བློ་རྣལ་དུ་ཕོབས། དོན་དངོས་དང་དྲང་བདེན་གཞི་རྩར་འཛིན་རོགས།

བློ་རྣལ་དུ་ཕོབས། དོན་དངོས་དང་དྲང་བདེན་གཞི་རྩར་འཛིན་རོགས།

རྒྱ་དམར་ཇག་ཚོགས་ཀྱིས་སྤྱི་ལོ་ ༡༩༥༩ ལོར་བོད་ལ་དྲག་པོའི་བཙན་འཛུལ་བྱས་སྟབས། གཞུང་ས་དགའ་ལྡན་ཕོ་བྲང་གི་ལས་ཀྱི་སྣེ་མོ་བ་སོགས་ཀྱིས་བོད་མིའི་འདི་ཕྱིའི་སྐྱབས་གནས་དང་བོད་མིའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལ་བཙན་བྱོལ་དུ་གདན་འདྲེན་ཞུས་སྟབས། བོད་འབངས་འབུམ་ཕྲག་མང་པོ་གོན་པོ་གང་ཉིད་ཀྱི་རྗེས་སུ་བསྙེགས། གནམ་དང་ས་མ་གཏོགས་མི་ཤེས་པའི་དུས་སྐབས་དེར་ལྕམ་ཕྲེང་རིང་རིན་ཆེན་སྒྲོལ་མ་ལགས་ཀྱིས་བོད་མི་ཀ་སྦུག་ཏུ་འབྱོར་བའི་གཞུང་ཞབས་ལས་བྱེད་དང་སྐྱ་སེར་ཕོ་མོ་ཁག་ལ་ཟླ་ཤས་རིང་དབྱིན་ཡིག་སློབ་འགོ་ཚུགས། ཀ་སྦུག་ཏུ་རང་རིགས་སྤུན་ཟླར་ཚོར་སློབ་སྦྱོང་སྤྲད་པ་གོང་ས་མཆོག་གི་སྙན་ལམ་དུ་གསན་སྟབས། ཐུགས་དགྱེས་མཉེས་ཆེན་པོ་བྱུང་སྟེ་སློབ་ཕྲུག་ཚོའི་ཡིག་ཆས་ཉོ་བྱེད་ཧིན་སྒོར་གཅིག་སྟོང་ཐམ་པ་རྒྱལ་ལོ་དོན་གྲུབ་ལགས་བརྒྱུད་དེ་གསོལ་རས་སྩལ

 

དེ་རྗེས་སྤྱི་ལོ་ ༡༩༦༠ ལོར་རང་རིགས་ཀྱི་སོན་རྩའི་སློབ་སྦྱོང་སླད་བཙན་བྱོལ་ནང་གི་བོད་ཕྲུག་ཁྱིམ་སྡེ་ཐོག་མར་གསར་འཛུགས་གནང་། ལྕམ་ཁོང་ནི་རྒྱལ་བའི་དགོངས་གཞི་ལྟར་ཤེས་ཡོན་ཡར་རྒྱས་ཐད་ལ་བཀའ་དྲིན་འདྲེན་ཟླ་བྲལ་བ་ཞིག་ཡིན།

ཤེས་རིག་དྲ་རྒྱར་བཀོད་ཡོད་པའི་ལྕམ་ཕྲེང་རིང་རིན་ཆེན་སྒྲོལ་མའི་ལོ་རྒྱུས་ནང་ “ལོ་ན་ཉི་ཤུར་མ་སོན་པའི་མཛེས་སྡུག་གི་ལང་ཚོ་བཞད་པའི་རིན་ཆེན་སྒྲོལ་མ་ལགས་སྡེ་་གཞུང་གི་” སྐུ་དྲག་རྒན་འཁོགས་ཤིག” དང་ཆང་ས་རྒྱག་དགོས་བྱུང་བ་རེད། ཡིན་ན་ཡང་སྟབས་ལེགས་པ་ཞིག་ལ་དེ་སྔོན་རིན་ཆེན་སྒྲོལ་མ་རང་ཉིད་རྒྱ་གར་རྡོར་གླིང་སློབ་གྲྭར་སློབ་གཉེར་གནང་སྐབས་སློབ་གྲོགས་ཡི་པ་ཕྲེང་རིང་སྲས་བགྲེས་པ་འཇིགས་མེད་སུམ་རྩེན་དབང་པོས་རིན་ཆེན་སྒྲོལ་མ་མཆོག་ལ་སྲས་མོ་ཚེ་རིང་དབྱངས་འཛོམས་ལགས་འཁྲུངས་པར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འཕྲིན་ཞིག་ཕུལ་བ་དང་ལྷན། ཁོ་མོའི་ལས་དབང་ལའང་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཅིག་ཐེབས་ཏེ། ཕྲེང་རི་གཞིས་ཀ་དང་ཚ་རོང་གཞིས་ཀ་གཉིས་མོས་མཐུན་ཐོག་ལྷ་བླར་གསུང་བརྟག་ཞུས་པ་རྩེ་མཐུན་བྱུང་དོན་ལྟར། རིན་ཆེན་སྒྲོལ་མ་ལགས་ཚ་རོང་ཟླ་བཟང་དགྲ་འདུལ་གྱི་”བཙན་དབང”ལས་ཐར་ཏེ་ཕྲེང་རི་སྲས་འཇིགས་མེད་སུམ་རྩེན་དབང་པོ་དང་རང་དབང་གིས་འཁྲུངས་ས་བསྐྱོན་ཞིང་། དེ་བཞིན་རིན་ཆེན་སྒྲོལ་མ་ལགས་ཀྱི་གཅུང་མོ་བྱང་ཆུབ་སྒྲོལ་མ་ལགས་དང་ཕྲེང་རིང་སྲས་སྐུ་གཞོན་པ་འཆི་མེད་རྡོ་རྗེ་དང་འཁྲུངས་ས་བསྐྱོན་པ་རེད།”ཅེས་བྲིས་འདུག ཝ་མི་བརྒྱལ་ཀ་མེད་རེད། །འདྲེས་འགྲམ་ལྕག་ཞུ་ལེ་རེད། །ཅེས་པ་ལྟར་དོན་དངོས་ཀྱི་ལོ་རྒྱུས་གཞི་རྩར་བཞག་སྟེ་ལོག་འགྲེལ་དང་རང་བློས་རྟོག་བཟོ་བྱས་པའི་རྫུན་གཏམ་ལ་བསྲེ་དཀྲོལ་ཐུང་ངུ་ཞིག་བྱ་རྒྱུའི་དུན་པ་སྐྱེས། བློ་རྣལ་དུ་ཕོབས་དང་འབྲི་བ་པོ་ལགས། རང་རེའི་སྲོལ་རྒྱུན་དུ་ལོ་ན་བཞི་ཅུ་ཙམ་ལ་སོན་པའི་སྐྱེས་པ་ཚོར་རྒན་འཁོགས་སུ་རྩིས་སྲོལ་མེད་བཞིན་དུ། ཁྱོད་ཀྱིས་ཆེད་དུ་མངགས་ནས་མིང་ཆད་ངན་པ་བཟོས་ཏེ། སྐྱེས་སྟོབས་ཀྱི་ཤེས་རབ་ལྡན་ཞིང་ཕྱི་རོལ་གྱི་གནས་སྟངས་ལ་རྒྱུན་ལོན་ཟབ་པ། བསམ་བློ་གསར་པ། འཇོན་ཐང་ཆེ་ཞིང་ཕྲལ་ཕུགས་གནས་སྟངས་གང་ལའང་གཟིགས་རྒྱང་ཡངས་འི་མི་རྗེ་ཚ་རོང་མཆོག་གི་མཚན་སྙན་ཉི་ཟླར་འགྲན་པ་དེ་རང་གི་བློ་བཟོས་ཀྱི་དུག་རླངས་ནག་པོས་སྒྲིབ་ཐབས་བྱེད་ཀྱིན་འདུག་སྙམ།

ལྕམ་རིན་ཆེན་སྒྲོལ་མ་ལགས་ཀྱི་འཁྲུངས་ལོ ༡༩༠༩ དང་མི་རྗེ་ཚ་རོང་མཆོག་གི་འཁྲུངས་ལོ ༡༨༨༨ བཅས་རེད། སྤྱི་ལོ་ ༡༩༢༨ ལོར་ལྕམ་རིན་ཆེན་སྒྲོལ་མ་ལགསདགུང་ལོ ༡༩ དང་མི་རྗེ་མཆོག་དགུང་ལོ ༤༠ རེད། དོན་དངོས་ཀྱི་གནང་སྟངས་འདི་རེད། ཁྱོད་ཀྱིས་མངོན་སུམ་ལ་བློ་ཕྱིན་ཅི་ལོག་སྟེ་ལོ་ངོ་བཞི་བཅུ་ཙམ་ལ་རྒན་འཁོགས་ཞེས་སྨོད་ཚིག་སྒྲོག་པ་ཅི་འདྲའི་དགོད་བྲོ་བ་ལ་ཨང་།

འཛམ་གླིང་འདིར་གནའ་དེང་གང་ལའང་རྒྱུ་རྩལ་བ་དང་འཁྲབ་སྟོན་པ་སོགས་སྐྱེ་པ་ལོ་ན་ཐོ་་དང་མནའ་མ་ལོ་ན་ཆུང་ཆུང་དེ་འདྲ་ཆང་ས་བརྒྱབ་མང་པོ་དྲ་ལམ་ཁག་ཏུའང་མཐོང་རྒྱུ་འདུག དེང་གི་དུས་ཀྱང་སྐྱེ་པ་ལོ་ ༥༦ དང་མནའ་མ་ལོ་ ༡༩ ཙམ་ལ་སོན་པ་ཡང་ཆང་ས་བརྒྱ་པ་དེ་འདྲ་འདུག དེར་བརྟེན་རྒན་འཁོགས་ཤིག་ཆང་ས་བརྒྱབ་པ་རེད་ཅེས་གཞུང་འབྲེལ་དྲ་རྒྱའིཐོག་ཏུ་འཆོལ་ལབ་དེ་ལྟར་སྤེལ་མྱོང་མི་འདུགསྤྱི་བཏང་འགྲོ་བ་མི་ཞིག་ཡིན་ཕྱིན་ཆད། བཙན་དབང་གཏོང་མཁན་ལ་བཙན་དབང་མྱོང་མཁན་གྱིས་ངོ་རྒོལ་བྱེད་བཞིན་ཡོད་པ་འཇིག་རྟེན་ཀུན་གསལ་ལྟར་རེད། གལ་ཏེ་ལྕམ་རིན་ཆེན་སྒྲོལ་མ་ལགས་མི་རྗེ་ཚ་རོང་མཆོག་གི་བཙན་དབང་འོག་ཏུ་གནས་མྱོང་ཡོད་ན། ཁོང་གི་ལོ་རྒྱུས་ནང་མི་རྗེ་ཚ་རོང་མཆོག་ལ་སྨད་ར་དང་ཚིག་ངན་བྲི་དགོས་ཀྱང་དེ་ལས་ལྡོག་སྟེ་མི་རྗེ་མཆོག་ལ་གུས་ཞབས་དང་བརྩི་མཐོང་ཆེན་པོ་གནང་འདུག་པ་མ་ཟད། བོད་ཀྱི་བུ་མོའི་ནང་མི་རྗེ་ཚ་རོང་མཆོག་གི་སྐུ་པར་ལྷན་རྒྱས་སུ་ཡོད་པ་གསུམ་དང་། ༸མི་རྗེ་མཆོག་སྐུ་རྐྱང་གི་སྐུ་པར་གཅིག་བཅས་ཁག་བཞི་ཙམ་བཀོད་འདུག ལྕམ་རིན་ཆེན་སྒྲོལ་མ་ལགས་དེང་དུས་ཀྱི་ཤེས་ཡོན་ཅན་བཟང་ངན་གཉིས་ཀའི་དབྱེ་བ་འབྱེད་ཐུབ་མཁན་ཞིག་ཡིན་པ་ལསབཟང་ངན་དབྱེ་འབྱེད་མི་ཤེས་མཁན་གླེན་པ་ལུག་ལྟ་བུ་ཞིག་གཏན་ནས་མིན་པ་ཀུན་ཤེས་རེད། ལོ་རྒྱུས་དུམ་བུ་དེའི་ནང་ཕྲེང་རི་སྲས་བགྲེས་པ་འཇིགས་མེད་སུམ་རྩེན་དབང་པོ་ལགས་དང་ལྕམ་རིན་ཆེན་སྒྲོལ་མ་ལགས་རྣམ་གཉིས་རྗེས་སུ་ལྟེ་དབང་གིས་ཐུག་སྟེ་རིམ་པས་གཉེན་སྒྲིག་བྱས་པ་ལྟ་བུ་ཞིག་དོན་དངོས་ལ་གཡོལ་ཏེ་བྲིས་འདུག །ལྕམ་རིན་ཆེན་སྒྲོལ་མ་ལགས་དང་ཕྲེང་རིང་སྲས་བགྲེས་པ་རྣམ་པ་གཉིས་གཉེན་སྒྲིག་ཡོང་རྒྱུར་འབད་བརྩོན་དང་སྟ་གོན་གཙོ་བོ་བྱེད་མཁན་མི་རྗེ་ཚ་རོང་མཆོག་ཡིན། དེ་ཡང་ལྕམ་རིན་ཆེན་སྒྲོལ་མ་ལགས་ཀྱི་ལོ་རྒྱུས་བོད་ཀྱི་བུ་མོའི་ནང་ ཕྲེང་རིང་ཡབ་རྗེ་གཙོ་དྲག་རྣམ་རྒྱལ་གྱི་སྲས་བགྲེས་པ་འཇིགས་མེད་སུམ་རྩེན་དབང་པོ་རྡོ་རྗེ་གླིང་སློབ་གྲྭར་ཕེབས་དུས་ང་རང་ཡང་དེརསློབ་གྲྭར་ཡོད་སྟབས་ཡང་ཡང་མཇལ་གྱི་ཡོད་པས་ཁོང་ནས་ང་ལ་བུ་མོ་ཚེ་རིང་གཡང་འཛོམས་སྐྱེས་ཡོད་པར་བཀྲ་ཤིས་བདེ་ལེགས་ཀྱི་ཕྱག་བྲིས་གཅིག་གནང་བ་ལྷ་སར་ཕེབས་འབྱོར་བྱུང་ཞིང་། དེ་དང་ཆབས་ཅིག་ངའི་གཅུང་མོ་བྱང་ཆུབ་སྒྲོལ་མ་ལགས་སུ་དབྱིན་ཡིག་ཐོག་ཕྱག་བྲིས་བསྐུར་གནང་གིས་ངོ་སྤྲོད་ཞུས་ཐོག་ཕྱག་བྲིས་འབུལ་བརྒྱུད་བྱེད་རོགས་གསུངས་བྱུང་བར་ངས་བྱང་ཆུབ་སྒྲོལ་མ་ལགས་སུ་ཕྱག་བྲིས་གཅིག་དང་སྐུ་པར་གཅིག་འདུག་པ་དེ་བསྒྱུར་ནས་དེའི་ནང་གི་དོན་ཚན་ཚང་མ་ཞུས་ནས་འཇིགས་མེད་ལགས་ཁྱེད་རང་དང་མཉམ་དུ་ཁྲུང་ས་བསྐྱོན་འདོད་འདུག ཁོང་སྲས་ཡག་པོ་གཅིག་ཡོད་པ་རེད། ཁྱེད་རང་གི་ཐུགས་འདོད་ལ་བབས་སོང་ངམཞེས་ཞུ་དུས་བཞད་མོ་བཞད་ནས་བཀའ་ལན་གང་ཡང་གནང་མ་བྱུང་ཞིང་། བྱང་ཆུབ་སྒྲོལ་མ་ལགས་ཀྱི་ཁྲུང་ས་བསྐྱོན་ཡུལ་འདི་ཞེ་དྲག་ཡག་པོ་དང་འོས་པོ་ཡིན་པས་ངས་ཟླ་བཟང་དགྲ་འདུལ་མཆོག་དང་གཅེན་མོ་པདྨ་སྒྲོལ་དཀར་ལགས་སུ་སྙན་སེང་ཞུ་དུས་ཁོང་གཉིས་ཀྱང་ཧ་ཅང་མཉེས་པོ་བྱུང་ནས་ཟླ་བཟང་དགྲ་འདུལ་ནས་འདི་སྐོར་ཕྲེང་རིང་ཡབ་རྗེ་རྒྱལ་སྲས་སྐུ་ཞབས་སུ་ཞུ་ཡིག་འབུལ་རྒྱུ་ཡིན་ཅེས་གསུངས་བྱུང་། ང་རང་དྲུང་ཡིག་ཡིན་པས་ཕྱག་བྲིས་དེ་བཤུས་ནས་གཏོང་དགོས་པར་སོང་། དེའི་ནང་ལ་དོན་དག་གསུངས་གསལ་དུ། ༼བར་ལམ་དེ་གའི་སྲས་སྐུ་བགྲེས་པ་འཇིགས་མེད་ལགས་ནས་རིན་ཆེན་སྒྲོལ་མ་ལགས་སུ་ཕྱག་བྲིས་གནང་དོན་དུ་འདི་གའི་བུ་མོ་ཆུང་བ་དང་གཉེན་འགྲིག་གནང་འདོད་ཡོད་པའི་སྐོར་ཕེབས་འདུག་པ་ང་ཚོ་ཡང་འདིའི་ཐོག་དགའ་ཚོར་ཆེན་པོ་བྱུང་ཞིང་། འདི་གར་ཚ་རོང་ཞབས་པད་དབང་ཕྱུག་རྒྱལ་པོ་དེ་ཉིད་ཀྱི་སྲས་མོ་རིན་ཆེན་སྒྲོལ་མ་དང་བྱང་ཆུབ་སྒྲོལ་མ་གཉིས་ཡོད་པས། རིན་ཆེན་སྒྲོལ་མ་ལགས་འདི་གའི་གཟིམ་ཤག་ནང་གི་ཡིག་ཆའི་ཕྱག་ལས་མང་པོ་ཞིག་འགན་ཁུར་ཡོད་པའི་ཁོངས་ནས་ཚོང་ལས་དབྱིན་ཡིག་མང་པོ་འབྲི་རྒྱུ་བཅས་ཡོད་པར་དེ་གའི་ལྷ་སྲས་བགྲེས་པ་འཇིགས་མེད་ལགས་ཀྱང་དབྱིན་ཇིའི་སློབ་གྲྭར་ཕེབས་པ་དང་བཅས་སྲས་བགྲེས་པ་ང་ཚོ་ཚ་རོང་ལ་གསོལ་རས་གནང་ན་ཤིན་ཏུ་ནས་འོས་པས་ལོ་ཤས་འདི་གའི་ལས་དོན་ཐོག་ཐུགས་ཁུར་མཉམ་བཞེས་ཐོག་ཚ་རོང་དུ་བཞུགས་རྒྱུ་དང་། སླད་འདི་གའི་བུ་བདུད་འདུལ་རྣམ་རྒྱལ་ལོ་ན་སོན་པ་དང་དབྱིན་ཇི་སློབ་ཐོན་བྱུང་མཚམས་དེ་གའི་སྲས་སྐུ་བགྲེས་དང་རིན་ཆེན་སྒྲོལ་མ་གཉིས་ལ་ཟུར་དུ་གཟིམ་ཤག་ཅིག་འབུལ་ལམ་ཞུས་ཏེ་སྤྲོ་བཞུགས་གནང་རྒྱུ་དང་། སྲས་སྐུ་གཞོན་ལ་འདི་གའི་སྲས་མོ་བྱང་ཆུབ་སྒྲོལ་མ་ལགས་འབུལ་རྒྱུ་བཅས་ཤིན་ཏུ་འོས་པས་དེ་དོན་འབུལ་རྒྱ་ཡིན་པའི་ཕྱག་བྲིས་སྦྲག་ཐོག་གནང་སོང་ཞིང་།༽ ང་ལ་ཡང་ཟླ་བཟང་དགྲ་འདུལ་མཆོག་ནས་གསུངས་པར་ཁྱེད་རང་ཕུགས་ཡུལ་ཕེབས་སྟངས་སྐོར་ཡག་པོ་ཞིག་དགོས་པ་ང་ཡི་ལས་འགན་ཡིན་པས་འཇིགས་མེད་ལགས་དང་ཁྱེད་རང་གཉིས་ངའི་བསམ་དོན་བཞིན་གཉེན་སྒྲིག་གནང་ན་དགུང་ལོའི་བབས་དང་བཅས་ང་ཡང་བློ་བདེ་པོ་ཡོང་རྒྱུ་ཞེས་གསུངས་ཤིང་། དེ་ནས་རྒྱལ་རྩེ་ནས་ཕྲེང་རིང་ཡབ་རྗེ་མཆོག་ནས་ཟླ་བཟང་དགྲ་འདུལ་མཆོག་གི་ཕྱག་བྲིས་ལ་བཀའ་ལན་འབྱོར་དོན་དུ། འདི་གའི་བུ་སྐུ་བགྲེས་སུ་ཐུགས་མདུན་ཚུར་ལེན་རྒྱུ་ལས་ཕྱི་གཏོང་ཞུ་རྒྱུ་མིན་པས། དེ་ནས་གཟིམ་ཤག་གི་སྲས་མོ་སྐུ་མཆེད་བགྲེས་གཞོན་གཉིས་ཀ་འདི་གའི་བུ་བགྲེས་གཞོན་རྣམ་གཉིས་ཀྱི་ཐུགས་དུན་དུ་གསོལ་རས་ཡོད་པ་དང་། ཁྲུང་སའི་རྗེས་སུ་བུ་སྐུ་བགྲེས་ལྷ་ས་དང་རྒྱལ་རྩེ་གར་བཞུགས་ཐུགས་འདོད་ལྟར་གནང་རྒྱུ་ཞིག་ལ་དགོངས་བཞེས་ཐུགས་རྗེ་ཆེ་བ་ཞུ་རྒྱུ་ཞེས་འཁོད་འདུག་པརཟླ་བཟང་དགྲ་འདུལ་མཆོག་ནས་ང་ལ་བློ་འདོད་ཡོད་མེད་བཀའ་འདྲི་གནང་བྱུང་བར། ངས་ཞུས་པར་ཕྲེང་རིང་སྲས་བགྲེས་པ་འཇིགས་མེད་ལགས་ངའི་གཅུང་མོ་བྱང་ཆུབ་སྒྲོལ་མ་ལགས་དང་གཉེན་སྒྲིག་གནང་རྒྱུའི་ཐུགས་འདོད་ཆེན་པོ་ཡོད་པར་སོང་འཇིགས་མེད་ལགས་རང་ལ་བཀའ་བསྡུར་མ་གནང་བར་ལམ་སེང་འགྱུར་བཀོད་གནང་བདེ་ཨེ་ཡོད་ཞུས་པས། དེ་འདྲ་ཡིན་ན་སྲས་འཇིགས་མེད་ལགས་དང་ཁྱེད་རང་གཉིས་ཕན་ཚུན་ཡིག་འགྲུལ་ཐོག་ནས་བཀའ་མོལ་གནང་དགོས་གསུངས་པར་བརྟེན། ངོས་ནས་འཇིགས་མེད་ལགས་སུ་གནས་ཚུལ་ཡོང་སྟངས་ཚང་མ་བྲིས་ཏེ་ཡི་གེ་ཕུལ་བར་ང་ལ་འཇིགས་མེད་ལགས་ཀྱི་ཕྱག་བྲིས་ཕེབས་དོན་དུརྩ་བ་ཡབ་ཆེན་གཉིས་ཀྱི་དགོངས་གཞི་ལྟར་ཡག་པོ་ཡོང་རྒྱུ་མ་ཟདང་རང་གཉིས་གཉེན་སྒྲིག་བྱེད་རྒྱུར་ང་རང་དགའ་པོ་འདུག་ཀྱང་ལས་དང་སྐལ་བ་མེད་ན་ཕུགས་སུ་མི་ཕན་པས་ང་རང་གི་སྐྱབས་ཡུལ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་ལ་ལྷ་སར་གསུང་ཞུ་འབུལ་རྒྱུ་ཡབ་ཡུམ་གཉིས་ལ་ཞུས་ནས་སླར་ཡང་ཡི་གེ་འབུལ་རྒྱུ་ཞེས་ཕེབས། དེ་རྗེས་ཕྲེང་རིང་ནས་དགའ་ལྡན་ཁྲི་ཟུར་རིན་པོ་ཆེར་གསུང་ཞུ་འབུལ་གནང་མཛད་དེ་ང་གཉིས་གཉེན་སྒྲིག་བྱེད་རྒྱུ་བཟང་ཕེབས་བྱུང་བར་བརྟེན་རིམ་བཞིན་ཆང་སའི་གོ་སྒྲིག་གནང་རྒྱུའི་བཀའ་མོལ་དབུ་འཛུགས་གནང་བ་རེད།” ཅེས་གསུངས་འདུག
གནའ་དཔེར་ཁམ་བུ་ཟ་འདོད་མ་རེད། ཡལ་ག་གཅོད་འདོད་རེད། །ཅེས་པ་ལྟར་ལྕམ་རིན་ཆེན་སྒྲོལ་མ་ལགས་ཀྱི་ལོ་རྒྱུས་བྲི་ཁུལ་གྱིས་སྡེ་་གཞུང་གི་”སྐུ་དྲག་རྒན་འཁོགས་ཤིག”ཅེས་དང་ཚ་རོང་ཟླ་བཟང་དགྲ་འདུལ་གྱི་”བཙན་དབང་ལས་ཐར་ཏེ”སོགས་བྲིས་ཏེ་མི་རྗེ་ཚ་རོང་མཆོག་ལ་ཟུར་ཟ་བྱེད་བཞིན་ཡོད་པ་ཟུར་ལྟས་ལེབ་མཐོང་རེད་འདུག བྱེད་སྟངས་དེ་འདྲ་ནི་སྤྱིར་བཏང་མི་ཆོས་རིང་ལུགས་ཀྱི་སྟེང་ནས་བཤད་ན་ཡ་རབས་བཟང་སྤྱོད་ཀྱི་བག་ཆགས་དྲི་མ་ཙམ་མེད་པར་མི་ཚེ་ཕྱོགས་རིས་དང་ང་རྒྱལ་ལ་གོམས་པའི་ཆེས་མ་རབས་ཐ་ཤལ་གྱི་རང་རྟགས་ངོ་མ་ཕྱིར་མངོན་པ་ཞིག་རང་རེད་འདུག་སྙམ།

ཡང་རྩོམ་དེའི་ནང་བོད་ཀྱི་བུད་མེད་གྲགས་ཅན་རིན་ཆེན་སྒྲོལ་མ་ལགས་ནི། ཕྱི་ལོ་ ༡༩༠༩ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་ཚ་རོང་གཟིམ་ཤག་ཏུ་ཡབ་ལུང་ཤརདབང་ཕྱུག་རྒྱལ་པོ་དང་ཡུམ་དབྱངས་ཅན་སྒྲོལ་དཀར་གཉིས་ཀྱི་སྲས་མོར་སྐུ་འཁྲུངས། ཞེས་དང་གཅུང་མོ་བྱང་ཆུབ་སྒྲོལ་མ་ལགས་དང་ཕྲེང་རིང་སྲས་སྐུ་གཞོན་འཆི་མེད་རྡོ་རྗེ་དང་འཁྲུངས་ས་བསྐྱོན་པ་རེད། ཅེས་བྲིས་འདུག་ཀྱང་། དོན་དངོས་སུ་ཡབ་ཚ་རོང་དབང་ཕྱུག་རྒྱལ་པོ་ཡིན་པ་ལས་ལུང་ཤར་མིན། དེ་གཉིས་མི་རྒྱུད་རྦད་དེ་ཐ་དད་ཡིན། ཚ་རོང་མི་རྒྱུད་ནི། དེབ་སྔོན་ནང་གསལ་ལྟར་ན། ཆོས་རྒྱལ་གདུང་རྒྱུད་ཡར་ཀླུང་གི་བཙད་པོ་ཚ་རོང་ལས་མཆེད་པའི་མི་རྒྱུད་དང་བོད་ཀྱི་བུ་མོའི་ནང་གསལ་ལྟར་ན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་དུས་སུ་བྱུང་འི་བོད་ཀྱི་སྨན་པའི་རྒྱལ་པོ་གཡུ་ཐོག་ཡོན་ཏན་གོན་པོའི་མི་རྒྱུད་ཡིན་ཟེར་སྲོལ་གཉིས་སུ་མཆིས།

ལུང་ཤར་གྱི་མི་རྒྱུད་ནི། ལྷ་རྗེ་འུག་པ་ལུང་པའི་འབངས་རྩེ་མོ་བཞིའི་ནང་ནས་མཆོག་ཏུ་གྱུར་། གསང་སྔགས་རྙིང་མའི་ལྟ་སྒོམ་གྱི་ཆུ་བོ་མཐའ་དག་གང་ལས་བྱུང་བའི་ཁུངས་དམ་པར་གྱུར་ཅིང་ཆོས་ཀྱི་ཕྱིར་དཀའ་བ་སྤྱད་པ་དང་། གདམས་ངག་ནོད་པ། བསྟན་པ་དང་འགྲོ་བ་དོན་རྒྱ་ཆེན་པོ་མཛད་མཁན་དུས་རབས་བཅུ་གཅིག་པའི་ནང་དུ་འཁྲུངས་པའི་ཟུར་ཆུང་ཤེས་རབ་གྲགས་པའི་མི་རྒྱུད་ཡིན། ཕྲེང་རིང་འཆི་མེད་རྡོ་རྗེ་ལགས་ཀྱི་མནའ་མ་ལྕམ་རིན་ཆེན་སྒྲོལ་མ་ལགས་ཀྱི་ཚ་མོ་བདེ་སྐྱོང་དབང་མོ་ལགས་ཡིན་པ་ལས་ལྕམ་རིན་སྒྲོལ་གྱི་གཅུང་མོ་བྱང་ཆུབ་སྒྲོལ་མ་མིན།

ལོ་རྒྱུས་ལ་ཚང་མས་མཐའ་གཉིས་སུ་མ་ལྷུང་བར་དོན་དངོས་ཀྱི་གནས་ཚུལ་ལ་ཁུངས་གཏུགས་ནས་འབྲི་དགོས་པ་ལསརང་སྣང་གང་དྲན་གྱིས་དངོས་བྱུང་ལོ་རྒྱུས་ལ་འཁྱོག་བཤད་དང་རྫུན་བསྒྲིགས་བྱས་ནས་སྐྱེ་བོ་གཞན་ལ་སྒྲོ་སྐུར་དང་། འཆལ་གཏམ། རང་རྒྱལ་གཞན་ཕམ་སོགས་ཀྱི་ལྷད་སྐྱོན་མ་འདྲེས་པར་དོན་དངོས་དང་། དྲང་བདེན་གཞི་རྩར་བཞག་ནས་འབྲི་རྒྱུ་གལ་འགངས་ཤིན་ཏུ་ཆེའོ།།

བརྒྱུད་སྐུལ།

3 བསམ་ཚུལ། “བློ་རྣལ་དུ་ཕོབས། དོན་དངོས་དང་དྲང་བདེན་གཞི་རྩར་འཛིན་རོགས།

མཆན་སྤེལ།