དཔལ་བོ་དོང་པའི་གྲུབ་མཐའི་བྱུང་བ་རགས་བསྡུས།

དཔལ་བོ་དོང་པའི་གྲུབ་མཐའི་བྱུང་བ་རགས་བསྡུས།

དཔལ་དེ་ཁོ་ན་ཉིད་འདུས་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་ནི། གདན་ས་ཐམས་ཅད་ཀྱི་ཡང་རྩེ་དཔལ་ལྡན་བོ་དོང་ཨེ་ཆོས་འབྱུང་བའི་རྒྱ་མཚོ་ཆེན་པོ་མཁས་པའི་ངང་པ་ཅན་དེ་ཡིན་པས། དེའི་ལོ་རྒྱུས་ནི་གཉན་ལོ་ཙཱ་བ་དར་མ་གྲགས་དེ་ཉིད་ཀྱིས་རྒྱ་གར་དུ་དམ་པའི་ཆོས་དང་ལོ་ཙཱ་བ་སློབ་པར་བྱོན་པས་སྤྱིར་རིག་པའི་གནས་ལྔ་ལ་མཁས། སྒོས་སུ་རྒྱ་མཚོའི་མཐའི་སྐད་རིགས་ལ་མཁས་པར་གྱུར་པས། བོད་དུ་ངའི་ཡོན་ཏན་གྱི་ཆེ་བ་འདོན་མཁན་དགོས་པར་འདུག་དགོངས་ནས་རྒྱ་གར་ཤར་ཕྱོགས་པའི་ཡུལ་དེའི་རྒྱལ་པོ་ལ་ཞུས་པས་རྒྱལ་པོས་རང་གི་མངའ་འོག་གི་པཎྚི་ཏ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུ་པཎ་ཆེན་འབུམ་ཕྲག་གསུམ་པ་རྒྱལ་པོས་བོད་ལ་ཐེགས་པར་གསོལ་ནའང་པཎྚི་ཏ་བྱོན་མ་འདོད་པས། ལོ་ཙཱ་བས་སྒྲོན་མ་ཡིད་ཀྱི་ལྕགས་ཀྱུ་སྒྲུབ་ནས་པཎྚི་ཏའི་སེམས་བཀུག །པཎྚི་ཏས་ནམ་ཕྱེད་ལ་བཞེངས་ནས་འགྲོ་འགྲོ་བོད་ལ་འགྲོ་གསུངས་ནས་བོད་དུ་བྱོན་ནས་གཙང་དུ་འགྲོ་དོན་རྒྱས་པར་བྱུང་།

དེའི་དུས་སུ་བཤེས་གཉེན་མུ་ཏྲ་པ་ཆེན་པོ་ཟེར་བ་ཞིག་གིས་བོ་དོང་ན་དགོན་ཆུང་ཞིག་བཏབ་ཡོད་པ་ན་པཎྚི་ཏ་ལུང་བསྟན་ལ་བྱོན་ཕྱག་ཕྱིར་བཤེས་གཉེན་པས་ཀྱང་བྱོན། དགོན་པ་ཕ་གི་སུའི་ཡིན་གསུངས། བཤེས་གཉེན་པས་དགོན་ཆུང་ཕ་གི་བདག་གི་ཡིན་ཞེས་ཞུས་པས། ཕ་གི་དགོན་ཆུང་དུ་མི་འོང་དགོན་ཆེན་དུ་འོང་གསུངས། བླ་མ་དགྱེས་ན་འབུལ་ཞུས་པས་རུང་གསུངས་ཤིང་པཎྚི་ཏ་བཞུགས་ནས་ཆོས་མངོན་པ་ལ་སོགས་པའི་བཤད་ཉན་བཙུགས།

དེར་བོད་ཀྱི་བན་དེ་ཐམས་ཅད་འདུས་ཏེ་ཆོས་ཉན་པས་ཆོས་སྡེ་ཆེན་པོར་འགྱུར། དེ་ནས་གདན་རབ་ཉི་ཤུ་པ་ལ་ཆོས་རྗེ་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་བྱོན་དཔལ་ལྡན་ས་སྐྱར་མདོ་སྔགས་ཀྱི་གསན་པ་རྒྱ་ཆེར་མཛད་ནས་བོ་དོང་ཨེའི་ཁྲིར་ཕེབས་ནས་མདོ་སྔགས་ཀྱི་བཤད་སྲོལ་བླ་ན་མེད་པ་མཛད། དེའི་རྗེས་སུ་ནམ་མཁའ་དཀོན་མཆོག་དང་ནམ་མཁའ་རྡོ་རྗེ་གཉིས་བྱོན། དེའི་རྗེས་སུ་ཆོས་རྗེ་དཔང་ལོ་ཙཱའི་དབོན་པོ་ལོ་ཆེན་བྱང་ཆུང་རྩེ་མོ་ཞེས་བྱ་བ་བྱོན་ནས་བོ་དོང་དུ་ཆོས་འཁོར་རྒྱ་ཆེར་བསྐོར། དེའི་དབོན་པོ་ལོ་ཆེན་གྲགས་པ་རྒྱལ་མཚན་བྱོན་ནས་གཞོན་ནུའི་དུས་སུ་རིག་པའི་གནས་ལྔ་དག་ལ་མཁས་པར་སྦྱང་ནས་ཆོས་རྗེ་ལོ་ཆེན་བྱང་རྩེའི་མདོ་སྔགས་ཀྱི་ཡོན་ཏན་ཐམས་ཅད་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་ལྟ་བུ་མ་ཚང་བ་མེད་པ་མངའ་ཞིང་མདོ་རྒྱུད་ཀྱི་བཤད་པ་དང་ཡིག་ཆ་མང་དུ་མཛད།
དེའི་གདན་སར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་བོ་དོང་པ་ཞེས་བྱ་བ་རྗེ་འཇིགས་མེད་གྲགས་པ་འདི་ཉིད་བྱོན་ནས་ལོ་ཆེན་གྲགས་པའི་དྲུང་དུ་དགུང་ལོ་བདུན་པ་ལ་དགེ་བསྙེན་མཛད་ནས་མདོ་རྒྱུད་བསྟན་བཅོས་ཁག་ལ་ཐོས་བསམ་རྒྱ་ཆེར་མཛད། རྩེད་ཐང་གི་ཆོས་སྡེ་ཆེན་པོ་དང་། གསང་ཕུ། བདེ་བ་ཅན་སོགས་པར་གཞུང་པོ་ཏི་བཅོ་ལྔའི་གྲ་སྐོར་མཛད། སྙན་པའི་གྲགས་པས་ས་སྟེང་ཁྱབ་པར་འགྱུར། དེ་ནས་དགུང་ལོ་ཉེར་དྲུག་པ་ལ་བོ་དོང་གི་གདན་ས་མཛད། རིག་པའི་གནས་ཕྱི་མ་བཞི་དང་། ནང་རིག་པའི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སོགས་ལོ་ཆེན་གྲགས་པ་སོགས་སྐྱེས་བུ་དུ་མ་ལས་མང་དུ་གསན་ཞིང་མཁས་པའི་ཕུལ་དུ་འགྱུར། སྟོན་པ་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་དེ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱི་ཚུལ་བཟུང་ནས་གླང་པོ་ཆེ་རབ་བརྟན་བདུན་གྱི་ཁུར་དུ་བཀལ་བའི་གླེག་བམ་ཚོགས་བསྣམས་ནས་གླེག་བམ་རྣམས་ཀྱི་ལུང་རྫོགས་པར་གནང་སྟེ་བཤད་སྒྲུབ་དག་གི་བསྟན་པའི་བདག་པོ་གྱིས་ཤིག་ཅེས་བསྟན་པའི་བདག་པོར་མངའ་གསོལ། དེ་ནས་ས་སྐྱའི་རྗེ་བཙུན་གྲགས་པ་རྒྱལ་མཚན་དང་། ཞ་ལུ་བུ་སྟོན་གཉིས་རྨི་ལམ་དུ་བྱོན་ནས་དཔལ་དེ་ཁོ་ན་ཉིད་འདུས་པ་བརྩམ་པར་བསྐུལ་ཞིང་། དཔལ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྣལ་འབྱོར་མ་གཉིས་ཀྱིས་ཞལ་བསྟན་ནས་ཀྱང་དཔལ་དེ་ཁོ་ན་ཉིད་འདུས་པ་བརྩོམ་པར་བསྐུལ་ཏེ། དེ་ཉིད་འདུས་པའི་རྒྱ་མཚོ་ཆེན་པོ་འཇུག་པའི་སྒོ་བཞི། རིག་པའི་གནས་ལྔ། རིམ་པར་ཕྱེ་བ་སུམ་བརྒྱ་དྲུག་ཅུ། ངེས་པའི་མན་ངག་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་སོགས་པ་གླེག་བམ་བརྒྱ་ཕྲག་ལྷག་བརྩོམ་པར་མཛད་ནས་མདོ་སྔགས་ཀྱི་ཆོས་བསྐོར་བླ་ན་མེད་པ་བསྐོར་ནས་བཀའ་བབས་ཉེར་གསུམ་ལ་སོགས་པ་བསྟན་འཛིན་གྱི་བུ་སློབ་བསྐྱངས་ཤིང་། འཇིག་རྟེན་གྱི་སྤྲོས་པ་ཆེན་པོ་ལ་རྒྱབ་ཀྱིས་ཕྱོགས་ཏེ་དཔལ་མོ་ཆོས་སྡིངས་ཞེས་བྱ་བ་སྐྱེ་བོ་ཐ་དག་གིས་བགྲོས་པར་དཀའ་བ་དེར་བསྟི་གནས་མཛད་དེ་བཞུགས། ཁ་བ་ཅན་དུ་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད་ཀྱི་བྱེ་བྲག་དཔལ་དེ་ཉིད་འདུས་པ་ཆེན་པོའི་བཤད་སྒྲུབ་ཀྱི་བསྟན་པ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་དར་བར་མཛད་ཚུལ་ནི། རྗེ་ཉིད་ཀྱིས་བོ་དོང་ལ་སོགས་པའི་གདན་ས་རྣམས་སུ་སློབ་མ་མཁས་པ་དམར་ཁམས་པ་གྲགས་བཟང་དང་། དོལ་པ་རྒྱལ་མཚན་གྲགས། མཁས་གྲུབ་དགེ་ལེགས་དཔལ་བཟང་། བོ་དོང་གི་བློ་བརྟན་བཞི་པ་ལ་སོགས་པར་བོ་དོང་དུ་རྗེ་རང་གིས་ཆོས་འཁོར་བསྐོར་བའི་རྗེས་སུ་བློ་བརྟན་བཞི་པ་སོགས་ཀྱིས་མངའ་རིས་དང་། ལ་སྟོད་བྱང་། ཡར་འབྲོག་མངོན་དགའ། སྙེ་མོ་སོགས་ལ་བཤད་པ་དང་གྲྭ་ཚང་བཙུགས། ཕར་ཚད་སོགས་ཀྱི་ཡིག་ཆ་མཛད་ནས་དར་བ་མཛད་པ་དང་། རྗེ་ཐམས་ཅད་མཁྱེན་པ་རང་གིས་བོ་དོང་དང་། ཤེལ་དཀར། གླང་འཁོར། ཆོས་སྡིངས་སོགས་ཆོས་སྡེ་དུ་མར་དབང་བསྐུར། རྒྱུད་བཤད། རྒྱུད་སྡེ་བཞིའི་སྒྲུབ་མཆོད་གར་ཐིག་དབྱངས་གསུམ་གྱི་ཕྱག་ལེན་དང་བཅས་པ་བཙུགས། དེ་ཙམ་མ་ཟད་མངའ་རིས་ནས་ཡར་འབྲོག་གི་བར་དུ་ཐམས་ཅད་མཁྱེན་པ་རང་གིས་ཞབས་ཀྱི་འཁོར་ལོ་བསྐོར་ནས་དབང་བསྐུར་རྒྱུད་བཤད་མན་ངག་བསམ་གྱིས་མི་ཁྱབ་པ་བྱིན་ནས་རྡོ་རྗེ་ཐེག་པའི་བསྟན་པ་ཆེས་དར་ཞིང་རྒྱས་པར་མཛད། གཞན་ཡང་མངས་རིས་སུ་དགོན་པ་གསར་འདེབས་ཤིན་ཏུ་མང་པོ་བྱུང་ཞིང་གསང་སྔགས་ཀྱི་བཤད་པ་དང་ཕྱག་ལེན་དར་བར་བྱུང་། ལ་སྟོད་ལྷོར་རྗེ་ཉིད་ཀྱི་གདན་ས་བཤེས་གཉེན་བློ་གྲོས་རྒྱལ་མཚན་པས་རྒྱུད་གྲྭ་ཕུག་ཆོས་འཁོར་གླིང་བཏབ་པ་དང་བཤད་པ་དང་ཕྱག་ལེན་བཙུགས། ཡར་འབྲོག་མངོན་དགར་སྔགས་རབ་འབྱམས་པ་འཇམ་དཔལ་གྲགས་པས་རྒྱུད་བཤད་དང་སྒྲུབ་མཆོད་ཀྱི་ཕྱག་ལེན་མཐའ་ཡས་པ་བཙུགས་ཤིང་དེའི་དགོན་ཕྲན་མང་པོར་ཆོ་ག་ཕྱག་ལེན་གྱི་མེ་ལྕེ་འབར་བ་ལྟར་ཤིན་ཏུ་དར་བར་གྱུར་བ་སོགས་དེ་ཙམ་ཞིག་བསྟན་པའི་རྩ་བར་བྱུང་བ་ཡིན་གྱི་འདུས་ཆེན་གྱི་བསྟན་འཛིན་མ་ལུས་པ་དང་དགོན་པ་མ་ལུས་པ་བྱུང་ཚུལ་ཐམས་ཅད་བྲི་བར་མི་ནུས་སོ། །མདོར་ན་བོ་དོང་སྐྱེས་བུ་བདུན་ལ་སོགས་པར་བསྟན་པ་གཏད་ནས་སྔར་ཕན་གདན་ས་རྒྱུད་པས་གདན་ས་བཟུང་། སྤྲུལ་སྐུ་རྒྱུད་པས་འཆད་ཉན་སྤེལ་ནས། གསུང་རབ་ཁྱད་དུ་འཕགས་པ་དེ་ཉིད་འདུས་ཆེན། ལྟ་བ་ཁྱད་དུ་འཕགས་པ་ཟབ་གསལ་ཟུང་འཇུག་སོགས་ཁྱད་འཕགས་པ་བཅུ་གཅིག་གི་སྒོ་ནས་འདུས་ཆེན་གྱི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་མི་ཉམས་གོང་དུ་སྤེལ་ནས་དར་སྤེལ་མཛད། དུས་འགྱུར་གྱི་དབང་གིས་བསྟན་པ་སྤྱི་དང་བྱེ་བྲག་འདུས་ཆེན་གྱི་བསྟན་པ་འདི་ཉིད་ལའང་ཉམས་ཆགས་ཆེན་པོ་བྱུང་ཡོད་རུང་།
སླར་ཡང་རྒྱལ་བསྟན་ཡང་དར་གྱི་སྐབས་རྗེ་བཙུན་རྡོ་རྗེ་ཕག་མོ་སྐུ་འཕྲེང་བཅུ་གཉིས་པ་བདེ་ཆེན་ཆོས་ཀྱི་སྒྲོན་མེ་ལ་སོགས་པའི་ཐུགས་བསྐྱེད་བླ་ན་མེད་པའི་བཀའ་དྲིན་དང་། བོ་ལུགས་ཀྱི་དགོན་སྡེ་ཁག་སོ་སོའི་དགོན་བདག་དང་དགེ་འདུན་པ་རྣམས་ནས་དཀའ་ངལ་ཁྱད་དུ་བསད་ནས་རླུང་ཁྲོད་ཀྱི་མར་མེ་ལྟ་བུའི་བོ་དོང་པའི་ཆོས་བརྒྱུད་དམ་གྲུབ་མཐའ་འདི་ཉིད་ད་ལྟའི་བར་དུའང་འཛིན་སྐྱོང་སྤེལ་བཞིན་མཆིས་ལ། དཔལ་བོ་དོང་པའི་བསྟན་པ་ལ་ལྷག་བསམ་དཀར་བའི་སྤོང་རོང་རྒན་ཟླ་བ་ལགས་ནས་ཀྱང་མི་ལོ་ཉི་ཤུ་ལྷག་གི་རིང་ལ་བོ་དོང་པཎ་ཆེན་གྱི་གསུང་འབུམ་ཆེན་མོ་དང་། བོ་དོང་པའི་བླ་མ་ཁག་གིས་མཛད་པའི་གསུང་འབུམ་ལ་སོགས་པའི་བོ་ལུགས་ཀྱི་ཡིག་ཆ་མང་པོའི་མ་དཔེ་འཚོལ་བསྡུ་དང་གསར་བསྒྲིག་ཞུ་དག་སོགས་ཀྱི་ཕྱག་ལས་མཛད་བཞིན་ཡོད་པ་མ་ཟད། ཉེ་བའི་ལོ་ཤས་ནང་བསམ་སྡིངས་དགོན་བོ་དོང་དཔེ་རྙིང་བསྡུ་བསྒྲིག་ཁང་དང་། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གཉིས་མཉམ་གཉེར་ཐོག་བོ་དོང་པཎ་ཆེན་གྱི་གསུང་འབུམ་དཔལ་དེ་ཁོ་ན་ཉིད་འདུས་པ་ཆེན་པོའི་མ་དཔེ་བསྡུ་རུབ་དང་གསར་བསྒྲིག་གི་ལས་ཀ་ཕལ་ཆེ་བ་ལེགས་བསྒྲུབ་ཟིན་ནས་མགྱོག་མྱུར་ཀྲུང་ཧྭ་རིག་མཛོད་ཆེན་མོའི་ལས་གཞིར་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས་པར་བསྐྲུན་བྱེད་རྒྱུ་ཡིན་པ་དང་།
ལྷག་པར་དུ་༢༠༡༥ལོར་ཡར་འབྲོག་བསམ་སྡིངས་དགོན་པས་གཙོ་གཉེར་གནང་བའི་དཔལ་བོ་དོང་པའི་ཐུན་མིན་ཕྱག་བཞེས་ཐུགས་དམ་གཏོར་རྒྱུན་རྒྱ་མཚོའི་དབང་ལུང་མན་ངག་ཟབ་མོ་རྗེ་བཙུན་མའི་སྐུ་མདུན་ནས་བོ་ལུགས་ཀྱི་དགོན་སྡེ་ཁག་གི་དགེ་འདུན་པར་ཐོབ་ནས་དབང་རྒྱུན་མ་ཉམས་པ་བྱུང་ཡོད་ལ། ལོ་དེ་རང་དུ་བོ་ལུགས་དགོན་སྡེ་ཁག་གི་མཁས་དབང་དགེ་བཤེས་དང་དགོན་བདག་སོགས་ལྷན་འཛོམ་ཐོག་དཔལ་བོ་དོང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བགྲོ་གླེང་འདུ་ཚོགས་ཆེན་པོ་སྐབས་དང་པོ་ཚོགས་པ་དང་།


དགོན་སྡེ་ཁག་སོ་སོར་ད་ལྟ་ལྷག་ཡོད་པའི་མཐོང་བརྒྱུད་ཀྱི་ཆོ་ག་ཕྱག་ལེན་ཁག་དང་། བོ་དོང་པའི་བཤད་གྲྭ་འཛུགས་སྐྱོངས་བྱ་རྒྱུའི་སྐོར་སོགས་མ་འོངས་པའི་འདུས་ཆེན་གྱི་བསྟན་པ་འཛིན་སྐྱོང་བྱ་ཐབས་ཀྱི་ཐད་ལ་ཉམས་མྱོང་སྤེལ་རེས་ཀྱི་བགྲོ་གླེང་གནང་བ་དང་། ད་ལྟའི་སྐབས་སུ་ཡར་འབྲོག་བསམ་སྡིངས་དགོན་འདུས་ཆེན་ཆོས་ཀྱི་སྒྲོན་མེ་བཤད་གྲུབ་དར་རྒྱས་སློབ་གླིང་དང་། བོ་དོང་ཨེ་ཆོས་སྡེའི་བཤད་གྲྭ། སྤོང་རོང་དཔལ་མོ་ཆོས་སྡིངས་བཤད་གྲྭ་ལ་སོགས་པར་དཔལ་དེ་ཉིད་འདུས་པའི་གཞུང་ལུགས་ནས་བཤད་པའི་རྒྱུན་བཙུགས་ཤིང་བཤད་སྒྲུབ་ཀྱི་འཆད་ཉན་འཕེལ་བཞིན་ཡོད་པ་བཅས་དཔལ་བོ་དོང་པའི་བསྟན་པའི་བྱུང་བའི་ངོ་སྤྲོད་རག་བསྡུས་ཙམ་འདི་ཉིད་ཡར་འབྲོག་བསམ་སྡིངས་དགོན་འདུས་ཆེན་ཆོས་ཀྱི་སྒྲོན་མེ་བཤད་སྒྲུབ་དར་རྒྱས་གླིང་དུ་ཡར་འབྲོག་པ་བསྟན་འཛིན་གྲགས་པས་བྲིས་སོ། །

བརྒྱུད་སྐུལ།

མཆན་སྤེལ།