འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ཀྱི་རྣམ་ཐར་སྙིང་བསྡུས།

འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ཀྱི་རྣམ་ཐར་སྙིང་བསྡུས།

འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་མཆོག་ནི། དུས་རབ་བཅུ་དྲུག་པའི་དུས་མཇུག་སྤྱི་ལོ་ ༡༦༣༣ ལོར་ལྷ་རྩེར་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཆོས་སྒོར་ཞུགས་ནས་དགེ་ཚུལ་སློང་གི་སྡོམ་པ་རྣམས་རིམ་གྱིས་བཞེས་ཏེ་གཞུང་ཆེན་ལྔ་དང་གསང་ཆེན་རྒྱུད་སྡེ་བཞི་ལ་སྦྱངས་པ་མཛད་ཅིང་མཁས་པའི་རྩེ་མོར་གྱུར། ལེགས་སྦྱར་གྱི་སྐད་ཡིག་ལ་ཡང་ནང་བྱན་ཆུབ་པར་སློབ་གཉེར་མཛད། ཁོང་གིས་བསྒྱུར་བའི་བསྟན་བཅོས་ནི། སངས་རྒྱས་ཤཱཀྱ་མུ་ནེ་སྐུ་མྱ་ངན་ལས་འདས་ནས་རིང་པོར་མ་ཐོན་པ་ན་བྲམ་ཟེའི་ཁྱིའུ་པ་ཎི་ཞེས་ལོ་ན་ཆུང་དུས་ནས་སྒྲ་རིག་པ་ལ་ཤིན་ཏུ་མཁས་པ་ཞིག་བྱུ་བ་དེས་《པ་ཎི་བྱ་ཀ་ར་ཎ་》ཞེས་པ་ཤོ་ལོ་ཀ་ཉིས་སྟོང་ཡོད་པ་ཞིག་བརྩམས།

འོན་ཀྱང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཡན་ལ་མིང་ཙམ་ལས་བོད་སྐད་དུ་མ་འགྱུར་ཞིང་། སྐབས་དེར་རྒྱ་གར་ནུབ་ཕྱོགས་ཀྱི་པཎྜི་ཏ་གོ་ཀུ་ལ་ནཱ་ཐ་མི་ཤྲ་སྐུ་མཆེད་གཉིས་བོད་དུ་ཕེབས་སྐབས་ཁོང་རྣམ་གཉིས་ལ་གསེར་ཞོ་བརྒྱ་ཕྲག་མང་པོའི་སློབ་ཡོན་གནང་སྟེ། འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ལ་《སྒྲ་མདོ་པ་ཎི་པ་》ཆ་ཚང་བར་སློབ་དགོས་པའི་བཀའ་སློབ་གནང་བ་ལྟར་ཁོང་གིས་པཎྜི་ཏ་རྣམ་གཉིས་ཀྱི་དྲུང་ནས་སྒྲ་གཞུང་འདི་ཆ་ཚང་བ་སློབ་སྦྱོང་མཛད་པ་དང་ཆབས་ཅིག་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར། ལོ་ཙཱ་བ་དེ་ཉིད་དགུང་ལོ་ཉེར་ལྔར་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ས་ཁྱི་ ༡༦༥༨ ལོར་《སྒྲ་མདོ་པ་ཎི་པའི་འགྲེལ་པ་ནོར་གྱི་ཤིང་རྟ་》ཞེས་པ་བརྩམས་པར་མཛད་པ་ནས་སྒྲ་གཞུང་འདི་དར་སྤེལ་བྱུང་བ་ཡིན། 《དབྱངས་གསལ་》ལ་རྒྱ་གར་ལྷོ་ཕྱོགས་ཀྱི་བྲམ་ཟེའི་རིགས་ཀྱི་དགེ་བསྙེན་ཨ་ནུ་ཤུ་ཞེས་བྱ་བ་སྒྲ་རིག་པ་ལ་ཤིན་ཏུ་མཁས་པ་ཞིག་བྱུང་བ་དེས། ནམ་ཞིག་པཎྜི་ཏ་གཞན་དག་དང་རྩོད་གླེང་གནང་སྐབས་རྣམས་ཞེས་པའི་སྐད་དོད་ལ་སྡུམ་སུ་ཞེས་པ་ཞལ་ནས་སྡུམ་ཀྵུ་ཞེས་གསུངས་པ་དེ་ལ་ཁུངས་ལུངས་བསྟན་པའི་ཆེད་དུ། ཁོང་གི་ཡི་དམ་ལྷ་མོ་དབྱངས་ཅན་མས་ཞལ་བསྟན་ནས་སྒྲ་མདོ་འདི་གསུངས་པས་གཞུང་འདིའི་མིང་ལ་《དབྱངས་ཅན་སྒྲ་མདོ་》ཞེས་བཏགས་པ་ཡིན་ཟེར་སྲོལ་ཡོད། 《དབྱངས་ཅན་སྒྲ་མདོ་》འདི་བོད་ཀྱི་ལྷ་མཐོང་ལོ་ཙཱ་བ་བཤེས་གཉེན་རྣམ་རྒྱལ་གྱིས་གཞུང་ཕྱེད་ཙམ་བོད་སྐད་དུ་བསྒྱུར་ཞིང་། ཇོ་ནང་ཏཱ་ར་ནཱ་ཐས་གཞུང་འདི་ཉིད་ཀྱི་རྩ་བ་བསྒྱུར་ཞིང་《མཆོག་ཏུ་གསལ་བ་》ཞེས་པའི་འགྲེལ་པ་ཞིག་ཀྱང་མཛད་རྗེས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བསྐུལ་མ་གནང་བ་ལྟར་རབ་བྱུང་བཅུ་གཅིག་པའི་ཤིང་སྦྲུལ་ཕྱི་ལོ་ ༡༦༦༥ ལོར་འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་《དབྱངས་ཅན་སྒྲ་ཊིཀ་གི་མཆན་》མཛད། ད་དུང་སྒྲ་བསྒྱུར་མང་པོ་ཡོད་པ་བཅས་དེ་ཙམ་ལགས། ༧གོང་ས་ལྔ་པ་ཆེན་པོར་སྒྲ་འགྱུར་གྱི་ཞབས་ཞུ་མཛད་དེ་ཕོ་བྲང་ཆེན་པོ་པོ་ཏ་ལར་ཕལ་ཆེར་རྒྱུན་བཞུགས་མཛད་ནས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད།


དཔྱད་དེབ་ནི།

1) ༧གོང་ས་ལྔ་པའི་རྣམ་ཐར་དུ་ཀཱུ་ལའི་གོས་བཟང་། 2) གཙང་ལྗོངས་ལྷ་རྩེ་ཆོས་རྫོང་གི་བྱུང་རབས་ཐུབ་བསྟན་མཛེས་རྒྱན་བཅས་ལྷ་རྒོད་གངས་རི་དངོས་མིང་ཡེ་ཤེས་རྒྱལ་མཚན། ༢༠༡༧།༨།༨ ལ།།

 

 

བརྒྱུད་སྐུལ།

མཆན་སྤེལ།