གསལ་བྱེད་གྲངས་ངེས་སུམ་བཅུ་བྱས།།
གསལ་བྱེད་ཕྱེད་མ་[༡]སོ་སུམ་བྱ།།
དབྱངས་ཡིག་གྲངས་ངེས་བཞི་ཐམ་པ།།
ཨ་ཡིག་བསྣན་པས་ལྔ་ཐམ་པ།།
རྐྱང་པའི་ཡི་གེ་སུམ་བཅུ་བྱས།།
རྐྱང་འཕུལ་ཡི་གེ་ཞེ་བརྒྱད་བྱས།།
བརྩེགས་ཡིག་སུམ་བཅུ་སོ་སུམ་བྱས།།
འདོགས་ཡིག་ཉི་ཤུ་རྩ་ལྔ་བྱས།།
བརྩེགས་འཕུལ་ཉི་ཤུ་ཐམ་པ་བྱས།།
འདོགས་འཕུལ་སུམ་བཅུ་ཐམ་པ་བྱས།།
སུམ་བརྩེགས་ཡི་གེ་བཅུ་བཞི་བྱས།།
སུམ་འཕུལ་ཡི་གེ་དྲུག་ཐམ་པ།།
ཡིག་རྡོག་རེ་ལ་ཀློག་སྲོལ་བཅུ།།
ཡིག་རྡོག་རེ་ལ་འབྲི་སྲོལ་བརྒྱ།།
ཀློག་འབྲིའི་ཆུ་རྙོག་སུ་ཡིས་ཀྲུག །
སུ་ཡིས་ཀློག་དང་སུ་ཡིས་འབྲི།།
སྔོན་འཇུག་ལྔ་པོས་གཡོན་ནས་འཕུལ།།
མགོ་ཅན་གསུམ་པོ་སྒང་ལ་བརྩེགས།།
འཕུལ་ནས་མིང་གཞིའི་སྒྲ་རྩོལ་[༢]འགྱུར།།
བརྩེགས་ཀྱང་མིང་གཞིའི་སྒྲ་རྩོལ་འགྱུར།
འཕུལ་ནས་གསལ་བྱེད་ཕྱེད་མ་དོན།།
བརྩེགས་ཀྱང་གསལ་བྱེད་ཕྱེད་མ་རེད།།
གཉིས་པོའི་རང་བཞིན་ཆ་འདྲ་བྱུང་།།
གང་དེ་དྲག་ལ་འགྱུར་དགོས་ན།།
སྔོན་འཇུག་ག་ད་བ་ཡིས་འཕུལ།།
གང་དེ་ཞན་ལ་འགྱུར་དགོས་ན།།
སྔོན་འཇུག་ང་མ་གཉིས་ཀྱིས་འཕུལ།།
མགོ་ལ་ཡིག་གསུམ་བརྩེགས་པ་དེ།།
ག་ད་བ་ཡིས་འཕུལ་འདྲ་བྱུང་།།
དྲག་ཞན་གཉིས་ཀྱི་འགྱུར་ལྡོག་དེ།།
གསལ་བྱེད་ཉིད་ཀྱི་རང་བཞིན་ཡིན།།
བསྒྱུར་ཞེས་བསྒྱུར་བའི་བསྒྱུར་དབང་མེད།།
འཕུལ་དང་བརྩེགས་ནི་ཕྱི་སྐོགས་ཙམ།།
ཀ་ཅ་ཏ་པ་ཙ་ལྔ་དང་།།
ཁ་ཆ་ཐ་ཕ་ཚ་བཅུ་ལ།།
འཕུལ་ཀྱང་མ་འཕུལ་མདོག་འདྲ་བྱུང་།།
བརྩེགས་ཀྱང་མ་བརྩེགས་མདོག་འདྲ་བྱུང་།།
དེ་བཅུ་འགྱུར་མེད་ཡི་གེ་ཡིན།།
ཡིག་བཞི་ག་ཇ་ད་བ་ལ།།
སྒྲ་རྩོལ་འགྱུར་ལུགས་དྲག་ཞན་གཉིས།།
བ་ཇའི་སྒྲ་རྩོལ་དྲག་མ་དེ།།
བརྩེགས་ནས་མ་གཏོགས་འཕུལ་སྲོལ་མེད།།
ཇའི་སྒང་ལ་མགོ་བརྩེགས་སྲོལ་མེད།།
ངེས་སྲོལ་ཡོད་ལ་ངེས་སྲོལ་མེད།།
དེ་བཞི་#འགྱུར་གཉིས་ཡི་གེ་ཡིན།།
བ་ལ་ད་ཡིས་འཕུལ་ནས་ཡོང་།།
ཝ་ཡི་སྒྲ་རྩོལ་དྲག་མ་དབའ།།
སྐབས་སྐབས་གསལ་བྱེད་བ་ཡིག་ལ།།
ཝ་ཞེས་ཀློག་པ་རྙོག་གི་འགོ།།
དབའ་ཡི་ཞབས་ལ་ར་ཡིག་བཏགས།།
ར་ཡི་སྒྲ་རྩོལ་ཞན་མ་དབྲ།།
དབའ་ཡི་ཞབས་ལ་ཡ་ཡིག་བཏགས།།
ཡ་ཡི་སྒྲ་རྩོལ་ཞན་མ་དབྱ།།
དེ་ནི་ཡ་ཡིག་ག་འཕུལ་འདྲ།།
ཝ་ར་ལ་གསུམ་#འགྱུར་གཅིག་ཡིན།།
སྣ་སྐད་ང་ཉ་ན་མ་བཞི།།
ཛ་ཞ་ཟ་དང་ཤ་ས་དགུ།།
དྲག་ས་མེད་ན་ཞན་ས་ཡོད།།
དྲག་མིན་ཞན་མིན་མ་ཤེས་ཀྱང་།།
དགུ་ཡང་#འགྱུར་གཅིག་ཡི་གེ་ཡིན།།
ཟླ་ཕུད་ལ་བཏགས་ལྔ་པོ་ནི།།
ལ་ཡི་སྒྲ་རྩོལ་ཞན་མ་ཡིན།།
ར་ཞབས་ལ་ཡིག་འདོགས་པའམ།།
ལ་མགོར་ར་ཡིག་བརྩེགས་པ་སྟེ།།
ཟླ་ནི་ད་ཡི་སྒྲ་རྩོལ་ཞན།།
ད་ལ་འ་ཡིག་འཕུལ་འདྲ་བྱུང་།།
པ་ཕ་བ་མས་ཡ་ཞབས་གྱོན།།
ཅ་ཆ་ཇ་ཉས་མིག་སྣ་གཉེར།།
ཀ་ཁ་ག་ཡིས་ཡ་ཞབས་གྱོན།།
ཀྱ་ཁྱ་གྱ་ཞེས་གསལ་བྱེད་གསུམ།།
ཀྱ་དང་ཁྱ་ནི་ཀ་ཁ་བཞིན།།
འཕུལ་དང་བརྩེགས་ཀྱིས་འགུལ་མི་ཐེབས།།
གྱ་ལ་སྒྲ་རྩོལ་དྲག་གཞན་གཉིས།།
དྲག་ལུགས་ཞན་ལུགས་ག་ལུགས་བྱུང་།།
དེ་ཡང་#འགྱུར་གཉིས་ཡི་གེའོ།།
ཀ་ཁ་ག་ལ་ར་ཞབས་གཡོག །
ཀྲ་ཁྲ་གྲ་ཞེས་གསལ་བྱེད་གསུམ།།
ཀྲ་ཁྲ་སྒྲ་རྩོལ་འགྱུར་མེད་ཡིན།།
གྲ་ལ་སྒྲ་རྩོལ་དྲག་གཞན་གཉིས།།
དྲག་ལུགས་ཞན་ལུགས་ག་ལུགས་བྱུང་།།
དེ་ཡང་#འགྱུར་གཉིས་ཡི་གེ་ཡིན།།
ཏ་དང་པ་ལ་ར་ཞབས་གཡོག །
ཀ་ལ་ར་ཞབས་གཡོག་པའི་སྒྲ།།
ཐ་དང་ཕ་ནི་ཁ་འདྲ་བྱུང་།།
ད་དང་བ་ནི་ག་འདྲ་བྱུང་།།
མ་ལ་ར་ཞབས་གཡོག་པ་དེ།།
མ་ལ་ད་ཡིས་འཕུལ་འདྲ་བྱུང་།།
ས་ལ་ར་ཞབས་གཡོག་པ་དེ།།
ས་ལ་ག་བས་འཕུལ་འདྲ་བྱུང་།།
ཧ་ཡི་མགོ་ལ་ལ་ཡིག་བརྩེགས།།
ལྷ་ཡི་སྒྲ་རྩོལ་ལ་དང་འབྲེལ།།
ཧ་ཡི་ཞབས་ལ་ར་ཡིག་བཏགས།།
ཧྲ་ཡི་སྒྲ་རྩོལ་ས་དང་འབྲེལ།།
འ་ཡིག་ཧ་ཡིག་ཨ་ཡིག་གསུམ།།
གསུམ་དེ་འགྱུར་མེད་ཡི་གེ་ཡིན།།
དེ་ཡང་སྒྲ་རྩོལ་དྲག་ཞན་ལས།།
འགྱུར་མེད་ཡི་གེ་བཅུ་བདུན་བྱུང་།།
དེ་ཡིས་གསལ་བྱེད་བཅུ་བདུན་སྐྱེད།།
དེ་ལ་གསམ་བྱེད་བཅུ་བདུན་ཡོད།།
འགྱུར་གཉིས་ཡི་གེ་དྲུག་ཙམ་བྱུང་།།
དེ་ཡིས་གསལ་བྱེད་བཅུ་གཉིས་སྐྱེད།།
དེ་ལ་གསལ་བྱེད་བཅོ་བརྒྱད་ཡོད།།
#འགྱུར་གཅིག་ཡི་གེ་བཅུ་སུམ་བྱུང་།།
དེ་ཡིས་གསལ་བྱེད་བཅུ་སུམ་སྐྱེད།།
དེ་ལ་གསལ་བྱེད་རྩ་དྲུག་ཡོད།།
ས་འབྲེལ་ཧྲ་དང་ལ་འབྲེལ་ལྷ།།
སྡོམ་པའི་དྲུག་ཅུ་རེ་སུམ་དེ།།
ཉི་མ་ལྷ་སའི་སྐད་ཆོས་ཡིན།།
ཨ་ནི་གསལ་བྱེད་ངེས་ནའང་།།
ཞར་དུ་དབྱངས་ལས་བྱེད་བཞིན་ཡོད།།
ལྔ་པོ་རེ་ལ་རིང་མ་རེ།།
དེ་ལ་དབྱངས་ཡིག་ལྔ་ཐམ་པ།།
དཔེར་ན་ཁང་པའི་ཀ་བ་ལ།།
མི་སྐད་ཀའ་ཞེས་དབྱངས་རིང་ལབ།།
ལྔ་པོ་རེ་ལ་ཁ་ཆུང་[༣]རེ།།
དེ་ལ་དབྱངས་ཡིག་ལྔ་ཐམ་པ།།
ལྔ་པོ་རེ་ལ་འདུས་མ་རེ།།
དེ་ལ་དབྱངས་ཡིག་རྩ་ལྔ་[༤]བཅས།།
གྲངས་ཁ་བཞི་བཅུ་ཐམ་པ་དེ།།
བོད་ཡིག་ཨ་ལིའི་གྲངས་ངེས་ཡིན།།
གསལ་བྱེད་སུམ་ཅུར་དབྱེ་སྲོལ་ཡོད།།
འགྱུར་མེད་འགྱུར་གཅིག་འགྱུར་གཉིས་བཞིན།།
འགྱུར་གཅིག་རེ་ལ་ཡི་གེ་གཅིག །
དཔེར་ན་ང་ཡིས་རྔ་བཞིན་ནོ།།
འགྱུར་གཉིས་རེ་ལ་ཡི་གེ་གཉིས།།
དཔེར་ན་ག་ཡིས་འགའ་དང་རྒ།།
འགྱུར་གསུམ་ཡི་གེ་བོད་ཡིག་ནང་།།
ད་ལྟ་མེད་བའི་བཟོ་ཞིག་འདུག །
བསྒྱུར་ས་གཅིག་ལས་མེད་ནའང་།།
བསྒྱུར་མཁན་ཡི་གེ་བདུན་བརྒྱད་རེད།།
བསྒྱུར་འབྲས་གཅིག་ལས་མེད་ནའང་།།
བསྒྱུར་ལུགས་རྣམ་པ་བཅོ་བརྒྱད་རེད།།
འཕུལ་ས་འཕུལ་ནས་བརྩེགས་ས་བརྩེགས།།
འབྲི་སྲོལ་ཆུ་རྙོག་དེ་ལ་མཁྱིལ།།
དེས་ན་ཡིག་གྲལ་སྒྲིག་འདོད་ན།།
དང་པོ་བསྒྱུར་ལུགས་གཏན་འཁེལ་དགོས།།
འཕུལ་ནས་དྲག་གམ་བརྩེགས་ནས་དྲག །
འཕུལ་ནས་ཞན་ནམ་བརྩེགས་ནས་ཞན།།
ག་ཇ་ད་བའི་དྲག་ཡིག་དེ།།
ར་མགོ་སྦྱར་ནས་དྲག་ན་དགའ།།
དེ་ཡི་ཞན་ཡིག་འཕུལ་ན་དགའ།།
འ་ཡིས་འཕུལ་ནས་ཞན་ན་དགའ།།
གྱ་ཡི་དྲག་ཡིག་ར་མགོ་བརྩེགས།།
གྱ་ཡི་ཞན་ཡིག་འ་ཡིས་འཕུལ།།
གྲ་ཡི་དྲག་ཡིག་ས་མགོ་བརྩེགས།།
གྲ་ཡི་ཞན་ཡིག་འ་ཡིས་འཕུལ།།
ར་ཡིག་མེད་པས་ས་མགོ་བརྩེགས།།
བེད་སྤྱོད་ཉུང་བས་འ་ཡིག་འཕུལ།།
སྣ་སྐད་ང་ཉ་ན་མ་བཞི།།
ར་མགོ་སྦྱར་ནས་ཞན་ན་དགའ།
བཞི་ལ་འ་འཕུལ་མེད་པས་སོ།།
བཞི་ལ་ར་མགོ་བརྩེགས་པས་སོ།།
ཛ་ལ་ར་མགོ་བརྩེགས་ནས་དྲག །
ལ་ཡང་ར་མགོ་བརྩེགས་ནས་དྲག །
ཞ་ཟ་ཡ་དང་ཤ་ས་ལྔ།།
ག་ཡིག་འཕུལ་ནས་དྲག་ས་རེད།།
བ་ཡི་ཀློག་དེ་ཝ་འདྲ་བྱུང་།།
བ་ལ་དས་འཕུལ་ཝ་དྲག་བྱུང་།།
དབའ་ལ་ཡ་བཏགས་ར་དྲག་བྱུང་།།
དེ་ལ་རྙོག་གི་ཆུ་མོ་མཁྱིལ།།
གསལ་བྱེད་གྲངས་ངེས་རེ་སུམ་ལ།།
ཡིག་གྲལ་མེ་སྟག་ཚུབ་འདྲ་སྒྲིག །
གསལ་བྱེད་སུམ་ཅུའི་སྦྱོར་རྙོག་དེ།།
དེ་རིང་དྭངས་བའི་དུས་ཚོད་རེད།།
ཀ་ཁ་ག་དང་འགའ་རྒ་ང་།།
ཀྱ་ཁྱ་གྱ་དང་འགྱ་དང་རྒྱ།།
ཀྲ་ཁྲ་གྲ་དང་འགྲ་དང་སྒྲ།།
ཅ་ཆ་ཇ་དང་འཇའ་རྗ་ཉ།།
ཏ་ཐ་ད་དང་འདའ་རྡ་ན།།
པ་ཕ་བ་དང་འབའ་རྦ་མ།།
ཙ་ཚ་ཛ་དང་འཛའ་དང་རྫ།།
རྔ་རྙ་རྣ་རྨ་ཝ་དབའ།།
ཞ་ཟ་ཡ་དང་གཞའ་གཟའ་གཡའ།།
ར་ལ་དབྲ་རླ་ཤ་དང་གཤའ།།
ས་དང་གསའ་དང་འ་ཧ་ཨ།།
ལྷ་དང་ཧྲ་ཡིས་རེ་གསུམ་རྫོགས།།
ཀློག་སྲོལ་དྲུག་ཅུ་རེ་སུམ་ཡིན།།
འབྲི་སྲོལ་དྲུག་ཅུ་རེ་སུམ་ཡིན།།
ཀ་མད་གསར་པའི་གྲལ་ཁ་དེ།།
གསལ་བྱེད་སུམ་བཅུའི་ཁ་སྐོང་མཛོད།།
[༡] ཀྲ་དེ་ཀ་དང་ར་བརྩེགས་ནས་ཡོང་ནའང་། ཀྲ་ལ་རང་སོ་སོའི་ཚུགས་ཐུབ་ཀྱི་སྒྲ་རྟགས་ཡོད་པ་རེད།
[༢]ག་འགའ་དགའ་གསུམ་ནི་གའི་སྒྲ་རྩོལ་གྱི་རིམ་པ་མི་འདྲ་བ་གསུམ་ལ་རྩིས་ཡོད། རྒ་དང་དགའི་སྒྲ་རྩོལ་ཆ་ལ་རྩིས་ཡོད། སྔོན་མཇུག་འ་དང་མའི་སྒྲ་རྩོལ་འབྱིན་ནུས་ཆ་རེད། བ་དང་ད་གའི་ཡང་ཆ་རེད།
[༣] དབྱིན་སྐད་དུ། /e/དང་/e/གཉིས་ཀྱི་ཁྱད་པར་བཞིན། ལྷ་སའི་སྐད་དུ། རྗེས་འཇུག་ས་ཞུགས་ན་དེ་དབྱངས་ཁ་ཆུང་རེད། ཁ་ཆུང་ཟེར་བ་ཡང་ལྕེ་ཅུང་དོམ་ཙམ་ཡོད་པས་ལབ་པ་ཡིན།
[༤] རྩ་དྲུག་དེ་རྩེད་མོ་ཡིན། འོན་ཀྱང་བོད་སྐད་དུ་དབྱངས་འདུས་མ་ཡོད་ཐག་ཆོད་རེད། གའུ་ཞེས་དབྱངས་ཨ་དང་ཨུ་འདུས་པ་རེད། འོ་ན་ག་ཨུ་ཞེས་མི་འདོན་གང་རེད་ལབ་ན། དང་པོ། འདུས་པ་ཡིན་ཙང་། ཕྲལ་གྱི་འདོན་དང་ཆ་མ་རེད། དཔེར་ན། དབྱངས་རིང་མ་ལབ་དུས། རིང་བ་ཙམ་གྱིས་འགྲིག་གི་མ་རེད། དེ་བས། འུ་སྒྲ་ཡང་མི་དོན། ཝུ་ཞེས་ཡིན་ངེས་ཆེ།
ཉི་མ་སྲི་ཐར་ནས། དགེ་འོས་ཞོར་གཏོགས་སློབ་ཆུང་། ༢༠༡༧-༡-༣༠