྔགས་སྔ་འགྱུར་གྱི་བསྟན་འཛིན་སྐྱེས་ཆེན་མཁས་གྲུབ་གཉིས་ལྡན་ཞིག་ཡིན། མཚན་གཞན་མཁྱེན་བརྩེ་འོད་ཟེར་ཡང་ཞུ། ལྷོ་ཁ་འཕྱོངས་རྒྱས་དཔལ་རི་དགོན་གྱི་ཉེ་འདབས་སུ་ཡབ་ཆོས་རྗེ་སྨོན་ལམ་བཟང་པོ་དང་། ཡུམ་མདོ་སྲིབ་སྟེང་ཁང་པའི་རིགས་སུ་རབ་བྱུང་བཅུ་གཉིས་པའི་ས་བྱ་ (༡༧༢༩) ལོར་འཁྲུངས། དགུང་ལོ་དྲུག་ལ་ཕེབས་སྐབས་དཔལ་རི་འོད་ཟེར་ཐེག་མཆོག་གླིང་དུ་ཆོས་སྒོར་ཞུགས་ཏེ་སྤྲུལ་སྐུ་ངག་དབང་པདྨ་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་ལ་ཕེབས་སྐབས་པཎ་ཆེན་ཤཱཀྱ་ཤྲཱིའི་སྡོམ་རྒྱུན་གནས་གསར་བ་ཀུན་དགའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།

དགུང་ལོ་བཅུ་གསུམ་ནས་ལོ་ཤས་རིང་གྲུབ་དབང་ཐུགས་མཆོག་རྡོ་རྗེ་དང་། དྲུང་དམ་ཆོས་བློ་གསལ་དབང་པོ། ཆོས་རྗེ་ཐེག་ཆེན་གླིང་པ། ཞང་སྒོམ་ཆེན་པོ། བླ་མ་ཀུན་ཏུ་བཟང་པོ། ཀོང་སྨྱོན་སྦས་པའི་རྣལ་འབྱོར་སོགས་བླ་མ་མང་དུ་བསྟེན་ནས། གསང་སྔགས་གསར་རྙིང་གི་ཆོས་བཀའ་མཐའ་ཡས་པ་གསན། མཆིམས་ཕུ་སོགས་དབེན་པའི་གནས་སུ་ལོ་མང་པོའི་བར་དུ་སྒྲུབ་པ་ཉམས་བཞེས་རྩེ་གཅིག་ཏུ་མཛད་པས་རིག་འཛིན་གོང་རྣམས་དང་དབྱེར་མེད་པའི་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཤིང་། སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་གྱུར། དགུང་ལོ་སོ་བཞི་པ་རབ་བྱུང་བཅུ་གསུམ་པའི་ཆུ་རྟ་ (༡༧༦༢) ལོར་ཚེ་རིང་ལྗོངས་ཀྱི་སྒྲུབ་སྡེ་ཕྱག་བཏབ་སྟེ་སྐུ་ཚེ་ཧྲིལ་པོར་གཙོ་ཆེར་སྒྲུབ་གནས་དེ་ཉིད་དུ་ཐུགས་དམ་ཉམས་བཞེས་ལ་གཞོལ་བར་མཛད་ཅིང་། མོན་དང་། ཀོང་པོ། ཁམས་ཕྱོགས། གཙང་ས་སྐྱ་སོགས་སུ་གདན་དྲངས་པ་ལྟར་ཕེབས་ཏེ་རང་རང་སོ་སོའི་མོས་པ་དང་འཚམ་པའི་མདོ་སྔགས་ཀྱི་ཆོས་མང་དུ་གནང་བས། བརྒྱུད་པ་འཛིན་སྤེལ་ནུས་པའི་སློབ་མ་ཡང་མང་པོ་བྱུང་། སྔ་འགྱུར་བསྟན་པའི་སྲོག་རྩར་སྨིན་ངེས་ཀྱི་གསུང་རྩོམ་ཡང་《ཡོན་ཏན་རིན་པོ་ཆེའི་མཛོད་》རྩ་བ་དང་འགྲེལ་པ། 《སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་》《གཏམ་ཚོགས་ཐེག་པའི་རྒྱ་མཚོ་》སོགས་སྡེ་དགེ་དཔར་ཁང་ཆེན་མོར་པོད་དགུ་ཙམ་བཞུགས། དགུང་ལོ་བདུན་ཅུ་པ་རབ་བྱུང་བཅུ་གསུམ་པའི་ས་རྟ་ (༡༧༩༨) ལོར་དགོངས་པ་གཞན་དོན་དུ་གཤེགས། མཛད་རྣམ་ཞིབ་རྒྱས་མ་མཇལ་ཡང་མདོར་བསྡུས་ཙམ་《གུ་བཀྲ་ཆོས་འབྱུང》དེབ་ཆེན་ལྕགས་དཔར་མའི་ཤོག་གྲངས་ ༦༣༥ ནས་ ༦༤༤ བར་གསལ། རྣམ་ཐར་རྒྱས་པ་ཁ་བྱང་དུ་《རྫོགས་ཆེན་མཁྱེན་བརྩེ་འོད་ཟེར་གྱི་རྣམ་ཐར་ལེགས་བྱས་ཡོངས་འདུའི་སྙེ་མ་》ཞེས་འཁོད་པ་དཔར་མ་ལ་གྲངས་ ༣༤༠ ཡོད་པ་དེར་གཟིགས།
ཡོང་ཁུངས། དུང་དཀར་ཚིག་མཛོད་ཆེན་མོ་ལས་བཏུས།

ཀུན་མཁྱེན་འཇིགས་མེད་གླིང་པའི་རྣམ་ཐར་སྙིང་བསྡུས།

 

ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེའི་གཏེར། །
དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་འཛིན། །
འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ། །
འཇིགས་མེད་གླིང་པའི་ཞབས་ལ་གསོལ་བ་འདེབས། །

རིག་འཛིན་འཇིགས་མེད་གླིང་པ་ནི། ཕྱིང་དབར་བང་སོ་དམར་པོའི་ལྷོ་ཕྱོགས་སུ་ཡབ་རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ཞབས་དང་ཆོ་འབྲང་གཅིག་པའི་ཆོས་རྗེ་སྨོན་ལམ་བཟང་པོ་དང་། ཡུམ་གྲི་གུམ་བཙན་མོའི་བློན་པོ་ལོ་ངམ་རྟ་རྫིའི་རྒྱུད་ལས་ཆད་པ་མདོ་སྲིབ་སྟེང་ཁང་པའི་རིགས་ཀྱི་མེ་ཏོག་ཡན་ལག་མཆོག་དང་ལྡན་མ་གཉིས་ཀྱི་སྲས་སུ་སྤྱི་ལོ་ 1729 ལོར་སྐུ་འཁྲུངས། དགུང་ལོ་དྲུག་པར་གསང་མཆོག་དཔལ་གྱི་རི་འོད་གསལ་ཐེག་པ་ཆེན་པོའི་གླིང་དུ་སྤྲུལ་པའི་སྐུ་ངག་དབང་བློ་བཟང་པདྨ་ལས་རབ་ཏུ་བྱུང་ཞིང་། མཚན་ལ་པདྨ་མཁྱེན་བརྩེ་འོད་ཟེར་ཞེས་གསོལ། དགུང་ལོ་བཅུ་པའི་དུས་སློབ་དཔོན་བོན་བཙན་པ་ལས་སྒྲ་དང་། རྩིས། གསོ་རིག་བཅས་གསན་པས་ཚེགས་མེད་དུ་མཁྱེན། དྲུང་དམ་ཆོས་བློ་གསལ་དབང་པོ་ལས་སྙན་ངག་མེ་ལོང་མའི་བཤད་ཁྲིད་ཞུས་པས་ལྗགས་རྩོམ་གནང་བ་ལ་སྙན་འགྱུར་ཕུན་སུམ་ཚོགས་པའི་དཔལ་ཐོབ། གནས་བརྟན་ཀུན་བཟང་འོས་ཟེར་ལས་གྲོལ་ཏིག་དང་བླ་མ་དགོངས་འདུས་སོགས་ཀྱི་དབང་ལུང་གསན། དགུང་ལོ་བཅུ་གསུམ་པར་གྲུབ་དབང་རིན་པོ་ཆེ་ཐེག་མཆོག་རྡོ་རྗེ་དང་མཇལ། ཕྱག་རྒྱ་ཆེན་པོ་ཡེ་ཤེས་མཐོང་གྲོལ་གྱི་རྩ་དབང་དང་བསམ་པ་ལྷུན་གྲུབ་སོགས་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད་གསན།
དགུང་ལོ་བཅོ་ལྔ་པ་ངག་དབང་ཀུན་དགའ་ལེགས་པའི་འབྱུང་གནས་ཀྱི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས། གཞན་ཡང་སྔ་ཕྱིར་གཏེར་ཆེན་དྲི་མེད་གླིང་པ། ཞང་སྟོད་ངྷརྨ་ཀིརྟི། སྨིན་གླིང་གྲུབ་དབང་ཤྲཱི་ནཱ་ཐ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། འབྲོག་ཐང་དབོན་པདྨ་མཆོག་གྲུབ། རྨོན་རྫ་དཀར་བླ་མ་དར་རྒྱས་སོགས་ཡོངས་འཛིན་དུ་མ་ལས་སྔ་འགྱུར་བཀའ་མ་དང་གཏེར་ཁ་གོང་འོག་གཙོ་བོར་གྱུར་པའི་བཀའ་གཏེར་འགངས་ཆེ་བ་རྣམས་དང་། གསར་མའི་རྒྱུད་སྡེ་ཡང་ཅི་རིགས་པ་གསན་བཞེས་མཛད།

སྐབས་དེ་དག་ཏུ་ཐུགས་ལ་ངེས་འབྱུང་དང་སྐྱོ་ཤས་ཚད་མེད་འཁྲུངས་ནས་ཤྲཱི་པརྦ་ཏའི་གླིང་དང་། བསམ་ཡས་མཆིམས་ཕུའི་གེའུ་འོག་ཉང་ཏིང་འཛིན་བཟང་པོའི་སྒྲུབ་ཕུག་ཏུ་གྲགས་པ་སོགས་སུ་ལོ་འཁོར་བསྟུད་མར་སྙིང་པོ་དོན་གྱི་སྒྲུབ་པའི་རྒྱལ་མཚན་འཛུགས་པར་མཛད། ལོ་བདུན་གྱི་སྒྲུབ་པའི་དམ་བཅའ་གེགས་མེད་དུ་མཐར་ཕྱིན་ཏེ། ཐུགས་ལ་ཉམས་ལེན་གྱི་རྟོགས་པ་ཁྱད་པར་ཅན་མང་པོ་འཁྲུངས། དག་པའི་གཟིགས་སྣང་མཐའ་ཡས་པ་བྱུང་ཞིང་། ལྷག་པར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པའི་ཞལ་ལན་གསུམ་དུ་མཇལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་སུ་འཕོས་ཤིང་གསུང་གི་གནང་བ་ཆེན་པོ་ཐོབ་པ་ལ་བརྟེན་ནས་འཕགས་ལམ་དོན་གྱི་ཡེ་ཤེས་རྫོགས་པ་ཆེན་པོའི་བདེན་པ་མཐོང་། ཟབ་གཏེར་མང་པོའི་བསྙེན་སྒྲུབ་མཐར་ཕྱིན་པས་རྣམ་སྨིན་རིག་འཛིན་གྱི་ལྡངས་ཚད་མངོན་དུ་གྱུར། རྩ་རླུང་ཐིག་ལེའི་རྣམ་འབྱོར་ལ་གནད་དུ་བསྣུན་པས་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་མདུད་གྲོལ་ཏེ་དགོངས་གཏེར་ནམ་མཁའ་འཛོད་ཀྱི་ཆོས་སྡེ་ལ་མངའ་དབང་འབྱོར་བས་ཟབ་མོའི་གཏེར་ཁ་ཀློང་དུ་བརྡོལ། ཕྱིས་ཀྱང་སྐུ་ཚེ་ཧྲིལ་པོར་དགོན་གནས་དབེན་པ་ཁོ་ནར་ཐུགས་དམ་གྱི་མཐིལ་མཛད།


འཕྱོངས་རྒྱས་སྲོང་བཙན་བང་སོའི་ལྷོ་ཕྱོགས་སུ་དཔལ་ཚེ་རིང་ལྗོངས་པདྨ་འོད་གསལ་ཐེག་མཆོག་གླིང་གི་རི་ཁྲོད་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཏབ། བསམ་ཡས་བར་ཁང་གཡུ་ཞལ་སྟེང་དུ་རྒྱ་དངུལ་སྲང་ལྔ་བརྒྱ་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་གྱིས་བརྒྱན་པ་བཞེངས། བསམ་ཡས་ཆོས་འཁོར་ཆེན་པོ་ལ་གསེར་སྲང་བརྒྱ་ལས་གྲུབ་པའི་འཁོར་ལོ་ཕུལ་ཅིང་། དངུལ་གྱི་རྒྱལ་བ་མི་ཕམ་པའི་སྣང་བསྙན་ཆེན་པོ་བཞེངས། སྲོང་བཙན་བང་སོ། བསམ་ཡས་མཆིམས་ཕུ། འཕྱོངས་རྒྱས་དཔལ་རི་སོགས་སུ་ཨོ་རྒྱན་པདྨ་འབྱུང་གནས་དང་། ལོ་པཎ་རྣམས་ཀྱི་སྐུ་བརྙན་མང་པོ་གསར་བཞེངས་དང་། ཁྱད་པར་རྒྱལ་བའི་འཕྲིན་ལས་ཆུད་མི་འཛའ་བའི་ཆེད་དུ་རྒྱུད་འབུམ་རིན་པོ་ཆེ་ཆ་ཚང་དང་། རྣམ་ཐར་ཤེལ་བྲག་མ་སོགས་ཀྱི་བྲིས་ཐང་དྲུག་ཅུ་སྐོར་གསར་བཞེངས་གནང་། དེ་བཞིན་བསྟན་པའི་རྩ་བ་མདོ་སྒྱུ་སེམས་གསུམ་དང་དེ་དག་གི་གཞུང་དོན་མ་ནོར་བ་མཁས་གྲུབ་ཆེན་པོས་སྲོལ་བཏོད་པའི་གྲུབ་མཐའ་ནུབ་ལ་ཉེ་བས་ཤྲཱི་པརྦ་ཏའི་གླིང་དུ་སྒྲུབ་མཆོད་ཀྱི་རྒྱུན་གསར་འཛུགས་སོགས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་སླར་གསོའི་ཕྱག་རྗེས་བླ་ན་མེད་པ་འཇོག་པར་མཛད།
རྗེ་འདི་པར་གྲུབ་དབང་འཇིགས་མེད་འཕྲིན་ལས་འོད་ཟེར་དང་། འཇིགས་མེད་རྒྱལ་བའི་མྱུ་གུ། མོན་མཁས་གྲུབ་འཇིགས་མེད་ཀུན་གྲོལ། འབྲི་གུང་རིན་པོ་ཆེ་ཉིན་བྱེད་འོད་ཟེར། ས་སྐྱའི་ཁྲི་ཆེན་ངག་དབང་དཔལ་ལྡན་ཆོས་སྐྱོང་སྐུ་མཆེད། དགའ་ལྡན་བྱང་ཤར་རྣམ་གཉིས། འཕྱོངས་རྒྱས་དཔལ་རི་སྤྲུལ་སྐུ། ལྕགས་ཟམ་སྤྲུལ་སྐུ། གངས་དཀར་སྤྲུལ་སྐུ། ཞ་ལུའི་དགེ་བཤེས་བདེ་གཤེགས་སྙིང་པོ། དྭགས་པོ་སྤྲུལ་སྐུ། ཀོང་པོ་རྒོད་ཚང་སྤྲུལ་སྐུ་འཇིགས་མེད་བསྟན་པའི་རྒྱལ་མཚན། ལྷོ་བྲག་ཐུགས་སྲས། སྡེ་དགེ་རྒྱལ་པོ་དང་བཙུན་མོ་ངང་ཚུལ་མ་སོགས་ཐུགས་རྒྱུད་ཟིན་པའི་སློབ་མ་བསམ་གྱིས་མི་ཁྱབ་པ་མང་པོ་བྱུང་།
རྗེ་འདི་པའི་བརྩམས་ཆོས་ལ་ཡོན་ཏན་རིན་པོ་ཆེའི་མཛོད་རྩ་འགྲེལ་དང་། སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད་འཛམ་གླིང་ཐ་གྲུར་ཁྱབ་པའི་རྒྱན། དགོངས་འདུས་ཆོ་གའི་བསྟན་བཅོས་ལུང་གི་གཏེར་མཛོད། བཀའ་ཡི་བསྡུ་བ་གསར་དུ་མཛད་པའི་ཕུར་པ་རྒྱུད་གཞུང་། ཐུགས་གཏེར་ཀློང་ཆེན་སྙིང་ཐིག་གཞུང་རྩ་བ་གསལ་བྱེད་དང་བཅས་པ། དབུ་རུ་ཞྭ་ལྷ་ཁང་གི་གཏམ། བཀྲ་ཤིས་སྲོང་བཙན་བང་སོའི་གཏམ་ལོ་རྒྱུས་ཀྱི་མཛད་ཁང་། བཀྲ་ཤིས་སྲོང་བཙན་བང་སོའི་དཀར་ཆག །རི་དྭགས་ཀྱི་གཏམ་ངེས་འབྱུང་གི་ཕོ་ཉ། འདབ་ཆགས་ཀྱི་གཏམ་རིག་པ་རང་ཤར། ནགས་ཚལ་གྱི་གཏམ་ཨུ་དུམ་ཝྭ་རའི་ཆུན་པོ། བློ་ལྡན་བྷྲ་མ་རའི་གཏམ་ཚིག་ལ་མི་རྟོན་དོན་ལ་རྟོན་པ། རི་བོང་ཤིན་ཏུ་བརྟན་པའི་གཏམ་བྲག་རིའི་མགུལ་རྒྱན། རྒྱལ་པོ་དང་དམངས་ལ་སྤྲིངས་པའི་གཏམ་རབ་ཏུ་བྱེད་པ་འཇིག་རྟེན་གསོ་བའི་སྨན། དམངས་ལ་སྤྲིངས་པའི་གཏམ་དཔེ་དོན་འབྲེལ་བ་སོགས་གསུང་འབུམ་པོད་དགུ་ཡོད་པའི་བར་ཤིང་ཆ་ཚང་བར་སྡེ་དགེ་དཔར་ཁང་ཆེན་མོར་བཞུགས།
དགུང་ལོ་བདུན་ཅུ་པ་སྟེ། སྤྱི་ལོ་ 1798 ལོར་སྐུ་གཤེགས། རྣམ་ཐར་ཞིབ་མོ་ནི་ཁོང་གི་རང་རྣམ་ཡུལ་ལྷོ་རྒྱུད་དུ་བྱུང་བའི་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་གྱི་རྣམ་པར་ཐར་པ་ལེགས་བྱས་ཡོངས་འདུའི་སྙེ་མ་ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་ 1998 ལོར་དཔེ་སྐྲུན་བྱས་པ་དེར་གསལ།

བོད་ཟླ་ ༩ ཚེས་ ༣ ཉིན་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་འདས་མཆོད་དང་སྟབས་བསྟུན་ནས་བཀོད་པའོ།།

 

 

འཇིགས་མེད་གླིང་པའི་ཞལ་གདམས་ཀ་ཁ་སུམ་བཅུ་མ་བཞགས་སོ།།

སྤྱིར་བོད་འབངས་ཡོངས་ལ་བཀའ་དྲིན་ཆེ། །སྒོས་སྤྲང་རྒན་བདག་གི་སྐྱབས་གནས་མཆོག།རྗེ་སངས་རྒྱས་ཀུན་དངོས་ཨོ་རྒྱན་རྗེར། །སྙིང་རུས་པའི་གཏིང་ནས་གསོལ་བ་འདེབས། །བུ་ཀ་དག་སྤྲོས་བྲལ་ཕྱོགས་ཡན་ལ།།ཁ་དོག་བཟོ་དབྱིབས་མཚོན་པ་མེད། །ག་བུར་དབྱིངས་སུ་ཡལ་བ་ལྟར། །ང་བདག་རྩ་གདར་ཆོད་ལ་ཞོག།བུ་ཅ་ཅོའི་ཚིག་ལ་མ་ཞེན་པར། །ཆ་མེད་པ་ས་མཐའི་ནགས་ཁྲོད་དེར། །ཇ་ཆང་འདོད་ཡོན་མ་བསམས་པར།།ཉ་ལྟར་རིག་པ་གཅེར་བུར་ཞོག །བུ་ཏ་ན་གྷ་ནའི་སྤྱོད་པ་འདི། །ཐ་མལ་གྱི་ལམ་དུ་མི་ལྷངས་པས།།དྭ་ཕྲུག་ས་མཐར་འཁྱར་བ་ལྟར། །ན་དགའ་ཤི་སྐྱིད་ངང་དུ་ཞོག །བུ་པ་སངས་ལྟ་བུའི་ལྷག་བསམ་གྱིས།།ཕ་རོལ་ཀུན་ལ་དག་སྣང་སྦྱང་། །བ་མོ་ཉི་མས་བཞུ་བ་བཞིན། །མ་རིག་ཡུལ་ནས་ཐོན་ལ་ཞོག །བུ་ཙ་རི་ཏྲ་སོགས་གནས་སྐོར་ལ།།ཚ་གྲངས་དཀའ་སྤྱད་མི་དགོས་ཀྱི། །ཛ་ཧུའི་རྒྱུན་ལྟར་ཏིང་ངེ་འཛིན། །ཝ་ལྟར་རི་སུལ་འགྲིལ་ལ་སྒོམས།།བུ་ཞྭ་གོས་འོད་ཟེར་དོན་གཉེར་དང་། །ཟ་མའི་ཆེད་དུ་མ་རྒྱུག་པར། །འ་ཅག་སྐྱེ་འཆིའི་དགྲ་བོ་ལ།།ཡ་ང་མེད་པའི་སྒོམ་སྒྲུབ་རེམ། །བུ་ར་གན་ལྟ་བུའི་བློ་རེངས་ཀྱི། །ལ་ཀླུང་ཁྱི་བཞིན་ཉུལ་བ་དེ།།ཤ་ཟ་འབྱུང་པོའི་གདོན་དང་འདྲ། །ས་སྡེ་གཅིག་ཏུ་བསྒྲུབ་ཚུགས་བཟུང་། །བུ་ཧ་ལ་ལྟ་བུའི་རྣམ་རྟོག་འདིས།།ཨ་དོན་སྐྱེ་མེད་དོན་ལ་སྒྲིབ། །རྨ་བྱ་ལྟ་བུའི་བརྟུལ་ཞུགས་ཀྱིས། །དུག་ལྔ་ལམ་ཁྱེར་བཙན་ཐབས་སྦྱངས།།དེ་སྐད་གེགས་སེལ་ཉམས་ཀྱི་གླུ། །བློ་འདས་ཀུན་ཏུ་བཟང་པོ་ཡི། །བུ་གཅིག་མཁྱེན་བརྩེའི་འོད་ཟེར་ལ།།འོག་མིན་རྡོ་རྗེའི་བྲག་ཕུག་ཏུ། །མར་ངོའི་ཚེས་་་་བཅུའི་ཐོ་རེངས་ཁ། །གསལ་རིག་རྗེན་པའི་ངང་ལ་རྩལ།།ཉི་ཤར་ཡི་གེའི་ལམ་དུ་བཞག །སེམས་ཅན་ཀུན་ལ་ཕན་ཐོགས་ཤོག །

ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པ་ནི་རབ་བྱུང་བཅུ་གཉིས་པའི་ས་བྱ་ཕྱི་ལོ ༡༧༢༩ ལོར་ལྷོ་ཁ་འཕྱོངས་རྒྱས་དཔལ་རི་དགོན་གྱི་ཉེ་འདབས་སུ་ཡབ་ཆོས་རྗེ་སྨོན་ལམ་བཟང་པོ་དང༌།ཡུམ་མདོ་སྲིབ་སྟེང་ཁང་པའི་རིགས་སུ་འཁྲུངས། དགུང་ལོ་དྲུག་ལ་ཕེབས་སྐབས་དཔལ་རི་ཐེག་མཆོག་གླིང་དུ་ཆོས་སྒོར་ཞུགས།སྤྲུལ་སྐུ་ངག་དབང་པདྨ་ལས་རབ་ཏུ་བྱུང༌། བཅུ་བར་པཎ་ཆེན་ཤཱཀྱ་ཤྲཱིའི་སྡོམ་རྒྱུན་གནས་གསར་བ་ཀུན་དགའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།བཅུ་གསུམ་ནས་ལོ་ཤས་རིང་གྲུབ་དབང་ཐུགས་མཆོག་རྡོ་རྗེ་དང༌། དྲུང་དམ་ཆོས་བློ་གསལ་དབང་པོ།ཆོས་རྗེ་ཐེག་ཆེན་གླིང་པ། ཞང་སྒོམ་ཆེན་པོ། བླ་མ་ཀུན་ཏུ་བཟང་པོ། ཀོང་སྨྱོན་སྦས་པའི་རྣལ་འབྱོར་སོགས་བླ་མ་མང་དུ་བསྟེན།གསང་སྔགས་གསར་རྙིང་གི་ཆོས་བཀའ་མཐའ་ཡས་པ་གསན། མཆིམས་ཕུ་སོགས་དབེན་གནས་སུ་ལོ་མང་བར་སྒྲུབ་པ་ཉམས་བཞེས་མཛད།རིག་འཛིན་གོང་མ་རྣམས་དང་དབྱེར་མེད་པའི་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་གྱུར།སོ་བཞི་པ་རབ་བྱུང་བཅུ་གསུམ་པའི་ཆུ་རྟ་ཕྱི་ལོ་ ༡༧༦༢ ལོར་ཚེ་རིང་ལྗོངས་ཀྱི་སྒྲུབ་སྡེ་ཕྱག་བཏབ།སྐུ་ཚེ་ཧྲིལ་པོར་སྒྲུབ་གནས་དེར་ཐུགས་དམ་ཉམས་བཞེས་ལ་གཞོལ། མོན་དང༌། ཀོང་པོ། ཁམས་ཕྱོགས།གཙང་ས་སྐྱ་སོགས་སུ་གདན་དྲངས་པ་ལྟར་ཕེབས། སོ་སོའི་མོས་པ་དང་འཚམས་པའི་མདོ་སྔགས་ཀྱི་ཆོས་མང་དུ་གནང་།བདུན་ཅུ་པ་རབ་བྱུང་བཅུ་གསུམ་པའི་ས་རྟ་ཕྱི་ལོ་ ༡༧༩༨ ལོར་གཤེགས། བརྒྱུད་པ་འཛིན་སྤེལ་ནུས་པའི་སློབ་མ་ལ་ཁམས་པ་འཇིགས་མེད་རྣམ་བཞི་སྟེ།རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། རྫ་མཚམས་པ་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུ།དགེ་རྩེ་བླ་མ་འཇིགས་མེད་ངོ་མཚར་རྒྱ་མཚོ། འབར་ཆུང་འཇིགས་མེད་གོ་ཆ་སོགས་མཁས་གྲུབ་ཀྱི་སྐྱེས་བུ་མང་དུ་བྱོན་ལ།དེ་དག་གི་སློབ་བརྒྱུད་ལས། འཇམ་དབྱངས་མཁྱེན་བརྩེ་དབང་པོ། རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ།རྫོགས་སྤྲུལ་མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ།འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་སོགས་མཁས་དང་གྲུབ་མ་བར་མ་ཆད་དུ་བྱོན། གསུང་རྩོམ་ལ་ཡོན་ཏན་རིན་པོ་ཆེའི་མཛོད་རྩ་བ་དང་འགྲེལ་པ།སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད། གཏམ་ཚོགས་ཐེག་པའི་རྒྱ་མཚོ་སོགས་སྡེ་དགེ་དཔར་ཁང་ཆེན་མོར་པོད་དགུ་ཙམ་བཞུགས།རྣམ་ཐར་རྒྱས་པ་རྫོགས་ཆེན་མཁྱེན་བརྩེ་འོད་ཟེར་གྱི་རྣམ་ཐར་ལེགས་བྱས་ཡོངས་འདུའི་སྙེ་མ་ཞེས་འཁོད་པ་དཔར་མ་ལ་ལྡེབ་གྲངས་༣༤༠ཡོད་པ་དེར་གཟིགས།མཚན་གཞན མཁྱེན་བརྩེ་འོད་ཟེར། རང་བྱུང་རྡོ་རྗེ། མཁྱེན་བརྩེའི་ལྷ། ཀློང་ཆེན་ནམ་མཁའི་རྣལ་འབྱོར་སོགས་ཞུའོ།།  །།

 

 

བརྒྱུད་སྐུལ།

མཆན་སྤེལ།