ལྷོ་ཁའི་གནས་སྐོར་རམ་ལྗོངས་རྒྱུ་ལས་དགོན་སྡེ་ཁག་བདུན་གྱི་གནས་བཤད་ལས། 1) གོང་དཀར་ཆོས་སྡེ་དགོན།2) ཚེ་རིང་ལྗོངས་དགོན།3) སྡིངས་པོ་ཆེ་དགོན།4) སྨྲ་བོ་ལྕོག་དགོན་པ། 5) དྭགས་པོ་བཤད་སྒྲུབ་དགོན། 6) འཕྱོངས་རྒྱས་རི་བོ་བདེ་ཆེན། 7) གྲ་ཐང་དགོན་པ་བཅས་ཀྱི་གནས་བཤད། 8) ཆོས་སྡེ་གོང་དགོན། 9) གཡའ་བཟང་དགོན། 10) སྣེ་གདོང་རྩེ་ཚོགས་པ་དགོན། 11) བན་ཚང་དགོན།
རྩོམ་པ་པོ། མཁས་གྲུབ།
1) གོང་དཀར་ཆོས་སྡེ་དགོན།
གོང་དཀར་ཆོས་སྡེ་དགོན་ནི་གོང་དཀར་རྫོང་ཁོངས་སྒར་སྟོད་གྲོང་ཚོའི་ཉེ་འགྲམ་དུ་གནས་ཡོད་ཅིང་དགོན་པ་དེ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱིས་རབ་བྱུང་བརྒྱད་པའི་ཤིང་སྤྲེལ(༡༤༦༤)ལོར་ཕྱག་བཏབ། དེ་ཡང་ཀུན་དགའ་རྣམ་རྒྱལ་གྱིས་གོང་རྫོང་གི་རྫོང་དཔོན་གནང་སྐབས་ཉིན་ཞིག་ཐོག་སྟེང་དུ་རྡོ་རྗེ་དབྱིངས་ཀྱི་ཕྱག་དཔེ་གཟིགས་ནས་བཞུགས་པའི་ཚེ་གློ་བུར་དུ་རླུང་ཆེན་ཞིག་གིས་ཕྱག་དཔེ་ཤོག་ལྷེ་ཁ་ཤས་ད་ལྟའི་དགོན་པ་ཆགས་ཡུལ་གྱི་ས་ཆར་འཁྱེར། ཁོང་གིས་ས་ཆ་དེར་ཕྱག་དཔེ་སྒྲུག་པར་ཕེབས་སྐབས་ཕྱག་དཔེ་རྣམས་བྱ་རོག་གཅིག་གིས་ཉར་ཚགས་བྱས་པའམ་ཉར་ནས་ཡོད་པས་རྟེན་འབྲེལ་འགྲིག་པར་དགོངས་ནས་ས་ཆ་དེར་དགོན་པ་འདེབས་ཚུལ་ཟབ་མོས་རང་གི་ཡི་དམ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས་ཐུགས་ཀྱི་མེ་ལོང་ངོས། སྔོན་ཇོ་བོ་རྗེ་བོད་དུ་ཕེབས་སྐབས་ནམ་མཁའ་ནས་རྡོར་སེམས་ཀྱི་དཀྱིལ་འཁོར་ཞལ་གཟིགས་པས་ཕྱག་དང་བཅས་མ་འོངས་པར་གནས་འདིར་ཆོས་སྡེ་ཆེན་པོ་ཞིག་ཆགས་པར་འགྱུར་རོ་ཞེས་པའི་ལུང་བསྟན་ལམ་མེར་འཆར། དེ་ནས་གྲ་ནང་དང་། སྣེ་གདོང་། སྣ་དཀར་རྩེ་སོགས་ཀྱི་དད་ལྡན་སྦྱིན་བདག་དང་། སེར་སྐྱ་མང་ཚོགས་ ཀྱི་རྒྱབ་སྐྱོར་འོག་དགོན་པ་བཞེངས་མགོ་བཙུགས་པ་དང་། བཞེངས་ཡུན་དུས་ཚོད་དབྱར་གཉིས་ཏེ་ཕྱི་ལོའི་སྟོན་ཁར་ཡོངས་སུ་གྲུབ།
དགོན་པ་འདིའི་བཟོ་བཀོད་ལའང་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་གཅིག་ཐོག་ལས་གཉིས་ཐོག་རྒྱ་ཆེ་བ་དང་།ཉིས་ཐོག་ལས་གསུམ་ཐོག་རྒྱ་ཆེ་བ། དེ་དག་གི་ཀ་གདུང་གཏོང་སྟངས་སོགས་ངོ་མཚར་ཁྱད་དུ་འཕགས་པའི་བོད་རང་གི་ཤིང་བཟོའི་སྒྱུ་རྩལ་གཟིགས་མོར་བཤམས་པ་ལྟ་བུ་ཡོད།
དགོན་པ་འདིའི་ཆོས་ལུགས་ནི་ས་སྐྱ་ཡིན་ལ་དེའང་ས་སྐྱའི་གྲུབ་མཐའི་ནང་གསེས་ངོར་གྱི་ལུགས་ལ་ཟེར། ངོར་ལུགས་གཙོ་བོ་ཡིན་པ་དང་གཞུང་དགོན་ཡིན་པས་ལོ་ལྟར་ལྷ་སར་ཚོགས་ཆོས་སུ་དགེ་འདུན་ཞལ་གྲངས་བརྒྱ་དང་དྲུག་ཅུ་ལྷག་ཙམ་དང་། གོང་དཀར་རྔ་འཆམ་ཞེས་པའང་བསྐྱོན་དགོས་ཀྱི་ཡོད། དེ་བཞིན་དགོན་པ་རང་ལའང་ལོ་ལྟར་སྨོན་ལམ་སྐབས་འཆར་ཅན་གོས་སྐུ་འགྲེམས་པ་དང་རྔ་འཆམ་བསྐྱོན་གྱི་ཡོད་ཅིང་གོང་དཀར་རྔ་འཆམ་ཞེས་པའི་སྒྱུ་རྩལ་ནི་བོད་ཡོངས་སུ་གྲགས་ཆེ་བའི་རྔ་འཆམ་ཞིག་ཡིན་ཏེ། གནའ་ཉམས་དོད་པ་དང་། གར་སྟབས་འགྱིངས་ཆེ་བ། དྲག་ཤུལ་གྱི་ཉམས་ལྡན་པ། ཁྱད་པར་དུ་བརྡུང་བྱའི་རྔ་ཤིན་ཏུ་ཆེ་བ་དེ་འདྲ་བོད་ཡོངས་སུ་འདི་ཁོ་ན་ལས་མེད། སྔོན་དགོན་འདིར་ཁང་ཚན་ལྔ་ཡོད་པ་ནི། ཀུན་བཟང་རྩེ་དང་། རིན་ཆེན་སྒང་། གོས་སྐུ་སྒང་། ཀུན་སྣང་། འབྲས་སྤུངས་བཅས་ཡིན། མིག་སྔར་དགོན་པ་འདིའི་ནང་མཁྱེན་བྲིས་གཙང་མའི་ལྡེབས་རིས་རི་མོའི་སྒྱུ་རྩལ་འགྲན་ཟླ་མེད་པ་མཇལ་རྒྱུ་ཡོད་པ་ནི་དད་ལྡན་སྨོན་ལམ་འདེབས་ས་དང་། ལྗོངས་རྒྱུ་བ་གཟིགས་མོ་གཟིགས་ས་ཧ་ཅང་ལེགས་པོ་ཞིག་ཡིན།།
2) ཚེ་རིང་ལྗོངས་དགོན།
ཚེ་རིང་ལྗོངས་དགོན་པ་ནི་འཕྱོངས་རྒྱས་རྫོང་གི་ཤར་ངོས་དོན་མཁར་གྲོང་གི་ལྟག་ཏུ་གནས་ཤིང་། རྩེ་ཐང་ནས་ལམ་ཐག་སྤྱི་ལེ་༣༥ཡོད་པ་དང་། མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད་༤༡༠༠ཡོད།
དགོན་པ་འདི་ཀུན་མཁྱེན་འཇིགས་མེད་གླིང་པས་སྤྱི་ལོའི་དུས་རབས་བཅུ་བདུན་ནང་ཕྱག་བཏབ། དགོན་པའི་མཚན་ཆ་ཚང་ལ་པད་མ་འོད་ཟེར་ཐེག་མཆོག་གླིང་ཞེས་ཞུ་བ་དང་། དགོན་པའི་མཚན་བྱུང་སྟངས་ནི། ཀུན་མཁྱེན་འཇིགས་མེད་གླིང་པ་གནས་དེར་བཞུགས་དུས་ཕར་ཙ་ན་མི་ཞིག་འགྲོ་གི་ཡོད་པ་ལ་གཡོག་འཁོར་རྣམས་མི་ཕ་གི་རེད་དམ་ཞེས་བཀའ་འདྲི་གནང་བར་མི་ཕ་གི་ཚེ་རིང་རེད་ཅེས་ལན་ཞུས་པས་ད་འོ་ན་དགོན་འདིར་ཚེ་རིང་ལྗོངས་ཟེར་དགོས་ཞེས་གསུངས་པས་དེ་ནས་བཟུང་ཚེ་རིང་ལྗོངས་དགོན་ཟེར། སྔོན་དཔལ་རི་དགོན་གྱི་དགོན་ལག་ཡིན་ལ་ཀུན་མཁྱེན་འཇིགས་མེད་གླིང་པའང་དཔལ་རིར་བཞུགས་ཀྱི་ཡོད།
ཚེ་རིང་ལྗོངས་དགོན་ནི་གཙོ་བོ་མོ་དགོན་ཡིན་པ་དང་བཙུན་མ་རྣམས་ཀྱིས་སྙིང་ཐིག་ཕྱག་བཞེས་གནང་གི་ཡོད། དགོན་པ་འདི་ཆགས་སའི་རི་སུལ་ནི་གཙང་ཞིང་སྐྱིད་ཉམས་དོད་པ། རི་མ་ལྡེབས་སུ་ཤིང་རིགས་ཀྱང་མང་དུ་ཡོད་པ་སོགས་གནས་དེར་སླེབས་པ་ཙམ་གྱིས་ཡིད་ཀྱི་དྭངས་བ་འདྲེན་པ་ཞིག་ཡོད་ཅིང་། སྔར་དོན་མཁན་གྲོང་ལ་ཐེམ་དུད་གཅིག་ལས་མེད་ཀྱང་དེང་ཆར་ཐེམ་དུད་ཀྱང་མང་དུ་འཕེལ་ཡོད།།
3) སྡིངས་པོ་ཆེ་དགོན།
རྩེད་ཐང་ནས་གྲ་ནང་རྫོང་བརྒྱུད་སྤྱི་ལེ་༥༠ཙམ་བསྐྱོད་ན་གྲ་ནང་ནུབ་རིའི་རི་སྐེད་མན་ཙམ་ལ་གནས་པའི་སྡིངས་པོ་ཆེ་དགོན་པར་སླེབས། དགོན་པ་དེ་ནི་ཐོག་མར་རྒྱལ་བ་རྒོད་ཚང་པའི་སློབ་མ་ཡང་དགོན་ཞུ་བ་དེའི་གདན་ས་ཞིག་ཡོད་པ་ལ་ཕྱིས་འབྲུག་པ་པད་མ་དཀར་པོ་དང་། སེམས་དཔའ་རིན་ཆེན་དཔལ་བཟང་སོགས་ཀྱིས་བྱིན་གྱིས་བརླབས་ཤིང་། རྒྱ་བསྐྱེད་མཛད་པ་དང་ཁྱད་པར་དུ་འབྲུག་པ་པད་མ་དཀར་པོའི་དངོས་སློབ་དཔའ་རིམ་བཞིན་དར་རྒྱས་ཆེན་པོ་བྱུང་བས་དེ་ནས་བཟུང་དགོན་དེའི་བླ་མ་རིམ་བྱུང་ལ་ཅོག་གྲྭ་འཛུགས་མཛད་པ་རིམ་བཞིན་དར་རྒྱས་ཆེན་པོ་བྱུང་བས་དེ་ནས་བཟུང་དགོན་དེའི་བླ་མ་རིམ་བྱུང་ལ་ཅོག་གྲྭ་རིན་པོ་ཆེ་ཞེས་མཚན་གསོལ། ལོ་རྒྱུས་ཐོག་དགོན་པ་དེ་ནས་གྲུབ་རྟགས་ཚད་དུ་འཁྱོལ་བའི་སྐྱེས་བུ་དམ་པ་མང་དུ་བྱོན་ཞིང་། ལོ་ལྟར་དགོན་པའི་རྒྱབ་ཀྱི་རི་རྩེའི་ཕུག་པར་སྒྲུབ་པ་བསྐྱོན་མཁན་ཤིན་ཏུ་མང་པོ་ཡོད་པ་དེ་འདྲ་ནི་གྲ་ནང་ཙམ་མ་ཟད་ལྷོ་ཁ་ཡོངས་ལའང་མཐོང་དཀོན་པ་ཞིག་ཡིན།
དགོན་པ་དེའི་ནང་རིན་ཐང་བྲལ་བའི་ཞལ་ཐང་རྙིང་མ་སོགས་སྐུ་གསུམ་ཐུགས་རྟེན་ཇི་སྙེད་ཅིག་བཞུགས་ཡོད་ལ་དགོན་པའང་གྲོང་དང་མ་འདྲེས་པ་ཁོར་ཡུག་ས་གཙང་ཆུ་གཙང་ཆོས་བཤའ་མ་བྱ་སའི་གནས་ངོ་མཚར་ཅན་ཞིག་ཡིན་པས་སྐྱེ་བོ་སུ་ཞིག་གནས་དེར་སླེབས་པ་ཙམ་གྱིས་དམ་པའི་ཆོས་ལ་བཅོས་མིན་དད་པའི་སྤུ་ལོང་གཡོ་བའི་ཀུན་སློང་ཚད་གཞི་མི་འདྲ་བ་ཞིག་དབང་མེད་སྐྱེད་གི་ཡོད། མིག་སྔར་སྡིངས་པོ་ཆེ་དགོན་པའི་རྩ་བའི་བླ་མ་བཀའ་དྲིན་ཅན་ཅོག་གྲྭ་ཆོས་ཀྱི་སེང་གི་རེན་པོ་ཆེས་བཤད་གྲྭ་ལུང་རིག་སྨྲ་བའི་དགའ་ཚལ་གསེ་འཛུགས་གནང་ཞིང་མདོ་ཁམས་ཡུལ་ནས་ངེས་པ་དོན་གྱི་མཁས་པ་ཆེན་པོ་བཀྲ་ཤིས་བསྟན་པ་རབ་རྒྱས་མཆོག་གདན་དྲངས་ཏེ་ཐར་འདོད་ངུར་སྨྲིག་མདངས་ལྡན་གཞོན་དར་ཁྱུ་ཚོགས་དབུ་ཚད་བསྡུས་གསུམ་གྱིས་གཙོས་བཅུ་ཕྲག་རིག་པའི་གནས་ལ་སྦྱངས་བརྩོན་གྱིས་རྒྱལ་པའི་བསྟན་པ་རེན་པོ་ཆེ་མི་ཉམས་གོང་འཕེལ་གྱི་མཛད་འཕྲིན་རྒྱས་བཞིན་ཡོད་པས་སྙན་པའི་གྲགས་པ་སླར་ཡང་གང་སར་ཁྱབ་སྟེ་ཕྱོགས་གང་ས་གང་ནས་དམ་ཆོས་དོན་གཉེར་མཁན་དང་། མཆོད་མཇལ་གཟིགས་སྐོར་གནང་མཁན་བུང་བ་པད་མཚོར་འཇུག་པ་བཞིན་འཚང་ཁ་ཤིག་ཤིག་ངང་ཕེབས་བཞིན་ཡོད།།
4) སྨྲ་བོ་ལྕོག་དགོན་པ།
སྨྲ་བོ་ལྕོག་དགོན་པ་ནི་ལྷོ་ཁ་ས་ཁུལ་མཚོ་སྨད་རྫོང་ཁོངས་སུ་གནས་ཡོད་ཅིང་དགོན་པ་དེ་ནི་སྤྱི་ལོའི་དུས་རབས་༡༡པའི་ནང་ཉི་ཟླ་ལྟར་གྲགས་པའི་གཏེར་སྟོན་གོང་འོག་གཉིས་ལས་གོང་མ་ཉང་རལ་ཉི་མ་འོད་ཟེར་གྱིས་ཕྱག་བཏབ། དེ་ཡང་གཏེར་སྟོན་ཆེན་པོ་ཉང་རལ་ཉི་མ་འོད་ཟེར་ནི་སྤྱི་ལོ་༡༡༢༩ལོར་སྐུ་འཁྲུངས་པ་དང་སྤྱི་ལོ་༡༡༩༢ལོར་སྐུ་གཤེགས་ཤིང་། ཁོང་གི་སྐུ་ཚེ་གཅིག་རིང་བསྟན་དོན་དང་འགྲོ་དོན་བསྐྱངས་ནས་སྔ་ཕྱིར་གཏེར་རྫས་མང་པོ་སྤྱན་དྲངས་པ་དང་། དགོན་པ་རྒྱ་བསྐྱེད། སློབ་མ་གསོ་སྐྱོང་། དེ་བཞིན་བཀའ་གཏེར་གཉིས་ཆུ་བོ་གཅིག་ཏུ་འདྲེས་པར་མཛད་པ་སོགས་སྔ་འགྱུར་བསྟན་པ་ལ་མཛད་པ་ཤིན་ཏུ་ཆེ།
དགོན་པ་འདིར་གདུང་རབས་རིམ་བྱུང་གི་ཐོག་མ་འགྲོ་མགོན་ནམ་མཁའ་དཔལ་བ་ནས་ལོ་ཤས་གོང་གཤེགས་མ་ཐག་པའི་ཀུན་བཟང་བསྟན་འཛིན་རྒྱ་མཚོ་བར་མི་རབས་ཉི་ཤུ་བྱུང་བའི་རིང་སྐུ་གསུང་ཐུགས་རྟེན་རྩ་ཆེན་མང་པོ་བསྡུ་རུབ་དང་ཉར་ཚགས། གསར་བཞེངས་བཅས་གནང་བའི་ནང་སྤྱན་རས་གཟིགས་ཕྱག་བཞི་སོགས་རང་བྱོན་དུ་མ་དང་། ཉང་གི་ཕྱག་འཁར། བལ་བྲིས་ཐང་ག་ཐོག་ཚད་ཡན་བརྒྱ་དང་བརྒྱད། སྐུ་ཚབ་གཏེར་ལྔ་དང་ཉེར་ལྔ། གནམ་ལྕགས་ཀྱི་རྡོ་རྗེ་ཆེ་ཆུང་གཉིས། ཐུགས་སྲས་འགྲོ་མགོན་གྱི་དམར་གདུང་བཞུགས་པའི་གདུང་རྟེན་ཐོག་ཚད་ལྷག་ཙམ་ལ་གཟི་དང་། མུ་ཏིག གཡུ། བྱུ་རུ། སྤོས་ཤེལ། པད་རག མར་གད། ཨིནྡྲ་ནི་ལ་སོགས་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པར་བརྒྱན་པ། ཁྱད་པར་དུ་བཀའ་དགུའི་ལྷ་ཚོགས་སྐུ་རྒྱབ་ལྡེབ་བྲིས་ཁྲག་བོན་(ཁྲག་ཐིགས)ཁྲི་ཚོ་ཙམ་ནམ་རྒྱུན་ཚང་མ་སྐམ་པོ་ཡིན་ཡང་བསྟན་སྲིད་འཚུབ་ཆ་ཡོང་མཚམས་རློན་པ་ཤར་བ་དང་། ཐིགས་པ་རྒྱག་པ་སོགས་བཀའ་ཤིན་ཏུ་གཉན་པ་མཇལ་རྒྱུ་ཡོད། སྔར་མ་དགོན་སྨྲ་བོ་ལྕོག་ལ་དབུས་གཙང་ཁམས་གསུམ་ལ་དགོན་ལག་བཅོ་བརྒྱད་ཡོད་ཅིང་ཆོས་བརྒྱུད་དར་ཁྱབ་ཆེ་ཞིང་། ལོ་རྒྱུས་རིང་བ་སོགས་དགོན་པ་འདི་ནི་འབྲོག་ཁུལ་དུ་གནས་པའི་རྙིང་མའི་དགོན་པ་སྐད་གྲགས་ཆེ་ཤོས་ཀྱི་གྲས་ཤིག་ཡིན།
5) དྭགས་པོ་བཤད་སྒྲུབ་དགོ
རྩེ་ཐང་ནས་ཆུ་གསུམ་རྫོང་བརྒྱུད་པོ་ཐང་ལ་བརྒྱབ་ནས་སྤྱི་ལེ་ ༡༣༩ སོང་བ་ན་རྒྱ་ཚྭ་རྫོང་ཁོངས་དྭགས་པོ་གྲུབ་པ་དང་ཉེ་སར་དགོན་པ་དེ་གནས་ཡོད་པ་དང་། མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད་ ༣༢༥༠ ཡོད། དེ་ཡང་ཐོག་མར་དགོན་པ་དེ་ཆགས་ཡུལ་དུ་ཀརྨ་པ་སྐུ་ཕྲེང་དགུ་པས་ཕྱག་བཏབ་གནང་བའི་བཀའ་བརྒྱུད་པའི་དགོན་པ་ཞིག་ཡོད་ཀྱང་བར་ཆད་ཀྱིས་ཐོར་ཞིག་ཏུ་སོང་། དེ་རྗེས་དགའ་ལྡན་ཁྲི་ཐོག་བདུན་པ་བློ་གྲོས་བརྟན་པས་ཆུའི་ཕར་ཕྱོགས་བྲག་སྟེང་ཞེས་པར་དགེ་ལུགས་པའི་དགོན་ཆུང་ཞིག་ཕྱག་བཏབ། དགོན་ཆུང་དེའི་དགེ་འདུན་རྣམས་ཆོས་གཞིས་སོགས་སྐྱོ་བས་གང་སར་བསོད་སྙོམས་སུ་ཕེབས་སྐབས་ཨེ་ལྷ་རྒྱ་རི་དང་ཆོས་ཡོན་སྦྱིན་བདག་ཏུ་གྱུར་པས་དགོན་པའང་ད་ལྟའི་གནས་འདིར་སྤོས་པ་དང་རིམ་བཞིན་གྲ་རྒྱས་སུ་སོང་ནས་མངའ་དྭགས་རྒྱལ་གསུམ་ཞེས་ (འོན་མངའ་རིས་གྲྭ་ཚང་། དྭགས་པོ་གྲྭ་ཚང་། ཆོས་འཁོར་རྒྱལ་དགོན་) ཡོངས་སུ་གྲགས།
ཕྱིས་དྭགས་ལྷ་སྒམ་པོའི་དགེ་འདུན་རྣམས་ལོ་ལྟར་ཨེ་ལྷ་རྒྱ་རིར་ཟླ་བ་གཉིས་རེ་འཆར་ཅན་གསུང་ཆོས་སུ་ཕེབས་དགོས་པ་དང་། ཨེ་ལྷ་རྒྱ་རི་ནས་བསྙེན་བཀུར་ཞབས་ཏོག་བླ་ན་མེད་པ་གནང་གི་ཡོད། དགོན་པ་འདིའི་འདུལ་བའི་བཅའ་ཁྲིམས་ཤིན་ཏུ་དམ་པོ་ཡོད་པས་དེ་སྔོན་གང་སར་དྭགས་ལྷ་སྒམ་པོ་དགོན་གྱི་འདུལ་ཁྲིམས་ནི། སངས་རྒྱས་ཞལ་བཞུགས་སྐབས་ཉན་ཐོས་ཀྱི་བཅད་པ་དང་འདྲ་ (འདུལ་ཁྲིམས་དང་འདྲ་ཟེར་བར་གོ་དགོས་) ཞེས་དད་སྨོན་ཞུ་གི་ཡོད། དོན་དངོས་སུའང་དེ་འདྲ་རང་ཡིན་པ་དཔེར་ན། དགེ་འདུན་པས་ཤག་ཆས་ཀྱང་རྫ་དང་། ཤིང་། ལྕགས་བཅས་ལས། གསེར་དང་། དངུལ། ཟངས། རག་སོགས་གཏན་ནས་ཉར་མི་ཆོག་པ་དེ་འདྲ་བོད་ཡོངས་ཀྱི་དགོན་པའི་ནང་མཐོང་དཀོན་པ་ཞིག་རེད། དགེ་འདུན་ཡང་གྲངས་བདུན་བརྒྱ་སྐོར་ཡོད་པ་ལས་བྱེས་པ་དང་གཞིས་པ་གཉིས་སུ་དབྱེ་ནས་བྱེས་པ་ལྔ་བརྒྱ་ཕྱོགས་གཞན་དུ་ཕེབས་སྲོལ་དང་། གཞིས་པ་ཉིས་བརྒྱ་དགོན་པར་གཏན་བཞུགས་གནང་གི་ཡོད། དགོན་པ་དེའི་རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་ཐུབ་པའི་དབང་པོ་སྐུ་ཚད་ཐོག་བརྩེགས་གསུམ་ལྡན་གྱི་ཐུགས་ཀར་ནོར་བུ་དགོས་འདོད་ཀུན་འབྱུང་བཞུགས་པ་འཁོར་ཉན་ཐོས་གཉིས་དང་ཉེ་བའི་སྲས་བརྒྱ་ཀྱིས་བསྐོར་བ་སོགས་རྩ་ཆེའི་སྐུ་གསུང་ཐུགས་རྟེན་མང་པོ་མཇལ་རྒྱུ་ཡོད།།
6) འཕྱོངས་རྒྱས་རི་བོ་བདེ
འཕྱོངས་རྒྱས་རི་བོ་བདེ་ཆེན་ནི་ལྷོ་ཁ་འཕྱོངས་རྒྱས་རྫོང་ཁོངས་ཕྱིང་བ་སྟག་རྩེའི་ཉེ་འགྲམ་གླང་ཆེན་ས་ལ་ཉལ་བ་དང་འདྲ་བའི་རི་ལྡེབས་སུ་ཆགས་ཡོད། རྩེད་ཐང་ནས་ལམ་ཐག་སྤྱི་ལེ་ ༢༨ ཡོད་པ་དང་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིད་ ༣༨༠༠ ཡོད། དགོན་པ་འདི་དགེ་ལུགས་པའི་བླ་མ་མཁན་ཆེན་ཉི་ཁྲི་འཛིན་པ་བློ་གྲོས་དཔལ་བཟང་པོ་ཞེས་པས་སྤྱི་ལོའི་དུས་རབས་བཅུ་བཞིའི་ནང་ཕྱག་བཏབ་པ་ཞིག་ཡིན་པས་ལྷོ་ཁ་ས་ཁུལ་དུ་ཡོད་པའི་དགེ་ལུགས་པའི་དགོན་པ་ཆེས་སྔ་ཤོས་ཀྱི་གྲས་ཤིག་ཡིན། ཐོག་མར་དགོན་པ་དེར་དགེ་འདུན་ཞལ་གྲངས་བདུན་ཅུ་དོན་ལྔ་ཡོད་ཅིང་ཆོས་སྲིད་གཉིས་ཀའི་བདག་པོ་བློ་གྲོས་དཔལ་བཟང་ཡིན་པ་དང་ལྷག་པར་དུ་ཁོང་གིས་ཆོས་ཕྱོགས་ཀྱི་ཉམས་ལེན་བཀའ་ཁྲིད་སོགས་ལེགས་པར་མཛད་པས་སློབ་མའང་རིམ་བཞིན་མང་དུ་སོང་། མཁན་ཐོག་དང་པོ་བློ་གྲོས་དཔལ་བཟང་གཤེགས་རྗེས་ཁོང་གི་དངོས་སློབ་འོད་སྣང་ཆེན་པོས་མཁན་པོ་མཛད་པ་དང་། སྐབས་དེར་ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་ཡང་བདེ་ཆེན་དགོན་དུ་ཞབས་སོར་འཁོད་དེ་ཆོས་ཕྱོགས་བཀའ་སློབ་གནང་བ་དང་འབྲེལ་ཚིག་སྦྱོར་དུ་དངར་བའི་ཇ་མཆོད་ཅིག་ཀྱང་ལྗགས་རྩོམ་གནང་བ་ཕྱིས་གདན་ས་ཆེན་པོ་གསུམ་གྱི་གཙོས་དགོན་སྡེ་ཁག་མང་པོར་འདོན་དང་འདོན་བཞིན་པ་ཡིན།
རྒྱལ་དབང་ལྔ་པས་ཆོས་སྲིད་ཐུགས་འགན་བཞེས་རྗེས་དགོན་པ་རི་བོ་བདེ་ཆེན་ལ་ཐུགས་ཁུར་བླ་མེད་མཛད་དེ་འདུ་ཁང་གསར་བཞེངས་གནང་བ་མ་ཟད་སྨོན་ཚིག་ཕྱག་བྲིས་ཕྱག་བསྟར་མའང་གནང་ཞིང་དེ་རྗེས་ལམ་སྨོན་ལམ་ཟབ་མོའི་མཚམས་སྦྱོར་གྱིས་བསོད་ནམས་དར་རྒྱས་ཞེས་པའི་ཕོ་གསར་སྤྱང་གྲུང་ལྡན་པ་ཞིག་རི་བོ་བདེ་ཆེན་དུ་བྱོན་ནས་དགོན་པའི་སྐྱིད་སྡུག་ནང་ཞུགས། ལོ་ཤས་སོང་རྗེས་ཁོང་དགོན་པའི་དོན་དུ་ཁམས་ཕྱོགས་ལ་དྲེལ་པའི་ལགས་རོགས་སུ་ཕེབས་སྐབས་བློ་བཟང་ཆོས་མཛེས་ཞེས་པའི་དམན་ཤར་ཡིད་དུ་འོང་བ་ཞིག་དང་ལུས་འབྲེལ་བྱུང་བར་ཏཱ་བླའི་བླ་མ་སྐུ་ཕྲེང་བདུན་པ་སྐུ་འཁྲུངས་པས་ཁོང་རྣམ་གཉིས་རྒྱལ་ཡབ་དང་རྒྱལ་ཡུམ་དུ་གྱུར། དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་རྒྱ་ནག་ཏུ་ཕེབས་སྐབས་གོང་མས་དད་གུས་བླ་ན་མེད་པ་ཞུས་ནས་སྐུ་ཆས་སོགས་འབོར་ཆེན་འབུལ་བ་མ་ཟད་རི་བོ་བདེ་ཆེན་དགོན་པར་གདན་ས་ཆེན་པོ་གཞན་དང་འདྲ་བར་གོང་མ་རིམ་བྱོན་དང་། ཏཱ་ལའི་བླ་མ་རིམ་བྱུང་གིས་རྒྱབ་སྐྱོར་དང་མཐོང་ཆེན་གནང་གི་ཡོད་པས་སྔ་ཕྱིར་འདུ་ཁང་དང་། བྱམས་ཁང་། གནས་བཅུ་ལྷ་ཁང་སོགས་རྒྱ་བསྐྱེད་ཤིན་ཏུ་ཆེན་པོ་བྱེད་ཐུབ་པ་བྱུང་ཞིང་དུས་མཚུངས་ནང་རྟེན་བྱིན་ཅན་དང་། རྒྱལ་བའི་གསུང་རབ། ཐང་ག་སོགས་རྩ་ཆེའི་རིགས་དངོས་གྲངས་ཀྱིས་མི་ལང་བ་ཡོད་པའི་ནང་རྒྱ་ནག་གོང་མས་ཕུལ་བའི་གནས་ཅུ་ལྷ་ཁང་གི་རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་རྗེ་ཙོང་ཁ་པ་མི་ཚད་ཙམ་དང་། གནས་བཅུའི་ཞལ་ཐང་སོགས་རིན་ཐང་བྲལ་བའང་ཁག་གཅིག་ཡོད། བར་ལམ་དགོན་པ་དེར་ཉམས་ཆག་ཤུགས་ཆེན་བྱུང་ཡང་ད་ལྟ་མཆོད་མཇལ་དང་གཟིགས་སྐོར་གནང་ས་ཧ་ཅང་ཡག་པོ་ཡོད།
7) གྲ་ཐང་དགོན་པ།
གྲ་ཐང་དགོན་པ་ནི་ལྷོ་ས་ཁུལ་གྲ་ནང་རྫོང་དུ་གནས་ཤིང་། དགོན་པ་འདི་སྤྱི་ལོ་༡༠༨༡ལོར་གཏེར་སྟོན་གྲྭ་པ་མངོན་ཤེས་ཀྱིས་ཕྱག་བཏབ། དེ་ཡང་གཏེར་སྟོན་གྲྭ་པ་མངོན་ཤེས(དབང་ཕྱུག་དབར)ནི་སྤྱི་ལོ་༡༠༡༢ལོར་གྲ་ནང་སྐྱིད་རུ་ཞེས་པར་སྐུ་འཁྲུངས་པ་དང་༡༠༩༠ལར་སྐུ་གཤེགས་ཤིང་། ཁོང་གིས་སྔ་ཕྱིར་གྲ་ཐང་སོགས་གནས་གཞི་བརྒྱ་དང་བརྒྱད་བཞེངས་ཞེས་ཡོངས་སུ་གྲགས། ཐོག་མར་དགོན་པ་འདིའི་ཆོས་ལུགས་བཀའ་གདམས་པ་ཡིན་རུང་། དུས་རབས་བཅུ་བདུན་པའི་ནང་མཁན་པོ་ཀུན་འགའ་མཁྱེན་བརྩེ་ཕུན་ཚོགས་ཞེས་སྙན་གྲགས་ཅན་ཞིག་བྱུང་པ་དེའི་སྐབས་ས་སྐྱ་པར་བསྒྱུར་འདུག ཉེ་བའི་དུས་ཏེ་སྤྱི་ལོ་༡༩༣༦ལོ་རྒྱལ་ཚབ་ར་སྒྲེང་རྡོ་རྗེ་འཆང་ལྷ་མོའི་བླ་མཚོར་གཟེགས་པར་ཕེབས་སྐབས་ཡར་ལམ་གྲ་ཐང་དགོན་པར་གཟིགས་ཞིབ་མཛད་སྐབས་གནའ་བོའི་གཙུག་ལག་ཁང་འདི་བཞིན་ཉམས་གོག་ཆེ་བར་བརྟེན་ཉམས་གསོ་གནང་རྒྱུའི་ཞལ་བཞེས་ཐོབ་པ་ལྟར་༡༩༣༩ལོར་ཉམས་གསོ་འགོ་བཙུགས།
གྲ་ཐང་དགོན་པའི་དབུ་རྩེ་རིགས་གསུམ་དང་། འཁོར་ས་ཕྱི་ནང་སོགས་བཟོ་དབྱིབས་སྤྱིར་ན་བསམ་ཡས་དགོན་པ་དང་འདྲ་པོ་ཡོད་པས་དགོན་པའི་མིང་ལའང་གྲ་ཐང་ཞེས་སྒྲ་འགྱུར་བ་རེད་ཅེས་ཤོད་རྒྱུ་ཡོད། དགོན་པ་འདིའི་ནང་རྩ་ཆེའི་སྐུ་གསུང་ཐུགས་རྟེན་མང་པོ་ཡོད་པ་དང་ད་དུང་ཞང་བློན་ཞེས་པ་གཡག་མགོའི་གཟུགས་སུ་ཡོད་པ་ཞིག་དེའི་འབུ་རྭ་གཡས་པ་དེ་གྲྭ་མངོན་གྱིས་བསམ་ཡས་དགེ་རྒྱས་ལི་མའི་གླིང་ནས་གཏེར་ནས་སྤྱན་དྲངས་པ་དང་། དབུ་རྭ་གཡོན་མ་དང་དབུ་བྱིངས་ནི་ཙན་དན་དཀར་དམར་ལས་གྲུབ་ཅིང་། ཡར་རྗེ་ཨོ་རྒྱན་གླིང་པའི་ཕྱག་བཟོ་དངོས་ཡིན་པ་དང་སྲོག་ཤིང་དེ་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱིས་ཕུལ་བར་གྲགས་པས་ཀུན་གྱིས་ཞང་བློན་ལ་དད་གུས་ཚད་མེད་བྱས་ཏེ་གྲ་ནང་ཁུལ་གྱི་མིས་མནའ་བསྐྱལ་དུས་ཀྱང་ཞང་བློན་ཚད་བཙུགས་ཞེས་ཟེར་གྱིན་ཡོད། ལྷག་པར་དུ་གྲ་ཐང་དགོན་པའི་ནང་གི་ལྡེབས་བྲིས་ཐག་གཅིག་ལོ་རྒྱུས་ཤིན་ཏུ་རིང་ཞིང་སྒྱུ་རྩལ་ཡང་རྩེར་སོན་པ་དང་དམིགས་བསལ་གྱི་ཁྱད་ཆོས་ཡོད་པས་གང་སར་སྐད་གྲགས་ཡོད།
8) ཆོས་སྡེ་གོང་དགོན།
ཆོས་སྡེ་གོང་དགོན་ནི་རྭ་ལོ་ཙྰ་བས་དུས་རབས་བཅུ་གཅིག་པར་ཕྱག་བཏབ་གནང་མཛད། དེ་ཡང་རྭ་ལོ་ཙྰ་ཡར་ཀླུང་ཕུ་ནས་ལ་བརྒྱབ་སྟེ་གནས་གཟིགས་ལ་ཕེབས་སྐབས་ཡར་ལྷ་ཤམ་པོས་གངས་ཤུགས་ཆེན་ཕབ་ནས་ལམ་འགག་པ་མ་ཟད་རྭ་ལོའི་ཆིབས་རྟའང་ཤི་བས་རྭ་ལོ་ཐུགས་ཁྲོས་ཏེ་འཇིགས་བྱེད་སྒོམ་སྟེ་མཐུ་སྔགས་བཏོན་པས་ཡར་ལྷ་ཤམ་པོའི་གངས་རི་གསུམ་ཆ་གཅིག་ཙམ་བཞུར་སྟབས་ཡར་ལྷ་ཤམ་པོས་རྭ་ལོའི་སྐུ་མདུན་དུ་གཟུགས་བརྙན་བསྟན་ནས་བཤགས་པ་ཕུལ་ཏེ་དགོན་པ་དེ་བཞེངས་རྒྱུར་སྡོང་གྲོགས་སུ་བྱ་རྒྱུ་དང་། ཕྱིས་འགྲོ་ལམ་ལ་གནོད་པ་མི་བྱེད་པའི་ཁས་ལེན་ཞུས།
དགོན་པ་འདི་ཐོག་མར་ཆོས་ལུགས་བཀའ་བརྒྱུད་པ་ཡིན་ལ། རྒྱལ་མཆོག་ལྔ་པའི་དུས་དགེ་ལུགས་པར་སྒྱར། དེ་ཡང་དགོན་འདིར་རྭ་ལོའི་རྣམ་སྤྲུལ་དགེ་ལོང་འཆར་ཀ་ནས་བཟུང་ད་ལྟའི་བསྟན་འཛིན་ལུང་རྟོགས་ཆོས་འཕགས་བར་སྐུ་ཐོག་ཉི་རྩ་ཤུ་བཞི་བྱུང་བ་དང་རྒྱལ་མཆོག་བཅུ་གསུམ་པའི་སྐབས་དགོན་པ་གསར་བཞེངས་སོགས་དར་རྒྱས་ཆེན་པོ་བྱུང་། ལོ་ལྟར་བོད་ཟླ་ལྔ་པའི་ཚེས་ཉེར་ལྔ་ཉིན་གོས་སྐུ་ཆེན་མོ་འགྲེམས་སྲོལ་ཡོད་པ་དུས་ད་ལྟའང་ཉམས་མེད་དུ་གནས་ཡོད། ད་དུང་ཆོས་སྡེ་འོག་དགོན་ཞེས་པ་དགུན་ཁ་བཞུགས་ས་ཞིག་ཀྱང་ཡོད་པ་ནི་རྒྱལ་མཆོག་ལྔ་པའི་སྐབས་ཕྱག་བཏབ་གནང་བ་རེད།
9) གཡའ་བཟང་དགོན།
གཡའ་བཟང་དགོན་པ་ནི་གངས་རི་ཡར་ལྷ་ཤམ་པོའི་ཁ་སྤྲོད་དུ་གནས་ཤིང་དགོན་དེ་རྒྱལ་བ་གཡའ་བཟང་པས་རབ་བྱུང་གསུམ་པའི་མེ་སྟག་(༡༣༠༦)ལོར་ཕྱག་བཏབ། ཁོང་ནི་སྲོང་བཙན་སྒམ་པོའི་རྣམ་སྤྲུལ་ཡིན་པར་གྲགས་ཤིང་དགོན་འདིར་ཚོགས་ཉིས་སྟོང་བརྒྱད་བརྒྱ་ཙམ་འདུས་པ་སོགས་མཛད་འཕྲིན་ཤིན་དུ་རྒྱས་པོ་བྱུང་བ་མ་ཟད། མཐར་སྐུ་འཇའ་ལུས་སུ་ཕེབས། བླ་ཐོག་སྐུ་ཕྲེང་རིམ་པ་དགུ་བྱུང་བ་དང་། ལྷག་པར་དུ་རྒྱལ་བ་གཡའ་བཟང་བས་བོད་ཀྱི་ཁྲི་དཔོན་ཡང་གནང་མྱོང་བ་དང་། ལོ་རྒྱུས་ཐོག་དབང་ཆའི་ཐད་ཕན་ཚུན་འཐབ་རྩོད་ཐེངས་མང་བྱུང་མྱོང་བས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་དུས་གཡའ་བཟང་གི་ལོ་རྒྱུས་ལ་ཞིབ་འཇུག་མི་བྱེད་ཀ་མེད་ལྟ་བུར་གྱུར་གྱི་ཡོད། ཆོས་ལུགས་ཀྱི་ཁྱད་ཆོས་ཐད་གཡའ་བཟང་དགོན་པར་ཐུན་མོང་མ་ཡིན་པའི་གཟའ་ཆོས་ཀྱི་རྒྱུན་མ་ཉམས་པར་ལུ་གུ་ལག་རྒྱུད་ཅིག་ཡོད་པས་ཕྱོགས་གང་ས་གང་ནས་དགོན་པ་དེའི་ཆེད་དུ་བསྐྱོད་མཁན་ཧ་ཅང་མང་པོ་ཡོད།
10) སྣེ་གདོང་རྩེ་ཚོགས་པ་དགོན།
སྣེ་གདོང་ཞེས་པ་ནི་གྲོང་མིང་ཡིན་པ་དང་། དགོན་པ་རིའི་རི་རྒྱུད་གཡོན་ངོས་སུ་རི་གླང་ཆེན་ཉལ་འདྲའི་སྣེ་མོར་ཆགས་པས་སྣེ་གདོང་ཞེས་ཟེར། སྣེ་གདོང་རྩེ་ཚོགས་པ་དགོན་པ་ནི་སྤྱི་ལོའི་དུས་རབས་བཅུ་གཉིས་པར་ཁ་ཆེ་པན་ཆེན་དང་ཁོང་གི་དངོས་སློབ་བྱང་རྡོར་གཉིས་ཀྱི་ཕྱག་བཏབ་པའི་ཚོགས་པ་སྡེ་བཞིའི་ཡ་གྱལ་ཞིག་ཡིན། དགོན་འདིའི་རྟེན་གཙོ་གྲགས་ཅན་སྒྲོལ་མ་གསུང་བྱོན། ད་ལྟའང་མཇལ་རྒྱུ་ཡོད་པ་དེ་ནི་སྔོན་རྒྱ་གར་དུ་ཁ་ཆེ་པན་ཆེན་གྱིས་མུ་སྟེགས་པར་རྩོད་པ་ཉིན་བདུན་བསྐྱོན་དུས་ཉིན་ལྔ་ཕམ་པས་ཐུགས་ཡིད་མུག་སྟེ་ཤིང་ཏྰ་ལའི་སྡོང་པོ་ཞིག་ཏུ་སྐུ་བསྙེས་ནས་བཞུགས་པས་སྡོང་པོ་དེའི་སྟེང་ནས་ལོ་མ་ཞིག་ལྷུང་བ་ཡར་སྒྲུག་ནས་གཟིགས་སྐབས་ལོ་མ་དེའི་ངོས་སྒྲོལ་མ་ཕྱག་བཞི་པ་རང་བྱོན་ཞིག་ཡོད་པ་དེས་པན་ཆེན། པན་ཆེན། ཁྱེད་ཀྱིས་སྔར་བཞིན་རྩོད་ཅིག་ཅེས་གསུང་བྱོན་པ་ལྟར་རྩོད་པ་བསྐྱོན་པས་པན་ཆེན་རྒྱལ་བས། སྒྲོལ་མ་དེའི་མཚན་ལའང་སྒྲོལ་མ་རྩོད་རྒྱལ་ཞེས་གསོལ། དེ་ནས་བཟུང་རྩེ་ཚོགས་དགོན་དུ་སྒྲོལ་མ་ཉེར་གཅིག་ཚར་གཅིག་ནས་མ་ཆག་པ་འདོན་སྲོལ་ཆགས་པ་དང་། སྣེ་གདོང་གི་མི་སེར་མང་པོས་ཀྱང་སྒྲོལ་མ་སྐྱོར་བར་ཡོང་གི་ཡོད་ཅིང་། སྒྲོལ་མ་ཉེར་གཅིག་རྫོགས་མཚམས་སུ་ཕྱག་འཚལ་བ་ནི་ཞེས་བཏོན་ནས་ཁ་ཁུ་སིམ་པོར་བསྡད་ན་ཉི་ཤུ་རྩ་གཅིག་ཅེས་སྒྲོལ་མ་དེས་གསུང་བྱོན་གྱི་ཡོད་པས་སྣེ་གདོང་རྒྱལ་པོའི་བཙུན་མོ་རབ་ཏུ་དད་དེ་སྒྲོལ་མར་ཞལ་གསེར་སྤུས་ལེགས་མཐུག་པོ་ཞིག་བསྒྲོན་པས་དེ་ནས་བཟུང་སྒྲོལ་མས་གསུང་མ་བྱོན་སྟབས་མཐོལ་བཤགས་ཀྱི་ཚུལ་དུ་རང་གི་རྒྱན་ཆ་བཤིག་སྟེ་གཙོ་བོ་མུ་ཏིག་ལས་གྲུབ་པའི་སྤྱན་རས་གཟིགས་སེམས་ཉིད་ངལ་གསོའི་ཞལ་ཐང་འགྲན་ཟླ་མེད་པ་ཞིག་བཞེངས་པ་ད་ལྟ་ཁྲ་འབྲུག་མུ་ཏིག་ཐང་ག་ཅེས་པ་དེ་ཡིན།
11) བན་ཚང་དགོན།
བན་ཚང་དགོན་ནི་རྩེ་ཚོགས་པའི་གཡས་ངོས་རི་སྟེང་དུ་ཆགས་ཡོད་ཅིང་དགོན་པ་དེའི་ཐོག་མར་ཕག་གྲུའི་གདན་ས་ཡིན་པ་དང་། རིམ་བཞིན་བླ་ཐོག་བཅུ་གསུམ་དང་། དེ་རྗེས་སྡེ་པ་ཀུན་བཟང་རྩེའི་དགོན་སྡེར་གྱུར། དགོན་པ་འདིའི་ནང་རྩ་ཆེའི་སྐུ་གསུང་ཐུགས་རྟེན་མང་པོ་ཡོད་ལ་ཁྱད་པར་དུ་ཡར་རྗེ་ཨོ་རྒྱན་གླིང་པའི་སྐུ་ཤ་སྐྱེ་བདུན་མ་བཞུགས་པའི་གདུང་རྟེན་དེ་ནི་བོད་ཡོངས་སུ་གྲགས་པ་ཆེ། སྔར་ལོ་ལྟར་སྡེ་པ་གཞུང་གི་རྒྱལ་ཚབ་སོགས་ཀྱིས་གདུང་རྟེན་དེ་ནས་སྐུ་ཤ་ཕྲན་བུ་ཞུས་ཏེ་སྨན་རྩ་ཆེན་བཟོ་གི་ཡོད་ཅིང་ཕྱི་ལོ་སྔ་ལོ་ཞུས་པའི་སྐུ་ཤ་སྔར་བཞིན་འཁྲུངས་ཀྱི་ཡོད་པ་ནི་ཆེས་ངོ་མཚར་བ་ཞིག་ཡིན།
ད་ལྟ་དགོན་པ་འདི་གཞི་རྒྱ་ཆེན་པོ་རང་མེད་ཀྱང་བོད་ཀྱི་ལོ་རྒྱུས་ཐོག་གནས་སྐབས་མཐོ་པོ་ཡོད་པའི་དགོན་པ་ཞིག་ཡིན།
ཡོང་ཁུངས། ཡར་ཀླུང་སྤྲིན་ཆར།